Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཁེ་ན་ཌའི་ཕྱོགས་འགལ་ཚོགས་པ་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད།

ཟླ་བ་འདིའི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཉིན་མོ་དེ་ནི་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁེལ་གྱི་ཡོད་སྟབས། རྒྱལ་སྤྱིའི་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་དོན་དང། བོད་དོན་དྲིལ་བསྒྲགས་སླད་གོམ་བགྲོད་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་མཁན་མང་དག་ཅིག་བྱུང་ཡོད་པ་རེད། ཐེངས་འདིའི་གསུམ་བཅུའི་དུས་དྲན་དང་བསྟུན་ཁ་ཉིན་ཁེ་ན་ཌ་རྙིང་ཞེན་ཚོགས་པ་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Andrew Scheer ལགས་ཀྱིས་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག ཁ་སང་ CanadaTibetCommittee ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Twitter ཐོག་ཁེ་ན་ཌའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Andrew Scheer ལགས་ནས་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག སྤྱི་བསྒྲགས་དེའི་ནང་སྐུ་ཞབས་  Andrew Scheer ལགས་ཀྱིས་ད་རེས་བོད་མི་ཚོས་སླར་ཡང་རང་སྲིད་རང་སྐྱོང་རྩོད་བཞིན་པ་དང་སྦྲགས། འདི་ལོའི་གསུམ་བཅུའི་དུས་དྲན་འདི་ནི་བོད་མི་རྣམས་ཀྱིས་དྲང་བདེན་དང། འདྲ་མཉམ་སླད་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འཚེ་མེད་ཞི་བའི་འཐབ་རྩོད་གནང་ནས་མི་ལོ་ ༦༠ འཁོར་གྱི་ཡོད་པ་དང་། ཁེ་ན་ཌར་གནས་བཞུགས་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་བོད་མི་རྣམས་ཀྱི་ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནད་དོན་ཁག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དུས་ནས་དུས་སུ་གླེང་བའི་ལས་དོན་དག་ལ་ངོས་འཛིན་དང་ཆབས་ཅིག་ཏུ་བོད་མི་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་གནང་འདུག ཁོང་གིས་ད་དུང་འདས་པའི་མི་ལོ་ ༦༠ ནང་བོད་རང་དབང་གི་དོན་དུ་བོད་མི་མང་དག་ཅིག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་དང་འབྲེལ། ཁོང་ཚོའི་བརྗོད་དུ་མེད་པའི་བློ་སྟོབས་ཀྱི་རྣམ་ཤེས་དེ་ནི་ང་ཚོ་ལ་སེམས་ཤུགས་སྟེར་བའི་མིག་དཔེ་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག ལྷག་དོན་ཁེ་ན་ཌའི་རྙིང་ཞེན་ཚོགས་པས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དོན་དུ་མུ་མཐུད་ནས་རྩོད་རྒྱུ་དང་ཁེ་ན་ཌར་གནས་བཞུགས་བོད་མི་དང་སྒོས་བོད་མི་ཡོངས་ཀྱི་ཞི་བདེ་དང་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད། རྩ་བའི་འདི་ལོ་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་ཁྲོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིིན་སྤེལ་བཞིན་པ་མ་ཟད། ཉེ་ཆར་ཨ་རིའི་ཁེ་ལིི་ཕོ་ནི་ཡའི་གྲོང་སྡེ་རིཆ་མོནཌ་གྲོང་སྡེ་ལྷན་ཚོགས་ནས་དམིགས་བསལ་བསྒྲགས་གཏམ་ཞིག་སྤེལ་ཏེ་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་དང། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་བ་མ་ཟད། Prague གྲོང་སྡེ་ལྷན་ཚོགས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་སླད་ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ བར་དེ་གའི་ཚོགས་ཁང་ཆེན་མོ་དང།  Czech སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་གྲོང་སྡེ་ ༧༠༠ ལྷག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་བཅས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།

བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ Philadelphia ནང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་རང་བཙན་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་སྔ་དྲོ་ཚོུད་ ༨༌༣༠ ཐོག་ཨ་རིའི་ནང་གནས་བཞུགས་རང་བཙན་དོན་གཉེར་བ་ཁག་གཅིག་གིས་མ་སྐུལ་དང་བླངས་ཀྱིས་གོ་སྒྲིག་འོག་ Philadelphia ནང་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ནས་དབུ་འཛུགས་གནང་འདུག་པ་དང་། ཉིན་དང་པོའི་ལས་འགུལ་ནང་ཁྱོན་བོད་མི་ ༥༥ ལྷག་ནས་མཉམ་ཞུགས་ཀྱིས་དང་ཐོག་ Philadelphia ནས་དབུ་འཛུགས་ཏེ་མི་ལེ་ ༡༥ ཙམ་གོམ་བགྲོད་གནང་འདུག གོམ་བགྲོད་པ་དེ་དག་གིས་ཨ་རིའི་ Pennsylvania ནས་དབུ་འཛུགས་གནང་སྟེ་རིམ་པས་ནིའུ་ཇར་སི་དང་ནིའུ་ཡོག་བཅས་མངའ་སྡེ་གསུམ་ནང་གོམ་བགྲོད་གནང་གི་འདུག་པ་མ་ཟད་ཕྱི་ཟླ་ ༣ ཚེས་ ༩ ཉིན་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་གོམ་བགྲོད་མཇུག་སྒྲིལ་གནང་གཏན་ཁེལ་ཡོད་པ་རེད།  རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལས་འགུལ་གྱི་འབོད་སྒྲ་དང་དགོས་འདུན་དོན་ཚན་ལྔ་ཆེད་བཀོད་གནང་ཡོད་པ་ནི་རྒྱ་ནག་གི་དབང་སྒྱུར་བོད་ནས་ཕྱིར་འཐེན་བྱས་ཏེ་བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་དགོས་པ། བོད་མིའི་རང་དབང་སྒེར་ལངས་བརྒྱུད་ནས་དགོས་འདུན་ཁག་ལ་ཨ་རིའི་ས་གནས་དང་མངའ་སྡེ། གྲོས་ཚོགས་དང་དབུས་གཞུང་བཅས་ནས་རྟོག་ཞིབ་གནང་ཐོག་བོད་མིའི་མངོན་འདོད་བསྒྲུབ་པར་རྒྱབ་སྐྱོར་གནང་རོགས། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་ཕེབས་ནས་བོད་ནང་གི་གནས་སྟངས་དང་བོད་མིས་རང་ལུས་མེར་བསྲེགས་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོག་ཞིབ་གནང་དགོས་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་དང་མང་ཚོགས་ཚོས་རྒྱ་ནག་གི་བཙན་འཛུལ་གྱི་རྒྱ་སྐྱེད་ལ་ངེས་པར་དུ་དོ་འཁུར་དང་འགོག་གནོན་དགོས་པ་བཅས་ཡིན་པ་རེད། ཁྱད་པར་དུ་ངག་དབང་བཀྲིས་ལགས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་ལམ་བར་དུ་ས་གནས་མང་ཚོགས་ལ་དགོས་འདུན་ལྔ་ཅན་འཁོད་པའི་ཞུ་སྙན་དང་བསྒྲགས་གཏམ་འགྲེམས་སྤེལ་གནང་རྒྱུ་དང་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཀྱི་མཚན་ཐོག་ལ་བོད་དོན་ཞུ་སྙན་དང་མཇལ་འཕྲད་ཡོང་ཐབས་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་ཚབ་ལའང་ཡིག་ཆ་ཁག་གཅིག་འབུལ་རྒྱུའི་ལས་རིམ་བང་སྒྲིག་གནང་འདུག རྩ་བའི་ཐེངས་འདིའི་བོད་རང་བཙན་གོམ་བགྲོད་ལས་འགུལ་ནང་རྐང་འགན་བཞེས་མཁན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་སྟག་འཚེ་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་དང་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བདང་འདུས་ལགས། བློ་དགའ་རང་བཙན་ལགས། སཱ་ནི་བསོད་ནམས་ལགས། དོན་གྲུབ་ལྷ་དར་ལགས། བསམ་དགའ་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་བཅས་ཁྱོན་མི་བདུན་ཡོད་པ་རེད།

རིན་ཆེན་རིལ་བུ་བཞེས་མཁན་ཚོར་ཟུར་ཕོག་གང་ཡང་མེད་པ་མ་ཟད་དབང་ཤེས་ཀྱི་ནུས་པ་ཡང་བཟང་བོ་ཡོད།

འདས་པའི་ལོ་མང་ནས་སྲོལ་རྒྱུན་གྱི་སྨན་སྦྱོར་དང་ལྷག་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐོག་ཞིབ་འཇུག་གནང་མཁན་ Dr. Sarah Sallon ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གིས་འདོན་སྤེལ་གནང་བའི་བཙོ་ཐལ་ཡོད་པའི་བོད་སྨན་དང་རིན་ཆེན་རིལ་བུའི་ནང་དངུལ་ཆུའི་དུག་ཤས་ཅན་མེད་པ་མ་ཟད། བཙོ་ཐལ་ཡོད་པའི་རིན་ཆེན་རིལ་བུ་བཞེས་མཁན་ཚོར་ཟུར་ཕོག་གང་ཡང་མེད་པའི་ཁར་ཁོ་ཚོའི་དབང་ཤེས་ཀྱི་ནུས་པའང་གཞན་ལས་བཟང་བ་ཡོད་པ་འགྲེལ་བརྗོད་གནང་སོང་། དེའང་ཁ་སང་ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བཀྲིས་ལགས་དང་ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་འགྲུབ་ལགས། དེ་བཞིན་ Sarah Salone ལགས་བཅས་དབུ་བཞུགས་ཐོག་གསར་འགོད་གསལ་སྒྲགས་ཤིག་བསྐྱངས་ཡོད་པ་རེད།སྐབས་དེར་ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་འགྲུབ་ལགས་ནས་སྔ་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་ཚན་རིག་དང་ཁོར་ཡུག་གི་དུས་དེབ་ཐོག་རྒྱ་རིགས་ཚན་རིག་པ་ཞིག་གིས་བོད་ཀྱི་ཁོར་ཡུག་ཐོག་དངུལ་ཆུའི་དཀའ་ངལ་བྱུང་བ་དེ་བོད་ནང་གི་བོད་མི་ཚོས་བོད་སྨན་བསྟེན་པ་ཁོ་ན་ལས་བྱུང་བའི་ཞིབ་འཇུག་རྩོམ་ཡིག་ཅིག་སྤེལ་བ་དེར་ཞིབ་འཇུག་ནན་ཏན་གནང་བའི་གྲུབ་དོན་སྙན་སྒྲོན་དང་འབྲེལ། རྒྱ་རིགས་ཚན་རིག་པས་ཞིབ་འཇུག་གནང་ཡུལ་གྱི་བོད་སྨན་དེའི་འབྱུང་ཁུངས་དང་ཐབས་ལམ་བཅས་ཀྱི་ཐོག་དྲི་བ་བཏང་གནང་ཡོད། Israel ཡི་ Hadassah Medical Center སྨན་ཁང་ཆེན་མོའི་ཉམས་ཞིབ་པ་གཙོ་གྲས་ Dr. Sarah Sallon ལགས་ཀྱིས་ཀྱང་སྐབས་དེར་རྒྱ་རིགས་ཚན་རིག་པས་ཞིབ་འཇུག་གི་གྲུབ་དོན་དང་ཁོང་གིས་ལོ་མང་ནས་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དབུས་སྨན་རྩིས་ཁང་གིས་འདོན་སྤེལ་གནང་བའི་བོད་སྨན་ལ་ཉམས་ཞིབ་གནང་བ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་རིགས་ཚན་རིག་པས་རང་ཉིད་ཀྱི་ཉམས་ཞིབ་ཁྲོད་བེད་སྤྱོད་བྱས་པའི་བོད་སྨན་གྱི་འབྱུང་ཁུངས་དང་བཟོ་སྐྲུན་བྱེད་མཁན་གྱི་བཟོ་གྲྭའི་མིང། དེ་བཞིན་བོད་སྨན་སྦྱོར་སྟངས་ཀྱི་ཐབས་ལམ་སོགས་བཀོད་མེད་པར་སྐྱོན་བརྗོད་གནང་སོང་།ཁོང་གིས་སྤྱིར་མིའི་ལུས་པོའི་ནང་དངུལ་ཆུ་དུག་ཤས་ཅན་ཡོད་མིན་ཞིབ་འཇུག་གནང་སྐབས་མིའི་སྐྲ་དང་ཁྲག་གཅིན་བཅས་ལ་ཞིབ་འཇུག་གནང་སྲོལ་ཡོད་པ་བཞིན། ཁོང་གིས་དབུ་ཁྲིད་པའི་ཞིབ་འཇུག་པ་རྣམས་ནས་བོད་ཀྱི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་བཞེས་མཁན་ཁག་གཅིག་གི་ཁྲག་གཅིན་ལ་བརྟག་དཔྱད་གནང་སྐབས་ཁོ་ཚོའི་གཅིན་པའི་ནང་དངུལ་ཆུའི་ཚད་གཞི་ཕྲན་བུ་ཡོད་པ་མངོན་གསལ་བྱུང་ཡོད་པ་དེ་ལྟར་ཡང་། དེ་ནི་བོད་སྨན་མི་བཞེས་མཁན་ཚོའི་ཟུངས་ཁྲག་ནང་ནས་ཐོན་པའི་དངུལ་ཆུའི་ཚད་གཞི་དང་གཅིག་མཚུངས་ཡིན་པ་གསུངས་ཡོད། བོད་སྨན་བཞེས་མཁན་ཚོའི་དབང་ཤེས་ཀྱི་ནུས་པ་དང་ལུས་པོར་བརྟག་དཔྱད་གནང་ཚེ་བཙོ་ཐལ་ཡོད་པའི་སྨན་ཕོན་ཆེན་པོ་མཆོད་མཁན་ཚོའི་མཁལ་མ་དང་མཆིན་པ་བཅས་ལ་ཟུར་ཕོག་རིགས་རྩ་བ་ནས་མངོན་མེད་པ་མ་ཟད། ཁོ་ཚོའི་དབང་ཤེས་ཀྱི་ནུས་པ་ཡང་བོད་སྨན་མི་མཆོད་མཁན་ཚོ་ལས་གསལ་བ་ཡོད་པ་ར་སྤྲོད་བྱུང་སྐོར་གསུངས་ཡོད་པ་དང་ཆབས་ཅིག བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐོག་ཞིབ་འཇུག་མུ་མཐུད་གནང་དགོས་གལ་ཆེ་བ་དང། ཁོང་ནས་དངུལ་ཆུ་བཙོ་ཐལ་གྱིས་ alzeimer སོགས་ཀྱི་དབང་རྩའི་ནུས་སྟོབས་ཞན་པའི་ནད་རིགས་ལ་ཕན་ནུས་ཇི་ཡོད་ཐོག་ཉམས་ཞིབ་གནང་འདོད་ཡོད་པ་སོགས་གསུངས་ཡོད། རླུང་འཕྲིན་ཁང་གིས་བོད་ཀྱི་དབུས་སྨན་རྩིས་ཁང་གི་ཉམས་ཞིབ་པ་སྨན་པ་བསྟན་འཛིན་ལྷུན་འགྲུབ་ལགས་སུ་ཉམས་ཞིབ་ཀྱི་གྲུབ་དོན་ཐོག་བཅར་འདྲི་ཞུས་པར་ཁོང་གིས་དཔྱད་རྩོམ་དེར་སྤྱི་ཡོངས་ཀྱི་ཞན་ཆ་ཡོད་པ་མ་ཟད། དམིགས་བསལ་དུ་ཉམས་ཞིབ་ཀྱི་ཞན་ཆ། དེ་བཞིན་དཔྱད་རྩོམ་གྱི་གྲུབ་དོན་དང་གླེང་གཞིའི་ནང་གི་ཞན་ཆ་སོགས་ཀྱི་ས་བཅད་གསུམ་གྱི་ཐོག་ནས་རྒྱ་ནག་གི་ཞིབ་འཇུག་པ་དེས་འཁྱོག་བཤད་བྱས་པ་ཞིག་རེད་ཅེས་གསུངས་ཡོད།

ཕ་མའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཁྱོན་གྲོས་ཆོད་དོན་ཚན་ ༣༡ གཏན་འབེབས་གནང་བ།  

ཕྱི་ཟླ་ ༢  ཚེས་ ༢༨ ནས་ ༣ ཚེས་ ༡ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཚོགས་པའི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དེ་རིང་མཇུག་སྒྲིལ་གནང་བ་དང་སྦྲགས། གྲོས་ཆོད་དོན་ཚན་ ༣༡ གཏན་འབེབས་གནང་སོང་།  ཚོགས་ཆེན་གྱི་ཉིན་གཉིས་རིང་ཚོགས་བཅར་བ་རྣམས་ཚོགས་ཆུང་ལྔར་ཆ་བགོས་ཀྱིས་ཕ་མའི་ངོས་ནས་རང་ཉིད་ཀྱི་བུ་ཕྲུག་གི་ཤེས་ཡོན་ཡར་རྒྱས་དང་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་ཐད་འགན་ཁུར་གནང་ཕྱོགས་དང་། གཏན་ཉིན་སློབ་གྲྭ་ཁག་གི་ནང་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིན་ལམ་སྟོན་ལག་བསྟར་ཚགས་ཚུད་གཏོང་ཕྱོགས་བཅས་གྲོས་གཞི་གཙོ་བོ་གཉིས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་རེད།ཕ་མ་ནས་ཕྲུ་གུ་གསོ་སྐྱོང་སླད་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ་དང་། ཕ་མ་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་བཞིན་སློབ་གྲྭའི་ཕ་ཚབ་དང་མ་ཚབ་གཉིས་ཀྱི་གསོལ་ཕོགས་སྤར་རྒྱུ། ཕ་མའི་ཚོགས་ཆུང་གི་ཚོགས་མི་ཡུན་ཚད་ཀྱི་ལས་དོན་དང་འབྲེལ་ཕྱག་འཁྱེར་གཅིག་མཚུངས་གནང་རྒྱུ། དེ་བཞིན་དགེ་རྒན་རྒྱུན་གནས་ཐུབ་ཐབས་སུ་མཐུན་རྐྱེན་གང་ལེགས་སྦྱར་རྒྱུ། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་འདུར་མ་རྩའི་དངུལ་འབོར་གནང་སྐྱོང་ཡོང་བ་སོགས་གྲོས་གཞི་གཉིས་ཀྱི་དོན་ཚན་ ༢༦ དང་སྤྱི་སྨན་གྱི་དགོངས་འཆར་ ༥ བཅས་གྲོས་ཆོད་དོན་ཚན་ ༣༡ གཏན་འབེབས་གནང་ཡོད་པ་རེད། སྐབས་དེར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་རང་དབང་དང་།  གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཡིན་པ་ལྟར་ཕ་མ་ཚོའི་ངོས་ནས་ཕྲུ་གུའི་བསམ་སྤྱོད་དང་ཐག་གཅོད་ཀྱི་རང་དབང་སྤྲད་དགོས་པ་མ་ཟད། ཕྲུ་གུའི་ཤེས་ཚད་ཀྱི་ནུས་པ་དང་བསྟུན་ནས་ཕ་མའི་མཐུན་ཕྱོགས་ཀྱི་ལས་དོན་བསྒྲུབ་ན་ཕྲུ་གུའི་རང་བཞིན་གྱི་གསོ་སྐྱོང་ལ་ཕན་ཐོགས་བྱུང་གི་ཡོད་པ་དང་། དེ་བཞིན་ཕ་མ་ཚོས་ཕྲུ་གུར་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཐབས་སུ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་འཁྱེར་གསོ་ཐད་ཐུགས་སྣང་དང་། བོད་ཀྱི་སྐད་རིག་རྒྱུན་འཛིན་སླད་བོད་སྐད་གཙང་མ་སྤྱོད་དགོས་པར་ལམ་སྟོན་གནང་ཡོད།  ལྷག་དོན་བཀའ་བློན་མཆོག་གིས་ད་རེས་གྲོས་ཆོད་བཞག་པ་དེར་ཕ་མ་དང་དགེ་རྒན་བཅས་ནས་ཕྱར་གྲུ་མཉམ་འདེགས་ཐོག་ཕྱག་བསྟར་གནང་དགོས་གལ་ཡིན་པ་གསུངས་ཡོད།

ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སྦེལ་ཀོབ་ཏུ་བོད་པའི་དགོན་སྡེ་ཁག་ལ་གཞུང་འབྲེལ་གནས་གཟིགས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡ ཉིན་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shri H.D Kumaraswamy མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་མ་དགོན་རྣམ་གྲོལ་གླིང་དང་སེ་ར་ཐེག་ཆེན་གླིང་དུ་གནས་གཟིགས་གནང་ཡོད་པ་མ་ཟད། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་དཀའ་ངལ་གང་ཞིག་འཕྲད་ཀྱང་རོགས་རམ་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད།སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་ཕྱག་སྦྲེལ་མངའ་སྡེའི་ཡུལ་སྐོར་བློན་ཆེན་དང་སོ་ནམ་བློན་ཆེན། ས་གནས་གྲོས་ཚོགས་ཀྱི་འཐུས་མི་སོགས་སྐུ་ཚབ་ཁག་ཅིག་ལྷན་བཅར་ཞུས་ཡོད་པ་རེད། བོད་མིའི་ངོས་ནས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་སྦེལ་ཀོབ་ས་གནས་གཞིས་ཆགས་གཉིས་ཀྱི་འགོ་འཛིན་རྣམ་གཉིས་ཕེབས་ཡོད་པ་དང་། དེ་རིང་སྔ་ཐོག་ཕྱག་ཚོད་ ༡༠ པ་ཡོལ་ཙམ་ལ་དང་ཐོག་རྣམ་གྲོལ་གླིང་དགོན་པར་གནས་གཟིགས་གནང་བ་དང་དེ་གར་རྣམ་གྲོལ་གླིང་དགོན་པའི་དབུ་འཛིན་མཆོག་སྤྲུལ་གྱང་སྒང་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྣམ་རྒྱལ་མཆོག རྒྱུན་ལས་རྣམ་པ་དང་དགེ་འདུན་འདུས་ཚོགས། དེ་བཞིན་ས་གནས་མང་ཚོགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།དེ་རྗེས་སེ་ར་ཐེག་ཆེན་གླིང་བླ་སྤྱིར་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་བླ་སྤྲུལ། དགེ་འདུན་འདུས་མང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ། གཞིས་ཆགས་གྲོང་སྡེ་ཁག་གི་སྤྱི་མི་དང་མང་ཚོགས་བཅས་ཀྱིས་གཞུང་འབྲེལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།མངའ་སྡེའི་བློན་ཆེན་མཆོག་སེ་ར་ཐེག་ཆེན་གླིང་བླ་སྤྱིར་གནས་གཟིགས་དང་ལྷ་སྲུང་ཁག་ལ་སྙལ་ཤལ་སྒྲོན་འབུལ། མཆོད་འབུལ་བཅས་གནང་གྲུབ་རྗེས་ལྷོ་སྤྱི་ལས་ཁུངས་དང་སྦེལ་ཀོབ་གཞིས་ཆགས་གཉིས་ཐོུང་ནས་ཀ་ན་ཊ་ཀ་མངའ་སྡེ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་ལྟར། སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཁོང་ད་རེས་བོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་སུ་ཕེབས་དོན་ནི་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་ལས་དོན་ཁག་ལམ་ལྷོངས་ཡོང་ཕྱིར་ཡིན་པར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་མི་རྣམས་ནི་ལས་ལ་བརྩོན་ཞིང་ཡ་རབས་བཟང་སྤྱོད་དང་ལྡན་པ་མ་ཟད་ད་བར་རང་གི་ཆོས་དང་རིག་གཞུང་རྣམས་ཀྱང་མི་ཉམས་རྒྱུན་འཛིན་ལེགས་པོ་གནང་ཡོད་པར་བསྔགས་བརྗོད་དང་སླད་མར་བོད་མིའི་གཞིས་སྒར་ལྔ་པོའི་བོད་མི་ཚོར་ངལ་བ་ནམ་འཕྲད་ལ་རོགས་རམ་གནང་རྒྱུ་དང་དཀའ་ངལ་ཞུ་བར་ཡོང་ཚེ་མངའ་སྡེ་གཞུང་གི་ལས་ཁུངས་ཁག་ནས་རོགས་རམ་གནང་རྒྱུར་གྲ་སྒྲིག་ཡོད་པ་གསུངས་ཡོད།དེ་བཞིན་ཁོང་གིས་སྔ་ལོ་ ༢༠༡༨ ལོར་ལྷོ་ཕྱོགས་གཞིས་ཆགས་ཁག་གིས་མངའ་སྡེ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནད་ཞུས་ཀྱིས་མཇལ་འཕྲད་ཞུ་རྒྱུ་དང་བྱིན་རླབས་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པའི་མྱོང་ཚོར་གསུངས་པ་དང་འབྲེལ་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་བསྩལ་བ་དེ་དག་ལ་ཁོང་རང་ཉིད་ཡིད་དབང་འཕྲོག་ཡོད་སྐོར་གསུངས་ཡོད་པ་རེད།མཐའ་དོན་མངའ་སྡེའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་སྤྱི་ཁྱབ་བློན་ཆེན་མཆོག་ལ་དཀར་གཙང་མཇལ་དར་དང་སྟོན་པའི་༸སྐུ་བརྙན། དེ་བཞིན་རིན་ཆེན་གཉིས་པ་དངུལ་ལས་གྲུབ་པའི་མཆོད་ཀོང་ཞིག་ཕུལ་བ་མ་ཟད། ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་གཉིས་ལ་དཀར་གཙང་མཇལ་དར་དང་སྟོན་པའི་༸སྐུ་བརྙན་རེ་ཕུལ་ཡོད་པ་རེད།རྩ་བའི་མངའ་སྡེའི་བློན་ཆེན་མཆོག་རྣམ་གྲོལ་གླིང་དང་སེ་ར་ཐེག་ཆེན་གླིང་དུ་གཞུང་འབྲེལ་གནས་གཟིགས་གནང་ཞོར་སྦེལལ་ཀོབ་གཞིས་ཆགས་ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་ནཱ་ལེནྡཱ་དགོན་པ་ནས་གདན་འདྲེན་ཞུས་པ་ལྟར་ཕེབས་ཡོད་པ་རེད། དེ་རེས་མངའ་སྡེའི་བློན་ཆེན་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལ་ཕེབས་པ་ཐེངས་དང་པོ་ཆགས་ཡོད་པ་རེད།

བཞུགས་སྒར་དུ་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།  

དེ་རིང་བཞུགས་སྒར་གངས་ཅན་སྐྱིད་ཤོངས་སུ་ཆགས་པའི་བོད་མིའི་སྒྲིགས་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག།དེ་བཞིན་ཤེས་རིག་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད། འགན་འཛིན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གྲྭ་སོ་སོའི་ཕ་མའི་ཚོགས་ཆུང་གི་སྐུ་ཚབ་ ༡༣༠ ལྷག་ནས་མཉམ་ཞུགས་གནང་འདུགསྐབས་དེར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་ཕ་མའི་ཚོགས་ཆུང་གི་ཚོགས་ཆེན་ཚོགས་པོའི་དགོས་དམིགས་ངོ་སྤྲོད་དང་འབྲེལ། ད་རེས་ཚོགས་ཆེན་གཉིས་པའི་སྐབས་དེ་སྔ་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བའི་ཐོག་བསྒྱུར་བཅོས་དང་བསྐྱར་བཅོས་ཇི་དགོས། དེ་བཞིན་ཕ་མའི་ཚོགས་ཆུང་མེད་པའི་ས་ཁུལ་དུ་ཚོགས་ཆུང་གསར་འཛུགས་ཐུབ་རྒྱུ་བཅས་ཀྱི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་པ་གསུངས་སོང་བ་དང་། ཕ་མའི་ངོས་ནས་སློབ་ཕྲུག་གི་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏོང་ཆེད་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྒོས་སུ་ཕ་མ་ཚོས་ཤེས་ཡོན་སྲིད་བྱུས་གོ་རྟོགས་ཀྱི་ལས་གཞི་ཐད་ཐུགས་སྣང་དང། གོ་བསྡུར་སྦྱང་བཤད་གནང་དགོས་པ་དང་འབྲེལ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་ངོ་སྤྲོད་གནང་ཡོད། ཕ་མ་ནི་བོད་ཕྲུག་ཚོར་བྱམས་བརྩེའི་ས་བོན་སྐྲུན་མཁན་ཞིག་ཡིན་པ་དང་བྱམས་བརྩེའི་སྒོ་ནས་ཕྲུ་གུ་གསོ་སྐྱོང་དང། བྱམས་བརྩེའི་ལམ་སྟོན་མ་ནོར་བ་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ཁ་སང་ཤེས་རིག་ལས་ཁུངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་བསྟུན། ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང། ཤེས་ཡོན་སྲིད་བྱུས། དེ་བཞིན་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གོང་མཐོར་གཏང་བར་དམ་བཅའ་ཁས་ལེན་ཞུས་པ་བཞིན་དེ་དོན་དོན་འབྲས་སོན་དགོས་པའི་ཞུ་སྐུལ་དང་འབྲེལ། སློབ་གྲྭའི་ཤེས་ཡོན་ཡར་རྒྱས་སླད་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་མཐུན་རྐྱེན། སློབ་གྲྭའི་འཛིན་སྐྱོང་། དགེ་རྒན། སློབ་ཕྲུག དེ་བཞིན་ཕ་མ་བཅས་ལ་རག་ལས་པས་དེ་དག་ལྔ་ལག་པའི་མཛུབ་མོ་ལྔ་ལྟར་ཡིན་པ་སོགས་དཔེ་མཚོན་གྱི་ཐོག་ནས་གལ་གནད་སྐོར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག འགྲོ་འགྲོན་གྱི་ཆ་ནས་ཀྱང་བོད་མིའི་སྒྲིགས་འཛུགས་ཀྱིས་ཕྱི་ལོ་ ༢༠༡༡༌༡༢ ལོའི་སྔོན་རྩིས་སྐབས་བོད་ཕྲུག་ཚོའི་ཤེས་ཡོན་གྱི་ལས་དོན་ཆེད་འགྲོ་སོང་ཧིན་སྒོར་ས་ཡ་ ༡༠༧ བཏང་ཡོད་ཀྱང་ཕྱི་ལོ་ ༢༠༡༨༌༡༩ ལོའི་སྔོན་རྩིས་དེ་ཧིན་སྒོར་ས་ཡ་ ༣༠༥ ལ་འཕར་ཡོད་པ་གསུངས་ཡོད།གཞི་རྩའི་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ནས་ཕ་མའི་ཚོགས་ཆེན་དང་པོའི་སྐབས་གྲོས་གཞི་ལག་བསྟར་བྱུང་བ་ཁག་དང་། ཕ་མའི་ཚོགས་ཆུང་བསྐོ་གཞག་གནང་བའི་ཐོག་སློབ་གྲྭ་མང་པོ་ཞིག་གི་ནང་ཚོགས་ཆུང་ཚགས་ཚུད་ཡོང་བ་དང། དབུས་བོད་སློབ་འཛིན་ཚོགས་རྩིས་བཞེས་པའི་ཐོག་ད་ཆ་ཚགས་ཚུད་འགྲོ་བཞིན་པ། དགེ་རྒན་རྒྱུན་གནས་ཐུབ་པར་ཟབ་སྦྱོང་གནང་བ་དང་མཐུན་རྐྱེན་གནང་ཆོག་པ་སོགས་སྙན་སྒྲོན་གནང་ཡོད། ཉིན་གཉིས་ཀྱི་ཚོགས་ཆེན་ཐོག་ཕ་མ་ཚོའི་ངོས་ནས་ཚོགས་ཆུང་སོ་སོར་ཆ་བགོས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་གི་ཤེས་ཡོན་ཡར་རྒྱས་དང་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་ཐད་འགན་ཁུར་གནང་ཕྱོགས་དང། གཏན་ཉིན་སློབ་གྲྭ་ཁག་གི་ནང་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིན་ལམ་སྟོན་ལག་བསྟར་ཚགས་ཚུད་གཏོང་ཕྱོགས་སྐོར་བཅས་གྲོས་གཞི་གཙོ་བོ་གཉིས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་གི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་གི་འོག་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་གནང་ཕྱོགས་ཀྱི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཉིན་གཉིས་ཀྱི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས་གནང་སོང་།སྐབས་དེར་ཚོགས་འདུའི་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན། དེ་བཞིན་རྒྱལ་བ་ཇོ་ནང་པ་སོགས་ཀྱི་འཐུས་ཚབ་ཀྱི་ཐ་སྙད་རྩོམ་སྒྲིག་པ་མི་གྲངས་སུམ་བཅུ་ལྷག་འདུ་འཛོམས་བྱུང་འདུག དགེ་བཤེས་སྨོན་ལམ་ལགས་ཀྱིས་ལས་རིམ་ངོ་སྤྲོད་དང་སྦྲགས་ནས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལོ་དགུའི་ལས་འཆར་གྲ་སྒྲིག་བྱས་ཡོད་པ་ལྟར། ད་ཆ་ལོ་དྲུག་གི་རིང་ཚིག་མཛོད་ཐོན་རིམ་གཉིས་ལྷག་ཕྱོགས་སྒྲིག་གིས་སྤྱི་ཚོགས་ཐོག་ཐ་སྙད་གྲངས་འབུམ་གཉིས་ཙམ་གཏན་འབེབས་ཀྱིས་བཀྲམ་ཡོད་པ་མ་ཟད་ད་ལྟའི་ཆར་བོད་ནང་གཅིག་པུར་ཚིག་མཛོད་བེད་སྤྱོད་གཏོང་མཁན་ས་ཡ་བཞི་ཙམ་ཡོད་པ་སོགས་གསུངས་ཡོད།  སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཞུང་ལུགས་ཡོད་ཚད་ཀྱི་རྩ་བ་ཐ་སྙད་རིག་གནས་ཆགས་ཡོད་སྟབས་སྨོན་ལམ་ཚིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི་དེ་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་བསྔགས་བརྗོད་གནང་དང་འབྲེལ། ཐ་སྙད་ཕྱོགས་སྒྲིག་གི་སྐབས་ཚིག་གཅིག་ཡིན་ཡང་གཟབ་གཟབ་གནང་དགོས་གལ་ཡིན་པ་གསུངས་ཡོད། གསར་འགོད་པས་དགེ་བཤེས་སྨོན་ལམ་ལགས་སུ་བཙན་བྱོལ་དུ་མི་ལོ་དྲུག་ཅུའི་རིང་བརྡ་འཕྲིན་གྱི་ཚིག་མཛོད་ཅིག་ཕྱོགས་སྒྲིག་གནང་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་བོད་པའི་སྤྱི་ཚོགས་ཀྱི་ནང་མཉམ་འབྲེལ་གྱི་ནུས་པ་དང་ལས་གཞི་རྩ་འཛུགས་ཀྱི་བློ་ཁོག་མེད་རྐྱེན་སོགས་གསུངས་སོང་།སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཐ་སྙད་ཕྱོགས་སྒྲིག་དང་འབྲེལ་ནས་བོད་ཀྱི་ཚིག་མཛོད་རིག་པའི་སྐོར་པ་གསུངས་ནས་བོད་ཀྱི་སྐད་བརྡ་རིག་པ་དང་ཚིག་མཛོད་རིག་པ་དེ་རྒྱལ་སྤྱིའི་ཚིག་མཛོད་རིག་པ་དང་ཕྱོགས་མཐུན་པ་ཞིག་དགོས་གལ་ ཡིན་སྐོར་གསུངས་ཡོད།

Richmond གྲོང་སྡེ་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་སླད་བསྒྲགས་གཏམ་སྤེལ་བ།

ཨ་རི་ཁེལ་ཕོ་ནི་ཡའི་བྱང་ཕྱོགས་སུ་ཆགས་པའི་ Richmond གྲོང་སྡེ་ལྷན་ཚོགས་ནས་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུགབསྒྲགས་གཏམ་དེ་ཁ་སང་ཕྱི་དྲོ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ EDUARDO MARTINEZ ལགས་རྣམ་པ་གཙོས། ཁེལ་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁག་གཅིག་བཅས་ལྷན་ཞུགས་གནང་ནས་སྤེལ་འདུག                                སྐབས་དེར་སྐུ་ཞབས་ MARTINEZ ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱང་གནང་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། རྒྱ་གཞུང་གིས་ Richmond དང་California མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་ཡོད་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་གིས་བོད་ནང་རང་དབང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་གྲོད་ཆོད་གཏན་འབེབས་གནང་བ་དེ་འཕྲད་མར་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པའི་རྣམ་པ་ཆེད་བཏོན་གནང་ཡོད་པ་རེད། ལྷག་དོན་ཐེངས་འདིའི་བསྒྲགས་གཏམ་བརྒྱུད་ཕྱི་ཟླ་ ༣ ཚེས་ ༨ ཉིན་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད། གསུམ་བཅུའི་དུས་དྲན་ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད།རྩ་བའི་ Richmond ནང་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་རྒྱུ་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ལས་འགུལ་དེ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་ཀྱིས་ཕྱི་ལོ་ ༢༠༡༧ ནས་དབུ་འཛུགས་གནང་བ་ལྟར་ད་ལན་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།

མེ་སྐྱོན་གྱི་དོན་རྐྱེན་ཁྲོད་ང་མི་སྒེར་ལ་ཧིན་སྒོར་འབུམ་བརྒྱད་ཅུའི་གྱོང་གུད་ཐེབས་སོང་།

ཁ་ཉིན་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་དུ་རྒྱ་གར་གྱི་ས་གནས་ཡུལ་མི་དང་སློབ་ཕྲུག་ཚོགས་པ་འདུ་འཛོམས་ཀྱིས་མངའ་སྡེ་གཞུང་གིས་ཕྱི་ཕྱོགས་ཀྱི་སྐྱབས་བཅོས་བར་གཏན་སྡོད་ཀྱི་ལག་ཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱུང་བར་རྔམ་སྟོན་ཁྲོམ་སྐོར་དང་གཏོར་འཕྲོག་སྲེག་གསུམ་གྱི་རྙོག་གླེང་གི་གནས་ཚུལ་བྱུང་བའི་ཁྲོད། བོད་རིགས་ཀྱི་ཚོང་རའི་ཊ་ཀཱར་ཁང་བརྩེགས་ལ་ཡང་གཏོར་རྒོལ་བྱས་ཡོད་པའི་ཁོངས་སུ་བོད་རིགས་ཁྱིམ་ཚང་བཅུ་དྲུག་གི་ཚོང་ཁང་ ༡༧ དང་ཟ་ཁང་ ༣ ཙམ་བཅས་ཀྱི་ཅ་དངོས་འཕྲོག་ཡོད་པ་མ་ཟད། ཚོང་ཁང་ཁག་གཅིག་ཆེད་དུ་མེ་སྤར་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད། འདི་གའི་གསར་འགོད་པས་ཨི་ཊ་ན་གར་གྱི་གྱོན་ཆོས་བཙོང་མཁན་བོད་མི་བསྟན་འཛིན་ལགས་སུ་ཡུལ་དངོས་ཀྱི་དོན་རྐྱེན་དེའི་ཐད་བཅར་འདྲི་ཞུས་པར་ཁོང་གིས་ཁོ་རང་སྒེར་ལ་མཚོན་ན་ཡང་ད་ཐེངས་ཀྱི་འཕྲོག་བཅོམ་དང་མེར་བསྲེགས་ཀྱི་གནད་དོན་ཁྲོད་ཧིན་སྒོར་འབུམ་བརྒྱད་ཅུ་ཙམ་གྱི་གྱོང་གུད་ཐེབས་ཡོད་པར་འགྲེལ་བརྗོད་གནང་ཡོད།དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དབང་འདུས་ཚེ་རིང་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་དང་དམིགས་བསལ་ས་གནས་ས་ཐོག་ཏུ་ཕྱི་ཕྱོགས་ནས་ཕེབས་པའི་སྐྱབས་བཅོལ་བ་དག་ལ་གཏན་སྡོད་ཀྱི་ལག་ཁྱེར་བསྩལ་བ་སོགས་ཀྱི་རྙོག་གླིང་གི་ཁྲོད་བོད་རིགས་ཚོང་ཁང་དང་ཟ་ཁང་ཁག་གཅིག་ལ་གྱོང་གུད་ཕོག་ཡོད་པ་ལས། གནས་ཚུལ་དེ་ཆེད་དུ་བོད་རིགས་ཚོར་དམིགས་པ་ཞིག་མིན་སྐོར་འགྲེལ་བརྗོད་དང་སྦྲགས། ནང་སྲིད་ཀྱི་ངོས་ནས་ཀྱང་གང་མགྱོགས་གནོད་སྐྱོན་ཕོག་པའི་བོད་རིགས་རྣམས་དང་འབྲེལ་བ་གནང་རྒྱུ་ཡིན་ཞེས་གསུངས་སོང་། རྩ་བའི་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་དུ་བོད་རིགས་ཀྱི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་དགོན་སྡེ་སོགས་ཡོད་པ་བཞིན་བོད་རིགས་དང་ས་གནས་ཀྱི་ཡུལ་མི་སོགས་ཞི་བདེ་བག་ཕེབས་ཐོག་མཉམ་གནས་གནང་བཞིན་ཡོད་ནའང་། རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་དུས་རྒྱུན་ནས་བོད་རིགས་དང་ཡུལ་མིའི་དབར་རྙོག་གླེང་དུ་མ་འབྱུང་བཞིན་ཡོད་པ་ལྟར། སྔར་ལོ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པས་འགོ་ཁྲིད་འོག་བོད་རིགས་མི་མང་མངའ་སྡེ་དེ་ནས་ཕྱིར་ཕུད་གཏོང་དགོས་པའི་སྐད་འབོད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

Latest news