Tibetan Royal Year of 2151 | Year of the Wood Dragon

བོད།

བོད་རང་བཙན་སླར་གསོ་མ་བྱུང་གི་བར་རྩ་དོན་རྒྱུན་འཁྱོངས་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད།

དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མི་ཚོས་ཞི་བའི་སྒེར་ལངས་གནང་ནས་མི་ལོ་ ༦༠ ཐམ་པ་འཁོར་བའི་དུས་ཚིགས་ཡིན་པ་ལྟར། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ཁག་དང་བལ་ཡུལ་སོགས་ཀྱི་ས་གནས་ཁག་སུམ་ཅུ་ལྷག་ནས་ཕེབས་པའི་ལས་འགུལ་བ་དང་ས་གནས་ཀྱི་བོད་མི་བཅས་ཁྱོན་བོད་མི་ ༢༠༠༠ ལྷག་གིས་དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལིའི་རཱམ་ལི་ལ་ཐང་ཆེན་ནས་ཀི་ལོ་མི་ཊར་གཉིས་ལྷག་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཇན་ཏར་མན་ཏར་དུ་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་ལས་འགུལ་འདི་ནི་བོད་མི་ཚོར་ཆ་མཚོན་ན་ལོ་རྒྱུས་ནང་བརྗེད་ཐབས་མེད་པའི་ཟིན་ཐོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བོད་རང་བཙན་སླར་གསོ་ཞུ་རྒྱུའི་ལས་འགན་ཞིག་ཡོད་སྟབས། དུས་ཚིགས་འདི་གནད་ཆེའི་རང་བཞིན་ལ་ངོས་འཛིན་ཞུས་ཏེ་ད་རེས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། ལས་འགུལ་འདི་བརྒྱུད་རྒྱ་ནག་གཞུང་ལ་བོད་འདི་ཁོ་ཚོས་ཧམ་བཤད་ཀྱིས་བཙན་འཛུལ་བྱས་པ་ཞིག་ཡིན་པའི་བརྡ་ལན་སྤྲོད་རྒྱུ་མ་ཟད།གཞིས་བྱེས་བོད་མི་ཚོས་བོད་རང་བཙན་སླར་གསོ་མ་བྱུང་གི་བར་རྩ་དོན་རྒྱུན་འཁྱོངས་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།རྒྱ་གར་གྱི་མངའ་སྡེ་འདྲ་མིན་དང་བལ་ཡུལ་བཅས་ཕྱོགས་མཐའ་ཁག་ ༣༠ ལྷག་ནས་ཕེབས་པའི་ལས་འགུལ་བ་མི་གྲངས་ ༡༥༠༠ ལྷག་དང་ལྡི་ལིའི་ས་གནས་མི་མང་སོགས་ལས་འགུལ་བ་ཁྱོན་ ༢༠༠༠ ལྷག་གིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འདྲ་མིན་འཁོད་པའི་ཕྲེད་དར་བསྣམས་ནས་བོད་ཀྱི་བདག་པོ་བོད་མི་ཡིན།  རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་སོགས་འབོད་ཚིག་སྒྲོག་བཞིན་ཇན་ཏར་མན་ཏར་བར་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ལོ་མང་རིང་གཞོན་ནུའི་ས་གནས་རྒྱུན་ལས་མུ་མཐུད་གནང་མཁན་རང་ལོ་ ༧༤ ལ་ཕེབས་པའི་ས་ལུ་ག་ར་ས་གནས་གཞོན་ནུའི་ཚོགས་གཙོ་ཟླ་བ་རྒྱལ་པོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡོངས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་གྲོས་མོལ་གནང་བའི་ཐོག་ནས་སེལ་ཐབས་མཛད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་དེར་ཡ་ལན་བྱེད་ཀྱི་མེད་སྟབས་ད་ཆ་ང་ཚོས་ཐབས་ལམ་གཞན་ཞིག་བརྒྱུད་ནས་དགོངས་བཞེས་གནང་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱ་ནག་ལ་གྱོང་གུད་ཆེན་པོ་ཕོག་རྒྱུའི་ཉེན་བརྡ་སོགས་ཀྱང་བཏང་ཡོད།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་ས་ལྡི་ལིར་གོ་སྒྲིག་གནང་བའི་ལས་འགུལ་དེའི་སྐབས་རྒྱ་གར་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbat Sayog Manch ལ་སོགས་པའི་ཚོགས་པ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཇན་ཏར་མན་ཏར་གྱི་ལས་འགུལ་དེའི་ཐོག་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ BJP དང་ Aam Aadmi དེ་བཞིན་ JDU Congress ཚོགས་པ་སོགས་ཀྱི་སྐུ་ཚབ་རྣམས་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཁག་བཅས་ནས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་རེད།  གནས་ཚུལ་ཤེས་རྟོགས་བྱུང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སང་ཉིན་རྒྱལ་ས་ལྡི་ལིའི་  Khan Market  ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད་གནངས་ཉིན་ལས་འགུལ་ཁག་གཅིག་སྤེལ་འཆར་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བཅུའི་དུས་དྲན་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་གྲོས་འཐུས་ཚོར་སྣེ་ལེན་ཞུས་པ།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣༌༣༠ ཐོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་ལས་རྣམས་ལྷན་འཛོམས་ཀྱིས་བསླེབ་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ཐོག་ཆེད་ཕེབས་གནང་བའི་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་གཞུང་འབྲེལ་ཕེབས་བསུ་ཞུས་སོང་།ཐེངས་འདིའི་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མིའི་ཁོངས་སུ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Micheal Brand ལགས་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་དང་ལྕམ་ Linda Duncan ལགས། དེ་བཞིན་ Slovakia འི་གྲོས་ཚོགས་འཐུས་མི་སྕམ་ Lucia Duris ལགས་དང་ Martin Poliacik ལགས། ཐེ་ཝན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Mei nu Yu ལགས་བཅས་ཁྱོན་གྲོས་ཚོགས་འཐུས་མི་དྲུག་ཆེད་ཕེབས་གནང་ཡོད་པ་རེད།ཕེབས་བསུའི་མཛད་རིམ་གྱི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་ཡང་དག་པའི་ཐོག་ཕྱག་ལས་གནང་བཞིན་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས་ཏེ། གྲོས་ཚོགས་འཐུས་མི་རྣམས་ད་རེས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་གནང་སླད་བཞུགས་སྒར་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་པ་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་རྣམ་པས་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བརྟེན་ནས་ད་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་བསྒྲུབ་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་སོང་། དེ་རྗེས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Micheal Brand ལགས་ནས་ཆོས་དད་རང་དབང་གྱི་གནད་དོན་དེ་ནི་གལ་ཆེན་པོ་ཡིན་པ་དང་། ཇར་མ་ནིའི་གྲོས་ཚོགས་ནང་ལ་བོད་ནང་གི་རང་དབང་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་ཐོག་གླེང་སློང་ཡང་ཡང་གནང་གི་ཡོད་པ་གསུངས་ཡོད། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་ Linda Duncan ལགས་ཀྱིས་ཁོང་ནས་རྣམ་ཀུན་བོད་ཀྱི་གནས་ཚུལ་ལ་དོ་སྣང་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་ཁག་ཅིག་ནས་རང་ཉིད་ཀྱི་སྐད་དང་རིག་གཞུང་ལོངས་སུ་སྤྱོད་པ་ཙམ་གྱིས་འཛིན་བཟུང་བཀག་ཉར་འོག་བཀའ་སྡུག་མྱོང་བཞིན་པ་དེ་ནི་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་པ་གསུངས་སོང་བ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་ཀྱིས་ཁོང་དེ་སྔ་ལོ་གསུམ་གྱི་གོང་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཏེ་བོད་དོན་རྒྱུས་ལོན་གནང་བ་སོགས་ངོ་སྤྲོད་དང་འབྲེལ། ཁོང་གིས་རྒྱུན་དུ་བོད་དོན་གླེང་རྒྱུ་དེ་ཁོང་རང་ཉིད་ཀྱི་ལས་འགན་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་གསུངས་ཡོད།  ཁོང་གིས་ཉེ་བའི་ལོ་ཤས་ནས་རྒྱ་ནག་གིས་ Canada གཙོས་པའི་རྒྱལ་ཁབ་མང་པོའི་ནང་དབང་ཤུགས་རྒྱ་སྐྱེད་དང་སློབ་གྲྭ་དང་ཚོགས་པའི་ལས་དོན་ལ་ཐེ་བྱུས་སོགས་བྱེད་བཞིན་ཡོད་སྟབས་ང་ཚོ་ཚང་མས་གནད་དོན་དེར་གདོང་ལེན་གནང་དགོས་པ་སོགས་གསུངས་ཡོད།དེ་བཞིན་ Slovakia འི་གྲོས་ཚོགས་འཐུས་མི་སྕམ་ Lucia Duris ལགས་དང་ Martin Poliacik ལགས། ཐེ་ཝན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Mei nu Yu ལགས་བཅས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་བསྐྱོད་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།གཞི་རྩའི་དེ་རིང་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་གྲོས་ཚོགས་འཐུས་མི་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གདན་འདྲེན་ཞུས་དོན་ལྟར་གཞུང་འབྲེལ་གྱི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་ཐེངས་ ༦༠ པའི་མཛད་སྒོར་སྐུ་མགྲོན་དུ་ཕེབས་པ་ཆགས་ཀྱི་ཡོད་པ་རེད།

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱིས་བོད་ཐོག་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མི་འདུག

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཚོགས་མི་ཁག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་བྱས་མི་འདུག དེ་སྔོན་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་དང་འབྲེལ་བའི་དགོངས་འཆར་ཁྱོན་ ༣༤༦ སྟོན་ཡོད་པ་དང། སྐབས་དེར་སུད་སི་དང་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། ཌེན་མག ཨ་རི།  ཕ་རན་སི། འཇར་མ་ནི། སུ་ཝེ་ཌན། ཉི་ཧོང། ཨོ་སི་ཊི་ཡ། དབྱིན་ཡུལ། ནིའུ་ཛར་ལན་ཌི། དེ་བཞིན་བྷེལ་ཇམ་བཅས་རྒྱལ་ཁབ་ཁག་ ༡༣ གྱིས་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་ལ་རྒྱ་གཞུང་ནས་གུས་བརྩི་ཞུ་དགོས་པ་དང་། བོད་དུ་ཕྱིའི་གསར་འགོད་པ་དང་། རྒྱལ་ཚོགས་དང་ཕྱིའི་གཞུང་འབྲེལ་མི་སྣ་སོགས་རང་དབང་ཐོག་འགྲོ་སྐྱོད་གནང་བཅུག་དགོས་པ་མ་ཟད་བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་དགོས་པའི་དགོངས་འཆར་ཕུལ་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་ལུགས་ལྟར་སྔ་ལོའི་ཕྱི་ཟླ་ ༡༡ པའི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ ཐོག་ཚོགས་མི་རྒྱལ་ཁབ་ཁག་གིས་བཏོན་པའི་དགོངས་འཆར་ལ་རྒྱ་གཞུང་གིས་ད་ལྟ་ཇི་ནི་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༤༠ ཐོག་ལན་འདེབས་བྱས་འདུག་ཀྱང་། དེ་དག་ཁྲོད་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སྒོ། མང་ཚོགས་ཀྱི་འདུ་འཛོམས་རང་དབང་བཅས་རྒྱ་གཞུང་རང་གི་ཁྲིམས་ལུགས་དགོས་མཁོ་ལ་ཆེད་དམིགས་ཀྱིས་ལག་བསྟར་བྱ་རྒྱུ་མ་གཏོགས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་བཏོན་པའི་དགོངས་འཆར་ཁག་ལ་ངོས་ལེན་མེད་པ་བརྗོད་འདུགབོད་དུ་རྒྱལ་སྤྱིའི་གསར་འགོད་པ་དང། རྒྱལ་ཚོགས་དང་ཕྱིའི་གཞུང་འབྲེལ་མི་སྣ་སོགས་རང་དབང་ཐོག་འགྲོ་སྐྱོད་གནང་བཅུག་རྒྱུ་ལས་ལྡོག་ཏེ་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱ་རྒྱུའི་རིགས་ལ་མཐའ་གཅིག་ངོ་རྒོལ་ཡོད་ལུགས་བརྗོད་ནས་དགོངས་འཆར་ཁག་ལ་ངོས་ལེན་བྱས་མི་འདུག དེ་སྔོན་དུས་བཀག་བསྐྱར་ཞིབ་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བཏོན་པའི་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ་དང་། མང་ཚོགས་ཀྱི་འཕྲོད་བསྟེན། བདེ་འཇགས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བཅས་ལ་གུས་བརྩི་ཞུ་དགོས་པའི་དགོངས་འཆར་ཁག་ལ་ངོས་ལེན་ཞུས་ནས་ལག་བསྟར་བྱས་ཡོད་ལུགས་བརྗོད་པ་ཙམ་ལས་དེ་དག་ཐོག་དོན་ཕན་སོན་པའི་ལག་བསྟར་ཇི་ལྟར་བྱ་རྒྱུའི་ལན་འདེབས་ཁ་གསལ་བྱས་མེད་པ་རེད། འོན་ཀྱང་ད་ལན་རྒྱ་གཞུང་གིས་ངོས་ལེན་མ་བྱས་པའི་དགོངས་འཆར་ཁག་ལ་ད་ལྟ་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཁག་ནས་བསྐྱར་དུ་རྒྱ་གཞུང་ལ་འདྲི་རྩད་བྱ་རྒྱུའི་གོ་སྐབས་ཀྱང་ཡོད་པ་རེད། རྩ་བའི་དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་ Belgium དང་། Croatia ཅེཀ་སྤྱི་མཐུན་རྒྱལ་ཁབ། Hungary གྷི་རི་སི། མེག་སི་ཁོ། དེ་བཞིན་ Turkey སོགས་ཚོགས་མི་རྒྱལ་ཁབ་མང་དག་ཅིག་ནས་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྤྱིའི་ཐོག་འདྲི་རྩད་བྱས་ཡོད་པ་མ་ཟད། ཚོགས་མི་རྒྱལ་ཁབ་ཁག་གཅིག་ནས་རྒྱ་ནག་སྤྱི་དང་མངའ་འོག་ཏུ་ཡོད་པའི་བོད་དང་ཡུ་གུར། ཧོང་ཀོང། ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཏོན་པའི་ཁྱོན་དགོངས་འཆར་ ༣༤༦ ལས་ད་ལན་རྒྱ་ནག་གཞུང་གིས་ ༦༢ ལ་ངོས་ལེན་བྱས་མེད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན་བདུན་ཕྲག་རྗེས་མའི་ཕྱི་ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཚོགས་པ་དང་བསྟུན་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་དག་གི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་  Society for Threatened people ཞེས་པས་གོ་སྒྲིག་འོག་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་དང་ཆོས་དད་རང་དབང། དེ་བཞིན་བྱིས་པའི་ཐོབ་ཐང་བཅས་ཀྱི་བརྗོད་གཞི་ཐོག་ཟུར་ཚོགས་ཤིག་ཚོགས་ཀྱི་ཡོད་པ་རེད། དེའི་ཐོག་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་ནས་གསུང་བཤད་གནང་རྒྱུ་རེད་འདུག

རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་རྣམས་༸གོང་ས་མཆོག་ལ་དགའ་མོས་མེད་པ་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༣ པའི་ཚོགས་དུས་གཉིས་པའི་ཐོག་བོད་ནང་གི་བོད་མི་རྣམས་དམར་ཤོག་གཞུང་ལ་དགའ་མོས་ཆེ་བ་ཡོད་པ་མ་གཏོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་མེད་པར་ཨུ་ཚུགས་མཐར་སྐྱེལ་བྱས་འདུག ཁ་སང་ཨ་རིའི་ The Washington Post གསར་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ Wu Yingjie ཡིས་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་བསྟུན། གསར་འགོད་པ་རྣམས་ལ་༸གོང་ལ་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་གྱར་བ་ནས་བཟུང་བོད་རིགས་མང་ཚོགས་ལ་ཕན་པའི་བྱ་བ་གཅིག་ཀྱང་བསྒྲུབ་མྱོང་མེད་སྟབས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་ཕུན་སུམ་ཚོགས་པའི་ལོངས་སྤྱོད་བསྐྲུན་ཡོད་པར་བརྟེན་བོད་མི་དག་དམར་ཤོག་གཞུང་ལ་དགའ་མོས་ཆེན་པོ་ཡོད་སྐོར་བརྗོད་འདུག གཞན་ཡང་ Wu Yingjie ཡིས་བོད་རིགས་ཀྱི་འཐུས་ཚབ་བཀྲ་ཤིས་རྒྱལ་མཚན་ཟེར་བར་སྐུལ་སློང་གིས་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱེད་བཅུག་ཡོད་པ་ལྟར་བཀྲ་ཤིས་རྒྱལ་མཚན་གྱིས་བོད་རིགས་ནང་ཁུལ་དུ་༸གོང་ས་ཏཱ་ལའི་བླ་མར་དགའ་དད་གུས་གསུམ་གནང་མཁན་མེད་ཚུལ་གྱི་འཁྱོག་བཤད་སྤེལ་འདུག་པ་མ་ཟད། Wu Yingjie ཡིས་བོད་ནང་སྐད་ཡིག་སློབ་སྦྱོང་གི་རང་དབང་ཡོད་པ་དང་། སྲིད་གཞུང་གིས་བོད་རིགས་དག་གིས་རྒྱ་ཡིག་ཐོག་རང་ཉིད་ཀྱི་ཕ་སྐད་སྦྱོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པར་བརྗོད་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་ནང་གི་སྐད་ཡིག་རང་དབང་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་དངོས་བྱུང་གི་གློག་བརྙན་ཞིག་གི་ནང་བཀའ་མོལ་གནང་རྗེས་ཁ་བྲལ་ངན་སྐུལ་གྱི་ཉེས་འཛུགས་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་ནག་གཞུང་ནས་ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་རྫོགས་ཕྱི་ཕྱོགས་ལ་སྒོ་མོ་རྒྱག་རྒྱུ་ཡོངས་གྲགས་བྱས་པའི་གནད་དོན་དང་འབྲེལ་ཏེ་ Wu Yingjie ཡིས་ཡུལ་སྐོར་སྤྲོ་འཆམ་པ་དག་བོད་དུ་གཏོང་རྒྱུར་བཀག་སྡོམ་བྱས་པ་ནི་བོད་དུ་ས་བབས་མཐོ་བའི་ཉེན་ཁ་ཡོད་རབས་དང་། མཚོ་ངོས་ལས་སྨིད་ ༤༥༠༠ ལྷག་ཡོད་པའི་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་དག་གི་བདེ་འཇགས་ལ་དོགས་ཟོན་དགོས་ལུགས་བརྗོད་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་བཤོམ་གནང་རྒྱུར་དམ་དྲག་དང་། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་ལས་འགུལ་བརྒྱུད་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པའི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་ཀྱང་། བོད་ནང་འདས་པའི་ལོ་འགའི་ནང་དགུང་ལོ་ ༨༣ ལ་ཕེབས་པའི་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་དགོས་པའི་ཞུ་འབོད་གནང་བའི་ཁྲོད་བོད་རིགས་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་བོད་ལྗོངས་ཆ་འཕྲིན་ཞེས་པའི་ཐོག་ཉེ་སྔོན་བོད་ལྗོངས་ཀྱི་དམར་ཤོག་དཔོན་རིགས་ཁག་སེ་ར་དགོན་དུ་སླེབས་ནས་གཏམ་བཤད་སྤེལ་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་དད་ལྡན་མང་ཚོགས་ཚོར་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་དང་གཏོར་བཤིག་བྱ་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་སྲིད་གཞུང་དང་སེམས་ནུས་གཅིག་སྒྲིལ་དང་བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  མེས་རྒྱལ་གོང་བུ་གཅིག་གྱུར་བཅས་ཀྱི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ངན་སྐུལ་བྱས་ཡོད་པ་ཡང་བཀོད་འདུག གཞི་རྩའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་ ༣ ཚེས་ ༣ ཉིན་ནས་སྐབས་ ༡༣ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ ༢ པ་མགོ་འཛུགས་བྱས་ཡོད་པ་དང་ཆབས་ཅིག ཁ་ཉིན་ཕྱི་ཚེས་ ༥ ཉིན་ནས་སྐབས་ ༣ པའི་རྒྱལ་ཡོངས་སྲིད་གྲོས་་ཚོགས་འདུ་འགོ་འཛུགས་ཀྱིས་ཉིན་གྲངས་ ༡༥ རིང་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་བོད་རིགས་འཐུས་ཚབ་མི་སྣ་ཆེད་འབོད་ཀྱིས་བོད་དུ་བོད་མི་དག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་གུས་གསུམ་ཞུ་ཡི་མེད་པའི་འཁྱོག་བཤད་སྤེལ་བཅུག་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དགོངས་པ་རྫོགས་འདུག

ཕྱི་ལོ་ ༡༩༨ ༠ འི་ནང་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཁག་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་རྒྱལ་གཅེས་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དགུང་ལོ་ ༥༣ ལ་ཕེབས་པའི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་སྙུང་གཞི་དྲག་པོ་བཞེས་ནས་དྲག་སྐྱེད་མ་བྱུང་བར་ཟླ་བ་འདིའི་ཚེས་ ༤ ཉིན་གྱི་མཚན་མོའི་ཕྱག་ཚོད་ ༡༌༡༤ ཐོག་ལྡི་ལི་མེེག་སི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག   བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་ནི་ཕྱི་ལོ་ ༡༩༦༦ ལོར་སྟོད་ལུང་བདེ་ཆེན་རྫོངས་གྲོང་ཚོར་ཡབ་སྲིད་ཆོས་དང་ཡུམ་བྱམས་པ་དབྱངས་ཅན་གྱི་བུར་འཁྲུངས་ཤིང།  ཕྱི་ལོ་ ༡༩༨༣ ལོོར་འབྲས་སྤུངས་དགོན་དུ་ཆོས་ཞུགས་གནང་བ་དང་། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་འབྲས་སྤུངས་ཀྱི་དགེ་འདུན་པས་སྣེ་འཁྲིད་པའི་འོག་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་ནང་ཐོག་མར་མཉམ་ཞུགས་གནང་ཡོད། དེ་ནས་རིམ་པས་ལྷ་སའི་སྐོར་ལམ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རབ་དང་རིམ་པ་སྤེལ་ཡོད་པ་རེད། དམ་པ་ཁོང་ཕྱི་ལོ་ ༡༩༩༡ ཟླ་ ༤ པར་བཙན་བྱོལ་དུ་འབྱོར་བ་དང་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་སློབ་གཉེར་གནང་བ་མ་ཟད་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་ཚ་བ་ཁང་ཚན་དུ་སློབ་ཞུགས་ཀྱིས་གཞུང་ཆེན་མཚན་ཉིད་རིག་པའི་གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་གནང་སྟེ་དགེ་བཤེས་དམ་འཇོག་གནང་བ་དང་ཆབས་ཅིག་ཏུ་སློབ་དགེའི་ཕྱག་ལས་ཡང་གནང་ཡོད། རླུང་འཕྲིན་ཁང་གིས་དེ་སྔ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་ལ་ངོ་རྒོལ་གནང་རྐྱེན་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་ཟུར་གྲྭ་ངག་དབང་འོད་འབར་ལགས་སུ་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་གི་སྐོར་བཀའ་འདྲི་ཞུས་ཡོད།

རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་བ།

ཁ་སང་ཟླ་ ༣ ཚེས་ ༤ ཉིན་ཨ་རི་ནང་ཡོད་པའི་བོད་པ་དང་ཡུ་གུར། དེ་བཞིན་ཕ་ལུང་གྷོང་སོགས་རྒྱ་ནག་གི་དམ་དྲག་དང་བཙན་གནོན་འོག་ཡོད་པའི་ཆོས་དད་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱིས་རྒྱལ་ས་ཝ་ཤིན་ཊོན་དུ་གསར་འགོད་ལྷན་ཚོགས་ཤིག་ཚོགས་འདུག་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་གཅིག་ཐེར་འདོན་གནང་འདུག ལྷན་ཚོགས་དེའི་འབྲེལ་མཐུད་པ་ Greg Mitchell ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་ཁག་གཅིག་གསལ་འདོན་བརྒྱུད་དེ་རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་ཁྲུམས་ལུགས་ཁག དེ་བཞིན་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་དགོས་པའི་བརྡ་ལན་ནན་པོ་སྤྲོད་རྒྱུ་ཡིན་ཞེས་གསུངས་འདུག ཡུ་གུར་ཚོང་ལས་སྡེ་ཚོགས་ཀྱི་འགོ་ཁྲིད་ Kuzzat Altay ལགས་ཀྱིས་རྒྱ་ནག་གཞུང་གི་ཤིན་ཅང་ཁུལ་དུ་བཀག་ཉར་ཁང་མང་པོ་གསར་རྒྱག་བྱས་ཏེ་ས་གནས་ཡུལ་མི་མང་དག་ཅིག་ངེས་མེད་འཛིན་བཟུང་བྱེད་བཞིན་པའི་ཁྲོད། སྔར་ལོའི་ཕྱི་ཟླ་ ༢ པའི་ནང་ལ་དགུང་ལོ་ ༦༧ ལ་ཕེབས་པ་ཁོང་གི་པཱ་ལགས་ཀྱང་འཛིན་བཟུང་གནང་ཡོད་པ་སོགས་གསུངས་འདུག ལྷག་པར་དུ་ཁོང་གིས་དེ་སྔ་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐད་ནས་འདི་བོད་པ་དང་འབྲེལ་བ་རེད། དེ་ཡུ་གུར་དང་འབྲེལ་བ་རེད། འདི་ཕ་ལུང་གྷོང་དང་འབྲེལ་བ་རེད་སོགས་བཤད་དེ་ཐུན་མོང་གི་ནུས་པ་ཐོན་མེད་སྐོར་གསུངས་པ་དང་འབྲེལ། ད་ནས་བཟུང་བོད་པ་དང་ཡུ་གུར། ཕ་ལུང་གྷོང་སོགས་རྒྱ་ནག་གི་བཙན་གནོན་དམ་དྲག་འོག་ཡོད་པ་ཚང་མ་ཐུན་ཐོང་གི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་སྤྱི་རིགས་ཐོག་ལ་དམ་དྲག་བྱེད་བཞིན་པ་མ་ཟད། ད་བར་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བ་དེ་དག་རྣམས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་མཇུག་འབྲས་ཤིག་ཡིན་པ་སོགས་གསུངས་ཡོད།  ཁོང་གིས་ད་དུང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཚོང་འབྲེལ་གྱི་གནད་དོན་ཐད་རྒྱ་ནག་ལ་གཅིག་ལན་གཅིག་འཇལ་གྱི་སྲིད་བྱུས་ལག་བསྟར་གནང་གི་ཡོད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་གཙོས་པའི་ཡུལ་གཉིས་ཆབ་སྲིད་འབྲེལ་ལམ་ཁྲོད་དེ་མཚུངས་ལག་བསྟར་གནང་གལ་ཡིན་པ་གསུངས་འདུག

དོན་གྲུབ་དབང་ཆེན་ལགས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་དབུ་འཛུགས།

འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་ཆེད་དེ་རིང་ཁོང་གི་པཱ་ལགས་དང་ལྷན་སུད་སི་གྲོང་ཁྱེར་ཛུ་རིག་ནང་བདེ་འབྱོར་བྱུང་འདུགཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་ལོ་དྲུག་ལྷག་གི་རིང་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་པའི་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་བོད་ནས་བྲོས་བྱོལ་གྱིས་སུད་སི་བརྒྱུད་ནས་ཨ་རིའི་ California མངའ་སྡེའི་གྲོང་ཁྱེར་ San Fransico ནང་འབྱོར་ཡོད་པ་རེད། ད་རེས་ཡོ་རོབ་རྒྱལ་ཁབ་ནང་དུ་བོད་དོན་སྐོར་སྐྱོད་ཆེད་ཕེབས་གནང་བ་འདི་ནི་ཁོང་བོད་ནས་བྲོས་བྱོལ་དུ་ཕེབས་རྗེས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་གནང་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།སྔ་དྲོ་གནམ་ཐང་དུ་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་དང་ས་གནས་དོན་གཅོད་ཀྱི་ལས་བྱེད། སུད་སི་དང་ liechtenstein བོད་རིགས་ཚོགས་པའི་སྐུ་ཚབ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་བཅས་ཕེབས་བསུར་བཅར་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།  རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་ཞུས་པར་སྤྱིར་ཁོང་ཨ་རི་ནས་ནས་ཨོ་སི་ཊོ་ལི་ཡ་ནང་རང་ཉིད་ཀྱི་ཨ་མ་ལགས་དམ་པ་རྡོ་རྗེ་མཚོ་ལགས་ཀྱི་འདས་མཆོད་ཆེད་དུ་ཕེབས་ཡོད་པ་དང། དེ་ནས་ཁུལ་དེའི་ནང་གནས་བཞུགས་དགུང་ལོ་ ༨༠ ལ་ཕེབས་པ་ཕ་རྡོ་རྗེ་ཚེ་རིང་ལགས་དང་ལྷན་དུ་སུད་སི་ནང་ཕེབས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་བོད་མི་ཚོས་ཁོང་ལ་ཕེབས་བསུ་དེ་ལྟར་ཞུས་པ་གཟིགས་སྐབས་བོད་ནང་གི་འཐབ་གྲོགས་རྣམས་དྲན་ཡིད་ལ་དྲན་བཞིན་ཡོད་པར་འགྲེལ་བརྗོད་གནང་ཡོད།ལས་རིམ་ལྟར་ན་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ནས་སུད་སི་ནང་ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་དོན་གསུང་བཤད་གནང་རྒྱུ་དང། Brussels ཁུལ་དུ་བོད་མིའི་གསུམ་བཅུའི་དུས་དྲན་ཐོག་ལ་ལྷན་བཞུགས་གནང་རྒྱུ་དང་། ཇར་མ་ནི། ནི་ཐར་ལན་ཌི། ཅེཀ སུད་སི་སོགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་གནང་རྒྱུ་ཡིན་པ་ལྟར་ཐེངས་འདིའི་བོད་དོན་སྐོར་སྐྱོད་དེ་བཞིན་སུད་སི་བོད་ཀྱི་དོན་ཁང་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག བརྙན་པར།  

བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ Philadelphia ནང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་རང་བཙན་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་སྔ་དྲོ་ཚོུད་ ༨༌༣༠ ཐོག་ཨ་རིའི་ནང་གནས་བཞུགས་རང་བཙན་དོན་གཉེར་བ་ཁག་གཅིག་གིས་མ་སྐུལ་དང་བླངས་ཀྱིས་གོ་སྒྲིག་འོག་ Philadelphia ནང་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ནས་དབུ་འཛུགས་གནང་འདུག་པ་དང་། ཉིན་དང་པོའི་ལས་འགུལ་ནང་ཁྱོན་བོད་མི་ ༥༥ ལྷག་ནས་མཉམ་ཞུགས་ཀྱིས་དང་ཐོག་ Philadelphia ནས་དབུ་འཛུགས་ཏེ་མི་ལེ་ ༡༥ ཙམ་གོམ་བགྲོད་གནང་འདུག གོམ་བགྲོད་པ་དེ་དག་གིས་ཨ་རིའི་ Pennsylvania ནས་དབུ་འཛུགས་གནང་སྟེ་རིམ་པས་ནིའུ་ཇར་སི་དང་ནིའུ་ཡོག་བཅས་མངའ་སྡེ་གསུམ་ནང་གོམ་བགྲོད་གནང་གི་འདུག་པ་མ་ཟད་ཕྱི་ཟླ་ ༣ ཚེས་ ༩ ཉིན་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་གོམ་བགྲོད་མཇུག་སྒྲིལ་གནང་གཏན་ཁེལ་ཡོད་པ་རེད།  རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལས་འགུལ་གྱི་འབོད་སྒྲ་དང་དགོས་འདུན་དོན་ཚན་ལྔ་ཆེད་བཀོད་གནང་ཡོད་པ་ནི་རྒྱ་ནག་གི་དབང་སྒྱུར་བོད་ནས་ཕྱིར་འཐེན་བྱས་ཏེ་བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་དགོས་པ། བོད་མིའི་རང་དབང་སྒེར་ལངས་བརྒྱུད་ནས་དགོས་འདུན་ཁག་ལ་ཨ་རིའི་ས་གནས་དང་མངའ་སྡེ། གྲོས་ཚོགས་དང་དབུས་གཞུང་བཅས་ནས་རྟོག་ཞིབ་གནང་ཐོག་བོད་མིའི་མངོན་འདོད་བསྒྲུབ་པར་རྒྱབ་སྐྱོར་གནང་རོགས། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་ཕེབས་ནས་བོད་ནང་གི་གནས་སྟངས་དང་བོད་མིས་རང་ལུས་མེར་བསྲེགས་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོག་ཞིབ་གནང་དགོས་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་དང་མང་ཚོགས་ཚོས་རྒྱ་ནག་གི་བཙན་འཛུལ་གྱི་རྒྱ་སྐྱེད་ལ་ངེས་པར་དུ་དོ་འཁུར་དང་འགོག་གནོན་དགོས་པ་བཅས་ཡིན་པ་རེད། ཁྱད་པར་དུ་ངག་དབང་བཀྲིས་ལགས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་ལམ་བར་དུ་ས་གནས་མང་ཚོགས་ལ་དགོས་འདུན་ལྔ་ཅན་འཁོད་པའི་ཞུ་སྙན་དང་བསྒྲགས་གཏམ་འགྲེམས་སྤེལ་གནང་རྒྱུ་དང་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཀྱི་མཚན་ཐོག་ལ་བོད་དོན་ཞུ་སྙན་དང་མཇལ་འཕྲད་ཡོང་ཐབས་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་ཚབ་ལའང་ཡིག་ཆ་ཁག་གཅིག་འབུལ་རྒྱུའི་ལས་རིམ་བང་སྒྲིག་གནང་འདུག རྩ་བའི་ཐེངས་འདིའི་བོད་རང་བཙན་གོམ་བགྲོད་ལས་འགུལ་ནང་རྐང་འགན་བཞེས་མཁན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་སྟག་འཚེ་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་དང་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བདང་འདུས་ལགས། བློ་དགའ་རང་བཙན་ལགས། སཱ་ནི་བསོད་ནམས་ལགས། དོན་གྲུབ་ལྷ་དར་ལགས། བསམ་དགའ་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་བཅས་ཁྱོན་མི་བདུན་ཡོད་པ་རེད།

ཅེཀ་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བོད་དོན་རྒྱབ་སྐྱོར་གྱི་རྒྱལ་དར་སྒྲེང་འཛུགས་གནང་འཆར།

Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague གྱི་ཚོགས་ཁང་གི་ཡང་སྟེང་དུ་སླར་ཡང་ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ བར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད་འདུག ས་གནས་བརྒྱུད་ལམ་ཁག་གཅིག་གི་ཐོག་གནས་ཚུལ་ཐོན་གསལ་ Prague གྲོང་སྡེ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ རྗེས་ད་རེས་ཐེངས་དང་པོ་བོད་ཀྱི་གསུམ་བཅུའི་སྒེར་ལངས་དང་བསྟུན་དེ་གའི་ཚོགས་ཁང་ཆེན་མོའི་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པ་མ་ཟད། Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཙམ་མ་ཡིན་པར་ས་གནས་ཀྱི་གྲོང་སྡེ་ ༧༠༠ ལྷག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱ་ནག་གིས་བོད་ས་དབང་སྒྱུར་བྱས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་རྣམ་འགྱུར་ཆེད་བཏོན་གནང་རྒྱུ་ཡིན་པ་བཀོད་འདུག རྩ་བའི་ཕྱིའི་རྒྱལ་ཁབ་ཁག་ཏུ་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་དོན་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༦  ལོར་འཇར་མ་ནི་རྒྱལ་ཁབ་ནས་དབུ་འཛུགས་གནང་ཡོད་པ་དང་། ཕྱིས་སུ་རྒྱལ་སྤྱི་རང་བཞིན་གྱིས་གང་སར་ཁྱབ་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་དྲིལ་བསྒྲགས་མུ་མཐུད་མཇུག་སྐྱོང་གནང་ཡོད་པ་རེད།   ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ལ་ཆ་མཚོན་ན་སྟོང་ལོ་གསར་པའི་འགོ་སྟོད་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་གི་རིང་དུ་གྲོང་ཁྱེར་དེའི་ངོས་ནས་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་བོད་དོན་རྒྱབ་སྐྱོར་གྱི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༤ ལོར་སྐབས་དེའི་གྲོང་ཁྱེར་སྤྱི་ཁྱབ་ Adriana Krnáčová  ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གནད་དོན་སོགས་ཀྱི་དབང་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མཚམས་བཞག་ཡོད་པ་རེད། Prague གྲོང་ཁྱེར་གྱི་ད་ལྟའི་སྤྱི་ཁྱབ་ Zdeněk Hřib ལགས་ཀྱིས་རེས་གཟའ་ཕུར་བུ་ཉིན་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དེ་སྔའི་གྲོང་ཁྱེར་དབུ་ཁྲིད་ཚོས་ཚོང་གི་ཁེ་ཕན་དང་། རྒྱ་ནག་དང་ལྷན་ཆབ་སྲིད་ཀྱི་འབྲེལ་ལམ་དམ་ཟབ་གཏོང་རྒྱུའི་དམིགས་ཡུལ་འོག་བོད་མི་ཚོའི་རང་དབང་གི་འདུན་པ་དང། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་བློས་གཏོང་བྱས་ཡོད་པར་སྐྱོན་བརྗོད་གནང་བ་དང་སྦྲགས། ད་ལོ་ནས་བཟུང་སླར་ཡང་སྔར་སྲོལ་ལྟར་བོད་དོན་རྒྱབ་སྐྱོར་མཚོན་པའི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་དེ་མཇུག་སྐྱོང་གནང་ངེས་ཡིན་སྐོར་གསུངས་འདུག གཞི་རྩའི་བོད་ཀྱི་གསུམ་བཅུའི་སྒེར་ལངས་ཀྱི་དུས་དྲན་བསླེབ་ལ་རན་པ་དང་བསྟུན་གཟའ་འཁོར་སྔོན་མའི་ནང་ཨ་རིའི་California མངའ་སྡེའི་ Richmond གྲོང་སྡེ་ལྷན་ཚོགས་ནས་དམིགས་བསལ་བསྒྲགས་གཏམ་ཞིག་འདོན་སྤེལ་དང་འབྲེལ། གྲོང་ཁྱེར་དེས་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད་གསུམ་བཅུའི་དུས་དྲན་ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད་པ་རེད།

Latest news