Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཨ་རི་གཞུང་གིས་བོད་མིར་མུ་མཐུད་རོགས་དངུལ་གནང་གཏན་ཁེལ་བ།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་འདས་པའི་མི་ལོ་ ༣༠ ལྷག་གི་གོང་ནས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་བཅས་ཀྱི་ཐོག་རོགས་དངུལ་གནང་བཞིན་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་སྔོན་རྩིས་ཁོངས་ནས་མུ་མཐུད་བོད་ཕྱི་ནང་གཉིས་ཀྱི་བདེ་དོན་ཐོག་མ་དངུལ་རོགས་རམ་གནང་རྒྱུའི་ཐག་གཅོད་བྱུང་འདུག ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམ་པས་གཏན་འབེབས་གནང་བའི་བོད་མིར་རོགས་དངུལ་དང་འབྲེལ་བའི་གྲོས་ཆོད་ལ་མཚན་རྟགས་གནང་བའི་བརྒྱུད་འདི་ལོ་ ༢༠༡༩ ལོའི་ཨ་རིའི་ཕྱོགས་བསྡོམས་ཀྱི་སྔོན་རྩིས་ཁྲོད་ནས་བོད་མིར་ཨ་སྒོར་ས་ཡ་བཅུ་བདུན་གནང་གཏན་ཁེལ་འདུག ཨ་རིའི་སྲིད་གཞུང་གི་རོགས་སྐྱོར་ཨ་སྒོར་ས་ཡ་བཅུ་བདུན་དེ་བོད་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་སྤྱིད་དང་། ལྷག་པར་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། དེ་བཞིན་མི་རབས་རྗེས་མའི་འགོ་ཁྲིད་ཀྱི་ནུས་པ་གསོ་སྐྱོང་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་དྲུག དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་འཛིན་སྐྱོང་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཨ་སྒོར་ས་ཡ་གསུམ་བཅས་སྡེ་ཚན་གསུམ་དུ་ཆ་བགོས་གནང་ཡོད་པ་རེད། ཐེངས་འདིའི་ཨ་རི་གཞུང་ནས་བོད་མིར་མུ་མཐུད་མ་དངུལ་རོགས་རམ་གནང་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་གཉིས་ཀར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Donald Trump མཆོག་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་མི་རི་ཀའི་ལོ་འཁོར་སྔོན་རྩིས་ཁྲོད་ནས་ཨ་རིས་བོད་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་གཏོང་བཞིན་པའི་མ་དངུལ་རོགས་རམ་ཁག་གཅིག་འཕྲི་ཆ་དང་ཁག་གཅིག་མཚམས་འཇོག་གནང་རྒྱུ་སོགས་ཀྱི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་གཏན་འབེབས་ཁྲོད་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་མིར་མུ་མཐུད་མ་དངུལ་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཞུ་འབོད་གནང་དོན་ལྟར་བོད་གཞིས་བྱེས་གཉིས་ཀྱི་བོད་མིར་མ་དངུལ་རོགས་རམ་མུ་མཐུད་ཐོབ་ཡོད་པ་རེད།

སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་ངོས་ནས་ཐོག་མའི་དམིགས་ཡུལ་ལྟར་ཕྱག་ལས་གནང་དགོས།

དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་ནང་རྟེན་གཞི་བྱས་པའི་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་པ་དང་འབྲེལ། འཁོན་རིགས་བསྟན་པའི་གསལ་བྱེད་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ས་སྐྱ་གཞིས་ཆགས་ཀྱི་ངོས་ནས་ས་གནས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་འཚོ་བའི་གནས་བབས་སོགས་ལ་དམིགས་པའི་ཐོག་མའི་དམིགས་ཡུལ་ལྟར་ཕྱག་ལས་གནང་གལ་ཡིན་པར་ལམ་སྟོན་བཀྲིན་བསྩལ་འདུགསྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་༸དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ཚོགས་པའི་དུས་དྲན་མཛད་སྒོའི་ཐོག་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཀྱིས་གཙོས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་དང་སྤྱི་འཐུས་རྒྱུན་ལས། སེར་སྐྱ་མང་ཚོགས་སོགས་ཆེད་ཕེབས་གནང་ཡོད་པ་རེད།སྐབས་དེར་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བའི་ཐོག་ནས་གསུང་བཤད་དབུ་འཛུགས་གནང་བའི་ཁྲོད། སྐབས་དེར་གཞིས་ཆགས་ཐོག་མ་གསར་འཛུགས་གནང་མཁན་དང་སྐུ་ལས་བསྐྱོན་མཁན་མི་རབས་རྒན་པ་ཚོའི་སྐོར་གསུངས་ཏེ་ང་ཚོས་མི་རབས་རྒན་པ་དེ་དག་གི་བྱས་རྗེས་དྲན་གསོ་གནང་གལ་ཡིན་པ་དང་ལྷག་དོན་བོད་མི་རྣམས་ད་ཆ་བཙན་བྱོལ་ནང་ཞི་བདེ་བག་ཕེབས་ངང་གནས་བཞིན་པ་དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་སྐུ་དྲིན་དང་དེ་བཞིན་རྒྱ་གར་གཞུང་མང་གི་མཐུན་འགྱུར་ལ་བརྟེན་ནས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག ས་སྐྱ་གཞིས་ཆགས་ཀྱི་ངོས་ནས་ས་གནས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་འཚོ་བའི་གནས་བབས་སོགས་ལ་དམིགས་པའི་ཐོག་མའི་དམིགས་ཡུལ་ལྟར་འབད་བརྩོན་གྱིས་ཕྱག་ལས་གནང་གལ་ཡིན་པར་ལམ་སྟོན་བཀྲིན་བསྩལ་འདུགལྷག་དོན་དེ་རིང་གི་དུས་དྲན་མཛད་སྒོ་དང་བསྟུན་ས་སྐྱའི་སེར་སྐྱ་མི་མང་ནས་༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་རིན་པོ་ཆེ་མཆོག་གིས་བོད་མི་ཚོའི་ངོས་ནས་རེ་སྨོན་ཞུས་པ་ལྟར་སྐུ་ཚེ་ཡུན་རིང་བཞུགས་ཐུབ་པར་ཐུགས་སྨོན་གནང་གི་ཡིན་ཞེས་བཀའ་བསྩལ་འདུགསྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་ཐོག་མ་བཙན་བྱོལ་ལ་ཆིབས་བསྒྱུར་མཛད་པ་ནས་བཟུང་སྟེ་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་རླབས་ཆེན་གྱི་མཛད་འཕྲིན་སྣ་མང་བསྐྱངས་ཡོད་པ་དང་། ལྷག་དོན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ ༤༡ པ་མཆོག་ནས་༸དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་གསར་གཏོད་མཛད་པ་དེ་རླབས་ཆེན་གྱི་མཛད་རྗེས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་སྙན་གསེང་ཞུས་འདུགརྩ་བའི་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༩ ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་སིམ་ལར་ཡོད་པའི་ཧི་མཱ་ཅལ་མངའ་སྡེའི་དེབ་སྐྱེལ་ལས་ཁུངས་སུ་དབྱིན་སྐད་དུ་ Sakya Tibetan Society ཞེས་པ་དང་བོད་སྐད་དུ་ས་སྐྱ་བོད་མིའི་ཚོགས་པ་ཞེས་པའི་མིང་ཐོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱུང་ཡོད། འོན་ཀྱང་སྤྱི་ཚོགས་ནང་ཡོངས་གྲགས་སུ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཞེས་བརྗོད་ཀྱི་ཡོད་པ་དང་ཕྱིས་སུ་ཕྱི་ལོ་ ༡༩༦༩ ལོར་མི་མང་བྱིངས་མ་ན་ལི་ནས་སྤུ་རུ་ཝ་ལར་གནས་སྤོས་གནང་ཞིང་། ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༡༠ ཉིན་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གཞིས་ཆགས་སུ་ཐོག་མར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དུས་ཡུན་བདུན་ཕྲག་གསུམ་ཙང་རིང་གཞིས་ཆགས་སུ་བཞུགས་ཞག་མཛད་ནས་ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༢༡ ཉིན་རིན་པོ་ཆེ་མཆོག་གིས་གཞིས་ཆགས་དབུ་འབྱེད་གནང་ཡོད་པ་རེད། ༸སྐུ་དཔར་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ངོ་དེབ།

གསུམ་བཅུའི་དུས་དྲན་ཉིན་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་རྒྱལ་ས་ལྡི་ལིར་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གཏན་ཁེལ་བ་ཡོངས་བསྒྲགས་གནང་སོང་།གསལ་འགོད་གསལ་བསྒྲགས་དེའི་སྐབས་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ Chalo Delhi འམ་ལྡི་ལིར་འགྲོ་ཞེས་པའི་འབོད་ཚིག་འོག་ད་ལོའི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་གྱི་ཡོད་སྟབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཐོག་ནས་རྒྱལ་ས་ལྡི་ལིར་ཟླ་ ༣ ཚེས་ ༡༠ ནས་ཚེས་ ༡༢ བར་བཅས་ཉིན་གྲངས་གསུམ་གྱི་རིང་གཞི་རྒྱ་ཆེ་བའི་བོད་དོན་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པར་བརྟེན་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོས་ལས་འགུལ་དེར་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད། རྩ་བའི་འདི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་ཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་འདུས་སྡོད་ཀྱི་སྤྱི་ཚོགས་གང་སར་ནམ་རྒྱུན་དང་མི་འདྲ་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་དཔེ་དེབ་དུས་སྟོན་ཐོག་བོད་དོན་དྲིལ་བསྒྲགས།

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ཉེ་སྔོན་ཕྱི་ཚེས་ ༡༢ ནས་ ༡༧ བར་དུ་དཔེ་དེབ་འགྲེམས་སྟོན་གྱི་དུས་སྟོན་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། ཁ་སང་ཐེ་ཝན་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གཉིས་ཟུང་འབྲེལ་གྱིས་དུས་སྟོན་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་འདུགདཔེ་དེབ་དུས་སྟོན་ཐོག་ཐེ་ཝན་བོད་ཀྱི་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཐད་ནས་རྒྱ་ནག་གིས་ཅི་ལྟར་བོད་ལ་དཔུང་འཇུག་བྱས་པ་དང་། བོད་རྒྱ་གཉིས་ཀྱི་དབར་གྲོས་མཐུན་བཅུ་བདུན་ཇི་ལྟར་བཞག་སྐོར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་རྐྱེན་༸གོང་ས་མཆོག་གིས་གཙོས་པའི་བོད་རིགས་བརྒྱད་སྟོང་ལྷག་ཅིག་བཙན་བྱོལ་དུ་འབྱོར་ཚུལ། དེ་བཞིན་བཙན་བྱོལ་དུ་བོད་རིགས་དག་ཐོག་མར་ཚ་བའི་ནམ་ཟླ་ལ་གདོང་གཏད་ནས་དཀའ་བ་སྤྱད་དེ་ཧི་མཱ་ལ་ཡར་ལམ་བཟོ་གནང་བ་ནས་བཟུང་སྟེ། རིམ་པའི་དགོན་སྡེ་དང་སློབ་གྲྭ་སོགས་གསར་རྒྱག་གནང་སྟེ་གཞིས་ཆགས་ཚུལ་དང་མང་གཙོ་འཕེལ་རིམ་སོགས་ཞིབ་ཚགས་འགྲེལ་བརྗོད་གནང་བ་མ་ཟདབོད་རྒྱ་གྲོས་མོལ་བརྒྱུད་ནས་༸གོང་ས་མཆོག་གིས་གཙོས་པའི་བཙན་བྱོལ་བོད་རིགས་རྣམས་ནམ་ཞིག་ཕྱིར་རང་ཡུལ་དུ་ཕེབས་ནས་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་འདོད་ཡོད་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད། གསར་འགོད་པས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་མི་ཚོགས་མང་པོའི་དུས་སྟོན་དེའི་ཐོག་བོད་ནང་གི་ཆོས་དད་དང་རིག་གཞུང་གཙོ་བཟུང་ཐོག་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་སྤེལ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་ཡང་སྒོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་གི་མཛད་རྣམ་རྒྱ་སྒྱུར་སོགས་འགྲེམས་སྟོན་དང་འགྲེལ་བརྗོད་གནང་ཡོད་པ་གསུངས་སོང་།  རྩ་བའི་རྒྱལ་སྤྱིའི་དཔེ་དེབ་དུས་སྟོན་དེ་ལོ་ལྟར་ཚོགས་ཀྱི་ཡོད་ཀྱང་དུས་རྒྱུན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དམིགས་བསལ་གྱི་ས་མིག་དེ་འདྲ་གང་ཡང་མེད་པ་རེད། འདི་ལོ་ཚོགས་སྐྱིད་ཁག་གི་རེ་བ་ཞུས་དོན་ལྟར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཡང་ས་མིག་གནང་ཡོད་སྟབས། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་འབྲེལ་མཐུད་ཁང་གིས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ནས་ཐེ་ཝན་ནང་གི་གཞོན་སྐྱེས་ཚོར་རྒྱ་ནག་གིས་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས། དེ་བཞིན་༸གོང་ས་མཆོག་གི་མཛད་རྣམ་བཅས་ངོ་སྤྲོད་གནང་ཡོད་པ་ལྟར་ཐེ་ཝན་དོན་གཅོད་ཁང་གིས་ཀྱང་བོད་ཀྱི་ཉེ་རབས་ལོ་རྒྱུས་ནས་བཟུང་སྟེ་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སོགས་འགྲེལ་བརྗོད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་ཡོད་པ་རེད།

བོད་ཕྲུག་ཞིག་ཡིན་ཚེ་ལོ་ནའི་བབས་ཀྱི་ཁྱད་པར་མེད་པར་སྐྱབས་བཅོལ་ལག་དེབ་གསར་བཟོ་བྱེད་དགོས།

རྒྱ་གར་ནང་སྐྱེས་མིན་ལ་ལྟོས་མེད་བོད་ཕྲུག་ཞིག་ཡིན་ཕྱིན་ཆད་ལོ་ནའི་བབས་ཀྱི་ཁྱད་པར་གང་ཡང་མེད་པར་སྐྱབས་བཅོལ་ལག་དེབ་འམ་ RC གསར་བཟོ་བྱེད་དགོས་པ་ཡོངས་བསྒྲགས་གནང་འདུག ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་རིགས་ཡིན་ཕྱིན་ཆད་ལོ་ནའི་བབས་ཀྱི་ཁྱད་པར་གང་ཡང་མེད་པར་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་བཟོ་དགོས་པའི་སྲིད་བྱུས་གསར་པའི་བཀའ་རྒྱ་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་འབྱོར་དོན་ལྟར་ཉེ་ལམ་ཟླ་ ༢ ཚེས་ ༡༡ ཉིན་བདེ་སྲུང་ལས་ཁུངས་ནས་རྒྱ་གར་ནང་ཡོད་པའི་བོད་པའི་ས་གནས་འགོ་འཛིན་ཁག་གི་ལས་ཁུངས་བརྒྱུད་བོད་ཕྲུག་ཚོས་སྐྱབས་བཅོལ་ལག་དེབ་བཟོ་དགོས་པའི་བཀའ་རྒྱ་ཞིག་གནང་ཡོད་པ་རེད། ཕྲུ་གུ་ཚོའི་སྐྱབས་བཅོལ་ལག་དེབ་བཟོ་བར་དགོས་ངེས་ཆ་རྐྱེན་དང་གསར་བཟོའི་བརྒྱུད་རིམ་ནི་རྒྱ་གར་གྱི་ས་གནས་གང་རུང་ཞིག་ཏུ་སྐྱེས་པའི་སྐྱེས་ཚེས་ལག་ཁྱེར་དང་ཕ་མའི་སྐྱབས་བཅོལ་ལག་ཁྱེར། དེ་བཞིན་ཕྱེད་པར་གཅིག་བཅས་ཚང་ཐོག་ཁ་བྱང་རྩ་འཛིན་གྱི་ཆེད་ས་གནས་འགོ་འཛིན་གྱི་ལས་ཁུངས་དང་བདེ་སྲུང་ལས་ཁུངས་བཅས་ནས་རྒྱབ་གཉེར་གནང་བའི་ཡི་གེ་བསྣམས་ཏེ་ཉེན་རྟོག་ལས་ཁུངས་སུ་ཡིག་ཆར་ཞིབ་བཤེར་གནང་ཕྱིར་ཆེད་བསྐྱོད་ཀྱིས་དྲྭ་ཐོག་ནས་དེབ་སྐྱེལ་གནང་དགོས་པ་དང་། ནམ་ཞིག་སྐྱབས་བཅོལ་ལག་དེབ་གྲུབ་མཚམས་སུ་རང་ཉིད་ཀྱི་གློག་འཕྲིན་བརྒྱུད་འབྱོར་གྱི་ཡོད་པ་རེད་འདུག དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་ཞུ་བར་ཡོང་མཁན་མང་དག་ཅིག་ཡོད་སྐོར་གསུངས་པ་དང་། དེ་དག་ལས་བལ་ཡུལ་ནས་ཡིན་པ་གང་ཞིག་སྐྱབས་བཅོལ་ལག་དེབ་མེད་མཁན་བོད་རིགས་ཁྱོན་ ༥༠༠ ཙམ་ལ་སྐྱབས་བཅོལ་ལག་དེབ་ཞུས་ཟིན་ཡོད་པ་མ་ཟད། སྐྱབས་བཅོལ་ལག་དེབ་མེད་མཁན་བོད་རིགས་ཁག་ཅིག་ཡོང་བཞིན་ཡོད་པ་ལྟར་དེ་དག་གི་ཐོ་གཞུང་བསགས་ནས་རིམ་བཞིན་བཟོ་རྒྱུར་འབད་མུས་ཡིན་པ་གསུངས་ཡོད། རྩ་བའི་རྒྱ་གར་དུ་གནས་པའི་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་ཀྱི་དུས་འགྱངས་དེ་ལོ་རེར་ཐེངས་གཅིག་ཞུ་དགོས་ཀྱི་ཡོད་པ་དེ་ལྟར་ཡང་ཉེ་ལམ་ལོ་ཤས་ནས་བཟུང་ས་གནས་ཁག་ཅིག་གི་ནང་ལོ་ལྔ་རེའི་མཚམས་སུ་དུས་འགྱངས་ཞུ་དགོས་པ་གསར་བཟོ་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་དེབ་དུས་ཐོག་ཏུ་དུས་འགྱང་མ་ཞུས་ཚེ་ཨ་སྒོར་ ༣༠༠ ནས་ ༥༠༠ བར་ཉེས་ཆད་བསྐྱེལ་རྒྱུར་ཐག་གཅོད་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད། དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དྷ་སའི་ཁུལ་གྱི་བོད་མི་ ༧༠ ཙམ་ནས་རྒྱ་གར་གཞུང་གི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཀྱི་ཉེས་ཆད་དེ་ཆེ་དྲགས་པས་ཉེས་ཆེད་ཆག་ཡང་ཡོང་བའི་ཞུ་སྙན་ཕུལ་ཡོད་སྟབས་ས་གནས་འགོ་འཛིན་ལས་ཁུངས་ནས་ངལ་སེལ་སླད་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེར་སྙན་སེང་ཞུས་ཡོད་སྐོར་གསུངས་ཡོད། གཞི་རྩའི་དྷ་ས་ས་གནས་ཁུལ་དུ་ད་བར་ས་གནས་རང་ནས་ཡིན་པའི་བོད་རིགས་ ༩༥༠༠ ལྷག་ཙམ་དང་ས་གནས་གཞན་གྱི་སྐྱབས་བཅོལ་ལག་དེབ་ཡོད་པ་གང་ཞིག་དྷ་སའི་ཁུལ་དུ་བཞུགས་ཞག་གནང་མཁན་གྱི་གྲངས་འབོར་ ༡༥༠༠ མ་ཟིན་ཙམ་ཞིག་ལ་སྐྱབས་བཅོལ་ལག་དེབ་ཡོད་པ་རེད་འདུག

སྦེལ་ཀོབ་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པ་དབུ་འཛུགས།

དེ་རིང་ཟླ་ ༢ ཚེས་ ༡༥  ཉིན་བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་ཞུས་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་དབུ་འཛུགས་གནང་སོང་། བོད་ཀྱི་ཞོ་སྟོན་ཐེངས་ ༢༤ པའི་ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་ཀ་སྦུག་དང་ཀོ་ལི་གྷར། མོན་གྷོ་ཌ། སྦེལ་ཀོབ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་བཅས་བཙན་བྱོལ་བོད་མིའི་ལྷ་མོ་ཚོགས་པ་ལྔ་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།དེ་རིང་གི་འཁྲབ་སྟོན་དབུ་འབྱེད་མཛད་སྒོར་མི་སྣ་གཙོ་བོ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཕེབས་ཡོད་པ་དང་ཁོང་གིས་ཞོ་སྟོན་ལྷ་མོའི་འཁྲབ་སྟོན་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་བཞིན་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་སྙིང་བསྡུས་ངོ་སྤྲོད་ཀྱང་གནང་ཡོད་པ་རེད།གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཚེའི་ལོ་རྒྱུས་གལ་ཆེ་ཁག་སྙིང་བསྡུས་སུ་ངོ་སྤྲོད་གནང་བ་དང་འབྲེལ་དུས་རབས་ ༡༤ པའི་ནང་བྱོན་པའི་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་རིག་གཞུང་ཐོག་མར་གསར་གཏོད་གནང་མཁན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལོ་རྒྱུས་ལ་བལྟས་ཚེ་ཁོང་དགུང་ལོ་ ༡༢༥ བཞུགས་རིང་ཁོང་གིས་བོད་ཀྱི་གསོ་བ་རིག་པ་དང་འཛུགས་སྐྲུན་འཆར་འགོད། ལྕགས་ཟམ་གསར་རྒྱག་གནང་བསོགས་མདོར་ན་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཐད་བླ་ན་མེད་པའི་མཛད་རྗེས་བཞག་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག་ཏུ་དེ་རིང་ནི་ང་ཚོས་ཁོང་ནས་བོད་མི་རིགས་ལ་རླབས་ཆེན་གྱི་མཛད་རྗེས་བཞག་པ་དེ་དག་གི་བཀའ་དྲིན་དྲན་པའི་སྒོ་ནས་ གུས་བཏུད་དང་རྗེས་དྲན་ཞུ་དགོས་པའི་དུས་ཚིགས་ཁྱད་པར་བ་ཞིག་ཡིད་པ་གསུངས་ཡོད།ལྷག་པར་དུ་ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཐོུང་མ་ཡིན་པའི་སྲོལ་རྒྱུན་ལྷ་མོའི་རིག་གཞུང་གི་ནང་དོན་དང་གལ་གནད་སྐོར་ངོ་སྤྲོད་དང་འབྲེལ་མང་ཚོགས་ཚང་མས་ལྷ་མོའི་རིག་གཞུང་དེ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་གསུངས་སོང་།བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་བོད་ཀྱི་ཞོ་སྟོན་སྐོར་ངོ་སྤྲོད་སྙིང་བསྡུས་དང་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས། དེ་བཞིན་ལས་བསྡོམས་སྙན་སྒྲོན་གནང་བ་དང་ཆབས་ཅིག བཙན་བྱོལ་ནང་ད་ཡོད་ཡན་ལག་ལྷ་མོ་ཚོགས་པ་ཁག་ ༡༠ ཙམ་ཡོད་ཀྱང་ད་རེས་བོད་ཀྱི་ཞོ་སྟོན་ཐེངས་ ༢༤ པའི་ཐོག་ལྷ་མོའི་ཚོགས་པ་ལྔ་ལས་མཉམ་ཞུགས་ཐུབ་མེད་པ་ནི་ལྷ་མོ་ཚོགས་པ་གཞན་ཁག་གི་ཚོགས་མི་དེ་དག་འདི་ལོའི་དགུན་ཚོང་མཇུག་མ་སྒྲིལ་བ་དང་བལ་ཡུལ་ལྷ་མོ་ཚོགས་པའི་སློབ་ཕྲུག་རྣམས་ལ་སློབ་གྲྭའི་གསེང་མེད་པ་བཅས་ལ་བརྟེན་ནས་ཡིན་སྐོར་གསུངས་ཡོད།དེ་རིང་ཕྱི་ཚེས་ ༡༥ ཉིན་དང་པོར་ཀ་ལོན་སྦུག་གི་ལྷ་མོའི་རུ་ཁག་ནས་ཁྱིའུ་པད་མ་འོད་འབར་གྱི་འཁྲབ་གཞུང་གཟིགས་འབུལ་ཞུས་ཡོད་པ་དང་། ཉིན་གཉིས་པར་མོན་གྷོ་འདོད་རྒུ་གླིང་ལྷ་མོ་ཚོགས་པས་གཅུང་པོ་དོན་ཡོད་དོན་གྲུབ་ཀྱི་འཁྲབ་གཞུང་། ཉིན་གསུམ་པར་ཀོ་ལི་གྷལ་དོན་ལྡན་གླིང་གི་ལྷ་མོ་ཚོགས་པས་སྣང་ས་འོད་འབུམ།  ཉིན་བཞི་པར་སྦེལ་ཀོབ་ལྷ་མོ་ཚོགས་པས་གཟུགས་ཀྱི་ཉི་མ། ཉིན་ལྔ་པར་བོད་ཀྱི་ཟློས་གར་ཚོགས་པས་སྟོན་པའི་མཛད་རྣམ་བཅས་འཁྲབ་སྟོན་གནང་གི་ཡོད་པ་མ་ཟད་ཕྱི་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པས་ཨ་ཀ་མ་དེང་དུས་བོད་ཀྱི་རོལ་དབྱངས་གླུ་གཞས་དང་སྲོལ་རྒྱུན་བོད་ཀྱི་ཡུལ་ལུང་ཁག་གི་ཞབས་གཞས་གཟིགས་འབུལ་ཞུ་རྒྱུ་རེད་འདུགགཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་བཞུགས་སྒར་དྷ་སར་བཅའ་བཞུགས་སྐུ་ཞབས་བསོད་ནམས་དབང་འདུས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཀྱི་གནའ་བོའི་ཐོུང་མ་ཡིན་པའི་སྒྱུ་རྩལ་རིག་གནས་ཨ་ཅེ་ལྷ་མོའི་འཁྲབ་གཞུང་ནང་གི་འཁྲབ་ཆས་དང་འབག་གི་པར་རིས་སོགས་ཀྱི་མཚོན་དོན་སྐོར་ངོ་སྤྲོད་གནང་བའི་ཚོན་ཁྲ་ཅན་གྱི་དཔེ་དེབ་དང་ཀ་སྦུག་ལྷ་མོ་ཚོགས་པས་བཏོན་པའི་ལྷ་གཞུང་དང་འབྲེལ་བའི་འོད་སྡེར་བཅས་དབུ་འབྱེད་གནང་ཡོད།

༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་བཞིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༢ ཚེས་ ༢༧  ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།སྐབས་དེའི་༸རྒྱལ་བའི་བརྟན་ཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་རྗེས་མའི་ཕྱི་ཚེས་ ༢༡ ནས་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་དང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་གི་༸སྐུའི་དགུང་སྐེག་འཁེལ་གྱི་ཡོད་སྟབས། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོའི་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་ཡོད་པ་རེད། ༸རྒྱལ་བའི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པ་གཞིས་བྱེས་རྒྱལ་རོང་ཐུན་མོང་གི་སྐུ་ཚབ་དཀོན་མཆོག་དར་རྒྱས་ལགས་ཀྱིས་གཞིས་བྱེས་རྒྱལ་རོང་ཐུན་མོང་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་འདི་༸སྐུའི་དགུང་སྐེག་དང་འབྲེལ་ནས་དམིགས་བསལ་གྱི་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་སླད་དུ་ཚེ་སྒྲུབ་གནང་རྒྱུ་ཤིན་ཏུ་ནས་གནད་ཆེ་བར་གཟིགས་ཏེ་༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག འབྲི་གུང་༸སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག ད་ལྟ་དགུང་ལོ་བརྒྱར་ཕེབས་ཟིན་པ་དགེ་བཤེས་སྟོབས་རྒྱལ་ལགས་སོགས་བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་སུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་བརྒྱད་ཅུ་ལྷག་ལ་༸རྒྱལ་བའི་སྐུ་ཚེར་སྨན་པའི་ཚེ་སྒྲུབ་གནང་སྐྱོང་ཡོང་བའི་དམིགས་བསལ་གསོལ་འདེབས་ཞུས་དོན་ལྟར་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་དང་གནང་མུས་ཡིན་སྐོར་གསུངས་ཡོད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཞབས་རིམ་གསོག་གྲུབ་སོགས་གནང་མུས་རེད་འདུག གཞི་རྩའི་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེ་རིགས་ཀྱི་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་དོན་བཞིན་བརྟན་ཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རེན་པོ་ཆེ་མཆོག་ནས་གནང་རྒྱུ་ཡིན་པ་དང་། བརྟན་ཞུགས་སྐབས་སུ་ཆོས་རྫས་ཀྱི་གཙོ་བོར་སྟོན་པའི་སྐུ་བརྙན་ ༡༢༥ དང་༸རྒྱལ་དབང་ཚེ་དཔག་མེད་ཀྱི་སྐུ་འདྲ་སོགས་ཡིན་པ་རེད།

བོད་རང་བཙན་གྱི་རོལ་དབྱངས་འདུ་ཚོགས།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༤ ཉིན་བོད་རང་བཙན་བཙན་གྱི་བསྐྱར་ནན་བསྒྲགས་གཏམ་གསལ་བསྒྲགས་བསྐྱངས་པའི་དུས་དྲན་ཉིན་མོ་དང་བསྟུན་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རོལ་དབྱངས་འདུ་ཚོགས་ཤིག་གོ་སྒྲིག་གནང་སོང་།ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་འགྲམ་གྱི་ Dusshera ཐང་ཆེན་ཁུལ་དུ་གོ་སྒྲིག་ཞུས་པའི་རོལ་དབྱངས་འདུ་ཚོགས་དེའི་ཐོག་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱ་གར་ནང་སྙན་གྲགས་ཡོད་པའི་ Parikrama རོལ་དབྱངས་ཚོགས་པ་དང་། Man Goes Human ལ་སོགས་པའི་རོལ་དབྱངས་ཚོགས་པ། གཞས་པ་སྒེར་ཁག་གཅིག་ནས་འཁྲབ་སྟོན་གནང་ཡོད་པ་མ་ཟད། ནི་ཐར་ལན་ཌི་ནས་ཡིན་པའི་བོད་རིགས་གཞས་མ་གཏམ་གཏོང་མཁན་བསྟན་འཛིན་གསལ་སྒྲོན་དང་། མ་རི་ཀོ དེ་བཞིན་ལྡི་ལི་མཐོ་སློབ་ནང་སྐྱོད་བཞིན་པའི་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་ཁག་གཅིག་ནས་ཀྱང་བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་ཀྱང་གཟིགས་འབུལ་ཞུས་འདུགབོད་རང་བཙན་སློབ་ཕྲུག་ཚོགས་པས་རོལ་དབྱངས་འདུ་ཚོགས་དེ་ནི་རྒྱ་གར་ས་གནས་ཀྱི་མང་ཚོགས་རྣམས་ལ་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཡོང་ཐབས། བོད་མི་ཚོར་རང་བཙན་གྱི་ཉིན་མོ་དེ་དྲན་གསོ་ཡོང་ཐབས། ལྷག་པར་དུ་བོད་མི་རིགས་ཀྱི་གདེང་སྤོབས་སླར་གསོ་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་སྐོར་འགྲེལ་བརྗོད་གནང་ཡོད།

འཆི་མེད་ལྷ་མོ་ལགས་ཊོ་རོན་ཊོ་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན།

ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་བཞིན་པའི་བོད་པའི་བུ་མོ་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་འདུག གཞི་རྩའི་འཆི་མེད་ལྷ་མོ་ལགས་ཀྱིས་སྔ་ལོའི་འོས་བསྡུ་སྐབས་མཉམ་ཞུགས་གནང་དོན་ལྟར་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཡོད་པ་དང་། འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོས་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་ཟིན་རྗེས་འཆི་མེད་ལྷ་མོ་ལགས་ཀྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་རྒྱ་ Instagram ཐོག་སྐྱོན་བརྗོད་དང་ཟུར་ཟའི་མཆན་མང་དག་ཅིག་བཀོད་པ་མ་ཟད། Change.org ཞེས་པའི་དྲྭ་ལམ་ཐོག་འཆི་མེད་ལྷ་མོ་ལགས་ནི་བོད་རང་བཙན་དོན་དུ་ཕྱག་ལས་གནང་མཁན་ཞིག་དང་། རྣམ་ཀུན་ནས་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་སྐོར་སོགས་ཀྱི་འགྲེལ་བརྗོད་བྱས་ནས་འཆི་མེད་ལྷ་མོ་ལགས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་རྒྱུ་མེད་པའི་དྲིལ་བསྒྲགས་སོགས་ཀྱང་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་རིགས་སློབ་མའི་སྐྱོན་བརྗོད་དང་འགག་པ་བྱས་པར་ལྟོས་མེད་ཐོག་འཆི་མེད་ལྷ་མོ་ལགས་ Toronto གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་ཡོད་པ་ལྟར། དེ་རིང་རླུང་འཕྲིན་ཁང་གིས་ཁོང་ལ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཐོག་མར་རྒྱ་རིགས་སློབ་ཚོས་ངོ་རྒོལ་བྱེད་སྐབས་སེམས་འཚབ་ཕྲན་བུ་བྱུང་ཡང་། འདས་པའི་ལས་དོན་གྱི་ཉམས་མྱོང་དང་ལྷག་པར་དུ་༸གོང་ས་མཆོག་གིས་བཟོད་སྒོམ་དང་སྙིང་རྗེ་ཐོག་བསྩལ་བའི་བཀའ་སློབ་དེ་དག་ཉམས་ལེན་ཞུ་རྒྱུའི་གོ་སྐབས་བཟང་པོར་ངོས་འཛིན་ཞུས་ནས་རྒྱ་རིགས་སློབ་མའི་ཚིག་རྩུབ་དང་སྐྱོན་བརྗོད་དེ་དག་ལ་བཟོད་སྒོམ་གནང་ཡོད་པ་དང་ཆབས་ཅིག ཊོ་རོན་ཊོ་གཙུག་ལག་ཁང་དེ་ནི་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་ཡོད་སྟབས་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་བོད་པའི་བུ་མོ་ཞིག་བདམས་ཐོན་བྱུང་ཐུབ་པ་ནི་དགའ་སྤོབས་བྱ་འོས་ཤིག་དང་སླད་མར་བོད་པའི་ན་གཞོན་ཚོར་དམིགས་དཔེ་དང་སེམས་ཤུགས་འཕར་མ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་ཡོད། འཆི་མེད་ལྷ་མོ་ལགས་ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མུས་ཡིན་པ་དང་། རིང་མིན་ཕྱི་ཟླ་ ༥ ཚེས་ ༡ ནས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་དངོས་སུ་བཞེས་གནང་གི་ཡོད་པ་རེད། ད་རེས་འཆི་མེད་ལྷ་མོ་ལགས་ཚོགས་གཙོའི་རྒྱལ་ཁ་ཐོབ་པར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་། Canada Tibet Committee ཞེས་ཁེ་ན་ཌ་བོད་རིགས་ཚོགས་པ། དེ་བཞིན་སྤྱི་ཚོགས་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་བོད་པའི་གཞོན་སྐྱེས་སོགས་ནས་ངོ་དེབ་བརྒྱུད་ཁོ་མོར་དགའ་བསུའི་འཚམས་འདྲི་ཞུ་བཞིན་འདུག

Latest news