Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་རྒྱ་ནག་ལ་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནས་སྟངས་ལ་ཡར་རྒྱས་དགོས་པར་ནན་བརྗོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གསར་པ་ Volker Turk མཆོག་གིས་ཟླ་བ་འདིའི་ཚེས་ ༦ ཉིན་ Committee on Economic, social and Cultural Rights འམ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་ཚོགས་ཆུང་གིས་རྒྱ་ནག་ཐོག་འདོན་སྤེལ་གནང་བའི་སྙན་ཐོ་དང་། གཙོ་འཛིན་ཟུར་པ་ Michelle Bachelet ལགས་ཀྱིས་ལས་གནས་ནས་མ་འཁྱུར་གོང་ལ་ཤིན་ཅང་ནང་གི་གནས་སྟངས་ཐོག་འདོན་སྤེལ་གནང་བའི་སྙན་ཐོ་བཅས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་ལ་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་གསུམ་པོའི་གནས་སྟངས་ལ་ཡར་རྒྱས་དགོས་ཞེས་ནན་བརྗོད་གནང་བར་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་དགོས་འདུན་དེ་དག་དོན་འཁྱོལ་བྱེད་དགོས་ཞེས་གསུངས་འདུག རྩ་བའི་ཕྱི་ཚེས་ ༦ རེས་གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ཁག་ལག་བསྟར་བྱེད་ཀྱི་ཡོད་མེད་དང་འབྲེལ་བའི་བསྐྱར་ཞིབ་རིམ་པ་གསུམ་པ་གནང་བ་དང་འབྲེལ་ཏེ་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་དང་ Poverty Allevation འམ་དབུལ་ཐར་མཁྲེགས་གཏོར་ཟེར་བའི་ལས་གཞི་བཅས་ཀྱི་འོག་བོད་མི་གཞིང་འབྲོག་མང་ཚོགས་མང་དག་ཅིག་རང་དབང་དང་འདམ་ཀ་གང་ཡང་མེད་པར་མ་ཟད་གུན་གསབ་ཀྱང་ཚུལ་མཐུན་མ་སྤྲད་པར་ཁར་ཕ་མེས་ནས་བཅའ་སྡོད་གནང་ཡུལ་ས་ཁུལ་ནས་གྲོང་ཁྱེར་དུ་གནས་སྤོ་བྱེད་བཞིན་པའི་འོག་བོད་མི་རྣམས་ལ་འཚོ་བའི་ཡོང་ཁུངས་གང་ཡང་མེད་པའི་གནས་སུ་གྱུར་ཡོད་པ་དང་། བོད་མི་རྣམས་ལ་ལས་ཀའི་གོ་སྐབས་འདྲ་མཉམ་མེད་པ། མཐུན་རྐྱེན་ཞན་པ། དེ་བཞིན་གོང་རིམ་ནས་རྟོག་ཞིབ་མེད་པའི་རྐྱེན་གྱིས་ངལ་བ་ཆེས་ཆེར་འཕྲད་མུས་ཡིན་པ་རེད་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་ཐབས་ཞེས་པའི་སྲིད་བྱུས་འོག་ནས་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གཅེས་ཉར་ཚགས་དང་སློབ་གཉེར་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པར་མ་ཟད་བོད་ཡིག་སློབ་ཁྲིད་བྱེད་མཁན་གྱི་སློབ་གྲྭ་རྣམས་སྒོ་བརྒྱབ་ནས་བོད་པའི་བྱིས་པ་རྣམས་གཞུང་གི་བཅའ་སྡོད་སློབ་གྲྭར་ཆོད་གཏོང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་སྙན་ཐོར་རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་མི་རིགས་རྩ་གཏོར་གྱི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་བཅས་མངོན་གསལ་གནང་ཡོད། ཁ་སང་ལྷོ་རྒྱ་ནག་སྔ་དྲོ་འཆར་འཕྲིན་གྱི་གནས་ཚུལ་སྤེལ་བར་རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་སྙན་ཐོ་འདོན་སྤེལ་གནང་བའི་ཕྱི་ཉིན་སྟེ་ཚེས་ ༧ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གསར་པ་སྐུ་ཞབས་ Volker Turk མཆོག་གིས་ཡོངས་ཁྱབ་གཏམ་བཤད་སྤེལ་བའི་ཁྲོད། བོད་དང་ཤིན་ཅང་། ཧོང་ཀོང་ནང་གི་གནས་སྟངས་ལ་ཐུགས་འཚབས་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་གནས་སྟངས་ཡར་རྒྱས་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་དེ་ལྟར་དོན་འཁྱོལ་དགོས་པ་དང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དང་ཤིན་ཅང་ནང་དུ་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཐད་ཚོགས་སྡེ་འདྲ་མིན་དང་མཉམ་དུ་གྲོས་བསྡུར་གནང་མུས་ཡིན་པ་གསུངས་འདུག ལྷག་པར་དུ་སྔ་ལོར་གཙོ་འཛིན་ཟུར་པ་ Michelle Bachelet མཆོག་གི་རང་ཉིད་ལས་གནས་ནས་མ་འཁྱུར་གོང་ལ་རྒྱ་ནག་ནང་གི་གནས་སྟངས་ཐོག་འདོན་སྤེལ་གནང་བའི་སྙན་ཐོ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་མི་གང་བྱུང་དུ་འཛིན་བཟུང་དང་། བྱིས་པ་རྣམས་ཕ་མ་དང་ཁ་བྲལ་གཏོང་བཞིན་ཡོད་པར་ཁོང་གི་ལས་ཁུངས་ཀྱི་ངོས་ནས་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་རིམ་པ་ཆེད་བཏོན་གནང་ཡོད་པ་རྣམས་ལ་ལག་ལེན་དོན་འཁྱོལ་དགོས་པ་སོགས་གསུངས་འདུག རྒྱ་ནག་གཞུང་གི་ངོས་ནས་ཚོགས་ཆུང་གི་སྙན་ཐོ་དེ་བཀག་འགོག་བྱེད་ཐབས་ལ་ལམ་ལྷོངས་བྱུང་མེད་སྟབས། སྙན་ཐོ་ནང་དུ་འཁོད་པའི་གནད་དོན་རྣམས་ལ་ངོས་ལེན་མེད་སྐོར་དང་འབྲེལ། རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་སྙན་ཐོ་དེ་འདོན་སྤེལ་བྱས་པར་སྐྱོན་བརྗོད་བྱས་ནས་མ་འོངས་པར་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེ་དག་དང་མཉམ་ལས་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་ལྷ་སའི་ཇོ་ཁང་སྒོ་བརྒྱབ་འདུག

རྒྱ་ནག་གཞུང་གིས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་འམ་གསུམ་བཅུའི་དུས་དྲན་གྱི་སྔོན་ཙམ་ལ་བོད་ནང་དམིགས་བསལ་གྱིས་དམ་བསྒྲགས་ཆེ་བ་བྱེད་སྲོལ་ཡོད་པ་བཞིན། འདི་ལོ་རྒྱ་ནག་གཞུང་གིས་གཙང་བཟོ་དང་ཆུ་འགྲོ་བསྐྱར་བཟོ་སོགས་ལ་ཁ་གཡར་ནས་ཟླ་བ་འདིའི་ཚེས་ ༨ ནས་ ༡༠ བར་ལྷ་སའི་ཇོ་ཁང་སྒོ་བརྒྱབ་པ་དང་། ཚེས་ ༦ ནས་ ༡༢ བར་ལྷ་སའི་རྒྱ་ལམ་ཁག་གཅིག་བཀག་རྒྱུའི་གསལ་བསྒྲགས་སྤེལ་འདུག རྩ་བའི་ཇོ་ཁང་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་གཙོ་གྲས་ཡིན་པའི་ཆ་ནས་ཉིན་ལྟར་དད་ལྡན་མང་ཚོགས་དུ་མ་ཞིག་མཆོད་མཇལ་ལ་བཅར་མཁན་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནང་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཡུལ་གཙོ་བོ་ཞིག་ཀྱང་ཆགས་པའི་ཁྲོད་ཇོ་ཁང་གི་མདུན་དུ་ངོ་རྒོལ་དང་རང་ལུས་མེར་སྲེག་གནང་བའི་གནད་དོན་ཡང་བྱུང་མྱོང་ཡོད་པ་རེད། ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་བར་ཁ་ཉིན་ཚེས་ ༦ ཉིན་ཇོ་ཁང་འཛིན་སྐྱོང་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་ལྷ་སའི་ས་ཁུལ་འདྲ་མིན་དུ་སྤེལ་ཡོད་པའི་ནང་། ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ བར་ཇོ་ཁང་གཙང་བཟོའི་ལས་གཞི་སྤེལ་གྱི་ཡོད་སྟབས་སྒོ་རྒྱག་རྒྱུ་ཡིན་པ་དང་། ཚེས་ ༡༡ ནས་སླར་སྒོ་ཕྱེ་རྒྱུ་ཡིན་པར་བཤད་འདུག ཕྱོགས་མཚུངས་སུ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཉེ་ཆར་ཟླ་བ་འདིའི་ཚེས་ ༢ ཉིན་ལྷ་སའི་འགྲིམ་འགྲུལ་བཏང་འཛིན་ཉེན་རྟོག་ཁང་གིས་གསལ་བསྒྲགས་སྤེལ་བར་ལྷ་སའི་རྒྱ་ལམ་ཁག་གཅིག་ཏུ་ཆུ་འགྲོ་བསྐྱར་བཟོ་དང་ཡར་རྒྱས་ཀྱི་ལས་གཞི་སྤེལ་གྱི་ཡོད་སྐོར་དང་འབྲེལ་ཏེ། རྒྱ་ལམ་དེ་དག་ཟླ་བ་འདིའི་ཚེས་ ༦ ནས་ ༡༢ བར་བཀག་རྒྱུ་ཡིན་པར་བཤད་འདུག དེ་སྔ་གསུམ་བཅུའི་དུས་དྲན་མ་སླེབས་སྔོན་གྱི་བདུན་ཕྲག་ཁ་ཤས་གོང་ངམ་རྗེས་ལ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་ནང་འགྲོ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་དེ་ལྟར་ཡང་། བོད་དེ་ཕྱི་ལོ་ ༢༠༢༠ ནས་བཟུང་སྟེ་གཉན་རིམས་དང་འབྲེལ་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་སྒོ་བརྒྱབ་ཡོད་པའི་གནས་སྟངས་མུ་མཐུད་གནས་མུས་ཁྲོད། འདི་ལོ་ཕྱི་རྒྱལ་བ་རྣམས་ལ་དམ་བསྒྲགས་ཀྱི་གསལ་སྒྲགས་རིགས་གང་ཡང་སྤེལ་མེད་པ་དེ་ལྟར་ཡང་། ཟླ་བ་འདིའི་ཚེས་ ༤ ཉིན་ལྷ་སའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་དེ་གའི་སྤྱི་ཚོགས་དྲ་ལམ་ཐོག་ གསལ་བསྒྲགས་སྤེལ་བར་འདི་ལོའི་ཕྱི་ཟླ་བཞི་པ་ཙམ་ནས་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འཐུས་ཆོག་རྒྱུ་ཡིན་པ་ལྟར། འབྲེལ་ཡོད་གཞུང་སྒེར་གྱི་ཚན་པ་རྣམས་ནས་དེ་དོན་གྲ་སྒྲིག་གནང་དགོས་ཞེས་བཤད་ཡོད་འདུག

རྒྱ་གཞུང་གིས་འཕགས་བོད་མཐའ་མཚམས་ཀྱི་གྲོང་ཚོ་ཡར་རྒྱས་ཆེད་མ་དངུལ་འཕོན་ཆེན་འཛུགས་འཆར།

རྒྱ་གཞུང་གིས་འདི་ལོའི་ནང་འཕགས་བོད་མཐའ་མཚམས་ཁུལ་གྱི་གྲོང་ཚོ་ཁག་ཏུ་ཨ་སྒོར་ཐེར་འབུམ་ ༡།༩༩ མ་འཛུགས་བརྒྱུད་ཁུལ་དེར་གནས་སྡོད་གྲོང་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་འཆར་ཡོད་ཚུལ་སོགས་བཤད་འདུག གཟའ་འཁོར་སྔོན་མའི་ནང་རྒྱ་དམར་གཞུང་གིས་ Xinhua ཤིན་ཧུཝ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོར་ཨ་སྒོར་ཐེར་འབུམ་ ༡།༩༩ མ་འཛུགས་བྱེད་འཆར་ཡོད་པ་དང་། ལས་གཞི་དེའི་བརྒྱུད་ནས་ཁུལ་དེར་གནས་སྡོད་གྲོང་མི་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་གཙོས་པའི་སྨན་བཅོས་མཐུན་འགྱུར། དེ་བཞིན་གྲོང་ཚོ་དེ་དག་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༡༣༠༠ ལྷག་ཡོད་རྐྱེན་སྲོག་རླུང་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ཚུལ་བཤད་ཡོད་པ་འཁོད་འདུག སྤྱིར་རྒྱ་ནག་གིས་མཐའ་མཚམས་ཁུལ་དུ་གནས་སྡོད་གྲོང་མི་རྣམས་མཐའ་མཚམས་སྲུང་སྐྱོབ་ཀྱི་ལས་གཞི་འདྲ་མིན་ནང་ལས་དོན་གཉེར་བཅུག་གི་ཡོད་པ་དང་ཆབས་ཅིག རྒྱ་དམར་གཞུང་གིས་འདས་པའི་ལོ་ཤས་ནང་མཐའ་མཚམས་སྲུང་སྐྱོབ་ཆེད་ཁུལ་དེ་དག་གི་ནང་བོད་པའི་འབྲོག་པ་གཙོས་པའི་བོད་མི་རྣམས་བཙན་གྱིས་འབྱོར་འབྲིང་གྲོང་ཚོ་ཟེར་བའི་ནང་གནས་སྤོ་བྱས་པ་དང་། མཐའ་མཚམས་ས་ཁུལ་དེ་དག་ཁོར་ཡུག་གི་ཆ་ནས་མི་རྣམས་གནས་སྡོད་བྱེད་དཀའ་བ་ཡིན་པ་དེ་ལྟར་ཡང་། རྒྱ་གཞུང་གིས་ཁུལ་དེ་དག་མཁོ་དགུ་འཛོམས་པོ་ཡོད་སྐོར་བཤད་དེ་དེར་གྲོང་ཚོ་གསར་རྒྱག་བྱས་ཡོད་པ་མ་ཟད། དེ་ལྟ་བུའི་མཐའ་མཚམས་གྱི་ས་ཁུལ་འགའ་ཤས་ལ་རྒྱ་གར་དང་འབྲུག་གི་བདག་དབང་ཡོད་སྐོར་འཁོད་འདུག ཕྱོགས་མཚུངས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་མཐའ་མཚམས་གྱི་ས་ཁུལ་དེ་དག་ནང་གནམ་གཤིས་གྲང་ངར་ཆེ་བས་སྲོག་རླུང་སོགས་ཀྱི་ངལ་བ་འཕྲད་བཞིན་ཡོད་རྐྱེན། གྲོང་མི་རྣམས་ཀྱི་བདེ་ཐབས་ནི་ཆ་རྐྱེན་དང་པོ་ཡིན་ཚུལ་བཤད་འདུག་པ་མ་ཟད། ཁུལ་དེ་དག་གི་ནང་སྨན་ཁང་དང་དྲོད་ཚད་སྤེལ་བའི་ལས་གཞི་ཆེད་དུ་རྒྱ་སྒོར་ས་ཡ་ ༦༣༠ འགྲོ་གྲོན་ཟུར་འཇོག་བྱ་རྒྱུ་ཡིན་པ་བཤད་འདུག འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་འཛུགས་བསྐྲུན་དང་འབྲེལ་ནས་ཕྱི་ལོ་ ༢༠༡༧ ནས་ ༢༠༢༡ བར་མཐའ་མཚམས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་ ༦༢༤ འཛུགས་བསྐྲུན་བྱས་ཡོད་པ་དང་འབྲེལ། གྲོང་ཚོ་དེ་དག་རྒྱ་བལ་འབྲུག་གསུམ་ཀྱི་མཐའ་མཚམས་དང་ས་འབྲེལ་ཆགས་ཀྱི་ཡོད་པ་དང་། དེའི་རྒྱབ་ལྗོངས་ནི་ཞི་ཅིན་ཕིང་གིས་མཐའ་མཚམས་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འཕགས་བོད་ས་མཚམས་སུ་རྒྱ་དམར་གཞུང་གིས་འཛུགས་བསྐྲུན་དང་རྒྱ་སྐྱེད། དེ་བཞིན་བརྟན་ལྷིང་དང་ཡར་རྒྱས་བཅས་ལ་དོ་སྣང་དང་འགྲོ་གྲོན་འཕོན་ཆེན་གཏོང་བཞིན་ཡོད་པའི་ཁྲོད་ཐེངས་འདིར་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་ཆེད་ཨ་སྒོར་ཐེར་འབུམ་ ༡།༩༩ འགྲོ་གྲོན་གཏང་འཆར་ཡོད་པ་དེ་མཐའ་མཚམས་འཛུགས་སྐྲུན་གྱི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་། ལྷག་པར་དུ་རྒྱ་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་དེ་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་དེ་རྒྱ་གར་ལ་རང་བཞིན་གྱི་ཉེན་ཚབས་ཆེན་པོ་ཆགས་ཀྱི་ཡོད་པ་དང་འབྲེལ། མཐའ་མཚམས་ཀྱི་དཀའ་རྙོག་དེ་དག་ཞི་ཆེད་བོད་ཀྱི་དཀའ་རྙོག་ངེས་པར་དུ་སེལ་དགོས་གལ་ཡིན་པ་འགྲེལ་བརྗོད་གནང་སོང་།

སུད་སི་གྲོས་ཚོགས་འཐུས་མིས་བོད་ནང་གི་གཏན་འཇགས་སློབ་གྲྭར་ཐུགས་འཚབ་གནང་བ།  

ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པས་བོད་ནང་རྒྱ་གཞུང་གིས་བཙན་རྒྱལ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བཅའ་བསྡོད་སློབ་གྲྭའི་ལས་གཞི་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་བསྟུན། ཚེས་ ༡༣ ཉིན་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་ཚོགས་ཀྱི་སྙན་ཐོ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་ས་ཡ་གཅིག་ལྷག་ལ་བཙན་དབང་གི་ཐོག་ནས་སོ་སོའི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པ་ལ་ཐུགས་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག རྩ་བའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༢༡ ལོ་མཇུག་ཏུ་བོད་ནང་རྒྱ་གཞུང་གིས་བཙན་རྒྱལ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བཅའ་བསྡོད་སློབ་གྲྭ་མང་དག་ཅིག་གི་ཆེད་འཛུགས་ཀྱིས་བོད་པའི་ཕ་མ་དང་ཕྲུ་གུ་རྣམས་ལ་གདམ་ཀ་དང་རང་དབང་གང་ཡང་མེད་པར་ལོ་ན་ལྔར་སོན་པའི་ཕྲུ་གུ་ཡན་ཆད་ནས་བཅའ་བསྡོད་སློབ་གྲྭར་གཏན་འཇོག་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་དེ་དག་ནང་སློབ་ཁྲིད་ཡོངས་རྫོགས་རྒྱ་ཡིག་དང་རྒྱ་སྐད་གཙོ་བཟུང་ཐོག་སློབ་ཁྲིད་བྱས་པར་མ་ཟད་བོད་པའི་བྱིས་པ་རྣམས་ལ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་གོ་རྟོགས་གང་ཡང་མེད་པ་བཟོས་པ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད། ཉེ་ཆར་ཟླ་བ་འདིའི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གི་གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ Fernand de Varennes ལགས་དང་ཤེས་ཡོན་ཐོབ་ཐང་ཐད་ཀྱི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Farida Shaheed ལགས། རིག་གཞུང་ཐོབ་ཐང་ཐོག་གི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Alexandra Xanthaki ལགས་བཅས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་དམར་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་བོད་ཕྲུག་ས་ཡ་ ༡ ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཉེན་བརྡ་བཏང་བ་དང་འབྲེལ། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད། ཚེས་ ༡༣ ཉིན་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྔ་དང་ཚོགས་གཙོ་གཞོན་པ་བཅས་ཀྱིས་བོད་ནང་གི་བཅའ་བསྡོད་སློབ་གྲྭའི་གནད་དོན་ལ་ཐུགས་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་བར་གཞིགས་ན་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Fabian Molina ལགས་ཀྱིས་བོད་ནང་གི་གཏན་འཇགས་སློབ་གྲྭ་དེ་དག་ཏུ་སློབ་ཕྲུག་རྣམས་ལ་རྒྱ་ཡིག་དང་རྒྱ་སྐད་གཙོ་ཁྲིད་བྱས་ཏེ་རང་མི་རིགས་ཀྱི་ངོ་བོ་མི་ཤེས་པ་བཟོས་ནས་རྒྱ་བསྒྱུར་གྱི་ངན་བྱུས་སྤེལ་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཚོགས་གཙོ་ Nicolas Walder ལགས་ཀྱིས་རྒྱ་གཞུང་གིས་བོད་ཕྲུག་རྣམས་རང་གི་ཕ་སྐད་དང་འབྲེལ་མེད་གྱུར་ནས་རྒྱ་མི་རིགས་ལྟ་བུ་སྐྱེད་སྲིང་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་གསུངས་ཡོད།

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བ།

ཨོ་སི་ཊི་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Rice ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་ཕྱི་སྲིད་ཀྱི་གནད་དོན་སྐོར་གསུང་བཤད་གནང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་དང་འབྲེལ་ཨོ་སི་ཊི་ལི་ཡ་གཞུང་གི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག ཉེ་ཆར་ཕྱི་ཚེས་ ༧ ཉིན་ལྕམ་སྐུ་ Janet Rice ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་ཕྱི་སྲིད་ཀྱི་གནད་དོན་སྐོར་གསུང་བཤད་གནང་སྐབས་རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་དང་འབྲེལ་ཏེ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ནང་ལ་བཙན་འཛུལ་གྱིས་དབང་བསྒྱུར་བྱས་རྗེས་བོད་མི་རྣམས་རྒྱ་ནག་གི་དབང་བསྒྱུར་འོག་གནས་མུས་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་དྲག་གནོན་དང་བཙན་འཛུལ་ལ་སྒེར་ལངས་གནང་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེས་ཆེར་བྱས་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་མང་དག་ཅིག་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་སོགས་བོད་ཀྱི་ལོ་རྒྱུས་ཁག་དྲན་གསོ་གནང་འདུག རྒྱ་ནག་གཞུང་གིས་བོད་ནང་བོད་མི་དམར་གསོད་བཏང་བ་མ་ཟད་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་གནས་སྤོས་བྱས་ཏེ་བོད་མི་རྣམས་སོ་སོའི་སྲོལ་རྒྱུན་དང་འཚོ་གནས་གནང་ཡུལ་ས་ཁག་ནས་གཞིས་སྤོས་བྱེད་དུ་བཅུག་པར་བརྟེན་ད་ཆ་བོད་མི་རྣམས་གྲངས་ཉུང་མི་རིགས་ལྟ་བུར་གྱུར་ཡོད་པ་གསུངས་འདུག ལྷག་པར་དུ་ལྕམ་སྐུ་ Janet Rice ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་གཏོར་སླད་བོད་པའི་ཕྲུ་གུ་ས་ཡ་གཅིག་ལྷག་བཙན་དབང་གི་ཐོག་ནས་སོ་སོའི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་གཞུང་གི་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨོ་སི་ཊི་ལི་ཡ་གཞུང་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་སྟངས་ལ་ཐུགས་སྣང་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Rice ལགས་ཀྱིས་དབུས་པའི་ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་རིང་མིན་ཕྱི་ཟླ་བཞི་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དྷ་སར་ཆེད་ཕབས་ཀྱིས་བོད་མིའི་སྒྲིག་ལ་གཟིགས་ཞིབ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་འཆར་ཡོད་པ་རེད།

བོད་རིགས་ལུས་རྩལ་བ་བཞིར་གངས་ཤུད་རྩེད་འགྲན་ལས་གསེར་དང་དངུལ་གྱི་རྟགས་མ་ཐོབ་པ།

བོད་རིགས་ལུས་རྩལ་བ་བཞི་ལ་གངས་ཤུད་རྩེད་འགྲན་ཁྲོད་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཉིས་བཅས་ཐོབ་འདུག ཉེ་ལམ་ཟླ་བ་འདིའི་ཚེས་ ༡༡ ནས་ཉིན་གཉིས་རིང་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་ ISMF Youth World cup ཞེས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རི་འཛེགས་ཀྱི་རྩེད་འགྲན་ཞིག་ཚོགས་ཡོད་པ་ལྟར་བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་སུ་ལོ་ན་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་པ་དང་ལོ་ན་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་སུ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། དངོས་གྲུབ་ཚེ་རིང་ལགས་སུ་དངུལ་གྱི་རྟགས་མ་དང་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཀྱི་བྱ་དགའ་ཐོབ་འདུག་པ་མ་ཟད། ལོ་ ༢༠ མན་གྱི་བུ་མོའི་འགྲན་བསྡུར་ཁྲོད་བསོད་ནམས་ཆོས་སྒྲོན་ལ་ཨང་བཞི་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོ་ལགས་ཨང་ལྔ་པ་བཅས་བླངས་འདུགཐེངས་འདིའི་གངས་ཤུད་རྩེད་འགྲན་ཁྲོད། ཕ་རན་སི་དང་ནོར་ཝེ། སུད་སི། རྒྱ་ནག་སོགས་རྒྱལ་ཁབ་ ༡༢ ཀྱི་འཛམ་གླིང་གི་ལུས་རྩལ་པ་མི་གྲངས་ ༡༢༠ ལྷག་ནས་འཛུལ་ཞུགས་བྱས་འདུག རྩ་བའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རྩེད་འགྲན་འདི་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་ཨོ་རྩལ་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༦ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་གསར་པ་ཞིག་ཡིན་པ་དང་འདས་ལོའི་ཕྱི་ཟླ་ ༥ ནང་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་རྣམས་འདེམས་ཐོན་བྱུང་སྟེ་ཡུ་རོབ་ཏུ་རྩེད་འགྲན་སྦྱོང་བརྡར་བྱས་ཡོད་པ་རེད།

ཁམས་བྲག་མགོའི་ཛ་དྲག་གནས་སྟངས་ཐོག་གི་སྙན་ཐོའི་སྐོར་བགྲོ་གླེང་།

དེ་རིང་བཞུགས་སྒར་དུ་བོད་ཁམས་བྲག་མགོ་ནང་དུ་རྒྱ་ནག་གཞུང་གིས་དགོན་པའི་སློབ་གྲྭ་དང་སྐུ་བརྙན། མ་ཎིའི་འཁོར་ལོ་སོགས་གཏོར་བཤིག་བཏང་བ་མ་ཟད། དུས་ད་ལྟའང་བོད་མི་གང་བྱུང་འཛིན་བཟུང་དང་ས་གནས་སུ་གནས་སྟངས་ཛ་དྲག་ཡིན་པའི་སྙན་ཐོའི་སྐོར་བགྲོ་གླེང་གི་ལས་རིམ་ཞིག་ཚོགས་གནང་སོང་།དེ་རིང་གི་བགྲོ་གླེང་ལས་རིམ་འདིའི་ཐོག་ཨིན་ཡུལ་ནང་གི་ Tibet Society དང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Sam Walton ལགས་ཆེད་ཕེབས་གནང་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། ཉེ་འཆར་ Free Tibet དང་བོད་གནས་ལྟ་ཞིབ་ཁང་། དེ་བཞིན་ Tibet Society གསུམ་ནས་ཨིན་ཡུལ་གྲོས་ཚོགས་ནང་ཁམས་བྲག་མགོའི་སྐོར་གྱི་སྙན་མཐོ་འདོན་སྤེལ་གནང་བའི་སྐབས་ཨིན་ཡུལ་སྲིད་བློན་གྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Fiona Bruce ལགས་ཆེད་ཕེབས་གནང་ཡོད་པ་དང་འབྲེལ། སྐབས་དེར་ཁོང་གིས་རྒྱ་ནག་གིས་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་པའི་ཁུངས་ལྡན་གནས་ཚུལ་དང་ཟུང་སྐར་གྱི་འདྲ་པར་དང་འབྲེལ་བའི་སྙན་མཐོ་འདི་ལྟ་བུ་ལག་སོན་བྱུང་བ་དེ་ཧ་ཅང་ཕན་ཐོགས་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག རང་འགུལ་ཐོག་ཨིན་ཡུལ་གྱི་ཆབ་སྲིད་གླེང་སྟེགས་འདྲ་མིན་དང་སྒེར་གྱི་ Twitter དྲ་ལམ་ཐོག་སྙན་མཐོ་དེའི་སྐོར་གླེང་སློང་གནང་ཡོད་པ་གསུངས་སོང་། དེ་བཞིན་ཨིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་ Common Wealth ལས་ཁུངས་ནས་ཀྱང་སྙན་མཐོ་དེའི་སྐོར་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་འབྲེལ་བ་གནང་ཡོད་སྐོར་དང་འབྲེལ། ཨིན་ཡུལ་གཞུང་གིས་སྙན་ཐོ་དེ་རྒྱ་ནག་དང་བོད་ཐོག་གི་སྲིད་བྱུས་འཛིན་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་ཡོད་འདུགSam Walton ལགས་ཀྱིས་ད་དུང་། དེང་སྐབས་བྱང་ཀོ་རི་ཡ་ལས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་དཀའ་ཁག་ཡོད་པ་དང་། ཐེངས་འདིའི་སྙན་མཐོ་དེ་བོད་ནང་གི་ཁུངས་ལྡན་གནས་ཚུལ་ཕྲན་བུ་ཕྱིར་འགྱར་བྱུང་བ་དེ་དག་ཡིན་པ་དེ་ལྟར་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་དོ་སྣང་དེ་ཙམ་མ་བྱེད་པར། བོད་མིའི་འཐབ་རྩོད་དང་དཀའ་སྡུག་མྱོང་བཞིན་པར་མཐོང་ཆུང་བཏང་བ་ལྟ་བུ་མངོན་རྒྱུ་ཡོད་སྟབས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་བོད་ནང་གི་གནས་ཚུལ་ཐོག་དོ་སྣང་ཆེ་ཙམ་བྱ་དགོས་པ་གཟིགས་ཀྱི་ཡོད་སྐོར་སོགས་གསུངས་སོང་། བགྲོ་གླེང་གྲུབ་མཚམས་སུ་འདི་གའི་གསར་འགོད་པས་གཏམ་བཤད་པ་ཁམས་བྲག་མགོ་ནས་ཡིན་པ་བྷོ་ཊི་འོད་སྣང་ལགས་སུ་ད་ལྟ་བྲག་མགོ་ནང་གི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་སྤྱིར་ད་ལྟའི་ཆར་ཁུལ་དེར་དམ་བསྒྲགས་ཀྱིས་འབྲེལ་བ་བྱེད་རྒྱུ་ཧ་ཅང་དཀའ་ཁག་ཡོད་སྐོར་དང་འབྲེལ། དེ་སྔ་བྲག་མགོ་ནང་གི་གནས་ཚུལ་ཐོག་མར་ཕྱིར་འགྱར་བྱུང་བའི་རྗེས་བཙན་བྱོལ་ནང་གི་བོད་མི་རྣམས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་ལྟར། སྐབས་དེར་ལས་འགུལ་ཐོག་གཏམ་བཤད་གནང་མཁན་བོད་མི་ཞིག་གི་ནང་མི་སྤུན་མཆེད་གཉིས་རྒྱ་གཞུང་གིས་ཉེས་འཛུགས་སྣ་ཚོགས་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་མི་ཆབ་སྲིད་བཙོན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་དགོངས་པ་རྫོགས་སྟེ་སྐུ་ཕུང་ཞུགས་འབུལ་གནང་བའི་སྐབས་རྒྱ་མི་ཉེན་རྟོག་པ་འཕོན་ཆེན་བསླེབས་ཏེ་དམ་བསྒྲགས་བྱས། སྐབས་དེར་སྐུ་ཕུང་ཞུགས་འབུལ་གྱི་སྐུ་པར་སྒྲོན་མཁན་བོད་མི་གཞོན་སྐྱེས་ཤིག་ལ་བཅར་རྡུང་དྲག་པོ་བཏང་སྟེ་བཀག་ཉར་དང་སུན་གཙེར་བཟོས་ཡོད་པ་འགྲེལ་བརྗོད་གནང་སོང་།

རྡོ་རྗེ་བཀྲིས་ལགས་གློད་བཀྲོལ་དང་འབྲེལ་བའི་ལས་འགུལ་རེ་ཞིག་མཚམས་འཇོག

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གི་བཙོན་ཁང་དུ་མོ་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་དང་སྤུན་མཆེད་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ཉེན་རྟོག་པའི་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་ལས་འགུལ་གྱི་རྣམ་པ་འདྲ་མིན་སྒོ་ནས་ཁོང་གང་མགྱོགས་གློད་བཀྲོལ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་པ་དེ་ལྟར་ཡང་། བདུན་ཕྲག་སྔོན་མར་ཁྲིམས་ཁང་གིས་རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་ཐོག་བདུན་ཕྲག་གཅིག་གི་ནང་ཚུལ་ཡར་ལེན་སྤྲད་རྒྱུའི་ཁས་ལེན་བྱས་ཡོད་སྟབས། རྡོ་རྗེ་བཀྲིས་ལགས་ཀྱི་སྤུན་མཆེད་གཉིས་ནས་ཁོང་གློད་བཀྲོལ་དང་འབྲེལ་བའི་ལས་འགུལ་རེ་ཞིག་མཚམས་འཇོག་གནང་འདུག རྡོ་རྗེ་བཀྲིས་ལགས་ནི་དུས་རྟག་ཏུ་གཞན་ཕན་ལ་འབད་མཁན་གྱི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བྱུང་ཡོད་པ་དེ་ལྟར་ཡང་། ད་བར་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་ཐུབ་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ནག་ཉེས་དེ་དག་ཕྱིར་འཐེན་བྱས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ད་བར་རྡོ་རྗེ་བཀྲི་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀའི་ངོས་ནས་རྒྱ་གཞུང་གིས་ཉེས་འཛུགས་བྱས་པར་ངོས་ལེན་རྩ་བ་ནས་གནང་གི་མེད་པ་རེེད། དེའི་བར་ན་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཉིས་ཀྱིས་འདས་པའི་བདུན་ཕྲག་བར་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་ཡོག་བྱས་པ་དང་། དྲང་བདེན་གྱི་ཁྲིམས་གཅོད་བྱས་མེད་སྟབས་ཁོང་འཕྲལ་མར་གློད་བཀྲོལ་བཏང་དགོས། བཙོན་ཁང་ནང་ཁོང་གི་གཟུགས་གཞིའི་གནས་སྟངས་ཛ་དྲག་གྱུར་ཡོད་པ་དང་། ཁོང་གི་ནང་མི་རྣམས་ལ་བཙོན་ཁང་དུ་ཁོང་དང་ཐུག་འཕྲད་སླད་བསྐྱོད་བཅུག་གི་མེད་པ་སོགས་ཀྱི་གནས་སྟངས་ཆེས་མངོན་གསལ་གནང་སྟེ་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཞུ་གཏུག་དང་དྲ་རྒྱ་ཐོག་བརྒྱུད་ནས་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད། ཁ་སང་བོད་གནས་ལྟ་ཞིབ་ཁང་གིས་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་ནས་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༣༡ མགོན་པོ་སྐྱིད་ལགས་ཀྱིས་སླར་ཡར་ལྷ་སའི་མི་དམངས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲིས་ལགས་ཀྱི་ཆེད་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་སླད་མར་ལས་འགུལ་དེ་ལྟར་སྤེལ་ཚེ་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་སོགས་མངོན་གསལ་གནང་འདུག རྡོ་རྗེ་བཀྲིས་ལགས་ལོ་ངོ་ ༡༤ ལྷག་གི་རིང་བཙོན་འཇུག་བྱེད་བཞིན་པའི་བར་ན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ Zhen Xin ཁྲིམས་རྩོད་ཁང་གིས་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་བྱས་པ་དེ་གཞི་མེད་ཡིན་པར་ཐེར་འདོན་གནང་ཡོད་པ་མ་ཟད། ཅི་སྟེ་ཁོང་གིས་བུ་ལོན་གཡོ་ལེན་བྱས་ཡོད་ཚེ་ཁོང་ལ་ཚེ་བཙོན་གྱི་ཁྲིམས་གཅོད་བྱས་པ་ནི་དྲང་བདེན་ཞིག་མིན་པ་སོགས་གསུངས་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ ནང་རྡོ་རྗེ་བཀྲིས་ལགས་ཀྱི་ནང་མི་རྣམས་དང་ཁོང་དབར་དྲ་ཐོག་བརྒྱུད་ནས་ཐུག་འཕྲད་ཀྱི་གོ་སྐབས་གཅིག་བྱུང་བ་ལས་དེ་མིན་ཐུག་འཕྲད་ཀྱི་གོ་སྐབས་བྱུང་མི་འདུག

ལོ་གསར་གྱི་སྤྲོ་ཚོགས་སྐབས་ནང་པའི་ཆོས་དར་བཙུགས་པའི་རྐྱེན་གྱིས་སློབ་མ་དགེ་དཔལ་ལགས་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཆད་པ་བཅད་འདུག

རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་སློབ་ཆེན་སློབ་མ་ཞིག་སོ་ནམ་ལོ་གསར་གྱི་སྤྲོ་ཚོགས་སྐབས་སུ་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་མ་ཕབ་ནས་དེའི་ཚབ་ཏུ་ནང་པའི་ཆོས་དར་བཙུགས་རྐྱེན་གྱིས་འཛིན་བཟུང་བཀག་ཉར་དང་དངུལ་ཆད་ཆེན་པོ་བཅད་འདུག དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བར་ཉེ་ཆར་སོ་ནམ་ལོ་གསར་གྱི་ཚེས་གསུམ་ཉིན་དམུ་དགེ་ཡུལ་ཚོ་ནས་དུས་རྒྱུན་ལྟར་སློབ་ཆེན་སློབ་མ་ཚོས་ལོ་གསར་སྤྲོ་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་སྤྲོ་ཚོགས་གོ་སྒྲིག་ཞུ་ཡུལ་གྱི་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་མ་གནང་བར་དེའི་ཚབ་ཏུ་ནང་པའི་ཆོས་དར་སྒྲེང་འཛུགས་གནང་བའི་རྐྱེན་གྱིས་རྒྱ་གཞུང་ཉེན་རྟོག་པས་སྤྲོ་ཚོགས་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་མདོ་སྨད་རྔ་བ་དམུ་དགེ་ཡུལ་ཚོ་ནས་ཡིན་པའི་སློབ་ཆེན་སློབ་མ་དགེ་དཔལ་ལགས་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཡིན་ཚུལ་དང་། ནང་པའི་ཆོས་དར་ཆ་དེ་ནི་བོད་ཀྱི་རྒྱལ་དར་ཡིན་ཚུལ་སོགས་བཤད་དེ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཉིན་གྲངས་ཁ་ཤས་རིང་བཀག་ཉར་བྱས་པ་མ་ཚད་པར་རྒྱ་སྒོར་ཁྲི་ལྔའི་དངུལ་ཆད་ཀྱང་བཅད་ཡོད་པ་གསལ་འདུག སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་མ་འོངས་པར་ལོ་གསར་སྤྲོ་ཚོགས་ཚོགས་སྐབས་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་བྱེད་དགོས་པ་དང་། རྒྱ་སྐད་ཁོ་ནའི་ལམ་ནས་མདོ་འཛིན་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་ཆེད་བཏོན་བྱས་པའི་གནས་སྟངས་བྱུང་ཡོད་པ་དང་། དགེ་དཔལ་ལགས་ཀྱིས་རྒྱ་གཞུང་ཉེན་རྟོག་པའི་ཆ་རྐྱེན་དེ་དག་ལ་ངོས་ལེན་མ་གནང་བ་མ་ཟད་དར་ཆ་དེ་ནི་ཞི་བདེ་མཚོན་པའི་ནང་པའི་ཆོས་དར་ཞིག་ཡིན་པ་མ་གཏོགས་ཆབ་སྲིད་དང་རྒྱབ་ཁབ་སོགས་ལ་འབྲེལ་བ་རྩ་བ་ནས་མེད་སྐོར་གསུངས་པ་དང་ཆབས་ཅིག ལོ་གསར་སྤྲོ་ཚོགས་རྣམས་རྒྱ་སྐད་ཁོ་ནའི་ཐོག་ནས་མདོ་འཛིན་དང་འཁྲབ་སྟོན་མ་གནང་བའི་རྒྱུ་མཚན་ནི་ཡུལ་མི་འབྲོག་པ་མི་མང་གིས་བོད་ཀྱི་ཕ་སྐད་མ་ཡིག་ལས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པ་དང་། དགའ་དགའ་སྤྲོ་སྤྲོ་གནང་རྒྱུའི་སྤྲོ་ཚོགས་དེ་ཆབ་སྲིད་གནད་དོན་ཞིག་ལ་ངོས་འཛིན་བྱེད་རྒྱུ་མེད་པ་སོགས་ཀྱི་གསལ་བཤད་་བྱས་པའི་གནས་སྟངས་འདུག ད་ལྟའི་ཆར་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ལགས་ལ་དངུལ་ཆད་སོགས་བཅས་ནས་གློད་བཀྲོལ་བཏང་ཡོད་ཀྱང་བདུན་ཕྲག་རྟག་པར་ཆབ་སྲིད་ཀྱི་སློབ་གསོ་ཟེར་བར་བཅར་དགོས་པའི་བཙན་བཀའ་བཏང་འདུག རྒྱ་གཞུང་ཉེན་རྟོག་པས་བོད་མིའི་འདུ་འཛོམས་དང་སྤྲོ་ཚོགས་སོགས་ཀྱི་སྐབས་སུ་རྒྱ་ནག་གི་སྐད་ཡིག་ངེས་པར་དུ་སྤྱོད་དགོས་པའི་བཙན་ཤེད་བྱས་པ་ནི་རྒྱལ་སྤྱིའི་སྤྱི་ཆིངས་དང་རྒྱ་ནག་རང་གི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། དེ་བཞིན་ཆོས་ལུགས་ཉམས་ལེན་སོགས་ལ་འགོག་རྐྱེན་བཟོ་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་དང་དངུལ་ཆད་ལྕི་མོ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ་དང་སྦྲགས། སྤྱིར་ནང་པའི་ཆོས་དར་སྒྲིག་གཤོམ་གནང་བར་བཀག་སྡོམ་དང་ཉེས་ཆད་བཏང་བ་ནི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཆེས་ཚབས་ཆེའི་བྱ་སྤྱོད་ཅིག་ཡིན་པ་དང་། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་ ༡༨ ནང་གསེས་དང་པོ་དང་། ཆོས་ལུགས་དད་མོས་ཐད་གུ་དོག་དང་དབྱེ་འབྱེད་རང་བཞིན་ཅན་གྱི་བྱ་སྤྱོད་མཐའ་དག་འགོག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་གསེས་དང་པོ་སོགས་དང་ཡོངས་སུ་འགལ་ཡོད་པ་གསུངས་སོང་།  

Latest news