Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཉེན་གནས་སུ་སླེབས་པའི་བོད་ཀྱི་ཁོར་ཡུག་ཐོག་མཉམ་ལས་གནང་གལ་ཆེ།

དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་ཁོར་ཡུག་དང་དེའི་ཤུགས་རྐྱེན་སྐོར་གྱི་ཁོར་ཡུག་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། འཛམ་གླིང་སྣེ་གསུམ་པ་བོད་ཀྱི་ཁོར་ཡུག་ལ་གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་དང་རྒྱལ་སྤྱི་དེ་བཞིན་བོད་མི་བཅས་ཀྱི་ཁོར་ཡུག་མཁས་པ་མང་པོ་དག་ཅིག་ནས་བཀའ་མོལ་གནང་བའི་ཁྲོད་དེ་སྔོན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་སྲིད་བློན་གྱི་ཁོར་ཡུག་སློབ་སྟོན་པ་བཅས་གནང་མྱོང་མཁན་སྐུ་ཞབས་ Shyam Saran མཆོག་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་བོད་མི་ཁོ་ནའི་ཁེ་ཕན་ཙམ་མིན་པར་ཨེ་ཤ་ཡ་སྤྱི་དང་ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་སྡོད་བྱེད་བཞིན་པའི་མང་ཚོགས་ཀྱི་འཚོ་གནས་ལའང་འབྲེལ་བ་ཆགས་ཡོད་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་བ་དང་འབྲེལ། ཁོང་སྐུ་སྒེར་གྱི་ངོས་ནས་ཁོར་ཡུག་དང་འབྲེལ་བའི་འཛམ་གླིང་ཚ་དྲོད་ཀྱི་དཀའ་ངལ་དེ་འགྲོ་བ་མིའི་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་མ་ཟད་དཀའ་ངལ་དེ་དག་ཚོགས་པ་གཅིག་གམ་གང་ཟག་སྒེར་པ། དེ་མིན་རྒྱལ་ཁབ་སྟོབས་ཆེན་ཁེར་རྐྱང་གི་ངོས་ནས་སེལ་ཐུབ་རྒྱུ་མིན་པར་ང་ཚོས་ཐོག་མར་དཀའ་ངལ་དངོས་ཡོད་པ་ངོས་འཛིན་བྱས་པ་དང་སྦྲགས་ཐུན་མོང་གི་མཉམ་ལས་གནང་ནས་དཀའ་ངལ་ལ་གདོང་ལེན་གནང་དགོས་གལ་ཡིན་སྐོར་བཅས་གསུངས་ཡོད། ཁོར་ཡུག་གི་ལྷན་ཚོགས་དེ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལིར་རྟེན་གཞི་བྱས་པའི་ Non-Violent Alternatives ཞེས་པའི་ཞི་བདེ་གོང་འཕེལ་ཡོང་ཐབས་ཀྱི་དགེ་རྩ་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། རྒྱལ་ས་ལྡི་ལིའི་  IIC ཞེས་པའི་རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཚོགས་པའི་ལྷན་ཚོགས་ཐོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་ཁོར་ཡུག་གི་བློན་ཆེན་བཅས་གནང་མྱོང་ཡོད་པ་སྐུ་ཞབས་ Martin Bursik མཆོག་ནས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་གལ་ཏེ་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་མ་ཞུ་པ་དང་། འབྲོག་པ་ཚོ་རང་སར་མ་བཞག་པ་ཡིན་ན་བོད་ཀྱི་ཁོར་ཡུག་ལ་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་དང་། དེའི་ཤུགས་རྐྱེན་དེ་རིམ་པས་མངོན་རྒྱུ་ཡིན་སྐོར་བཅས་གསུངས་པ་མ་ཟད། ཁོང་སྐུ་སྒེར་གྱི་ངོས་ནས་བོད་མི་ཚོར་མང་གཙོའི་རང་དབང་ལོངས་སུ་སྤྱོད་རྒྱུར་རྒྱབ་སྐྱོར་མུ་མཐུད་ནས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།  དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༥ བར་གོ་སྒྲིག་ཞུས་པའི་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ལྷན་ཚོགས་ཐོག་ད་དུང་ཁོར་ཡུག་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་དབང་སྐུ་ཞབས་ Ethan Goldings ལགས། Ruth Gamble ལགས། le Anh Tuan ལགས། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ Siddiq Wahid ལགས། Milap Chand Sharma ལགས། དེ་བཞིན་ Jayadeva Ranade ལགས་བཅས་ནས་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༡༢  ནས་གསུང་བཤད་གནང་ཡོད་པ་རེད། ཁོར་ཡུག་གི་ལྷན་ཚོགས་དེའི་ཐོག་གཞན་ཡང་སློབ་ཕྲུག་དང་ཁོར་ཡུག་ཉམས་ཞིབ་པ་མཁས་དབང་སོགས་ཁྱོན་མི་གྲངས་ ༥༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག འདི་ག་རླུང་འཕྲིན་ཁང་ནས་ཁོར་ཡུག་ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པར་དེང་སྐབས་འཛམ་གླིང་ནང་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐོག་མང་ཚོགས་ཀྱི་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དཀའ་ངལ་བཅས་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་ཕྱིར་བསྒྲགས་ཡོང་ཐབས་གནང་རྒྱུ་དེ་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ཡིན་པ་སོགས་ཀྱི་ངོ་སྤྲོད་གནང་སོང་།

NORI དང་འབྲེལ་བའི་དཀའ་ངལ་མ་སེལ་བར་དུ་འཇར་མ་ནིར་མཐོང་མཆན་ཞུ་རྒྱུ་མེད་པའི་ལམ་སྟོན།

རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་གནང་བའི་ IC ཞེས་ཕྱི་སྐྱོད་ལག་དེབ་སེར་པོ་གསར་པའི་ཐོག་ NORI ཞེས་རྒྱ་གར་ནང་ཕྱིར་ཕེབས་ཆོག་པའི་ལས་དམ་མེད་པའི་རྐྱེན་གྱིས་ཉེ་ཆར་བོད་མི་མི་ཉུང་བ་ཞིག་ལ་འཇར་མ་ནིར་འགྲུལ་སྐྱོད་ཆོག་པའི་མཐོང་མཆན་མ་རག་པའི་དཀའ་ངལ་འཕྲད་ཡོད་སྟབས་དཀའ་ངལ་དེ་མ་སེལ་བར་དུ་ཡུལ་དེར་མཐོང་མཆན་ཞུ་རྒྱུ་མེད་པའི་ལམ་སྟོན་གནང་འདུག དེའང་བཀའ་དྲུང་ཡིག་ཚང་ནས་དེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་མཚན་ཐོག་ཏུ་བཀོད་ཁྱབ་ཅིག་བཏང་འདུག་པའི་ནང་ཉེ་ཆར་འཇར་མི་ནིའི་གཞུང་ཚབ་ནས་ཕྱི་སྐྱོད་ལག་ཁྱེར་སེར་པོ་གསར་པར་ NORI མེད་རྐྱེན་མཐོང་མཆན་མ་གནང་བའི་གནས་ཚུལ་བྱུང་ཡོད་པ་ལྟར། ལྡི་ལི་སྐུ་ཚབ་དོན་ཁང་གི་ལས་བྱེད་གཞུང་ཚབ་ཏུ་ཆེད་བཅར་གྱིས་ NORI སྐོར་གྱི་གནས་སྟངས་སྙན་གསེང་དང་གྲོས་བསྡུར་གནང་ཡང་གནས་སྐབས་འགྱུར་བ་འགྲོ་འཆར་མེད་ངེས་ལ་སོང་། དཀའ་ངལ་དེ་གཙང་སེལ་མ་བྱུང་བར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་གཞུང་འབྲེལ་འཇར་མི་ནིར་ཕྱོགས་སྐྱོད་གནང་འཆར་ཡོད་མཁན་རྣམས་ནས་འཇར་མི་ནིར་མཐོང་མཆན་ཞུ་རྒྱུ་ངང་འཐེན་དགོས་ཞེས་གསལ་འདུག གཞི་རྩའི་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་བོད་མིའི་ལྷོ་སྤྱི་ལས་ཁུངས་ནས་བརྡ་ཁྱབ་ཅིག་གནང་བའི་ནང་ཉེ་ལམ་ཨ་རི་དང་ཁེ་ན་ཌ་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་ཡོད་ཀྱང་ཕྱི་སྐྱོད་སྐབས་ IC ལམ་ཡོངས་གྲགས་སུ་དེབ་སེར་པོ་ཞེས་པ་བེད་སྤྱོད་ཀྱིས་རྒྱ་གར་ལ་ཕེབས་མཁན་བོད་མི་ཁག་གཅིག་གནམ་ཐང་ནས་རང་གནས་སུ་ཕྱིར་ཕེབས་སྐབས་རྒྱ་གར་ནས་ Exit permit ཞེས་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་པའི་མཐོང་མཆན་ཞུ་མེད་རྐྱེན་ཕྱིར་ཐོན་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་པར་བརྟེན་ཕྱི་སྐྱོད་ལག་ཁྱེར་སེར་པོ་བེད་སྤྱོད་གནང་མཁན་ཡིན་ཚེ་རྒྱ་གར་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་པའི་ཆོག་མཆན་ངེས་པར་དུ་ཞུ་དགོས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལ་གུང་སེང་དང་སློབ་སྦྱོང་སོགས་ཀྱི་སླད་དུ་སྐྱོད་ཀྱང་ཕྱིར་རྒྱ་གར་དུ་ཕེབས་མཁན་རྣམས་ནས་ཀྱང་ངེས་པར་དུ་རྒྱ་གར་དུ་འཛུལ་ཞུགས་ཆོག་པའི་མཐོང་མཆན་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།  

བྱང་ཨ་རི་ཁུལ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་ཆེད་ཨ་སྒོར་ས་ཡ་གཅིག་མ་འཇོག་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༢༢ ནས་ཕྱི་ཟླ་ ༧ ཚེས་ ༢༩ བར་ཨ་མི་རི་ཀའི་རྒྱལ་ས་ Washington DC གཙོ་གྱུར་གྲོང་ཁྱེར་ Vancouver དང་ Seattle Portland San Francisco དང་ South California དེ་བཞིན་ Minneapolis New York ཁེ་ན་ཌའི་གྲོང་ཁྱེར་ Toronto བཅས་བོད་རིགས་གནས་སྡོད་བྱེད་སའི་གྲོང་ཁྱེར་ཆེ་ཁག་དགུའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། གཞུང་འབྲེལ་ཕྱོགས་ཕེབས་འདི་བཞིན་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དགོངས་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་འབྲེལ་བའི་ལས་གཞི་ཆེ་ཁག་གཉིས་ཏེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་གཉིས་ཀྱི་ལས་གཞིའི་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་ནས་ལས་གཞི་དེ་དག་ནང་མང་ཚོགས་ཚོ་མཉམ་ཞུགས་གང་མང་ཡོང་ཐབས་གནང་རྒྱུ་ཡིན་པ་ལྟར། ཐེངས་འདིའི་འཚམས་གཟིགས་ཁྲོད་བྱང་ཨ་མི་རི་ཀའི་ཁུལ་གྱི་བོད་མི་ ༥༥ ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞིའི་སླད་ཨ་སྒོར་ས་ཡ་གཅིག་མ་འཇོག་གནང་འདུག རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་སུ་སྤྱི་ཡོངས་ནས་ཐེངས་འདིའི་བྱང་ཨ་རི་ནང་གི་འཚམས་གཟིགས་དང་། ལྷག་པར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དང་འབྲེལ་བཅར་འདྲི་ཁག་གཅིག་ཞུས་ཡོད།   གཞི་རྩའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་གྱི་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སུ་ཐོག་མར་རིམ་པ་དང་པོའི་འཆར་གཞི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དངུལ་ཁང་ལྟ་བུ་ཞེས་པའི་ལས་གཞིའི་ཐོག་དབུ་འཛུགས་གནང་རྗེས། ཕྱི་ལོ་ ༢༠༡༨ ལོ་འགོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དངོས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་ཐུབ་པ་མ་ཟད། ལོ་མཇུག་ཙམ་ལ་ Reserve Bank of India ཞེས་རྒྱ་གར་དངུལ་ཁང་ཆེན་མོ་ནས་དངུལ་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་ཁྱེར་བཅས་ཐོབ་སྟེ་བོད་པའི་སུད་ཚོང་དང་རྟ་དྲེལ་ཚོང་ལས་སོགས་ཀྱི་ཐོག་བུན་གཡར་གྱི་ལས་གཞི་རྒྱ་མི་ཆུང་བ་ཞིག་སྤེལ་མུས་རེད།

༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་མཆོག་གིས་མི་ནི་སོ་ཊར་ཆོས་འབྲེལ་སྐྱོང་བཞིན་པ།

༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཨ་རི་ནང་ཐེངས་དང་པོ་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་བཞིན་པ་དང་བསྟུན། ཁ་སང་ Minneapolis ནང་རྟེན་གཞི་བྱས་པའི་གཡས་རུ་བོན་ཚོགས་ཀྱི་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱིས་དམིགས་བསལ་དགོང་མོའི་གསོལ་སྟོན་འདེགས་འབུལ་ཞུས་འདུག གཡས་རུ་བོན་ཚོགས་ཀྱིས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གདན་ཞུས་ཀྱིས་  ཁ་སང་ཚེས་ ༣༠ ཉིན་གཡས་རུ་བོན་ཚོགས་ཀྱིས་གོ་སྒྲིག་འོག་ St. Paul དུ་ཡོད་པའི་ Landmark Centre དུ་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་དབུ་བཞུགས་ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་སྐུ་ཚབ་ཁག་གཅིག་དང་། བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་མི་མང་མཉམ་འཛོམས་ཐོག་གཞས་པ་ཕུར་བུ་རྣམ་རྒྱལ་ལགས་གཙོ་གྱུར་གཞས་པ་དང་གཞས་མ་སོགས་ནས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་གནང་ནས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་དགོང་མོའི་གསོལ་སྟོན་འདེགས་འབུལ་ཞུས་འདུག སྐབས་དེར་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་མང་ཚོགས་ལ་ཕན་ཚུན་འཆམ་མཐུན་གནང་དགོས་པ་དང་།  དེ་བཞིན་ཆོལ་ཁ་ཆོལ་ལུགས་ཀྱི་དབྱེ་འབྱེད་མེད་པར་ཚང་མ་མཉམ་གནས་དང་། མཐུན་སྒྲིལ་དམ་ཚིག་གཙང་མ་གནང་དགོས་སྐོར། སྒོས་སུ་དེ་ལྟར་མི་གནང་ཚེ་རང་གཞན་གཉིས་ཀར་ཕན་མེད་ཀྱི་ལས་མ་གཏོགས་གཞན་གང་ཡང་མེད་སྐོར་སོགས་ལམ་སྟོན་བསྩལ་འདུག    གཡས་རུ་བོན་ཚོགས་ཆེད་འཛུགས་གནང་མཁན་བླ་ཁྲིད་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེས་སང་ཉིན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གཡས་རུ་སྒྲུབ་སྡེར་ཆིབས་བསྒྱུར་གྱིས་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་བསྩལ་རྒྱུ་དང་བཅས་ཟླ་ ༨ ཚེས་ ༤ བར་དུ་དེ་འབྲེལ་མཛད་རིམ་སྣ་མང་བསྐྱང་རྒྱུ་ཡིན་པ་མ་ཟད། ཟླ་ ༨ ཚེས་ ༤ ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རེ་སྐུལ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་སྤྲོད་དང་བར་དོའི་སྐོར་གསུང་ཆོས་བསྩལ་རྒྱུ་ཡིན་པ་གསུངས་སོང་།  གཞི་རྩའི་༸སྨན་རི་ཁྲི་འཛིན་མཆོག་འདི་ལོའི་ཟླ་ ༥ དང་ ༦ པའི་ནང་ཡོ་རོབ་ཁུལ་དུ་ཆོས་འབྲེལ་བསྐྱངས་པ་དང་།  ཆོས་འབྲེལ་གྱི་མཛད་འཆར་དེའི་ཁྲོད་ཕ་རན་སིའི་རྒྱལ་ས་པེ་རིས་ནང་ཕ་རན་སི་བོད་རིགས་ཚོགས་པའི་རིག་པ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས།  ཁུལ་དེའི་གནས་བཞུགས་བོད་མི་རྣམས་ལ་བཀའ་སློབ་དང་རྩ་རླུང་སྒོམ་སྒྲུབ་ཀྱི་བཀའ་ཆོས་གནང་ཡོད་པ་རེད།  དེ་རྗེས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་༸ཞབས་སོར་འཁོད་པ་དང་འབྲེལ་རྒྱལ་སྤྱིའི་ལིག་མི་རྐྱའི་བོན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཡོད།

བྷེལ་འཇམ་ནང་གི་འཁྲུགས་འཛིངས་ཀྱི་གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་གནང་རྒྱུ།

བྷེལ་འཇམ་བོད་རིགས་ཚོགས་པ་གཙོ་གྱུར་ས་གནས་བོད་པའི་ཚོགས་སྐྱིད་ཁག་བརྒྱད་ཐོུང་ནས་ཉེ་སྔོན་བྷེལ་འཇམ་ནང་བྱུང་བའི་འཁྲུགས་འཛིངས་ཀྱི་གནད་དོན་དེ་ས་གནས་ཀྱི་ཁྲིམས་ལྟར་ཐག་གཅོད་གནང་རྒྱུ་སོགས་ཀྱི་དོན་ཚན་ལྔ་ཅན་སྒྲིག་གཞི་གཏན་འབེབས་ཀྱིས་སྤྱིར་བསྒྲགས་སྤེལ་འདུག ཁ་སང་ཕྱི་ཚེས་ ༢༩ ཉིན་བྷེལ་འཇམ་ཚོགས་སྐྱིད་ཁག་བརྒྱད་ཐོུང་གིས་སྤེལ་བའི་དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་གཏན་འབེབས་ཀྱི་སྤྱིར་བསྒྲགས་དེའི་ནང་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་༢༠ ཉིན་བོད་རིགས་ན་གཞོན་ཁག་གཅིག་དབར་འཁྲུག་འཛིན་ཤོར་བའི་གནས་དོན་དེ་ཁྲིམས་ལུགས་ལྟར་ཐག་གཅོད་གནང་རྒྱུ་དང། མ་འོངས་པར་རྩེད་འགྲན་སྐབས་འཁྲུགས་འཛིངས་ཤོར་ཚེ་ལོ་གཅིག་རིང་ཡོ་རོབ་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་གནང་མི་ཆོག་པ་དང་། སླད་མར་ས་གནས་སུ་ལག་འཛིངས་ཤོར་ཏེ་རྨས་སྐྱོན་ཅི་འདྲ་བྱུང་ཡང་བྷེལ་འཇམ་ཉེན་རྟོག་པ་དང་ཁྲིམས་ལུགས་ལྟར་འགྲོ་དགོས་པ་ལས་ཚོགས་པ་གང་གིས་ཀྱང་རོགས་རམ་དང་འགན་ལེན་གནང་རྒྱུ་མིན་ཞིང། དོན་རྐྱེན་དེ་རིགས་ཀྱི་གནད་དོན་ཆ་ཚང་དོ་བདག་རང་ཉིད་ནས་འགན་ཁུར་དགོས་པ་། འདི་ལོ་འཁྲུགས་འཛིངས་ཤོར་བའི་མི་སྣ་དག་ཕྱི་ལོ་ ༢༠༢༠ ལོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་ཞུགས་མི་ཆོག་པ་དང། དེ་བཞིན་མ་འོངས་པར་གནད་དོན་དེའི་རིགས་བྱུང་ཡང་འཕྲལ་མར་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཀོད་འདུག འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བྷེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་མ་འོངས་པར་གནད་དོན་དེ་རིགས་བྱུང་ཚེ་ས་གནས་བོད་རིགས་ཚོགས་པ་གཙོ་གྱུར་ཚོགས་སྐྱིད་ཁག་ནས་ད་རེས་གཏན་འབེབས་གནང་བའི་སྒྲིག་གཞི་དོན་ཚན་ལྔ་པོ་དེ་དག་ཐོག་ཤར་སྐྱོད་བྱ་རྒྱུ་རེད་ཅེས་གསུངས་སོང་། རྩ་བའི་ཉེ་ཆར་ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་ནང་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་རྗེས་ཀྱི་མཚན་ཚོགས་གྲུབ་རྗེས་བོད་རིགས་གཞོན་སྐྱེས་འགས་ནང་ཁུལ་དབར་འཁྲུགས་འཛིངས་བྱས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་དང། སྐབས་དེར་བོད་རིགས་གཞོན་སྐྱེས་ཁག་གཅིག་ནས་བོད་པའི་གཞོན་སྐྱེས་གཅིག་ལ་རུབ་རྡུང་ཚད་མེད་བྱས་པའི་གནས་ཚུལ་བྱུང་བ་ལྟར་གནད་དེའི་ཐོག་འཛམ་གླིང་ས་ཕྱོགས་ཁག་ཏུ་ཡོད་པའི་བོད་མི་ཚོས་སེམས་འཚབ་ཆེན་པོ་གནང་བ་དང་སྦྲགས་ཏེ་འབྲེལ་ཡོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད་གདན་དོན་ངེས་པར་དུ་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ཁྲིམས་ཐོག་ལ་བསྐྱལ་དགོས་པའི་དགོངས་འཆར་སོགས་དྲྭ་ལམ་བརྒྱུད་ཆེད་བཏོན་གནང་མཁན་བྱུང་ཡོད་པ་རེད། སྐབས་དེར་གནད་དོན་དེ་བྱུང་རྗེས་བྷེལ་འཇམ་ས་གནས་བོད་རིགས་ཚོགས་པའི་ངོས་ནས་དྲྭ་ལམ་ཐོག་བོད་མི་རྒྱ་ཆེ་མང་ཚོགས་ནས་གནས་ཚུལ་དེའི་ཐོག་འགྲེལ་ལོག་མ་གནང་རོགས་ཞེས་འབོད་སྐུལ་ཀྱི་དོན་ཚན་དྲུག་ཅན་ཡོད་པའི་སྤྱིར་བསྒྲགས་ཤིག་སྤེལ་བ་དང།  དེ་རྗེས་བསྐྱར་དུ་ཉེ་ཆར་གནད་དོན་དེ་དང་འབྲེལ་ནས་བྷེལ་འཇམ་བོད་རིགས་ཚོགས་པ་གཙོ་གྱུར་ས་གནས་གཞོན་ནུ་དང་བེུད་ཚོགས་པ། མདོ་ཁམས་ཆུ་བཞི་སྒང་དྲུག དབུས་གཙང་ཆོལ་ཁ། མདོ་སྨད་ཆོལ་ཁ་། དེ་བཞིན་ཤེས་རབ་སྣང་བྱེད་སློབ་གྲྭ་བཅས་ཚོགས་སྐྱིད་ཁག་བརྒྱད་ཀྱི་འགན་ཡོད་ལས་སྣེ་འཛིན་པ་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་མཐར་སྒྲིག་གཞི་དོན་ཚན་བརྒྱད་ཅན་གཏན་འབེབས་གནང་བ་ཞིག་ཆགས་ཀྱི་འདུག

སུད་སི་བོད་མིའི་རྒྱལ་ཡོངས་དབྱར་དུས་འཛིན་གྲྭ་ཐེངས་དང་པོ་ཚོགས་པ།

སུད་སི་ནང་གི་རྒྱལ་ཡོངས་སློབ་གྲྭ་ཁག་དབྱར་ཁའི་གུང་སེང་དང་བསྟུན་སུད་སི་དང་ལིག་ཏེག་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་ཐོག་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་མ་རྣམས་ཆེད་བསྐོང་གིས་བོད་ཀྱི་སྐད་ཡིག་ལ་དམིགས་པའི་སུད་སི་རྒྱལ་ཡོངས་དབྱར་དུས་འཛིན་གྲྭ་ཐེངས་དང་པོ་ཚོགས་ཡོད་པ་རེད། དབྱར་དུས་འཛིན་གྲྭ་ཐེངས་དང་པོའི་ཐོག་སུད་སི་ས་གནས་ཀྱི་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་ ༩ དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་ Austria བཅས་ནས་བོད་ཕྲུག་སློབ་མ་ཁྱོན་༤༣ ནས་མཉམ་ཞུགས་གནང་ཡོད་ཅིང་། ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི་གཟའ་མཇུག་སློབ་གྲྭ་ཁག་གི་བོད་པའི་སློབ་མ་ཕན་ཚུན་དབར་བོད་སྐད་སྦྱང་བཤད་དང་ངོ་ཤེས་བཟོ་ཐབས། འབྲེལ་ལམ་གསར་འཛུགས། དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་དང་ལེགས་བྱང་དང་བཅས་པ་སློབ་ཁྲིད་བརྒྱུས་ནས་རྒྱུན་འཇགས་ཡོང་ཕྱིར་དམིགས་པ་ཞིག་ཡིན་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༢༧ ནས་ ༣༡ བར་ཉིན་གྲངས་ལྔའི་རིང་སུད་སི་ Aarburg ས་གནས་སུ་འཚོགས་བཞིན་པའི་དབྱར་དུས་འཛིན་གྲྭ་དེའི་རིང་བོད་ཕྲུག་སློབ་མ་ཚོར་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། རིག་གཞུང་། གོམས་སྲོལ། ༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་དང་། བྱམས་པ་དང་སྙིང་རྗེ་སོགས་ཀྱི་སྐོར་ལ་སློབ་མ་ཚོར་སློབ་ཁྲིད་གནང་རྒྱུ། དེ་བཞིན་སློབ་མ་ནང་ཁུལ་དབར་འབྱུང་བ་བཞིའི་མིང་ཐོག་ནས་རུ་ཁག་བཞིར་དབྱེ་སྟེ་ཕན་ཚུན་ཤེས་ཡོན་དང་འབྲེལ་བའི་རྩེད་རིགས་འདྲ་མིན་འགྲན་བསྡུར་སོགས་ཀྱི་ལས་རིམ་སྣ་མང་ཞིག་གོ་སྒྲིག་གནང་འདུག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས་ནས་ཁ་སང་ལས་རིམ་ཚོགས་ཡུལ་ས་གནས་སུ་གཟིགས་སྐོར་དང་ལས་རིམ་གོ་སྒྲིག་གནང་མཁན་འབྲེལ་ཡོད་རྣམས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག བོད་ཕྲུག་སློབ་མ་ཚོའི་ངོས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་གོམས་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གནང་ཐོག་མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལ་འགན་ཁུར་བཞེས་དགོས་པ་གསུངས་འདུག

བོད་ནང་གི་མཚན་གཅིག་ཅེས་པའི་རིག་གཞུང་འཁྲབ་སྟོན་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་རུ་ཁག་ཅིག་ཟླ་བ་འདིའི་ཕྱི་ཚེས་ ༩ ནས་འགོ་འཛུགས་ཀྱིས་བྱང་ཨ་རིའི་ས་གནས་ཁག་ཏུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་སྐོར་སྐྱོད་གནང་བཞིན་པ་དང་bསྟུན། ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་ཡོད་པའི་ George Washington གཙུག་ལག་སློབ་གཉེར་ཁང་དུ་ An Evening in Tibet ཞེས་བོད་ནང་གི་མཚན་གཅིག་ཅེས་པའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་འདུ་འཛོམས་ཤིག་གནང་འདུག བོད་ནང་གི་མཚན་གཅིག་ཅེས་པའི་བོད་ཀྱི་རིག་གཞུང་གཞུང་འཁྲབ་སྟོན་འདུ་འཛོམས་དེ་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། George Washington གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤ་ཡའི་རྒྱལ་ཡོངས་བསྟི་གནས་ཁང་། དེ་བཞིན་ USAID ཞེས་ཨ་རིའི་ཐེབས་རྩ་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་། George Washington གཙུག་ལག་སློབ་གཉེར་ཁང་གི་བསྟི་གནས་ཁང་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞས་སྣ་ཁག་མང་ཚོགས་ལ་གཟིགས་འབུལ་དང་གོ་རྟོགས་སྤེལ་ཐུབ་པ་བཅས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་རེད། གཞི་རྩའི་མཛད་རིམ་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་དང་ཨ་རིའི་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ལྕམ་ Ann Marie ལགས། དེ་བཞིན་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་། ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Sam Brownback མཆོག་ནས་ཨ་རིའི་སྲིད་གཞུང་དང་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ལ་རྒྱུན་དུ་ནས་དོ་སྣང་དང་མུ་མཐུད་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་འདུག དེ་བཞིན་ཨ་རིའི་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ལྕམ་ Ann Marie ལགས་ཀྱིས་ཨ་རིའི་ཐེབས་རྩ་ཁང་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་ཐུབ་རྒྱུར་དཔལ་འབྱོར་གྱི་རོགས་རམ་གནང་བཞིན་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་པ་དང་བོད་པའི་སྤྱི་ཚོགས་སྲ་བརྟན་བྱུང་བ་དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཡིན་པས་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་དང་སྦྲགས་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག རླུང་འཕྲིན་ཁང་ནས་འདུ་འཛོམས་ཐོག་གཞས་སྣ་ཁག་འཁྲབ་སྟོན་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་རུ་ཁག་ཆགས་ཀྱི་ཡོད་པ་ལྟར། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་སུ་ལོ་ངོ་བརྒྱད་དང་བཅོ་ལྔའི་རྗེས་སུ་སླར་ཡང་ཨ་རི་དང་ཁེ་ན་ཌར་ཕྱོགས་སྐྱོད་གནང་ཐུབ་པའི་མྱོང་བ་དང་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་ཡོད།   མཛད་རིམ་དེའི་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་ཐེངས་འདིའི་རིག་གཞུང་འཁྲབ་སྟོན་བརྒྱུད་ཨ་རི་གཞུང་ནས་ད་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་ཐོག་རོགས་དངུག་གནང་ཁག་ཆུད་ཟོས་སུ་ཕྱིན་མེད་པའི་རྣམ་པ་མངོན་གསལ་གནང་ཐུབ་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རི་གཞུང་ནས་དབར་བོད་ཀྱི་ཆབ་སྲིད་དང་རིག་གཞུང་སྲུང་སྐྱོབ་གནང་བར་རོགས་རམ་གནང་དང་གནང་བཞིན་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སླད་མར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་འདུག

བྱ་དོ་རིན་པོ་ཆེ་མཆོག་ལ་ཆེན་པོ་ཧོར་ཡུལ་གྱི་བྷུར་ཡ་ཐའི་སྲིད་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཕུལ་བ།

རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དང་རྒྱུད་སྟོད་གྲྭ་ཚང་གཉིས་ཀྱི་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཕྱིའི་རྒྱལ་ཁབ་ཁག་དང་ཁྱད་པར་དུ་ཆེན་པོ་ཧོར་གྱི་ཡུལ་དུ་ཆེད་ཕེབས་ཀྱིས་ཁུལ་དེའི་དད་ལྡན་མང་ཚོགས་ཀྱི་ཁམས་དང་མོས་པ། བསམ་པ་བཅས་དང་མཐུན་པའི་སྒོ་ནས་ལོ་ངོ་དུ་མའི་རིང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པ་མ་ཟད། ལྷག་དོན་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ནང་ཆེན་པོ་ཧོར་གྱི་བྷུར་ཡ་ཐའི་ས་གནས་སུ་དད་ལྡན་སྟོང་ཕྲག་བརྒལ་བར་བཅོམ་ལྡན་འདས་དཔལ་དུས་ཀྱི་མའཁོར་ལོའི་བཀའ་དབང་ཟབ་མོ་བཀྲིན་བསྩལ་བ་བཅས་ལ་བརྟེན་ནས་བཀྲིན་གཏང་རག་དང་འབྲེལ་རིན་པོ་ཆེ་མཆོག་ལ་ཌི་ཛ་ཡའི་ནང་པའི་ཆེས་མཐོ་གཙུག་ལག་ཁང་གི་ངོས་ནས་འབུམ་རམས་པའི་མཚན་མཐོང་ཕྱག་ཁྱེར་དང་བྷུར་ཡ་ཐའི་གཞུང་གིས་བྷུར་ཡ་ཐའི་གཟེངས་བསྟོད་ཀྱི་ལེགས་སྐྱེས་བཅས་འབུལ་བཞེས་གནང་འདུག གཞི་རྩའི་༸སྐྱབས་རྗེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་རིན་པོ་ཆེ་མཆོག་ནི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་དང་། དེ་རྗེས་སྐུ་ཐོག་གོང་མའི་མཛད་པ་མུ་མཐུད་བསྐྱང་སླད་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་མུས་ཡིན་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་ཕེབས་དོན་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རབས་ལྔ་པར་བསྐོ་གཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད། ཕྱི་ལོ་ ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་བཞེས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་མ་དུ་མའི་དྲུང་ནས་དབང་ལུང་མན་ངག་ཁྲིད་སོགས་ཞུ་མྱོང་ཡོད་པ་རེད།

བོད་ཀྱི་བེུད་ཅིག་ལ་རྒྱལ་སྤྱིའི་ Table Soccer  ཞེས་པའི་རྩེད་འགྲན་ཁྲོད་ཨང་དང་པོ་སོན་པ།

ཉེ་ལམ་ཟླ་བ་ ༦ ཚེས་ ༢༨ ནས་ཟླ་བ་ ༧ ཚེས་ ༧ བར་ཡོ་རོབ་རྒྱལ་ཁབ་སི་པེན་གྱི་གྲོང་ཁྱེར་ Mucia ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༤༠ ལྷག་གི་རྩེད་འགྲན་པ་ ༣༥༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་ Table Soccer ཞེས་པ་རྩེད་འགྲན་གནང་ཡོད་པ་དང་། རྩེད་འགྲན་དེའི་ཁྲོད་རྡོ་རྗེ་གླིང་ནས་ཡིན་པ་དང་ད་ཆ་རྒྱལ་ས་ལྡི་ལིར་གནས་སྡོད་བོད་པའི་བུ་མོ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་སྐུ་ཚབ་ནས་ཕྱག་རོགས་ Yash ལགས་དང་ལྷན་དུ་ན་གཞོན་ Table Soccer རྩེད་འགྲན་ཁོངས་སུ་མཉམ་ཞུགས་གནང་བ་ལྟར་རྩེད་འགྲན་རིམ་པ་གནང་མཐར་རྒྱ་གར་དང་སི་པེན་དབར་འགྲན་བསྡུར་གནང་སྐབས་རྒྱ་གར་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། གཞི་རྩའི་རྩེད་མོ་དེ་ཅོག་ཙེ་སྟེང་དུ་ལྕགས་ཐུར་བེད་སྤྱོད་བརྒྱུད་སྤོ་ལོ་བླུགས་ཀྱི་ཡོད་པའི་རྐང་སྤོལ་དང་འདྲ་མཚུངས་ཀྱི་རྩེད་མོ་ཞིག་ཆགས་ཀྱི་ཡོད་པ་དང་། རྩེད་མོ་དེ་ཐོག་མ་ཡོ་རོབ་ནས་དར་ཁྱབ་བྱུང་བ་ཞིག་ཡིན་པ་རེད། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྤྱིར་འཛིན་རིམ་བཞི་པ་ནས་རྩེད་མོ་དེར་དོ་དབྱིངས་སླེབས་ཡོད་པ་དང་འཛིན་རིམ་བརྒྱད་པའི་སྐབས་ནས་བཟུང་དོ་སྣང་ཤུགས་ཆེར་སོང་ཡོད་སྟབས་རྩེད་འགྲན་ནང་མཉམ་ཞུགས་གནང་མཐར་གཟེངས་རྟགས་མང་པོ་ཐོབ་ཡོད་སྐོར་གསུངས་སོང་བ་དང་། དེ་བཞིན་ད་རེས་ཁོང་རྩེད་འགྲན་ཐོབ་སྐབས་རང་ཉིད་བོད་མི་ཞིག་ཡིན་པ་དང་ཡང་སྒོས་རྒྱ་གར་གྱི་སྐུ་ཚབ་གནང་བའི་ཐོག་ནས་ རྒྱལ་ཁ་ཐོབ་པར་སྤོབས་པ་ཚད་མེད་བྱུང་བ་གསུངས་སོང་།  རྩ་བའི་ལོ་ན་ ༡༦ ལ་སོན་པའི་བསྟན་འཛིན་བདེ་སྐྱིད་ལགས་ནི་རྡོ་རྗེ་གླིང་དུ་སྐྱེས་པ་དང་། ལྡི་ལི་ནང་འཚར་ལོངས་བྱུང་ཞིང་། ཁོང་ད་ཆ་ལྡི་ལི་ནང་རྟེན་གཞི་བྱས་པའི་GD Goenka སློབ་གྲྭའི་ནང་འཛིན་རིམ་བཅུ་གཅིག་ནང་སློབ་སྦྱོང་བྱེད་བཞིན་པ་དང་དེ་སྔ་བལ་ཡུལ་དང་མ་ལེ་ཤ་ཡ་བཅས་སུ་རྩེད་འགྲན་སླད་ཕེབས་མྱོང་ཡོད་པ་རེད།

Latest news