Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་ཀྱི་སྐད་ཡིག་གཅེས་སྐྱོང་སླད་སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་གསར་འཛུགས།

རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་སྒང་ཏོག་ནང་དུ་གནས་བཞུགས་བོད་མི་རྣམས་ཀྱིས་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་། ལྷག་པར་དུ་བོད་པའི་གཞོན་སྐྱེས་ཚོར་བོད་ཡིག་གཙོ་བོར་གྱུར་པའི་རིག་གནས་སློབ་ཁྲིད་ཐུབ་ཐབས་སོགས་ལ་ཆེད་དམིགས་ཐོག་ནས་སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུགཚོགས་ཆུང་དེ་ནི་གཙོ་བོ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་བཞུགས་སྒར་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་དང་རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ཕེབས་པའི་དགུང་གེགས་ཁེལ་གྱི་ཡོད་པས་བསྟན་འགྲོ་སྤྱིའི་བདེ་དོན་སླད་དུ་དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པ་དང་། ལྷག་པར་དུ་བོད་གངས་པའི་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ལ་ཆེད་དམིགས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་ལྟར། སྐབས་དེར་རྒྱ་གར་བྱང་ཤར་ཁུལ་གྱི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་པ་གང་ཐུབ་ཞུ་རྒྱུའི་དམ་བཅའ་ཕུལ་བ་དེ་དངོས་སུ་ལག་བསྟར་ཡང་དག་ཐུབ་ཐུབས་སུ་ས་གནས་ཀྱི་བོད་མི་དང་ཚོགས་པ་ཁག་དབར་ལ་གྲོས་བསྡུར་ཐབས་ཤེས་རིམ་པ་གནང་མཐར་ཁ་སང་ཟླ་ ༤ ཚེས་ ༡༦ ཉིན་དངོས་སུ་ཚོགས་ཆུང་གསར་འཛུགས་ཐུབ་ཡོད་པ་རེད།སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་ཆོས་དབང་ལགས་སུ་ཞལ་པར་བརྒྱུད་ཚོགས་ཆུང་གི་ལས་དོན་དང་མ་འོངས་ལས་གཞི། དེ་བཞིན་ས་གནས་སུ་བོད་ཀྱི་སྐད་ཡིག་གནས་བབས་མི་ཉམས་རྒྱུན་འཛིན་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་སྤྱིར་ས་གནས་སུ་དེ་སྔ་ཡོད་བཞིན་པའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་ཟིན་རྗེས་ས་གནས་ཀྱི་བོད་ཕྲུག་རྣམས་ལ་བོད་ཡིག་སྦྱོང་ས་མེད་པའི་དཀའ་ངལ་དང་། ས་གནས་ཀྱི་གནས་བབས་དེ་ཁ་ཐོར་གྱི་གནས་སྟངས་ཤིག་ཡིན་སྟབས། བོད་ཀྱི་སྐད་རིག་གཞུང་གཅེས་སྐྱོང་གནང་རྒྱུ་སོགས་ལ་ངལ་བ་འཕྲད་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།  གཞི་རྩའི་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་དམིགས་ཏེ་ལོ་ཤས་ནས་ས་གནས་སུ་གཞོན་ནུ་ཚོགས་པ་དང་། མཁན་པོ་ཆོས་དབང་ལགས་གཙོ་གྱུར་དང་བླངས་པ་ཁག་གཅིག་ནས་གཟའ་མཇུག་ནམ་ཡིན་ལ་ས་གནས་བོད་ཕྲུག་ཚོརལ་བོད་ཡིག་སློབ་ཁྲིད་དང་ནང་ཆོས་ངོ་སོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།

བོད་ཀྱི་གཟེངས་རྟགས་ཞེས་པའི་བུད་མེད་རྐང་སྤོལ་རྩེད་འགྲན་དབུ་འཛུགས།

ཁ་སང་ཟླ་ ༤ ཚེས་ ༡༥ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་ལྡེ་ར་ལྡུན་བོད་སྒར་དོན་གྲུབ་གླིང་གི་རྩེད་ཐང་དུ་རྒྱ་གར་གྱི་མཐོ་སློབ་ཁག་བཞི་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་བཅས་ཀྱི་དབར་བོད་ཀྱི་གཟེངས་རྟགས་ཞེས་པའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་གནང་ཡོད་པ་རེད།ཐེངས་འདིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྒྱ་གར་རྒྱལ་ཡོངས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་སློབ་སྟོན་པ་ལྕམ་ Maymol Rocky མཆོག་རྣམ་གཉིས་དབུ་བཞུགས་ཐོག་ས་གནས་འདྲ་མིན་ནས་ཕེབས་པའི་རྩེད་འགྲན་རུ་ཁག་ལྔས་མཉམ་ཞུགས་གནང་ཡོད་པ་རེད།  གསར་འགོད་པས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་རྩེད་འགྲན་གོ་སྒྲིག་གནང་ཕྱོགས་ཀྱི་བརྒྱུད་རིམ་དང་འགྲན་ཞུགས་རུ་ཁག་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་འགྲན་བསྡུར་དེ་ནི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་འགྲན་བསྡུར་ལ་ཞུགས་པ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཁ་སང་རྩེད་འགྲན་གནང་བ་ལས་བོད་ཀྱི་བུད་མེད་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་གསུངས་སོང་།ད་དུང་ཁོང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་དུས་རྒྱུན་ནས་མ་དངུལ་གྱི་དཀའ་ངལ་གང་འཚམས་ཤིག་འཕྲད་ཀྱི་ཡོད་སྟབས་སྤྱི་ཚོགས་ཁྲོད་ནས་མ་དངུལ་གྱི་རོགས་སྐྱོར་གནང་མཁན་ཡོད་ན་ཐུགས་ཕན་ཆེན་པོ་གསོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གི་གྲུབ་ཆ་གཙོ་བོ་ནི་བེུད་མང་ཆེ་བ་སློབ་མ་ཡིན་པ་དང་། དེ་དག་ཀྱང་ས་གནས་འདྲ་མིན་ནས་ཡིན་སྟབས་སྦྱོང་བརྡར་གནང་རྒྱུའི་དུས་ཡུན་དེ་ཙམ་རག་གི་མེད་པ་རེད་འདུགརྩ་བའི་ཐེངས་འདིའི་བོད་ཀྱི་བུད་མེད་ཀྱི་རྩེད་འགྲན་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རུ་ཁག་ལྔའི་དབར་ལ་རྩེད་འགྲན་མཐའ་གནང་རྒྱུ་དང་རྒྱལ་ཁ་སོན་མཁན་རུ་ཁག་ལ་བོད་ཀྱི་གཟེངས་རྟགས་ཀྱི་བྱ་དགའ་འབུལ་རྒྱུ་ཡིན་པ་རེད། བེུད་ཀྱི་རྐང་སྤོལ་རྩེད་འགྲན་གྱི་པར་Tibetan National Sports Association D/sala

དགོན་སློབ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་ལས་གཞིའི་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་གནང་རྒྱུའི་ལས་གཞི་གསལ་བསྒྲགས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁེལ་བ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་དང་། བླ་ཆེན་དང་མཁན་སློབ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་བོད་ཀྱི་ནང་བསྟན་རིག་པའི་ཆོས་བརྒྱུད་བདག་ཉར་གནང་ཐུབ་པ་དང་། འཛམ་བུ་གླིང་ནང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་དེ་གཟེངས་སུ་ཐོན་ཐུབ་པ་བྱུང་བ་མ་ཟད། སྒོས་༸གོང་ས་མཆོག་གི་དགོངས་གཞི་རྒྱ་གར་གྱི་གནའ་བོའི་རིག་གཞུང་༸དཔལ་ནཱ་ལནྡཱིའི་ཆོས་བརྒྱུད་སླར་གསོ་དང་ངོ་སྤྲོད་དོན་དུ་དགོན་སློབ་ཁག་ལ་མཐུན་འགྱུར་ཞུ་ཕྱིར་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གཙོ་གྱུར་སྒྲུབ་སྡེ་ཁག་གི་སྒོམ་ཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་དོན་རིག་པའི་དགེ་རྒན། དེ་བཞིན་དགོན་སྡེ་ཆུང་ཁག་གི་དཔེ་སློབ་དགེ་རྒན་བཅས་ཁྱོན་དགེ་རྒན་ ༤༡༦ ཙམ་ཞིག་ལ་འདི་ལོའི་ཟླ་བ་ ༤ པ་ནས་བཟུང་ཟླ་རེར་ཧིན་སྒོར་ ༣༠༠༠ རེ་ཕུལ་རྒྱུ་ཡིན་པ་དང་། དེ་ཡང་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་ཡིན་པ་རེད་འདུགགཞི་རྩའི་ཆོས་རིག་ལས་ཁུངས་ཀྱིས་དགོན་སློབ་ཁག་གི་དགེ་རྒན་ཚོར་གསོལ་དོད་ཕུལ་རྒྱུ་དེ་ལས་གཞི་གསར་པ་ཞིག་ཡིན་པ་མ་ཟད། ཉེ་ལམ་གྲུབ་ཟིན་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུར་སྐབས་ཆོས་རིག་ལས་ཁུངས་བརྒྱུད་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་དཀོན་གཉེར་ལ་གསོལ་ཕོགས་སྒོར་ས་ཡ་བཅུ་དྲུག་དང་དྲུག་འབུམ་རྒྱབ་གཉེར་ཞུས་པ་དང་ཕྱོགས་མཚུངས། དགོན་སྡེ་ཁག ༣༠༠ ལྷག་གི་དཔེ་ཁྲིད་དགེ་རྒན་ལ་གསོལ་ཕོགས་གི་དོད་ཕུལ་རྒྱུའི་བཀའ་འཁྲོལ་བྱུང་བ་རེད།   སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དཔེ་ཁྲིད་དགེ་རྒན་ཚོར་དོད་ཕུལ་འཆར་གྱི་རྒྱབ་ལྗོངས་དང་སྦྲགས། དཔེ་ཁྲིད་དགེ་རྒན་ཚོར་གཟིགས་སྐྱོང་གནང་རྒྱུའི་དགོངས་པ་དེ་དེ་སྔ་ནས་ཡོད་སྟབས། ད་རེས་གདན་ས་ཁག་གི་གཞུང་ཆེན་གྱི་དཔེ་ཁྲིད་དགེ་རྒན་གྱིས་གཙོས་པའི་རིས་མེད་དགོན་སྡེ་ཆེ་ཆུང་ལ་གནང་རྒྱུ་དེ་དགོན་སྡེ་ཁག་ནས་ཡར་ཞུས་པ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ནས་དགོན་ཁག་གི་དགེ་རྒན་ཚོར་དགོངས་པ་ཆེ་བཞེས་གནང་ནས་གཏན་འབེབས་གནང་བ་ཡིན་སྐོར་སོགས་གསུངས་ཡོད།

བོད་མི་ཚོས་༸གོང་ས་མཆོག་གི་མཛད་འཆར་ཁག་ཉུང་འཕྲི་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

བོད་མིའིབླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་པར་༸སྐུའི་མཛད་འཕྲིན་ཁག་ལ་རག་ལས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་སྤྱིའི་བདེ་རྩར་དམིགས་ཏེ་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཕེབས་རྒྱུའི་མཛད་འཆར་ཁག་ཉུང་འཕྲི་གནང་དགོས་པ་མ་ཟད། ༸རྒྱལ་བའི་ཕོ་བྲང་དུ་མང་ཚོགས་ནས་མགོན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་དེའང་ཉུང་དུ་གཏོང་རོགས་ཞེས་བོད་མི་ཚོས་སེམས་ཚོར་ཆེན་པོས་འབོད་སྐུལ་གསོལ་འདེབས་ཞུ་བཞིན་འདུགདྷ་ས་ས་གནས་མི་མང་ཚོགས་ཁང་དུ་ཁ་ཉིན་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གསུམ་གྱི་རིང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ནང་སྲིད་ལས་ཁུངས་ནས་བཀོད་ཁྱབ་གནང་དོན་ལྟར་༸རྒྱལ་བའི་སྐུ་ཕྱྭའི་སླད་དུ་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་ལྟར། ས་གནས་མི་མང་ ༡༥༠ ལྷག་འདུ་འཛོམས་གནང་བའི་སར་གསར་འགོད་པ་ཆེད་བཅར་གྱིས་བོད་མི་རྒན་གྲས་ཁག་གཅིག་དང་བཀའ་མོལ་ཞུས་པར་ཁོང་རྣམ་པས་སེམས་འཚབ་ཆེན་པོས་མིག་ཆུ་གཏོང་བཞིན་ཁ་སང་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བདེ་མིན་རྐྱེན་གྱིས་གློ་བུར་དུ་རྒྱ་གར་གྱི་རྒྱལ་ས་ལྷི་ལིར་ཆིབས་བསྒྱུར་མཛད་དགོས་བྱུང་བ་དེར་མང་ཚོགས་ནས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པའི་ཁར་ཚང་མས་ཞལ་གཅིག་གྲག་གིས་༸སྐུའི་མཛད་འཆར་ཁག་ཉུང་འཕྲི་གནང་རོགས་ཞེས་འབོད་སྐུལ་གསོལ་འདེབས་ཞུ་བཞིན་འདུག རྩ་བའི་ཁ་སང་སྔ་དྲོ་༸གོང་ས་མཆོག་མགུལ་ཆམ་བཞེས་ཏེ་མགུལ་གློར་མཉན་ཕྲན་བྱུང་བ་ལྟར་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་ཡོད་སྟབས། བོད་མི་གནས་ཡུལ་ས་གནས་ཁག་དང་གདན་ས་ཁག་ཏུ་༸སྐུ་ཕྱྭའི་ཞབས་རིམས་གསོག་སྒྲུབ་དང་། དེ་བཞིན་བོད་རིགས་ཚོས་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ཐོག་བློ་འཚབ་ཆེན་པོའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་གསོ་དང་མགྱོགས་མྱུར་༸སྐུ་ཁམས་གསལ་ཐང་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད་པ་མ་ཟད་མང་ཚོགས་ཀྱི་ཁྲོད་ནས་སྐབས་དེར་སེམས་འཚབ་ཆེན་པོ་བྱུང་སྐོར་གསུངས་སོང་།གཞི་རྩའི་ཁ་སང་རླུང་འཕྲིན་ཁང་ནས་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ལ་མགུལ་ཆམ་བཞེས་རྐྱེན་མགུལ་གློར་གཉན་ཕྲན་བཞེས་པ་མ་གཏོགས། དེ་མིན་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ལ་ཛ་དྲག་གང་ཡང་མེད་པར་འགྲེལ་བརྗོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་སྨན་ཁང་དུ་༸སྐུ་བཞུགས་མཛད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།

༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༥ པ་བཞུགས་སྒར་དུ་གནང་གཏན་ཁེལ་བ།

བོད་རྒྱ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་འདི་ལོའི་༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ ༢༥ པ་དེ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་དབུ་འཛུགས་གནང་གཏན་ཁེལ་ཡོད་པ་རེད། ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ཕྱི་ཟླ་ ༥ ཚེས་ ༣༡ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཅུའི་རིང་ལ་རྒྱལ་གར་དང་བལ་ཡུལ། ཨ་རི། དབྱིན་ཡུལ་བཅས་ཀྱི་བོད་པའི་རྐང་སྤོལ་རུ་ཁག་ ༢༤ ནས་མཉམ་ཞུགས་གནང་གི་འདུགགསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྐང་རྩེད་སྤོ་ལོའི་དུས་དྲན་དང་འབྲེལ་ནས་དམིགས་བསལ་གྱི་ལས་འཆར་གང་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་པར་རྩེད་ཐང་བསྐྱར་གསོ་དང་གཟེངས་རྟགས་ཀྱི་རིམ་པ་ཇེ་མང་དུ་བཏང་ནས་བྱ་དགའི་དངུལ་གྲངས་སོགས་ཀྱང་སྤར་ཆ་གནང་ཡོད་པ་ངོ་སྤྲོད་གནང་སོང་བ་དང་། དེ་བཞིན་ཁོང་གིས་ད་རེས་རུ་ཁག་མང་པོ་ཡོད་པ་དང་། རྩེད་ཐང་བསྐྱར་བཟོ་དང་མི་མང་ལ་གཟིགས་མོ་གཟིགས་སའི་ཞབས་སྟེགས་སོགས་གསར་བཟོ་བྱས་ཡོད་སྟབས་མི་མང་མང་པོ་ཕེབས་ཀྱི་ཡོད་པར་འགྲེལ་བརྗོད་གནང་ཡོད། ཁོང་གིས་༸རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གྱི་རྐང་རྩེད་སྤོ་ལོ་ཙམ་མ་ཡིན་པར་ ༢༠༡༥ ལོ་ནས་བཟུང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གསར་འཛུགས་ཀྱིས་རྒྱལ་གར་གྱི་ས་གནས་ཁག་ལ་ཕྱོགས་སྐྱོད་ཀྱིས་རྩེད་འགྲན་གནང་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༡༥ ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་རུ་ཁག་དང་རྒྱ་གར་གྱི་བེུད་རྐང་སྤོལ་རུ་ཁག་ལྔའི་དབར་རྩེད་འགྲན་དབུ་འཛུགས་གནང་གི་ཡོད་པར་གསུངས་སོང་། མཐར་ཁོང་གིས་རྒྱལ་ཕམ་ནི་ཆོས་ཉིད་ཀྱི་རང་བཞིན་ལས་མ་འདས་སྟབས་རྩེད་འགྲན་པ་ནང་ཁུལ་དང་། དེ་བཞིན་གཟིགས་མོ་བ་ལྷན་རྒྱས་ནས་ཕན་ཚུན་དབར་མཐུན་སྒྲིལ་གནང་ནས་ཐེངས་འདིའི་རྩེད་འགྲན་འདི་རྒྱལ་ཁའི་ངང་གྲོལ་ཐུབ་པར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།

བོད་ཁྱིམ་གྱི་ཨ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གི་ཟབ་སྦྱོང་དབུ་འཛུགས།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་ཤེས་རིག་གི་མདུན་ལམ་ལམ་སྟོན་ཚན་པས་གོ་སྒྲིག་གི་འོག་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་རྣམས་ལ་ཉིན་བཞིའི་རིང་ཕྲུ་གུ་དང་ཕྲུ་གུའི་དབར། དེ་བཞིན་ཨ་མ་དང་ཕྲུ་གུའི་བར་གྱི་རྩོད་རྙོག་འདུམ་སྒྲིག་གནང་སྟངས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།ཐེངས་འདིའི་ཟབ་སྦྱོང་གནང་མཁན་ནི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ཡིན་པ་དང་། མཛད་སྒོའི་ཐོག་རྩོད་རྙོག་འདུམ་སྒྲིག་ཁང་གི་ཆེད་ལས་པ་དབུ་བཞུགས་ཐོག་བོད་ཁྱིམ་གྱི་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དང་། དྷ་སྟེང་བོད་ཁྱིམ་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། ཤེས་རིག་གི་མདུན་ལམ་ལམ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། དེ་བཞིན་དྷ་སྟེང་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་ ༤༢ ནས་ཐེངས་འདིའི་ཟབ་སྦྱོང་ནང་འཛུལ་ཞུགས་གནང་ཡོད་པ་རེད། གསར་འགོད་པས་ཟབ་སྦྱོང་གོ་སྒྲིག་གནང་མཁན་ཤེས་རིག་གི་མདུན་ལམ་ལམ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་སུ་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་དོན་ཐོག་བཅར་འདྲི་ཞུས་པར་བྱིས་པའི་འཚར་ལོངས་ཀྱི་ཆ་ནས་ཁྱིམ་ཚང་ཨ་མ་ཚོར་གོ་རྟོགས་ཡོད་ཀྱང་དཀའ་ངལ་ཞིག་འཕྲད་པའི་སྐབས་སུ་གདོང་ལེན་གནང་ཕྱོགས་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།སྔོན་ཆད་བོད་ཁྱིམ་རང་གིས་གོ་སྒྲིག་གི་འོག་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་ལ་ཞུགས་མྱོང་མཁན་གྱི་ཁྱིམ་ཚང་ཨ་མ་རྣམ་སྒྲོལ་ལགས་སུ་ཟབ་སྦྱོང་དེའི་ཁེ་ཕན་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཕྲུ་གུའི་སྤྱོད་པ་འདྲ་མིན་ཡོད་སྟབས་དེ་དག་ལ་འབྲེལ་ལམ་འཛུགས་སྟངས་ཀྱི་ཆ་ནས་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་ཡོད། རྩ་བའི་བོད་ཁྱིམ་རང་གིས་གོ་སྒྲིག་འོག་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་ཕུལ་མྱོང་ཡོད་ཀྱང་། གདན་དོན་དེའི་གལ་ཆེན་རང་བཞིན་གྱི་ངོས་ནས་ཐེངས་འདིར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ལམ་སྟོན་ཚན་པས་གོ་སྒྲིག་གནང་ཐོག་དེ་རིང་དྷ་སྟེང་བོད་ཁྱིམ་དུ་ཉིན་བཞིིའི་རིང་རྩོད་རྙོག་འདུམ་སྒྲིག་ཁང་གིས་ཟབ་སྦྱོང་གནང་གི་ཡོད་པ་ལྟར། བོད་ཁྱིམ་གོ་པ་པུར་དང་སུ་ཇཱ་བོད་ཁྱིམ་བཅས་སུ་རྩོད་རྙོག་འདུམ་སྒྲིག་ཁང་ནས་ཟབ་སྦྱོང་གནང་འཆར་ཡོད་པ་རེད།

ཡོ་རོབ་རྒྱལ་ཁབ་ཁག་ཏུ་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱ་སྐྱེད་གནང་འཆར།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མེད་པའི་བོད་མི་གནས་ཡུལ་ཡོ་རོབ་རྒྱལ་ཁབ་ཁག་ཏུ་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་སྒྲིག་འཛུགས་གསར་འཛུགས་གནང་ཐུབ་རྒྱུ་ནི་གནད་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་སོང་།ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་དབུ་འཛུགས་ཀྱིས་ཁ་སང་ཟླ་ ༤ ཕྱི་ཚེས་ ༧ བར་ཁྱོན་ཟླ་བ་གཅིག་མན་ཙམ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་། སྤྱི་ཚོགས་ཞབས་ཞབས་ཞུའི་འགན་འཛིན་བཀྲིས་དར་རྒྱས་ལགས་གཉིས་ནས་བོད་མི་གནས་ཡུལ་ཡོ་རོབ་རྒྱལ་ཁབ་ཨོ་སི་ཊི་ཡ། ཇར་མ་ནི། བྷེལ་ཇམ། ཧོར་ལན་ཌི། སེ་པཱན། ཕ་རན་སི། དེ་བཞིན་སུད་སི་བཅས་ཡོ་རོབ་རྒྱལ་ཁབ་ཁག་བདུན་ནང་སྐོར་སྐྱོད་གནང་ཡོད་པ་རེད།སྐོར་སྐྱོད་ཀྱི་དམིགས་འདུན་གཙོ་བོ་ས་གནས་སོ་སོའི་ནང་གི་བོད་མི་རྒན་གཞོན་དར་གསུམ་དང་ལྷན་དུ་དངོས་སུ་གདོང་ཐུག་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོ་སྤྲོད་དང་། བོད་དོན་གནས་བབས། དེ་བཞིན་བོད་དོན་ཐོག་བོད་རིགས་གཞོན་སྐྱེས་ཀྱི་འགན་ཁུར་སོགས་དང་འབྲེལ་བའི་གོ་རྟོགས་སྤེལ་ཕྱིར་ཡིན་པ་རེད་འདུག་པ་དང་། ཁོང་རྣམ་ནས་བྷེལ་ཇམ་ཁུལ་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་དང་རྒྱུན་ལས་གསར་འདེམས་གནང་ཐུབ་པ་བྱུང་འདུག ཁ་སང་ཕྱི་དྲོ་སུད་སི་གྲོང་ཁྱེར་ཛུ་རིག་ནང་ས་གནས་བོད་མི་ཚོར་བོད་དོན་གཏམ་བཤད་གནང་བ་དང་། ཐེངས་དེའི་ཡོ་རོབ་རྒྱལ་ཁབ་བདུན་ནང་གི་སྐོར་སྐྱོད་ལས་རིམ་འཇུག་སྒྲིལ་གནང་བ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་འགྲིན་སྲིད་གཅོད་ལགས་སུ་སྐོར་སྐྱོད་ལས་རིམ་སྤྱི་ཡོངས་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་མེད་པའི་བོད་མི་གནས་ཡུལ་ཡོ་རོབ་རྒྱལ་ཁག་ནང་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་སྒྲིག་འཛུགས་ཤིག་གསར་འཛུགས་ཐུབ་དགོས་གལ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་སོང་། རྩ་བའི་ད་ལྟའི་ཆར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ གཞོན་ལྷན་གྱི་ས་གནས་ཁག་ ༨༧ དང་ཚོགས་མི་ ༣༥༠༠༠ ལྷག་ཡོད་པ་བཅས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མི་ཚོགས་པ་ཆེ་གྲས་ཤིག་ཡིན་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེ་ཆར་གྲོས་ཚོགས་སུ་བཀའ་བློན་དུ་འོས་འདེམས་གནང་བའི་གང་ཟག་ལ་དགོས་ངེས་འོས་ཤོག་བརྒྱ་ཆ་ལོན་མེད་སྟབས་ངོས་ལེན་གནང་ཐབས་མེད་པ་ཡོངས་བསྒྲགས་གནང་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེ་སྔོན་སྐབས་ ༡༦ པའི་བོད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༧ པའི་ཐོག་བཀའ་བློན་གྱི་འོས་གཞིར་བཅའ་ཁྲིམས་དོན་ཚན་ ༢༢ ལྟར་དགོས་ངེས་ཀྱི་འོས་གྲངས་བརྒྱ་ཆ་ལོན་མེད་སྐོར་དང་འབྲེལ་ནས་ངོས་ལེན་གནང་མེད་པ་ཡོངས་བསྒྲགས་གནང་སོང་།རྩ་བའི་ཉེ་སྔོན་ཉེ་སྔོན་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༤ པ། ཕྱི་ཟླ་ ༣ ཚེས་ ༢༢ ཉིན་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་གྱི་འོས་མིར་གྲོས་ཚོགས་ནང་ངོ་སྤྲོད་ཀྱིས་དགག་བྱ་ཡོད་མེད་གཟིགས་སྐབས། དགག་བྱ་གནང་བར་བརྟེན་གསང་བའི་འོས་བསྡུ་གནང་རྗེས་སྤྱི་འཐུས་ ༢༡ གིས་རྒྱབ་སྐྱོར་གནང་ནས་བཀའ་བློན་དུ་བདམས་ཐོན་བྱུང་བར་གསལ་བསྒྲགས་གནང་ཡོད་ཀྱང་། དེ་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཚོགས་གཙོ་སྦྲེལ་པོའི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་རྒྱབ་སྐྱོར་འོས་ཤོག་ ༢༡ ཐོབ་པ་དེ་ངོ་ཡོད་སྤྱི་འཐུས་ ༤༣ གྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཡིན་སྐོར་དང་འབྲེལ་བའི་ཛ་དྲག་གི་ཕྱག་བྲིས་ཕུལ་ཡོད་པ་དེ་ལྟར་ཡང་། ཚེས་ ༢༣ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནད་དོན་དེའི་སྐོར་གསར་འགོད་པར་དོགས་དྲི་བཀའ་ལན་གནང་སྐབས་རྩ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་བཀའ་མོལ་གནང་ཕྱོགས། དེ་བཞིན་འོས་འཕེན་ཕྱོགས་སོགས་ཁྲིམས་ཞིབ་ཁང་གང་གི་ཁྱབ་འོག་ཏུ་མེད་པ་དེ་ལྟར་ཡང་། ད་ལན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཕྱག་བྲིས་འབྱོར་བ་བཞིན་ལན་འདེབས་ཕུལ་བའི་ནང་དེ་སྔའི་གྲོས་ཚོགས་ནང་བརྒྱ་ཆ་བགོ་ཕྱོགས་ཀྱི་འགྲོ་ལུགས་གཞིར་བཟུང་ངོ་ཡོད་སྤྱི་འཐུས་ ༤༣ གྱི་བརྒྱ་ཆ་ ༥༠ དེ་ ༢༡ དང་གྲངས་ཆུང་ ༥༠ ཡིན་པ་ལྟར། བཀའ་བློན་གྱི་འོས་འདེམས་དང་འབྲེལ་བའི་སྒྲིག་གཞི་དོན་ཚན་ ༨༦ གཞིར་བཟུང་བཀའ་བློན་གྱི་འོས་མིར་དགག་བྱ་བྱུང་ཚེ་བགྲོ་གླེང་མི་དགོས་པར་ངོ་ཡོད་སྤྱི་འཐུས་ཀྱི་གསང་བའི་འོས་ཤོག་འཕང་ཐོག་འོས་འདེམས་བྱ་དགོས་པ་དང་། དེར་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་སྐོར་གསལ་ཡོད་ཀྱང་། དེ་ཉིན་སྤྱི་འཐུས་ ༤༣ ཡོད་སྟབས་བརྒྱ་ཆ་ ༥༠ ཐོབ་པར་སྤྱི་འཐུས་ ༢༡་༥ དགོས་ཀྱི་ཡོད་པ་དང་། ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་དགོས་རྩིས་སྐོར་སྐབས་འཕྲོས་ལྷག་དཀར་ཆ་རྩིས་མ་དགོས་ཞེས་པ་དེ་ལུང་འདྲེན་གྱིས་བརྒྱ་ཆ་ ༥༠ ལོན་པར་ངོས་འཛིན་གནང་གི་ཡོད་པ་དེའི་ཐོག་གནས་ཀྱི་ཡོད་ཅེས་གསུངས་པ་མ་ཟད། ཚོགས་གཙོས་མཇུག་སྡོམ་གསུང་བཤད་ནང་དུའང་དེ་རང་ནན་བརྗོད་གནང་ཡོད་པ་རེད།དེ་རིང་ཕྱི་ཚེས་ ༤ སྔ་དྲོ་ཚོུད་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁྲིམས་དྲུང་བཀྲིས་རྒྱ་མཚོ་ལགས་དབུ་བཞུགས། ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་བློན་ལ་ངོས་བཞེས་གནང་མེད་པའི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་བའི་ནང་ཉེ་སྔོན་གྲོས་ཚོགས་ནས་བཀའ་བློན་འོས་འདེམས་ཀྱི་གསལ་བསྒྲགས་སྤེལ་མ་ཐག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཚོགས་གཙོ་སྦྲེལ་པོར་མང་མོས་བརྒྱ་ཆ་ ༥༠ ཡི་ཆ་རྐྱེན་ཚང་གི་མེད་སྐོར་གྱི་ཐུགས་ཞིབ་དགོས་པའི་ཕྱག་བྲིས་ཕུལ་ཡོད་པ་དང་། ཕྱག་བྲིས་ལ་བཀའ་ལན་འབྱོར་བ་དང་། ཚོགས་གཙོས་གསར་འགོད་པར་འགྲེལ་བརྗོད་གནང་བར་ཆེས་འཐོའི་ཁྲིམས་ཞིབ་ཁང་གི་ངོས་ལེན་མེད་པའི་ཐག་གཅོད་གནང་ཡོད་པ་དང་། དེ་རྗེས་ཚོགས་གཙོ་སྦྲེལ་པོས་རེ་འདུན་བཞིན་ཚོགས་གཙོ་སྦྲེལ་པོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་ཁྲིམས་ཞིབ་ཁང་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ། དེ་རྗེས་བཀའ་ཤག་ཁྲིམས་ཞིབ་ཁང་ལ་བཅར་ནས་བཀའ་བསྡུར་གནང་རྗེས་བཀའ་དྲུང་ཡིག་ཚང་ནས་དམ་འབུལ་གྱི་ཞུ་སྐུལ་འབྱོར་ཡོད་པར་ཁྲིམས་ཞིབ་ཁང་ནས་བདམས་ཐོན་བཀའ་བློན་གསལ་བསྒྲགས་གནང་བའི་སྐྱེ་བོ་དེར་བཅའ་ཁྲིམས་ནང་གསལ་གྱི་ཆ་རྐྱེན་ཚང་གི་མེད་པས། དེའི་ཐོག་བཅའ་ཁྲིམས་དང་མཐུན་པའི་གནང་ཕྱོགས་ཤིག་མ་བྱུང་བར་དུ་བཅའ་ཁྲིམས་དོན་ཚན་ ༢༥ པ་ནང་གསལ་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཀྱི་ལས་རིམ་ཐོག་ཕེབས་ཐབས་མེད་པའི་ཐག་གཅོད་གནང་བ་སོགས་རྒྱུད་རིམ་ཆ་ཚང་ངོ་སྤྲོད་གནང་བ་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་གཙོ་བོ་དོན་ཚན་ ༥ ཡི་ཐོག་ནས་ཐག་གཅོད་དང་རྒྱུ་མཚན་གསལ་བཤད་གནང་སོང་།དེའང་བཀའ་བློན་དུ་བདམས་ཐོན་བྱུང་བའི་དགོས་ངེས་གྲངས་ཚད་ཀྱི་ཆ་རྐྱེན་ནི་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པ་དེར་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་བཞག་མེད་པ་དང་། སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་འོས་གཞི་མིང་འདོན་གནང་བ་གང་ཞིག་བཅའ་ཁྲིམས་ནང་གསལ་དགོས་ངེས་ཀྱི་བརྒྱ་ཆའི་གྲངས་ཚད་ལོན་མེད་པ་མངོན་སུམ་དུ་གྲུབ་ཡོད་པའི་མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་བྱུང་བའི་གསལ་བསྒྲགས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་འདིའི་དགོངས་དོན་དང་འགལ་ཡོད་སྐོར་དང་འབྲེལ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་མངོན་གསལ་གྱི་གནོད་འགལ་བྱས་ཡོད་པ་གསུངས་སོང་།དེ་བཞིན་བཅའ་ཁྲིམས་དོན་ཚན་ ༢༢ རྩིས་གཞི་བརྒྱ་ཆ་ ༥༠ ཡིན་པ་དང་། དོན་ཚན་ ༤༩ ནང་གསེས་ ༡ རྩིས་གཞི་ནི་གྲངས་ཆ་གསུམ་ཆ་གཉིས་ཡིན་པ་ལྟར། སྔ་མ་ནི་བཀའ་བློན་གྱི་འོས་འདེམས་བྱེད་སྟངས་སྐོར་ཡིན་པ་དང་། ཕྱི་མ་ནི་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་སུ་སྤྱི་འཐུས་ཀྱི་ཉུང་ཚད་སྐོར་ཡིན་སྟབས་ཆ་རྐྱེན་དེ་དག་དོན་གནད་ཐ་དད་ཡིན་པ་ལས་བཀའ་བློན་འོས་ཐོན་གྱི་དགོས་ངེས་གྲངས་ཚད་ལ་སྦྱོར་མི་རུང་བ་ཡིན་པ་གསུངས་ཡོད།དེ་གཞིན་སྤྱི་འཐུས་ལྷན་ཚོགས་ནས་བདམས་ཐོན་བྱུང་བར་ངོས་འཛིན་བྱས་པའི་རྒྱབ་རྟེན་དུ་བརྒྱ་ཆ་འགོད་སྟངས་ཀྱི་རེའུ་མིག་གཞིར་བཟུང་གནང་ཡིན་པ་གསུངས་པ་དེ་ནི། ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཇི་དགོས་ཀྱི་རེའུ་མིག་ཤོག་ངོས་གཉིས་ཅན་དང་། དེའི་མཉམ་སྤྱི་འཐུས་གྲངས་དང་བརྒྱ་ཆ་གསུམ་ཆ་ ༢ བརྒྱ་ཆ་ ༥༠ བརྒྱ་ཆ་བཞི་ཆ་གསུམ་ཞེས་པ་རེའུ་མིག་ཤོག་ངོས་གཅིག་ཅན་ཞིག་འདུག་པ་དེ་ཡིན་པ་དང་། བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་ཅེས་བཀོདཡོད་སྟབས། དེའི་སྔའི་བཀའ་ཤག་སྐབས་ ༡༢ དང་ ༡༣  དེ་བཞིན་སྐབས་ ༡༤ དང་ ༡༥ བཅས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ་སྐབས་དེ་དག་ཐོག་བརྒྱ་ཆ་རྩིས་སྐོར་བྱེད་དགོས་པ་བྱུང་མེད་སྐོར་དང་འབྲེལ། རེའུ་མིག་དེ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཇི་དགོས་ཀྱི་རེའུ་མིག་ཡིན་པ་ལས། བཀའ་བློན་གྱི་འོས་འདེམས་སྐབས་བརྒྱ་ཆ་བགོ་སྟངས་སྐོར་མིན་པ་རེའུ་མིག་འགོ་བརྗོད་ནས་རྟོགས་ཐུབ་ཀྱི་ཡོད་པ་ལྟར། སྤྱི་འཐུས་ལྷན་ཚོགས་ནས་ཡིག་ཆ་དེས་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཀའ་བློན་དུ་བདམས་ཐོན་ཡོང་བ་ལ་བརྒྱ་ཆ་ ༥༠ ལས་མ་ཉུབ་བ་དགོས་པའི་ཆ་རྐྱེན་འདིར་བསྒྱུར་བཅོས་གཏོང་ཐབས་མེད་ཅེས་ཚོགས་གཙོ་སྦྲེལ་པོར་གསལ་པོ་ཞུས་ཟིན་ཡོད་པ། ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་འདོན་གནང་ཟིན་རྗེས་ད་དུང་མུ་མཐུད་ སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི་བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་བྱ་རྒྱུ་དེ་ཁྲིམས་ཞིབ་ཁང་གི་འདོར་དུ་མེད་པའི་ལས་འགན་ཡིན་སྟབས། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་སྐོར་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ནང་གསལ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་དང་། དེར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་པའི་སྐུ་དབང་དང་། དེ་བཞིན་བཅའ་ཁྲིམས་དོན་ཚན་ ༥ ནང་གསལ་ལྟར་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་ནུས་ལྡན་ཡིན་མིན་བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་པའི་སྐུ་དབང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་ཡོད་པས། ཀ་བ་གསུམ་གྱི་དབང་ཆའི་ས་མཚམས་ལས་མ་འགལ་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་རྣམས་ལག་བསྟར་བྱེད་སྐབས་སུ་བཅའ་ཁྲིམས་ཀྱི་དགོངས་དོན་ལ་དོ་ཕོག་དང་གནོད་འགལ་བྱེད་པའི་བྱ་སྤྱོད་མཐོང་བཞིན་དུ་དེར་སྣང་མེད་དམ། གུ་བཤངས་སམ། བབ་བསྟུན་ནམ། མཐུན་འགྱུར་བྱ་རྒྱུ་ནི་ཁྲིམས་ཞིབ་ཁང་གནས་དགོས་པའི་རྒྱུ་མཚན་དང་རྒྱབ་འགལ་ཡིན་པས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་དམ་བཅའ་ནམ་ཡང་འདོར་ཐབས་མེད་པ་བཅས་གསུངས་སོང་། ཁྲིམས་ཞིབ་ཁང་གི་གསར་འགོད་ལྷན་ཚོགས་གྲུབ་རྗེས་གསར་འགོད་པ་རྣམས་ནས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་སུ་འཀའ་འདྲི་ཞུས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བཀའ་བློན་བདམས་མཐོན་གྱི་གསལ་བསྒྲགས་གནང་བའི་ཐོག་དེ་སྔ་བཅའ་ཁྲིམས་དགོངས་དོན་བཞིན་བརྒྱ་ཆ་ ༥༠ ལོན་པར་ངོས་འཛིན་ཐག་གཅོད་གནང་བ་དེའི་ཐོག་གནས་ཀྱི་ཡོད་པ་གསུངས་སོང་། དེ་བཞིན་ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་ལ་མངོན་གསལ་ཐོག་གནོད་འགལ་བྱས་ཡོད་སྐོར་གསུངས་པའི་ཐོག་ལན་འདེབས་གནང་ཡོད་པ་རེད། དེའི་བར་ན་བཀའ་བློན་གྱི་འོས་མི་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ལགས་བཀའ་དྲུང་གི་ལས་གནས་ནས་རྩ་དགོངས་ཞུས་ཟིན་པ་ལྟར། ད་ལྟའི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་བཞིན་ཟླ་ ༤ ཚེས་ ༨ ནས་ལས་ཁུར་དབུ་འཛུགས་གནང་གི་ཡོད་པ་རེད།

བོད་རང་བཙན་ཡིན་པའི་ལོ་རྒྱུས་ཁུངས་སྐྱེལ་གྱི་དཔེ་དེབ་དབུ་འབྱེད།

དེ་རིང་སྔ་དྲོ་ཚོུད་ ༡༠ སྟེང་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་དོན་ལས་འགུལ་བ་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་ཁོང་གི་བརྩམས་ཆོས་བཅོ་ལྔ་པ་བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་པའི་བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཁག་ཅིག གསར་འགོད་པ་བཅས་མི་སུམ་ཅུ་ལྷག་འདུ་འཛོམས་གནང་ཡོད་པ་རེད།སྐབས་དེར་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གྲྭ་བག་གྲོ་ལགས་ཀྱིས་རང་ཉིད་བོད་ཀྱི་འཐབ་རྩོད་ཁྲོད་ཇི་ལྟར་ཞུགས་པའི་ལོ་རྒྱུས་དང་འབྲེལ་ནས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དུ་མ་བྱས་ཡོད་པར་བརྟེན་ཁོང་གིས་འདས་པའི་མི་ལོ་གསུམ་གྱི་ནང་དཀའ་བ་ཁྱད་དུ་བསད་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་ཕྱོགས་སྒྲིག་གནང་སྟེ་བོད་རང་བཙན་ཁུངས་སྐྱེལ་གྱི་ཕྱག་དེབ་དེ་བརྩམས་སྐོར་འགྲེལ་གསུངས་སོང་། སྔ་ལོར་རང་ཉིད་ཀྱི་མི་ཚེ་ནང་གི་དམ་བཅའ་གལ་ཆེན་ཞིག་བསྒྲུབས་ཡོད་སྟབས་སང་ཉིན་ཤི་ཡང་གནོང་འགྱོད་ཅི་ཡང་མེད་ཅེས་དཔེ་དེབ་དེ་ངོ་སྤྲོད་གནང་ཡོད། ཚོགས་གཙོ་མཆོག་གིས་གྲྭ་བག་གྲོ་ལགས་ཀྱིས་དུས་རྟག་ཏུ་བོད་དོན་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་བཞིན་པར་བསྔགས་བརྗོད་གནང་བ་དང་སྦྲགས། ཁོང་གི་དཔེ་དེབ་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པ་འདི་མ་འོངས་པར་དྲི་བ་དྲིས་ལན་གྱི་ངོ་བོར་པར་བསྐྲུན་ཞུས་ནས་བོད་ཀྱི་བྱིས་པ་ཚོར་ངོ་སྤྲོད་གནང་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་པ་གསུངས་སོང་།རྩ་བའི་གྲྭ་བག་གྲོ་ལགས་ནི་ལོ་རབས་བདུན་ཅུ་བར་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ཁོངས་སུ་འཁྲུངས་ཤིང་། ཕྱིས་སུ་དགའ་ལྡན་དགོན་པར་ཆོས་ཞུགས་གནང་ནས་གྱ་བརྒྱད་ལོར་བོད་ལ་རང་བཙན་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་པར་བརྟེན་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཀྱང་། རྗེས་སུ་གློད་བཀྲོལ་ཐོབ་རྗེས་གོ་གཅིག་ལོར་བཙན་བྱོལ་དུ་འབྱོར་ཡོད་པ་རེད། ༸རྒྱལ་བའི་བཀའ་མངགས་ལྟར་བོད་ནང་གི་དངོས་ཡོད་དྲག་གནོན་མཚོན་པར་བྱེད་པའི་རྩོམ་སྒྲིག་གི་ལས་ལ་ཞུགས་ཏེ་འཛམ་གླིང་སྟེང་གི་དམྱལ་བ་དང་། བོད་རྒྱ་ནག་གི་བཙོན་ར་སོགས་ཀྱི་མཚོན་པའི་དཔེ་དེབ་བཅོ་ལྔ་པར་རྩོམ་སྒྲིག་དང་པར་བསྐྲུན་གནང་ཡོད།  དེ་རིང་དབུ་འབྱེད་གནང་བའི་དཔེ་དེབ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་དང་པར་རིས་འཚོལ་ཞིབ་གནང་བ་བརྒྱུད་ནས་རྒྱ་ནག་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་འཛམ་གླིང་གི་མི་མང་ལ་བསླུ་བྲིད་གཏོང་བཞིན་པ་དེར་དགག་ལན་དང་། བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་གནང་བའི་དཔེ་དེབ་ཅིག་རེད།

Latest news