Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

Richmond གྲོང་སྡེ་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་སླད་བསྒྲགས་གཏམ་སྤེལ་བ།

ཨ་རི་ཁེལ་ཕོ་ནི་ཡའི་བྱང་ཕྱོགས་སུ་ཆགས་པའི་ Richmond གྲོང་སྡེ་ལྷན་ཚོགས་ནས་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུགབསྒྲགས་གཏམ་དེ་ཁ་སང་ཕྱི་དྲོ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ EDUARDO MARTINEZ ལགས་རྣམ་པ་གཙོས། ཁེལ་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁག་གཅིག་བཅས་ལྷན་ཞུགས་གནང་ནས་སྤེལ་འདུག                                སྐབས་དེར་སྐུ་ཞབས་ MARTINEZ ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱང་གནང་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། རྒྱ་གཞུང་གིས་ Richmond དང་California མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་ཡོད་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་གིས་བོད་ནང་རང་དབང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་གྲོད་ཆོད་གཏན་འབེབས་གནང་བ་དེ་འཕྲད་མར་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པའི་རྣམ་པ་ཆེད་བཏོན་གནང་ཡོད་པ་རེད། ལྷག་དོན་ཐེངས་འདིའི་བསྒྲགས་གཏམ་བརྒྱུད་ཕྱི་ཟླ་ ༣ ཚེས་ ༨ ཉིན་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད། གསུམ་བཅུའི་དུས་དྲན་ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད།རྩ་བའི་ Richmond ནང་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་རྒྱུ་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ལས་འགུལ་དེ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་ཀྱིས་ཕྱི་ལོ་ ༢༠༡༧ ནས་དབུ་འཛུགས་གནང་བ་ལྟར་ད་ལན་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།

མེ་སྐྱོན་གྱི་དོན་རྐྱེན་ཁྲོད་ང་མི་སྒེར་ལ་ཧིན་སྒོར་འབུམ་བརྒྱད་ཅུའི་གྱོང་གུད་ཐེབས་སོང་།

ཁ་ཉིན་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་དུ་རྒྱ་གར་གྱི་ས་གནས་ཡུལ་མི་དང་སློབ་ཕྲུག་ཚོགས་པ་འདུ་འཛོམས་ཀྱིས་མངའ་སྡེ་གཞུང་གིས་ཕྱི་ཕྱོགས་ཀྱི་སྐྱབས་བཅོས་བར་གཏན་སྡོད་ཀྱི་ལག་ཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱུང་བར་རྔམ་སྟོན་ཁྲོམ་སྐོར་དང་གཏོར་འཕྲོག་སྲེག་གསུམ་གྱི་རྙོག་གླེང་གི་གནས་ཚུལ་བྱུང་བའི་ཁྲོད། བོད་རིགས་ཀྱི་ཚོང་རའི་ཊ་ཀཱར་ཁང་བརྩེགས་ལ་ཡང་གཏོར་རྒོལ་བྱས་ཡོད་པའི་ཁོངས་སུ་བོད་རིགས་ཁྱིམ་ཚང་བཅུ་དྲུག་གི་ཚོང་ཁང་ ༡༧ དང་ཟ་ཁང་ ༣ ཙམ་བཅས་ཀྱི་ཅ་དངོས་འཕྲོག་ཡོད་པ་མ་ཟད། ཚོང་ཁང་ཁག་གཅིག་ཆེད་དུ་མེ་སྤར་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད། འདི་གའི་གསར་འགོད་པས་ཨི་ཊ་ན་གར་གྱི་གྱོན་ཆོས་བཙོང་མཁན་བོད་མི་བསྟན་འཛིན་ལགས་སུ་ཡུལ་དངོས་ཀྱི་དོན་རྐྱེན་དེའི་ཐད་བཅར་འདྲི་ཞུས་པར་ཁོང་གིས་ཁོ་རང་སྒེར་ལ་མཚོན་ན་ཡང་ད་ཐེངས་ཀྱི་འཕྲོག་བཅོམ་དང་མེར་བསྲེགས་ཀྱི་གནད་དོན་ཁྲོད་ཧིན་སྒོར་འབུམ་བརྒྱད་ཅུ་ཙམ་གྱི་གྱོང་གུད་ཐེབས་ཡོད་པར་འགྲེལ་བརྗོད་གནང་ཡོད།དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དབང་འདུས་ཚེ་རིང་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་དང་དམིགས་བསལ་ས་གནས་ས་ཐོག་ཏུ་ཕྱི་ཕྱོགས་ནས་ཕེབས་པའི་སྐྱབས་བཅོལ་བ་དག་ལ་གཏན་སྡོད་ཀྱི་ལག་ཁྱེར་བསྩལ་བ་སོགས་ཀྱི་རྙོག་གླིང་གི་ཁྲོད་བོད་རིགས་ཚོང་ཁང་དང་ཟ་ཁང་ཁག་གཅིག་ལ་གྱོང་གུད་ཕོག་ཡོད་པ་ལས། གནས་ཚུལ་དེ་ཆེད་དུ་བོད་རིགས་ཚོར་དམིགས་པ་ཞིག་མིན་སྐོར་འགྲེལ་བརྗོད་དང་སྦྲགས། ནང་སྲིད་ཀྱི་ངོས་ནས་ཀྱང་གང་མགྱོགས་གནོད་སྐྱོན་ཕོག་པའི་བོད་རིགས་རྣམས་དང་འབྲེལ་བ་གནང་རྒྱུ་ཡིན་ཞེས་གསུངས་སོང་། རྩ་བའི་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་དུ་བོད་རིགས་ཀྱི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་དགོན་སྡེ་སོགས་ཡོད་པ་བཞིན་བོད་རིགས་དང་ས་གནས་ཀྱི་ཡུལ་མི་སོགས་ཞི་བདེ་བག་ཕེབས་ཐོག་མཉམ་གནས་གནང་བཞིན་ཡོད་ནའང་། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་དུས་རྒྱུན་ནས་བོད་རིགས་དང་ཡུལ་མིའི་དབར་རྙོག་གླེང་དུ་མ་འབྱུང་བཞིན་ཡོད་པ་ལྟར། སྔར་ལོ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པས་འགོ་ཁྲིད་འོག་བོད་རིགས་མི་མང་མངའ་སྡེ་དེ་ནས་ཕྱིར་ཕུད་གཏོང་དགོས་པའི་སྐད་འབོད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པར་ངལ་སེལ་ཧིན་སྒོར་འབུམ་དགུ་བཅུ་ཙམ་ཞལ་འདེབས་གནང་བ།

ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པར་ངལ་སེལ་རོགས་སྐྱོར་ཧིན་སྒོར་འབུམ་ ༩༠༡༦༤༡༣ ཞལ་འདེབས་གནང་སོན་བྱུང་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དེའི་ཐོག་ཁ་སྣོན་གནང་སྟེ་ངལ་སེལ་ཆེད་ཁྱོན་ཧིན་སྒོར་ས་ཡ་ ༡༡༤༤༥༠༠༠ བཏང་འདུགདེ་ཡང་སྔ་ལོ་ཕྱི་ཟླ་ ༡༠ པའི་ནང་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ Titli ཞེས་པའི་དྲག་ཆར་རླུང་འཚུབ་ཀྱི་དོན་རྐྱེན་འོག་སྟོན་ཐོག་དང་ཁང་པ་སོགས་ལ་གཏོར་སྐྱོན་འཚབ་ཆེན་བྱུང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཛ་དྲག་རོགས་སྐྱོར་ཆེད་ཕྱི་རྒྱ་ཡུལ་གྲུ་ཁག་ཏུ་གནས་སྡོད་གནང་མཁན་གཏོང་ཕོད་ཅན་གྱི་བོད་རིགས་ཀུན་ལ་ཞལ་འདེབས་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་༸དཔལ་ལྡན་བཀའ་ཤག་གིས་དབུས་པའི་ཕྱི་ནང་རོགས་ཚོགས་དང་བོད་རིགས་སྤུན་ཟླ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ཨོ་རི་ས་བོད་མིའི་གཞིས་ཆགས་སླད་དཔལ་འབྱོར་གྱི་རྒྱབ་རྟེན་ཞལ་འདེབས་ཁྱོན་བསྡོམས་སྒོར་ ༩༠༡༦༤༡༣.༨༦ ད་བར་གནང་སོན་བྱུང་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གཞིས་ཆགས་དེའི་ངལ་སེལ་སླད་ཁྱོན་ཧིན་སྒོར་ ༡༡༤༤༥༠༠༠ ལྷག་བཏང་འདུགདེ་བཞིན་ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་ཚུལ་དུ་ཨོ་ཌི་ཤ་མངའ་སྡེ་གཞུང་ནས་ཀྱང་གུན་སྐྱོབས་ངལ་སེལ་རོགས་སྐྱོར་སྒོར་ ༥༢༢༣༦༧༨ གནང་འབྱོར་བྱུང་འདུག་པ་དང་དེ་དག་དོ་བདག་ཞིང་པ་སོ་སོའི་དངུལ་ཁང་གི་ཞལ་བྱང་བརྒྱུད་བགོས་འགྲེམས་གནང་ཡོད་པ་རེད། སྔ་ལོ་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ཀྱི་དོན་རྐྱེན་འོག་ས་ཞིང་ཨེ་ཀར་ ༡༠༠༠ ལྷ་ལ་གནོད་འཚེ་ཕོག་ཡོད་པ་དང་ཤིང་འབྲས་གྲངས་ ༣༤༠༠ ཙམ་ཞིག་རྩ་མེད་དུ་ཕྱིན་ཡོད་པ་མ་ཟད་ཁང་ཁྱིམ་ ༣༠ ཡས་མས་ཤིལ་ལ་གནོད་སྐྱོན་བྱུང་ཡོད་པ་རེད།རྩ་བའི་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནི་ཐོག་མ་ཕྱི་ལོ་ ༡༩༦༣ ཟླ་ ༥ ནང་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། གཞིས་ཆགས་དེར་ཐོག་མ་དུད་ཚང་གྲངས་ ༡༠༧ ལ་མི་གྲངས་ ༥༠༣ ཡོད་པའི་ཁར་རྗེས་སུ་ས་གནས་གང་ས་ནས་བྱོར་བའི་དུད་ཁྱིམ་གྲངས་ ༢༧༠ དང་མི་གྲངས་ ༡༤༨༩ ཙམ་དང་དེ་བཞིན་གཞིས་ཆགས་ནང་སླར་ཕྱི་ལོ་ ༡༩༦༧ ལོར་བྱོར་བ་སོགས་གཞིས་ཆགས་དེར་ཁྱོན་བསྡོམས་གྲོང་སྡེ་ ༥ དང་ཁྱིམ་ཚང་ ༥༨༠ མི་གྲངས་ ༣༠༡༧ ས་ཁྱོན་ཨེ་ཀར་ ༡༨༥༩ ཙམ་ཡོད་པའི་ཐོག་འཚོ་རྟེན་གཙ་བོ་ནི་ཞིང་ལས་དང་བཟོ་ལས་སོགས་གཉེར་གནང་མུས་ཡིན་པ་རེད།

ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཁྱོན་གྲོས་ཆོད་དོན་ཚན་ ༧༢ གཏན་འབེབས་གནང་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་ཐོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ཚོགས་ཡོད་པ་རེད།ཚོགས་ཆེན་གྱི་ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོའི་ཐོག་ཚོགས་ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་ཏུ་ཆ་བགོས་གནང་བ་ལྟར་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནད་དོན་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་མི་ལོ་ ༡༣ ལྷག་འགྲོ་བཞིན་པར་མུ་མཐུད་ཚགས་ཚུད་གནང་ཐབས། དེ་བཞིན་སློབ་སྤྱི་དང་དགེ་ཆེ། དགེ་རྒན་བཅས་ཀྱི་ཆེད་ལས་ནུས་པ་གོང་མཐོར་གཏོང་ཕྱོགས། ལས་རིགས་སློབ་སྦྱོང་ཐད་དོ་དབྱིངས་སྐྲུན་ཐབས། སྤྱི་ཚོགས་ཀྱི་གཟིགས་ཕྱོགས་ལ་བསྒྱུར་བཅོས་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་བཞི་དང་བྲེལ་བའི་གྲོས་བསྡུར་གནང་བའི་དགོངས་འཆར་ཁག་ཕྱོགས་བསྡོམས་དང་སྦྲགས་ཏེ་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་གྲོས་ཆོད་དོན་ཚན་ ༦༥ སྤྱི་སྨན་གྲོས་ཆོད་དོན་ཚན་ ༧ བཅས་ཁྱོན་གྲོས་ཆོད་དོན་ཚན་ ༧༢ གཏན་འབེབས་གནང་ཡོད་པ་རེད།ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཐེངས་འདིའི་གྲོས་གཞི་དོན་ཚན་བཞི་དང་འབྲེལ་བའི་དགོངས་ཚུལ་ཁག་གཅིག་ངོ་སྤྲོད་གནང་བ་སྦྲགས། བོད་ཕྲུག་སློབ་མ་རྣམས་ཤེས་ཡོན་ཚད་དང་ལྡན་པ་ཞིག་ཡང་བར་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ཚང་མར་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཆགས་ཡོད་སྟབས། ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་མུ་མཐུད་ཧུར་སྐྱེད་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་མཇུག་བསྡོམས་དང་འབྲེལ་ནས་ཤེས་རིག་ལས་ཁུངས་ནས་བཟོ་སྐྲུན་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དྲྭ་ཚིག་གསར་པ་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་དྲྭ་ཚིག་དེའི་ནང་༸གོང་ས་མཆོག་གིས་ད་བར་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཐོག་བསྩལ་བའི་བཀའ་སློབ་དང་། གསར་ཁང་ཁག་ནས་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཐོག་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན། དེ་བཞིན་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ཐ་སྙད་ཀྱི་འགྲེལ་པ་དང་དཔེ་དེབ་སོགས་ཆེད་བཀོད་གནང་ཡོད་པ་ངོ་སྤྲོ་གནང་ཡོད།གཞི་རྩའི་ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་གཟའ་མཇུག་སློབ་གྲྭ་ཁག་གཅིག་བཅས་ཀྱི་འཛིན་སྐྱོང་འགན་འཛིན་དང་སློབ་སྤྱི། དེ་བཞིན་དགེ་རྒན་སོགས་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ ༢༤༠ ལྷན་འཛོམས་གནང་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག་གི་དགེ་ལས་བཅས་ནས་ཚོགས་སྒེར་གཞན་གསུམ་དང་ལྷན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་ཞུགས་རྒྱས་པ་ཞིག་འབུལ་རྒྱུ་རེད།

མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་དེ་ཤེས་ཡོན་ལ་རག་ལས་ཡོད།  

དེ་རིང་བཞུགས་སྒར་དུ་ཚོགས་པའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཉིན་མཐའ་མར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ལས་གནས་ནི་སྡེ་ཚན་གཞན་ལས་ཁྱད་དུ་འཕགས་པ་དགོས་པའི་རྒྱུ་མཚན། དགེ་རྒན་གྱི་ཀུན་སྤྱོད་དང་འགན་ཁུར་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས་མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་དེ་ཤེས་ཡོན་ལ་རག་ལས་ཡོད་ཅེས་བཀའ་བསྩལ་སོང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ཤེས་ཡོན་གྱི་ལས་དོན་དེ་རླབས་ཆེན་ཞིག་བྱུང་ཡོད་པ་དང། དེ་སྔ་ཡིན་ན་ཤེས་ཡོན་ཚོགས་ཆེན་ཐེངས་དང་པོར་མི་གྲངས་ ༣༠ ལྷག་ལས་མེད་སྟབས་ད་ཆ་དགེ་རྒན་གྱི་གྲངས་འབོར་ཧ་ལས་པ་འཕར་བ་དེ་ཡར་རྒྱས་ཀྱི་རྣམ་པ་དང་ཤེས་ཡོན་ཐད་གྲུབ་འབྲས་ཧ་ལས་པ་ཞིག་སོན་ཡོད་པ་དང་འབྲེལ། བོད་ཆོས་ལྡན་ཞིང་ཁམས་ཀྱི་མི་རིགས་རྣམས་ནས་རྒྱལ་ཁབ་གཞན་དང་མི་འདྲ་བར་ཆོས་དང་སྐད་ཡིག་སྒྲ་སྒྱུར་ཐད་ཕྱག་རྗེས་བླ་ན་མེད་པ་བཞག་གནང་ཡོད་པ་གསུངས་ཡོད།  དེ་བཞིན་རིན་པོ་ཆེ་མཆོག་གིས་མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གྱི་གནས་བབས་ལ་བཟང་ངན་གང་བྱུང་ཡང་དེ་དག་གཙོ་བོ་རྒྱལ་ཁབ་ཀྱི་ཤེས་ཡོན་དང། ཤེས་ཡོན་སློབ་གསོ་ལ་རག་ལས་ཡོད་སྟབས་ཤེས་ཡོན་སློབ་གསོའི་ཡན་ལག་ནང་ཕ་མ་དང། སློབ་ཕྲུག དགེ་རྒན། སྤྱི་ཚོགས་སོགས་ཚུད་ཀྱི་ཡོད། དེས་ན་སློབ་ཕྲུག་དང་ཕ་མ་ལ་ཞན་ཆ་ཡོད་ཚེ་ཞན་ཆ་དེ་ཡོ་བསྲང་བྱེད་མཁན་དགེ་རྒན་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་གནས་བབས་ཐོག་ནས་ཞན་ཆ་ཡོད་པ་ཡིན་ན་དེ་ཡོ་བསྲང་བྱེད་རྒྱུའི་རེ་འདུན་དེ་ཡང་དགེ་རྒན་ཆགས་ཀྱི་ཡོད་ཅེས་བཀའ་ནན་བསྩལ་སོང་།དགེ་རྒན་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཞིབ་ཕྲ་འགྲེལ་བརྗོད་གནང་བ་དང་ཕྱོགས་མཚུངས་གནད་དོན་གང་འདྲ་ཞིག་ཡིན་རུང་དེར་ཐོས་པའི་སྒོ་ནས་བསམ་བྱུང་གི་དཔྱད་པ་གནང་སྟེ་ངེས་ཤེས་རྙེད་དགོས་གལ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད།དགེ་རྒན་གྱི་ལས་འགན་གཙོ་བོ་ནི་དགེ་རྒན་གྱི་ངོས་ནས་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བསྐྲུན་ཐབས་དང། སློབ་ཕྲུག་ཚོར་སློབ་ཚན་མཐར་ཕྱིན་པ་སློབ་རྒྱུ། དེ་བཞིན་སློབ་ཕྲུག་ཚོའི་སློབ་སྦྱོང་བྱེད་སྐབས་མི་མཐུན་ཕྱོགས་ཀྱི་ངལ་བ་རྣམས་སེལ་ཐུབ་རྒྱུ་བཅས་མེད་དུ་མི་རུང་བའི་འགན་གསུམ་ཆགས་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག དེང་སང་དགེ་རྒན་དང་དགེ་ཕྲུག་གཉིས་ལ་འདམ་བག་དང་རྫ་མཁན་གྱི་དཔེ་བཞག་གི་ཡོད་སྟབས། དགེ་རྒན་ཚོས་སློབ་ཕྲུག་ལ་ཐུན་མིན་རང་བཞིན་གི་ནུས་པར་གང་ཡོད་ངོས་ལེན་མེད་པར་སློབ་ཕྲུག་དེ་གང་འདྲ་ཞིག་བཟོ་དགོས་སམ་ཞེས་དགོངས་པ་བཞེས་པ་དེ་ནོར་བ་དང་། དགེ་རྒན་གྱི་ངོས་ནས་སོན་གྱི་རང་བཞིན་ལ་བསྒྱུར་བཅོས་གཏང་མི་ཐུབ་པ་དང། འོན་ཀྱང་སོན་གྱི་འབྲས་བུ་སྨིན་ལུགས་ཐད་བསྒྱུར་བཅོས་གཏང་ཐུབ་སྐོར་དཔེ་མཚོན་དང་བཅས་པའི་ཐོག་ནས་ལམ་སྟོན་བསྩལ་ཡོད།རིན་པོ་ཆེ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་དགེ་རྒན་ཁག་གཅིག་གིས་འཛིན་སྐྱོང་ནས་དགེ་རྒན་ཐོག་མཐུན་འགྱུར་གནང་ཕྱོགས་ཐད་རིན་པོ་ཆེ་མཆོག་ལ་གཟིགས་ཕྱོགས་གང་ཡོད་དང་འབྲེལ་བའི་བཀའ་འདྲི་ཞུས་ཡོད།

རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ཁག་ཡོངས་བསྒྲགས་གནང་བ།

དེ་རིང་སྔ་ཐོག་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ལེགས་པར་གྲུབ་མཚམས་སུ་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ནས་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ཁག་གཅིག་ཡོངས་བསྒྲགས་གནང་སོང་།འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་སྔར་ལོའི་ལོ་མཇུག་ཏུ་ཕྱི་ལོ་ ༢༠༡༩ ལོར་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་  ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཕྱི་ལོ་ ༢༠༡༩ སྟེ་བོད་རབ་གནས་ས་མོ་ཕག་གི་ལོ་ཧྲིལ་པོ་འདི་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ཡོངས་བསྒྲགས་གནང་བ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཆེན་བློ་བཟང་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་དང་འབྲེལ་བའི་དེ་སྔའི་གསལ་བསྒྲགས་སྒྲོག་སྦྱང་དང་འབྲེལ། ལྷན་ཚོགས་དེས་ལོ་འཁོར་མོ་འདི་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་ཞུ་རྒྱུར་ཐུགས་གཏན་ཁེལ་དོན་ལྟར་ཟླ་བ་སྔོན་མའི་ནང་༸རྗེ་ཙོང་ཁ་པའི་བཀའ་དྲིན་རྗེས་སུ་དྲན་པོའི་ཐོག་དབུ་མ་སྙིང་པོའི་རྩ་འགྲེལ་དང་དབུ་མ་རྒྱན། དབུ་མ་སྣང་བ་བཅས་དབུ་མའི་གཞུང་ཆེ་ཁག་གསུམ་གྱི་ཐོག་དགེ་འདུན་པ་ཁག་གི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཟིན་པ་དང་། ད་ལྟའི་འཆར་ལས་རིམ་གཙོ་བོ་༸རྗེ་རིན་པོ་ཆེའི་བསྟོད་པ་དམིགས་བརྩེ་མ་ས་ཡ་ ༦༠༠ གསོག་སྒྲུབ་དང་། དད་ལྡན་མང་ཚོགས་ལ་༸རྗེ་ཙོང་ཁ་པ་དང་སྟོན་པའི་སྣང་བརྙན་རེ་འགྲེམ་སྤེལ་ཞུ་རྒྱུ། ༸རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དེ་དག་དཔེ་དེབ་དང་དྲྭ་ཐོག་བཅས་སུ་འགྲེམས་སྤེལ་ཞུ་རྒྱུ་སོགས་ཀྱི་ལས་རིམ་ཁག་གཅིག་ད་ལྟ་གནང་མུས་ཡིན་པ་གསུངས་ཡོད།རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༸རྗེ་རིན་པོ་ཆེའི་ཐུན་མིན་གྱི་ལྟ་སྒོམ་སྤྱོད་གསུམ་དང་འབྲེལ་བའི་སེར་སྐྱ་དབྱེ་མེད་ཀྱི་དཔྱད་རྩོམ་དང་སྙན་རྩོམ་འགྲན་བསྡུར། བློ་རྒྱུགས་འགྲན་བསྡུར། དེ་བཞིན་ཧོང་ཀོང་དང་མ་ལེ་ཤ་ཡའི་ནང་གསུང་ཆོས་ལས་རིམ་དང་། གནས་མཆོག་རྡོ་རྗེ་གདན་དུ་དམིགས་བསལ་སྨོན་ལམ་དང་རྟེན་འབྲེལ་ཐོག་རིས་མེད་ཆོས་བརྒྱུད་ཁག་གི་མཁས་པའི་འགྲོ་གླེང་སོགས་གོ་སྒྲིག་ཞུ་རྒྱུ་རེད་འདུགགཞི་རྩའི་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་དགའ་ལྡན་ཤར་བྱང་གཉིས་དང་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་། སེ་ར་བྱེས་སྨད་གཉིས། བཀྲ་ཤིས་ལྷུན་པོ་དང་རྒྱུད་གྲྭ་སྟོད་སྨད་གཉིས། དེ་བཞིན་རྭ་སྟོད་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ་དང་བོད་མི་མང་དགེ་ལུགས་སྤྱི་འཐུས་རྣམ་གཉིས་བཅས་ཕེབས་ཡོད་པ་དང་། སྐབས་དེར་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེས་དད་ལྡན་མང་ཚོགས་དང་ཚོགས་པ་ཁག་ནས་ནས་ཀྱང་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་ཆེན་པོའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཆོས་ཕྱོགས་ཀྱི་མཛད་རིམ་གང་མང་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད།

ཞི་ཅིན་ཕིང་ལ་བོད་ཀྱི་སྐད་ཡིག་རྡོག་རོལ་མཚམས་འཇོག་དགོས་བའི་ཞུ་སྐུལ།

ཨ་རི་དང་ཡུ་རོབ་གཙོ་གྱུར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་ཁག་བཅུས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་བྲིས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དང་རིག་གཞུང་། དཔལ་འབྱོར་སོགས་བདག་གཅེས་དགོས་པའི་ཁྲིམས་ཡིག་གི་དོན་ཚན་ཁག་དང་། ལྷག་པར་དུ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་ ༤ དང་ ༣༥ ལུང་འདྲེན་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་གཅེས་ཀྱི་ཐོབ་ཐང་དགོས་པའི་ཞུ་སྐུལ་གནང་འདུགཁ་སང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་སྟབས་བསྟུན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་ཁག་བཅུས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནི་རིག་གཞུང་དང་སྐད་ཡིག་སྣ་མང་ལ་རོལ་མྱོང་དང་བདག་གཅེས་གནང་བའི་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་བཞིན་པར་བརྟེན། ཉིན་མོ་འདི་མི་རིགས་སོ་སོའི་ཕ་མེས་ཀྱི་ཤུལ་བཞག་རིག་གཞུང་གི་བརྗོད་སྙིང་གལ་ཆེན་ཞིག་མཚོན་གྱི་ཡོད་སྟབས། བོད་ནང་གི་སྐད་ཡིག་གི་རང་དབང་རྡོག་རོལ་གཏོང་རྒྱུར་མཚམས་འཇོག་དགོས་པ་དང་། རྒྱ་ནག་གིས་བོད་སྐད་ཡིག་ལ་དབྱེ་འབྱེད་བྱས་ཏེ་ས་གནས་སྲིད་གཞུང་དང་ཁྲིམས་ཞིབ་ལམ་ལུགས། ཤེས་ཡོན་ལྟེ་གནས་མང་དག་ཅིག་ཏུ་བོད་ཀྱི་སྐད་ཡིག་ལ་ཕྱིར་བསྡུ་བྱས་ཡོད་པ་དེ་ནི་ས་གནས་བོད་རིགས་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་འགྲོ་ཉེན་ཆེན་པོ་ཡོད་པ་མ་ཟད། དེ་ལྟ་བུའི་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་བོད་རིགས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པར་གསལ་བཤད་གནང་ནས་རྒྱ་ནག་གིས་ཁྲིམས་ལུགས་དེ་དག་ཡོད་ཚད་ལ་ཁས་ལེན་བྱེད་ཀྱི་ཡོད་ནའང་ཕྱོགས་གཅིག་ནས་དེ་ལས་ལྡོག་པའི་བོད་མིའི་སྐད་དང་རིག་གཞུང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག བོད་ནང་གི་སྐད་ཡིག་རྡོག་རོལ་གྱི་གནས་བབས་སོགས་མཚམས་འཇོག་དགོས་པ་ཙམ་མ་ཡིན་པར་སྐད་ཡིག་བདག་སྲུང་གི་རང་དབང་དང་ཐོབ་ཐང་དགོས་པའི་ཞུ་སྐུལ་དང་འབྲེལ་ནས། རྒྱལཚོགས་ཀྱིས་གཙོས་པའི་ཨ་རི་དང་ཡུ་རོབ་སོགས་ཐུན་མོང་ནས་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། རྒྱལ་སྤྱིའི་རིག་གཞུང་དང་སྐད་ཡིག་སྣ་མང་གི་སྒྲིག་ཡིག་དང་ཁྲིམས་ལུགས་ལ་གཞིར་བཞག་ཐོག་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་གཏོར་བཅོམ་དང་སློབ་ཁྲིད་བཀག་འགོག་བྱས་པ་སོགས་ལ་བསྐྱར་ཞིབ་ཀྱིས་བོད་མི་ཚོར་རང་གི་ཉིན་རེའི་འཚོ་བའི་ཁྲོད་རང་དབང་ངང་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་མཐོར་གཏོང་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ནང་གི་སྐད་ཡིག་གི་གནས་བབས་ཛ་དྲག་ཆགས་ཡོད།

ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་དང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྐད་ཡིག་གི་ཆ་ནས་གྲངས་ཉུང་དུ་གྱུར་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་བོད་སྐད་ཐོག་ཕབ་སྒྱུར་གྱིས་བོད་ནང་གི་སྐད་ཡིག་གི་གནས་བབས་གོང་མཐོར་གཏོང་ཕྱོགས་ཀྱི་འཕྲུལ་དེབ་ཅིག་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་འགྲེམས་སྤེལ་ཞུས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་སྙན་ཐོའི་ཡིག་སྒྱུར་གནང་མཁན་པདྨ་རྒྱལ་ལགས་སུ་དཔེ་དེབ་དེའི་བརྗོད་བྱ་གཙོ་བོའི་སྐོར་ལ་བཅར་འདྲི་ཞུས་པར་སྙན་ཐོ་དེར་ས་བཅད་ ༤ དང་ནང་གསེས་དོན་ཚན་ ༨ བཅས་ཁྱོན་ཤོག་གྲངས་ ༥༣ གྱིས་གྲུབ་ཅིང་། ནང་དོན་གཙོ་བོ་ནི་སྐད་ཡིག་གི་ཐོབ་ཐང་དང་དེ་ལག་བསྟར་བྱེད་ཕྱོགས། འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་གིས་སྐད་ཡིག་གི་གནད་དོན་ཐད་བསམ་གཞིགས་དང་ལག་ལེན་སོགས་བརྒྱུད་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་སོགས་འཁོད་ཡོད་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་ད་ལྟའི་བོད་ནང་གི་སྐད་ཡིག་གི་གནས་བབས་དང་འབྲེལ་གསུངས་པར་རྒྱ་ནག་གིས་སྐད་གཉིས་སློབ་གསོ་ཟེར་བའི་སྲིད་བྱུས་འོག་བོད་རང་གི་སྐད་ཡིག་དེ་ཚོང་ལས་དང་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་བེད་མེད་བཟོས་ཏེ་ཟུར་བཅད་བྱས་ཡོད་པ་མ་ཟད། སྐད་ཡིག་རྒྱུད་འཛིན་ཚོགས་པ་ཁག་བཙན་ཤེད་ཀྱིས་སྒོ་རྒྱག་གི་ཡོད་པ་དང་མི་སྒེར་གྱི་སློབ་གསོ་བ་སོགས་འཛིན་བཟུང་བྱེད་བཞིན་པས་བོད་ཀྱི་སྐད་ཡིག་གི་གནས་བབས་དེ་ཛ་དྲག་གི་ངོ་བོར་གནས་ཡོད་པ་གསུངས་ཡོད། གཞན་ཡང་དཔེ་དེབ་དེར་ས་གནས་མི་མང་གིས་ཁྲིམས་མཐུན་གྱི་ཐོག་ནས་རང་གི་སྐད་ཡིག་དེ་ཅི་ལྟར་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པའི་ཐབས་ལམ་དང་ལག་ལེན་སོགས་གསལ་པོར་འཁོད་ཡོད་སྟབས་བོད་རིགས་མང་ཚོགས་ཀྱིས་ཐུགས་སྣང་གནང་དགོས་པའི་རེ་སྐུལ་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་སོང་། རྩ་བའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་ནི་ཕྱི་ལོ་ ༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷང་ལ་དྷེ་ཤཱིའི་ནང་ཕ་སྐད་སྲུང་སྐྱོབ་ཀྱི་ཞི་རྒོལ་ཁྲོད་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བའི་ཉིན་མོ་ཆེས་ཐོག་མའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འབེབས་གནང་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༢༡ ཉིན་འཛམ་གླིང་གང་སར་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

ཨ་རི་གཞུང་གིས་བོད་མིར་མུ་མཐུད་རོགས་དངུལ་གནང་གཏན་ཁེལ་བ།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་འདས་པའི་མི་ལོ་ ༣༠ ལྷག་གི་གོང་ནས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་བཅས་ཀྱི་ཐོག་རོགས་དངུལ་གནང་བཞིན་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་སྔོན་རྩིས་ཁོངས་ནས་མུ་མཐུད་བོད་ཕྱི་ནང་གཉིས་ཀྱི་བདེ་དོན་ཐོག་མ་དངུལ་རོགས་རམ་གནང་རྒྱུའི་ཐག་གཅོད་བྱུང་འདུག ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམ་པས་གཏན་འབེབས་གནང་བའི་བོད་མིར་རོགས་དངུལ་དང་འབྲེལ་བའི་གྲོས་ཆོད་ལ་མཚན་རྟགས་གནང་བའི་བརྒྱུད་འདི་ལོ་ ༢༠༡༩ ལོའི་ཨ་རིའི་ཕྱོགས་བསྡོམས་ཀྱི་སྔོན་རྩིས་ཁྲོད་ནས་བོད་མིར་ཨ་སྒོར་ས་ཡ་བཅུ་བདུན་གནང་གཏན་ཁེལ་འདུག ཨ་རིའི་སྲིད་གཞུང་གི་རོགས་སྐྱོར་ཨ་སྒོར་ས་ཡ་བཅུ་བདུན་དེ་བོད་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་སྤྱིད་དང་། ལྷག་པར་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། དེ་བཞིན་མི་རབས་རྗེས་མའི་འགོ་ཁྲིད་ཀྱི་ནུས་པ་གསོ་སྐྱོང་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་དྲུག དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་འཛིན་སྐྱོང་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཨ་སྒོར་ས་ཡ་གསུམ་བཅས་སྡེ་ཚན་གསུམ་དུ་ཆ་བགོས་གནང་ཡོད་པ་རེད། ཐེངས་འདིའི་ཨ་རི་གཞུང་ནས་བོད་མིར་མུ་མཐུད་མ་དངུལ་རོགས་རམ་གནང་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་གཉིས་ཀར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Donald Trump མཆོག་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་མི་རི་ཀའི་ལོ་འཁོར་སྔོན་རྩིས་ཁྲོད་ནས་ཨ་རིས་བོད་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་གཏོང་བཞིན་པའི་མ་དངུལ་རོགས་རམ་ཁག་གཅིག་འཕྲི་ཆ་དང་ཁག་གཅིག་མཚམས་འཇོག་གནང་རྒྱུ་སོགས་ཀྱི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་གཏན་འབེབས་ཁྲོད་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་མིར་མུ་མཐུད་མ་དངུལ་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཞུ་འབོད་གནང་དོན་ལྟར་བོད་གཞིས་བྱེས་གཉིས་ཀྱི་བོད་མིར་མ་དངུལ་རོགས་རམ་མུ་མཐུད་ཐོབ་ཡོད་པ་རེད།

Latest news