Tibetan Royal Year of 2151 | Year of the Wood Dragon

བོད།

Zhang Kezhi རྒྱ་གར་ལ་ཕེབས་སྐབས་བོད་དེ་གྲོས་གཞི་གལ་ཆེན་ཞིག་ཡིན་པ་བརྗོད་འདུག

རྒྱ་གར་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ Jay Ranade ལགས་ཀྱིས་ཉེ་ལམ་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་ Zhang Kezhi གཙོས་པའི་འཐུས་མི་ ༢༠ ཡིས་རྒྱ་གར་ལ་གཟིགས་སྐོར་བྱེད་སྐབས་བོད་ཀྱི་གནད་དོན་དེ་ཕྱོགས་གཉིས་དབར་གྱི་གྲོས་གཞིའི་ནང་གནད་དོན་གཙོ་བོའི་ཁོངས་སུ་ཡོད་སྐོར་གསུངས་ཡོད་པ་དང་འབྲེལ། Zhang Kezhi ཡིས་སྲིད་འཛིན་ཞི་ཅིན་ཕིང་ལ་ཐེངས་འདིའི་མཇལ་འཕྲད་ཀྱི་གྲུབ་དོན་གང་ཡིན་ངོ་སྤྲོད་བྱས་པ་དེ་རྒྱ་ནག་གིས་རྒྱ་གར་ལ་འཛིན་པའི་སྲིད་བྱུས་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག དེའང་སྐུ་ཞབས་ Ranade ལགས་ཀྱིས་ཟླ་འདིའི་ཚེས་ ༣ ཉིན་ Sunday Guardian ཞེས་པའི་དྲ་གནས་སུ་དཔྱད་རྩོམ་ཞིག་སྤེལ་བའི་ནང་ཟླ་ ༡༠ ཚེས་ ༢༢ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་གྱི་གཙོས་པའི་འཐུས་མི་ ༢༠ ཡིས་རྒྱ་གར་ལ་གཟིགས་སྐོར་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ངོས་ནས་གཟིགས་སྐོར་དེའི་བརྒྱུད་ནས་ཕྱོགས་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་རྒྱ་ནག་གི་ས་ཆ་ Wuhan དུ་མཇལ་འཕྲད་བྱས་པའི་གྲུབ་འབྲས་སུ་རྒྱ་དཀར་ནག་གི་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པ་ཞིག་མཚོན་པར་བྱས་ཡོད་ཀྱང། གཟིགས་སྐོར་དེའི་སྐབས་དོན་གནད་གཙོ་བོ་༸གོང་མཆོག་གིས་དབུས་པའི་བོད་ཀྱི་གནད་དོན་དེ་ཡིན་པར་འགྲེལ་བརྗོད་བྱས་འདུག རྒྱ་ནག་གི་སྐུ་ཚབ་འཐུས་མིའི་གཟིགས་སྐོར་དེའི་སྐབས་སུ་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློན་ཆེན་ Zhao Kezhi རྒྱ་གར་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན། དེ་བཞིན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་བློན་ཆེན་སོགས་ལ་མཇལ་འཕྲད་བྱས་ཏེ་ཕྱོགས་གཉིས་ཕན་ཚུན་དབར་གསང་གྲོས་ཁག་དང་ལས་རིམ་ཁག་བརྗེ་ལེན་བྱེད་རྒྱུ། དེ་བཞིན་གོད་ཆག་སྐབས་སུ་མཉམ་རུབ་བྱེད་རྒྱུ་དང་ལག་ལེན་གྱི་སྦྱོང་བརྡར་སོགས་བརྗེ་ལེན་བྱེད་རྒྱུ་སོགས་རྒྱལ་སྲུང་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད། རྒྱ་ནག་གི་བློན་ཆེན་གྱི་གཟིགས་སྐོར་སྔ་རྗེས་སུ་རྒྱ་ནག་གི་དམག་མིས་ལ་དྭགས་ཀྱི་བདེ་མཆོག་ལྷ་རི་དཀར་པོ་ས་མཚམས་བརྒྱུད་རྒྱ་གར་ལ་སིམ་འཛུལ་དང་དེ་བཞིན་ཕྱོགས་གཉིས་དབར་གྱི་ཚོགས་འདུའི་སྐབས་ནང་སྲིད་བློན་ཆེན་གཞོན་པ་དང་ཨ་རུ་ནཱ་ཅལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ kiren rijiju ལགས་མཉམ་ཞུགས་གནང་བ་སོགས་ཀྱི་གནད་དོན་ཁག་ཅིག་བྱུང་ཡོད་ནའང། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ངེས་པར་དུ་དོ་སྣང་བྱ་རྒྱུའི་གནད་དོན་ནི་བློན་ཆེན་ཁོང་གིས་གཟིགས་སྐོར་དེའི་སྐབས་བོད་དོན་དང་༸གོང་ས་མཆོག་གི་སྐོར། རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་སོགས་ཀྱི་ཐོག་དཔྱད་ཞིབ་གང་གནང་མིན་དེ་ཆགས་རྒྱུ་ཡིན་ཚུལ་གསུངས་ཡོད། སྐུ་ཞབས་ Ranade ལགས་ཀྱིས་དཔྱད་རྩོམ་དེའི་ནང་བཀོད་པར་གཞིགས་ན། ཐེངས་འདིའི་རྒྱ་ནག་གི་འཐུས་ཚབ་མི་སྣ་རྒྱ་གར་ལ་སྐོར་བསྐྱོད་དུ་ཡོང་བ་ནི་ད་སྐབས་རྒྱ་ནག་གཞུང་གིས་བོད་དུ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་དང། མང་ཚོགས་ཁྲོད་དོགས་སྲུང་གི་ལས་གཞི་ཤུགས་ཆེར་སྤེལ་ནས་གྲྭ་བཙུན་ཚོར་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་སྤེལ་བཞིན་པ་སོགས་ཀྱི་དུས་མཚམས་དང་སྟབས་འཁེལ་ཡོད་པ་མ་ཟད། བློན་ཆེན་ Zhao Kezhi ཡིས་དྷ་སར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེས་བོད་ནང་དུ་ངན་སྐུལ་བྱས་ནས་རྒྱ་ནག་གི་བདེ་འཇགས་ལ་གནོད་པའི་ལས་གཞི་རྩོམ་བཞིན་ཡོད་པར་བསྙོན་འདོགས་བྱས་པ་དང་སྦྲགས། རྒྱ་གར་གྱི་དཔོན་རིགས་རྣམས་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཐོག་དམ་དྲག་བྱེད་དགོས་པའི་འབད་བརྩོན་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་དཔལ་༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཉེ་ལམ་ཕ་རན་སིའི་དབེན་གནས་ཤིག་ཏུ་མཇལ་འཕྲད་གནང་བ་དང་༸རྒྱལ་དབང་ཀརྨ་བ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ Dominican Republic རྒྱལ་ཁབ་ཀྱི་མི་སེར་ཕྱག་འཁྱེར་བླངས་པ་སོགས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་གནང་བཞིན་པ་མ་ཟད། ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ New Jersey དུ་བཞུགས་དུས་རྒྱ་ནག་གིས་ཞི་མཐུན་གྱི་གྲོས་གཞི་བཏོན་པའི་གནས་ཚུལ་ཡང་ཐོན་ཡོད་པར་འགྲེལ་བརྗོད་བྱས་འདུག རྒྱ་གར་དུ་ཡོང་མཁན་རྒྱ་ནག་གི་སྐབས་དེའི་འཐུས་ཚབ་པའི་ནང་བོད་དོན་དང་འབྲེལ་བའི་གནད་ཡོད་མི་སྣ་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་དག་ལས་གཅིག་ནི་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ལྷན་ཁང་གི་འགན་འཛིན་ Zhang Hongpo ཡིན་པ་དང་། ཁོང་ནི་བོད་ནང་གི་བདེ་འཇགས་དང་འབྲེལ་བའི་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མཁན་ཞིག་དང་། སྔོན་ཆད་གཞིས་ཀ་རྩེ་ཁྲོང་ཁྱེར་གྱི་རྫོང་དཔོན་བྱས་ནས་ཡུན་རིང་འདུག་མཁན་ཞིན་ཡིན་པ་དང་། དེ་བཞིན་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ལས་ཁུངས་ཀྱི་སློབ་སྟོན་པ Wu Wei དང་། ལས་ཁུངས་དེའི་ལས་བྱེད་ Hou Yanqi སོགས་ཡོད་པ་དང་། Hou Yanqi ནི་རྒྱ་ནག་གི་ཕྱི་ལོག་ཏུ་ཡོད་པའི་བོད་མི་དག་གི་ལས་དོན་ཐད་ལས་ཀ་བྱེད་མྱོང་མཁན་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག།

རྒྱ་ནག་གིས་ནང་ཆོས་ཀྱི་བདག་དབང་རག་ཐབས་ལ་འབད་བརྩོན་བྱེད་བཞིན་པ།

རྒྱ་ནག་གིས་ཕྱོགས་གཅིག་ནས་ནང་ཆོས་ནི་དུག་ཏུ་བརྩི་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་ཁེ་ཕན་སྒྲུབ་ཐབས་སུ་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་བརྒྱུད་ནས་མ་དངུལ་ཁྲག་ཁྲིག་ ༡ ཙམ་ཆེད་གཏོང་གིས་འཇམ་པའི་སྟོབས་ཤུགས་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་ཕྱི་ནང་གི་འབྲེལ་ལམ་གསར་འཛུགས་ཀྱི་ལག་ཆ་གནད་ཆེ་ཞིག་ཏུ་ངོས་འཛིན་བྱས་འདུག དེའང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་རྩོལ་སྒྲུབ་བྱས་པ་མ་ཟད་དེའི་བརྒྱུད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་དེ་རྒྱ་ནག་གཞུང་ལ་རག་ཐབས་སླད་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། ཉེ་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་བའི་ནང་རྒྱ་ནག་ནང་ཁུལ་དུ་ནང་བསྟན་ཆོས་ལུགས་ཀྱི་ལྟེ་གནས་གསར་འཛུགས་བྱེད་བཞིན་པ། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འཇམ་པོའི་རྩལ་གྱི་ཐོག་ནས་ནང་ཆོས་དང་འབྲེལ་བའི་དངུལ་དངོས་ཀྱི་མ་རྩ་ཆེད་འཛུགས་བྱེད་བཞིན་པ། དེ་བཞིན་ནང་ཆོས་ཀྱི་བདག་དབང་རྩོལ་སྒྲུབ་ཀྱི་ཐོག་ནས་༸གོང་ས་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཐད་ལ་འབད་བརྩོན་བྱེད་བཞིན་པ་སོགས་ས་བཅད་གསུམ་གྱི་ཐོག་ནས་རྒྱ་ནག་གི་ངོས་ནས་ཇི་ལྟར་ནང་བསྟན་ཆོས་ལུགས་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་ར་སྤྲོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་སུ་དེ་འབྲེལ་བཅའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་ནག་དམར་པོའི་གཞུང་ལ་ལོ་རྒྱུས་དང་རིག་གཞུང་གང་གི་ཐོག་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་ཡོད་སྲིད་ཀྱི་མ་རེད་ཅེས་གསུངས་ཡོད།

རྒྱ་ནག་གིས་བདེ་སྲུང་ཐད་ཀྱི་འཕྲུལ་བཟོ་མ་ལག་གསར་འགྲེམས།

རྒྱ་ནག་གིས་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་དེང་རབས་ཀྱི་འཕྲུལ་ཆས་གསར་པ་མང་དག་ཞིག་གསར་བཟོ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ཆེད་དམིགས་ཀྱིས་བེད་སྤྱོད་གཏང་རྒྱུ་རེད་འདུག The Straight Time  ཞེས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༦ བར་རྒྱལ་ས་པེ་ཅིང་དུ་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་འཕྲུལ་ལས་གསར་བཟོའི་མ་ལག་ཁག་ཅིག་ཕྱོགས་བསྡུས་ཀྱིས་འགྲེམས་སྟོན་བྱས་ཡོད་པ་དང་། དེའི་ཁྲོད་དུ་མིའི་གདོང་པ་ངོས་འཛིན་བྱེད་སྤྱད་དང་། iris scanner ཞེས་པའི་མིག་འབྲས་བཤེར་འཚོལ་བྱེད་སྤྱད། དོགས་ཡོད་སྐབས་སུ་ཐད་ཀར་ནམ་མཁའ་ནས་བེད་སྤྱོད་གཏོང་ཐུབ་པའི་མེ་མདའ་དང་མིག་ཤེལ་བརྒྱུད་ནས་དོགས་ཡོད་ངོས་འཛིན་ཐུབ་པ་སོགས་མང་པོ་ཞིག་ཡོད་པ་རེད།  དེ་བཞིན་མིག་འབྲས་བཤེར་འཚོལ་བྱེད་པ་ནི་སྐྱེ་ལྡན་གྱི་གཟུགས་པོའི་མ་ལག་ལ་གཞིར་བཟུང་སྟེ་བཟོས་པ་ཞིག་ཡིན་སྟབས་ནོར་འཁྱུག་མེད་པར་མི་མང་ངོས་འཛིན་ཐུབ་ཀྱི་འདུག འཇར་མ་ནིའི་ནང་རྟེན་གཞི་བྱས་པའི་ཡོ་རོབ་ཀྱི་རིག་གཞུང་དང་འཕྲུལ་ཆས་ཀྱི་མཁས་དབང་།  དམིགས་བསལ་དུ་རྒྱ་ནག་གི་བདེ་འཇགས་ཆེད་མཁས་པ་ Adrian Zenz ལགས་ཀྱིས་ཆེད་བཏོན་གནང་བའི་སྙན་ཐོ་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་ནང་གི་བདེ་འཇགས་མ་དངུལ་གྱི་འགྲོ་གྲོན་རྒྱ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༢.༤ ལྷག་བརྒལ་ཡོད་པ་དང་། དེ་ནི་སྤྱི་ཡོངས་ཀྱི་ལོ་གཅིག་གི་བདེ་འཇགས་ཀྱི་མ་དངུལ་ལས་བརྒྱ་ཆ་ ༡༢.༤ ལས་འཕར་ཡོད་པ་ཞིག་ཡིན་པ་རེད། སྐུ་ཞབས་ Zenz ལགས་ཀྱིས་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་བདེ་འཇགས་སྲུང་སྐྱོབ་ཐད་དམིགས་བསལ་གྱི་འབད་བརྩོན་ཆེ་བ་བྱེད་བཞིན་པ་དང། དཔེར་ན་བོད་ནང་ལ་ཆ་མཚོན་ན་ཉེ་བའི་ལོ་ཤས་ནས་རྒྱ་ནག་དམར་ཤོག་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་མང་པོ་བྱུང་བར་བརྟེན། རྒྱ་ནག་གིས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར་གྱི་དུས་ཡུན་དེ་དག་ཁྲོད་བདེ་འཇགས་ཐད་ཀྱི་མ་དངུལ་གཏོང་ཕྱོགས་དེ་བརྒྱ་ཆ་ ༤༠༠ ལྷག་འཕར་ཡོད་པ་དང་།  དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ནང་གི་ཡུ་གུར་བྱང་ནུབ་ས་ཁུལ་དུ་རིམ་པ་མང་པོའི་དོགས་སྲུང་འཕྲུལ་ཆས་མང་པོ་བསྒྲིགས་ཏེ་བདེ་སྲུང་མ་དངུལ་གྱི་འགྲོ་གྲོན་བརྒྱ་ཆ་ ༡༠༠ ཙམ་སྤར་ཡོད་པ་མ་ཟད་དེ་ནི་ས་ཁུལ་དེའི་འཕྲོད་བསྟེན་གྱི་མ་དངུལ་དང་བསྡུར་ན་ལྡབ་གཉིས་ལས་བརྒལ་ཟིན་སྐོར་འགྲེལ་བརྗོད་བྱས་འདུག རྒྱལ་ས་པེ་ཅིང་དུ་ཚོགས་པའི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་འཕྲུལ་ལས་གསར་བཟོའི་མ་ལག་འགྲེམས་སྟོན་ཐོག་རྒྱ་ནག་གི་གྲོང་ཁྱེར་ Shenzhen ནང་རྟེན་གཞི་བྱས་ཡོད་པའི་བཟོ་གྲྭ་ ZNV ཟེར་བས་བརྙན་ལམ་ནས་མིའི་གདོང་གི་རྣམ་འགྱུར་དང་ནང་སེམས་ཀྱི་ཆ་ཕྲ་མོ་སོགས་ཀྱང་ཤེས་རྟོགས་ཐུབ་པའི་བདེ་སྲུང་གི་འཕྲུལ་ལས་གསར་བཟོ་བྱས་ཡོད་པ་དང་།  དེ་དག་གི་སྤྱོད་སྒོ་གཅིག་ནི་ཉེན་རྟོག་པས་འདྲི་གཅོད་སྐབས་སུ་སྤྱོད་བཞིན་ཡོད་པ་འཁོད་འདུག རྒྱ་ནག་ནང་གི་ཞིབ་འཇུག་རང་བཞིན་གྱི་མི་མང་བདེ་སྲུང་ཁང་ཞིག་གིས་མེ་མདའ་བེད་སྤྱོད་གཏོང་ཕྱོགས་ཐད་ནས་བརྙན་ལམ་གྱི་རྩེད་མོ་དེ་འདྲ་བཟོས་ཏེ་ཉེན་རྟོག་པ་ཚོར་མེ་མདའ་རྒྱག་ཕྱོགས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་དེ་ལྟ་བུའི་རོལ་རྩེད་ཀྱི་མཉེན་ཆས་མ་ལག་ ༣༠ ལྷག་གསར་བཟོ་བྱས་ཡོད་པ་འཁོད་འདུག

གསེར་རྟ་བླ་རུང་ཆོས་སྒར་དུ་འདི་ལོ་ཡང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཚོགས་མི་ཆོག་པའི་བཀའ་རྒྱ།

རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་ཆོས་སྒར་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་ལ་ཉེ་བ་དང་བསྟུན། འདི་ལོ་ཡང་ཁུལ་དེའི་ནང་བདེ་ཆེན་ཞིང་སྒྲུབ་གྱི་སྨོན་ལམ་ཆེན་མོ་ཚོགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་ལ་རག་སོན་བྱུང་བའི་བཀའ་རྒྱའི་ནང་གསེར་རྟ་བླ་རུང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཨུ་ཡོན་ལྷན་ཁང་། གསེར་རྟ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་བཅས་ཀྱི་བླ་རུང་དགོན་པའི་ ༢༠༡༨ ལོར་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཚོགས་པའི་ཐད་ཀྱི་སྤྱི་བསྒྲགས་ཤིག་སྤེལ་བའི་བརྒྱུད་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་ཚོའི་འདི་ལོ་ཡང་ཁུལ་དེའི་ནང་བདེ་ཆེན་ཞིང་སྒྲུབ་ཀྱི་སྨོན་ཆེན་མོ་ཚོགས་མི་ཆོག་པ་གསལ་འདུག་པ་དང་སྐབས་དེར་གསེར་རྟ་བླ་རུང་ཆོས་སྒར་རང་གི་གྲྭ་བཙུན་ཚོའི་ངོས་ནས་ཆོས་གསུང་ཆོག་ཀྱང་ཕྱི་ཕྱོགས་ཀྱི་གྲྭ་བཙུན་དང་ཆོས་ཞུ་བ་རྣམས་གསེར་རྟ་བླ་རུང་སྒར་དུ་ཕེབས་མི་ཆོག་པར་ནན་བརྗོད་བྱས་འདུགསྤྱིར་ལོ་ལྟར་གསེར་རྟ་བླ་རུ་སྒར་དུ་ཚོགས་སྲོལ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་སྨོན་ལམ་ཆེན་མོ་ནི་བོད་ཟླ་ ༩ ཚེས་ ༢༢ ལྷ་བབ་དུས་ཆེན་ཉིན་འཁེལ་གྱི་ཡོད་པ་དང་། དེ་ནི་གསེར་རྟ་བླ་རུང་སྒར་དུ་ཆོས་ཚོགས་ཆེན་མོ་བཞི་ཚོགས་སྲོལ་ཡོད་པའི་ནང་ནས་མི་ཚོགས་འདུ་འཛོམས་ཆེ་ཤོས་ཤིག་ཡིན་པ་མ་ཟད། སྨོན་ལམ་ཆེན་མོ་དེ་བོད་ཟླ་ ༩ ཚེས་ ༢༢ ནས་འགོ་འཛུགས་ཀྱིས་ཉིན་གྲངས་བརྒྱད་ཙམ་རིང་ཚོགས་ཀྱི་ཡོད་པ་དང་སྐབས་དེར་ཆོས་ཞུ་བའི་ངོས་ནས་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་འབུམ་ཕྲག་མང་པོ་གསུང་འདོན་གནང་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པ་རེད། རྩ་བའི་བོད་གསེར་རྟ་བླ་རུང་སྒར་དུ་དེ་སྔ་ ༢༠༡༦ ལོར་རྒྱ་གཞུང་གིས་བཙན་དབང་ཐོག་གྲྭ་བཙུན་རྣམས་ཀྱིས་གྲྭ་ཤག་གཏོར་བཤིག་དང་ཁོང་རྣམས་དགོན་པ་ནས་ཕྱིར་འབུད་བཏང་ནས་དཀའ་ངལ་དུ་མ་བྱུང་ཡོད་པའི་ཁྲོད་ལོ་དེར་བླ་རུང་སྒར་དུ་ལོ་ལྟར་ཚོགས་སྲོལ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་སྨོན་ལམ་ཚོགས་རྒྱུར་བཀག་སྡོམ་བྱས་པ་མ་ཟད། སྔ་ལོ་ཡང་གསེར་རྟ་བླ་རུང་དུ་སྨོན་ལམ་ཆེན་མོ་བཀག་སྡོམ་བྱས་ཡོད་པ་དང་ད་རེས་སླར་ཡང་བཀག་སྡོམ་བྱས་པ་ནི་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

   ཁྲི་ཀའི་ཁྱུང་མོ་དགོན་དུ་དགེ་བཤེས་མའི་མཛད་སྒོ་ཚོགས་པ།

མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཁྱུང་མོ་དགོན་དུ་བཙུན་མའི་དགེ་བཤེས་མའི་མཛད་སྒོ་ཞིག་ཚོགས་ཏེ་ཉིན་ལྔའི་རིང་གཞུང་ཆེན་བཀའ་པོད་ལྔར་རིག་པའི་དགག་སྒྲུབ་དང་དཔྱད་གླེང་གནང་ནས་དགེ་བཤེས་མའི་མཚན་རྟགས་བཞེས་མཁན་བཙུན་མ་ ༩ བྱུང་འདུག དེ་རིང་ཧི་མཱ་ལ་ཡི་བོན་ཞེས་པའི་བོད་ནང་གི་དྲྭ་རྒྱར་གནས་ཚུལ་སྤེལ་བར་གཞིགས་ཚེ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་མདོ་སྨད་ཁྲི་ཀའི་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ་གཞུང་ཆེན་ལྔ་དང་གབ་མཛོད་ས་གསུམ་ལ་སློབ་མཐར་ཕྱིན་པའི་གཡུང་དྲུང་བོན་གྱི་དགེ་བཤེས་མའི་མཛད་སྒོ་དངོས་སུ་ཚོགས་ནས་ཞོགས་པར་གཡུང་དྲུང་བོན་གྱི་དགེ་བཤེས་འགོ་བ་བསྟན་འཛིན་འབྲུག་གྲགས་དང་། དབུ་རི་དགེ་བཤེས་སྦྱིན་པ་བསྟན་འཛིན། དགེ་བཤེས་གཡུང་དྲུང་བསམ་གཏན་སོགས་དགེ་བཤེས་ཁག་ཅིག དགོན་བདག་བླ་མ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་དང་མཁན་པོ་བཟོད་པ་འགྱུར་མེད་མཆོག་རྣམ་གཉིས་དབུ་བཞུགས་ཐོག་མཛད་སྒོ་གཟབ་རྒྱས་ངང་འཚོགས་འདུག མཛད་སྒོ་དེར་མདོ་དབུས་ཁམས་གསུམ་གྱི་བཤད་གྲྭ་ཁག་ནས་བཙུན་མ་མང་དག་ཞིག་ཕེབས་ཡོད་པ་རྣམས་ཀྱིས་འདུལ་བ་དང་། དབུ་མ། མཛོད། ཕར་ཕྱིན། ས་ལམ། ཐེག་འགྲེལ། ཚད་མ། རྟགས་རིགས། བསྡུས་གྲྭ་སོགས་ཀྱི་རྟགས་གསལ་བཏང་སྟེ་འཆད་ཉན་ཀྱི་སློབ་སྦྱོང་ཕྱི་ལ་མངོན་པར་གནང་རྗེས་དགེ་བཤེས་མ་རྣམས་ལ་རྟེན་འབྲེལ་མཇལ་དར་དང་མཎྜལ་ཕུལ་ནས་ཐེངས་འདིའི་ཁྲི་ཀ་ཁྱུང་མོ་དགོན་གྱི་གཞུང་ཆེན་ལྔ་དང་གབ་མཛོད་ས་གསུམ་ལ་སློབ་མཐར་ཕྱིན་པའི་དགེ་བཤེས་མའི་མཛད་སྒོ་ལེགས་གྲུབ་བྱུང་འདུག རྩ་བའི་ཐེངས་འདིའི་ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་འདིའི་དགེ་བཤེས་མའི་མཛད་སྒོ་ཚོགས་པ་དེ་ནི་བོད་ནང་དུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་མཁན་བྱུང་ཡོད་ནའང་། ཕྱོགས་གཞན་ཞིག་ནས་འདི་ལོར་ཆབ་མདོ་ས་ཁུལ་ནས་ཀྱང་དགེ་བཤེས་མའི་མཚན་རྟགས་བཞེས་པའི་མཛད་སྒོ་ཞིག་ཚོགས་ཡོད་པར་གྲགས་ཀྱང་གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་ད་ལྟའི་ཆར་གསལ་ཁ་མེད་པ་རེད།དེ་བཞིན་བཙན་བྱོལ་ནང་ལ་ཆ་མཚོན་ན་འདས་བའི་ལོ་ངོ་ ༡༢༠༠ ལྷག་གི་ལོ་རྒྱུས་ནང་ཕྱི་ལོ་ ༢༠༡༦ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དྲུང་ནས་ཆེས་ཐོག་མའི་དགེ་བཤེས་མའི་ཕྱག་རྟགས་བཞེས་མཁན་བཙུན་མ་ ༢༠ བྱུང་ཡོད་པ་རེད། གཞི་རྩའི་ཁྱུང་མོ་དགོན་པ་ནི་དུས་རབས་ ༡༤ པའི་ནང་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་ ༡༣༠༢  ལོར་ཕྱག་བཏབ་པའི་བོད་མདོ་སྨད་བྱང་ཤར་ཁྲོད་ཀྱི་བོན་དགོན་ཞིག་ཡིན་པ་དང་། མཚོ་སྔོན་པོའི་ལྷོ་རྒྱུད་ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ་ ༡༥ ཙམ་གྱི་ས་མཚམས་སྟོང་ཆེ་ཞེས་པའི་ལུང་པ་དེར་ཡོད་པ་རེད།  ད་ལྟའི་ཆར་དེར་གྲྭ་བ་རྒན་གཞོན་དྲུག་ཅུ་ཙམ་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོ་ནས་དགོན་པ་དེར་གསར་འཛུགས་གནང་བའི་ཁྱུང་མོ་དགེ་རྒྱས་སློབ་གླིང་ཞེས་པའི་དྭ་ཕྲུག་གི་སློབ་གྲྭ་ཞིག་དབུ་འཛུགས་གནང་ནས་གྲྭ་ཚང་གི་བསླབ་པ་འཆད་ཉན་ཙམ་དུ་མ་ཟད་སྤྱི་ཚོགས་ཞབས་ཞུའི་ལས་གཞི་རྒྱ་ཆེར་གཉེར་བཞིན་པའི་དགོན་པ་ཞིག་ཆགས་ཀྱི་ཡོད་པ་རེད།

གཟའ་འཁོར་གཅིག་གི་ནང་བོད་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་གསུམ་བྱུང་བ།

དེའང་ཟླ་བ་འདིའི་ཚེས་ ༡༧ ཉིན་ཞོགས་པར་སླར་བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་རི་བོ་ཞིག་ཉིལ་བས་གཙང་ཆུའི་བཞུར་རྒྱུན་བཀག་པར་བརྟེན་གོད་ཆག་བྱུང་ཁུལ་གྱི་དུད་ཚང་མང་པོ་ཞིག་འཕྲལ་དུ་གནས་སྤོ་བྱེད་དགོས་བྱུང་འདུག རི་ཉིལ་བའི་རྐྱེན་གྱིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འགག་ནས་སྐྱིལ་ཆུ་འཁྱིལ་ཡོད་པར་མ་ཟད་ཆུའི་གསོག་ཚད་སྨི་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཟིན་ཡོད་པས་ཡུལ་དངོས་ཀྱི་བོད་མི་དག་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་ཀྱང་གནས་སྐབས་རིང་ཡུལ་མི་དང་ཕྱུགས་ཟོག་སོགས་ལ་དོན་རྐྱེན་བྱུང་མེད་པ་རེད།རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པར་རི་ཉིལ་བའི་གོད་ཆག་བྱུང་ས་ནས་མེ་ཏོག་རྫོང་ལ་བར་ཐག་སྤྱི་ལེ་ ༡༧༥ ཡོད་པ་དང་རང་བྱུང་གོད་ཆག་བྱུང་མ་ཐག་རིམ་པ་དང་པོའི་ཉེན་སྐྱོབ་ཐབས་བྱུས་ལག་བསྟར་བྱས་ཏེ་ཉིང་ཁྲི་དྲག་ཆས་ཉེན་རྟོག་ཁང་གི་ཡན་ལག་སོགས་ནས་དམག་མི་ ༧༠༠ ལྷག་གྲ་སྒྲིག་བྱས་ཡོད་པ་བཀོད་འདུགགཞན་ཡང་མཚོ་སྔོན་ཞིང་ཆེན། ཁྲི་ཀ་རྫོང་། འཕྲང་དམར་གྲོང་བརྡལ་གྱི་ལྷ་སྡེ་ཡུལ་ཚོའི་དབྱར་ས་བྲག་དཀར་རྫ་རིའི་ཁུལ་དུ་ཡང་རི་ཉིལ་བྱུང་ཡོད་པ་དང་། ཡུལ་དངོས་ཀྱི་མིས་འགྲེལ་བརྗོད་བྱས་པ་ལྟར་ན་རི་ཉིལ་དེ་ད་དུང་མཚམས་ཆད་མེད་པར་མུ་མཐུད་དུ་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད་ནའང་།  རྒྱུག་ཆུ་ཆེན་པོ་འགག་པ་ལྟ་བུའི་དོན་རྐྱེན་བྱུང་མེད་པས་ཡུལ་དངོས་ཀྱི་མི་མང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་མེད་པར་འགྲེལ་བརྗོད་བྱས་ཡོད། དེ་བཞིན་ཟླ་བ་འདིའི་ཚེས་ ༡༡ ཉིན་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་སུ་རི་ཉིལ་བྱུང་བར་བརྟེན་རང་བྱྱུང་གོད་ཆག་བྱུང་ཡུལ་གྱི་གྲོང་ཚོ་ ༡༠ ཡི་ཡུལ་མི་ ༡༣༠༠༠ ལྷག་གནས་སྤོ་བྱས་ཡོད་པ་མ་ཟད། ཡུལ་དངོས་ཀྱི་ཁང་པ་ཁ་ཤས་ཆུ་ལ་འཐིམ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།སྤོ་ལོ་ཡུལ་ཚོའི་མི་མང་གིས་འགྲེལ་བརྗོད་བྱས་པར་རྒྱ་ནག་གིས་བོད་ས་གང་སར་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་མ་ཟད། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱི་མཚོན་པའི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་འཚབ་ཆེན་གཏོང་བཞིན་ཡོད་སྟབས་བོད་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པ་མ་ཟད།  གནམ་གཤིས་འགྱུར་ལྡོག་ལའང་་ཤུགས་རྐྱེན་ཆེན་པོ་ཐེབས་ནས་དབྱར་དུས་སུ་ཚ་བ་ཤུགས་ཆེ་འཕར་བཞིན་པ་ལྟར། དགུན་དུས་སུ་གནམ་གཤིས་ཧ་ཅང་ཇེ་འཁྱགས་སུ་འགྲོ་བཞིན་ཡོད་པ་རེད། ཟླ་བ་འདིའི་ཚེས ༡༥ ཉིན་ FreeTibet ཞེས་པའི་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་ཏེ། རྒྱ་ནག་གིས་བོད་ས་ཁུལ་དུ་ཁོར་ཡུག་གཏོར་བཅོམ་གྱི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་ཡོད་སྟབས། ས་གནས་ཀྱི་ཡུལ་མི་ ༡༧༠༠༠ ལྷག་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་བཙན་དབང་གིས་གནས་སྤོ་བྱས་ཡོད་པ་ Tibet Justice Center ཡི་སྙན་ཐོ་ལས་ལུང་འདྲེན་བྱས་ཡོད་པ་དང་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གི་བཟོ་ལས་ཀྱི་དགོས་མཁོ་དང་བསྟུན་པའི་ཐོག་ནས་བོད་ནང་གི་རང་བྱུང་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་མུས་ཡིན་པར་བརྟེན།  ཡུལ་མི་ཚོས་རང་གི་ས་གནས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་མ་ཟད། རང་བྱུང་གོད་ཆག་གི་ཉམས་ཉེས་ཕོག་ས་ཡང་ས་གནས་ཀྱི་བོད་རིགས་ཡུལ་མི་རང་ཆགས་ཡོད་སྐོར་འཁོད་ཡོད།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པའི་ཞུ་སྐུལ་སྐད་འབོད།

ཁ་སང་ཚེས་ ༡༨ ཉིན་ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་ཁང་ལྟེ་བའི་ནང་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་མགོ་འཛུགས་གནང་བ་དང་བསྟུན་ཁུལ་དེར་གནས་ཞུགས་ས་གནས་བོད་མི་དང་ཡུ་གུར་བ། ལྷོ་སོག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་ཡུལ་མི་བཅས་ཁྱོན་མང་ཚོགས་ ༡༥༠ ལྷག་ལྷན་འཛོམས་ཐོག་ཡོ་རོབ་མཐུན་ཚོགས་ནས་ཐེངས་འདིའི་ཚོགས་ཆེན་ཐོསྟེང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་སྐད་འབོད་གནང་འདུག གཞི་རྩའི་ཞུ་སྐུལ་སྐད་འབོད་ཀྱི་ལས་འགུལ་དེ་བཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ་དང་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡིན་པ་རེད། སྐབས་དེར་ཁོང་རྣམས་ནས་ལྷན་ཚོགས་ཐོག་བཅར་བའི་རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་གཙོས་པའི་རྒྱ་ནག་གི་སྐུ་ཚབ་རྣམས་ལ་ངོ་རྒོལ་དང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་རྣམས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་འབྲེལ་རྒྱ་ནག་གི་སྐུ་ཚབ་དང་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་གནང་འདུགལས་འགུལ་ཐོག་མཉམ་ཞུགས་བ་ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ནས་ང་ཚོས་བོད་དང་ཡུ་གུར། སོག་པོ་བཅས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་ནས་རྒྱ་ཁབ་ཀྱི་བདེ་འཇགས་དང་ཆིག་སྒྲིལ་ཞེས་པའི་མིང་བྱང་འོག་བོད་མི་དང་ཡུ་གུར་བ། སོག་པོ་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད།  ལྷག་པར་དུ་བོད་མིའི་ཐུན་མོང་མ་ཡིན་པའོ་ངོ་བོ་རྩ་མེད་གཏང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད།  ང་ཚོས་དུས་རྒྱུན་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་དོན་དུ་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་སྐུ་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་ཞི་བ་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་འཁོད་ཡོད།ཁྲིམས་ལུགས་གང་འདྲ་ཞིག་གསར་བཟོ་བྱ་ཚེ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་མི་མང་གི་འཚོ་རྟེན་དང་དཔལ་འབྱོར། དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་ལ་དོ་ཕོགས་མ་ཐེབས་པ་ཞིག་བཟོ་དགོས་གལ་ཡིན་སྐོར་ཡང་ཡང་བརྗོད་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ནས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་རང་དབང་དང་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་རྣམས་ཐུན་མོང་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ལྷན་ཚོགས་སྐབས་སུ་ཚོང་དོན་སྐོར་གླེང་བ་ལས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་གི་མེད་སྟབས། ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་ཐོག་ལྷན་ཚོགས་དེ་དག་ཐོག་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པར་ཞུ་སྐུལ་གནང་དགོས་པ་མ་ཟད། ལྷག་དོན་དུ་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ Li Keqiang སླེབས་ཡོད་སྟབས་ཞུ་སྐུལ་དང་སྐད་འབོད་གནང་རྒྱུ་དེ་བས་ཀྱང་གནད་ཆེ་བ་རེད་ཅེས་གསུངས་འདུག  དེ་བཞིན་ UNPO ཚོགས་པའི་ཞུ་གཏུགས་འགན་འཛིན་ལྕམ་ Lucia Parrucci ལགས་ཀྱིས་ནོར་འཁྲུལ་གང་ཡང་མེད་པར་རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་རྣམས་ཀྱི་བདེ་སྡུག་གླེང་རྒྱུའི་འོས་འགན་འདི་ཡོ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ལ་ཡོད་སྟབས། ཡོ་རོབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཐོག་རྒྱ་ནག་གཞུང་དང་རྒྱ་ནག་གི་སྐུ་ཚབ་རྣམ་པར་དེ་འབྲེལ་འདྲི་རྩད་དང་གླེང་སློང་གནང་གལ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་ཁ་སང་བྷེལ་འཇམ་གྱི་རྒྱལ་ས་ Brussels ནང་དུ་མགོ་འཛུགས་གནང་བའི་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་དེ་རིང་མཇུག་སྒྲིག་གནང་གི་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་ཕྱོགས་ནས་ Li Keqiang གྱིས་གཙོས་པའི་སྐུ་ཚབ་མི་སྣ་ཁག་ཅིག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་གནད་ཡོད་འགོ་ཁྲིད་བཅས་ནས་མཉམ་ཞུགས་ཐོག་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་སྐོར་གྲོས་བསྡུར་གནང་གི་ཡོད་པ་རེད།

རྒྱ་ནག་གི་ལས་བཟོ་བས་ས་གནས་བོད་མིར་རྡུང་རྡེག་བཏང་བ།

རྒྱ་ནག་གི་འཛུགས་སྐྲུན་ལས་བཟོ་བས་ས་གནས་ཀྱི་བོད་མི་ཁ་ཤས་ལ་རྡུང་རྡེག་བཏང་བ་དང་རླངས་འཁོར་གྱིས་བརྫིས་བ་སོགས་ཀྱིས་རྨས་སྐྱོན་བཟོས་ཡོད་སྟབས་སྨན་ཁང་དུ་བསྐྱལ་འདུག དེའང་ཟླ་བ་འདིའི་ཚེས་ ༡༡ ཉིན་མདོ་སྨད་ཆབ་ཆ་རྫོང་ཆོས་རྗེ་ཡུལ་ཚོའི་མཆོད་རྟེན་ཐང་སྡེ་བར་རྒྱ་ནག་གིས་གློག་བཟོའི་ལས་འཆར་ཞིག་མགོ་བཙུགས་ཡོད་པ་དང་།  སྐབས་དེར་ས་གནས་ཡུལ་མིས་རང་གི་ས་ཐོག་ཏུ་རླངས་འཁོར་ཆེ་ཆུང་མང་དག་ཞིག་བཏང་ན་རྩྭ་ས་འཕྲོ་བརླག་ཏུ་འགྲོ་ཉེན་ཡོད་པས་གུན་གསབ་མ་དངུལ་སྤྲོད་དགོས་པར་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གི་ལས་བཟོ་བས་རེ་འདུན་དེར་ངོས་ལེན་མ་བྱས་པར་དངོས་སུ་ལས་གཞི་མགོ་འཛུགས་བྱས་པར་བརྟེན་ས་གནས་ཀྱི་རྩྭ་སའི་བདག་པོ་དག་གིས་ལས་གཞི་ལ་བཀག་འགོག་བྱས་ཡོད་སྟབས་རྒྱའི་ལས་བཟོ་བ་དང་ས་གནས་བོད་རིགས་དབར་འཁྲུག་པ་ཤོར་ནས་ཡུལ་མི་ཁག་ཅིག་ལ་རྡུང་རྡེག་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད། ཡུལ་དངོས་ཀྱི་འཁྲུག་འཛིང་གི་བརྙན་པར་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་འགྲོ་བཞིན་པར་གཞིགས་ཚེ་ས་གནས་ཀྱི་བོད་རིགས་ཚོས་འཁྲུག་པ་མ་རྒྱག་ཅེས་རེ་སྐུལ་གནང་བཞིན་ཡོད་ནའང་། རྒྱ་ནག་གི་ལས་བཟོ་བ་དེ་དག་གིས་བོད་པ་ཞིག་ལ་རུབ་རྡུང་བྱེད་བཞིན་ཡོད་མ་ཟད། རླངས་འཁོར་གྱིས་བོད་མི་ཞིག་ལ་གདོང་ཁ་བརྒྱབས་ནས་ས་ལ་འགྱེལ་རྗེས་སླར་རུབ་རྡུང་བྱེད་བཞིན་པ་མངོན་རྒྱུ་འདུག སྐབས་དེར་ས་གནས་ཀྱི་བོད་རིགས་ཚོས་དེ་མ་ཐག་ཏུ་ས་གནས་ཉེན་རྟོག་པར་ཁ་པར་ཐོངས་ཟེར་བ་སོགས་གསལ་པོ་མངོན་གྱི་འདུག རྗེས་སུ་ས་གནས་ཉེན་རྟོག་པ་འཁྲུག་འཛིང་གི་ཡུལ་དངོས་སུ་འབྱོར་ནས་བར་འདུམ་བྱས་པ་དང་རྨས་སྐྱོན་ཕོག་པའི་བོད་མི་གཉིས་སྨན་ཁང་དུ་སྐྱེལ་ཐུབ་པ་བྱུང་འདུག་པ་དང་། གནས་སྐབས་རིང་གློག་བཟོའི་ལས་འཆར་དེ་ལས་མཚམས་བཞག་ཡོད་ཀྱང་རྨས་སྐྱོན་ཕོག་པའི་བོད་མི་གཉིས་ཀྱི་གནས་སྟངས་ཇི་ཆགས་གསལ་ཁ་གང་ཡང་བྱུང་མེད་པ་རེད།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་གཞུང་ལམ་བསྐྱར་གསོ་དགོས་པའི་འབོད་སྐུལ་ལ་ངོས་ལེན་མེད་པར་སྡིགས་ར་སྐུལ་བ།

བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་བོད་མི་ཚོས་གོང་རིམ་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་གཞུང་ལམ་བསྐྱར་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་སྲིད་གཞུང་ནས་ངོས་ལེན་མེད་པར་སྡིགས་ར་སྐུལ་འདུག དེ་རིང་འདི་ག་རླུང་འཕྲིན་ཁང་ལ་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་གྲོང་སྡེ་གསུམ་ནང་གཞུང་ལམ་གྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་གྱི་ཀ་རོང་དང་རྡོ་ལུང་། གོང་ཆེན་སྡེ་བ་བཅས་ཀྱི་ནང་དེ་སྔ་ནས་གཞུང་ལམ་གྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ད་བར་ས་གནས་སྲིད་གཞུང་ནས་དེར་ཁ་ཡ་མ་བྱས་ནས་ལོ་ཤས་འགོར་ཡོད་པའི་ཁྲོད་ཉེ་ལམ་ས་གནས་སྲིད་གཞུང་དང་སྡེ་བ་གསུམ་བར་གྱི་གཞུང་ལམ་སྤྱི་ལེ་ ༣༥ ནས་སྤྱི་ལེ་ ༡༠ ཙམ་གྱི་ལམ་ཁ་ཧ་ཅང་སྐྱོ་པོ་ཆགས་ནས་བསྐྱར་བཟོ་བྱེད་འཇུག་གི་མེད་སྟབས། ས་གནས་མི་མང་གི་འགྲོ་བསྐྱོད་ལ་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་པ་མ་ཟད། དམེ་ཤུལ་གྲོང་བརྡལ་ནས་ཁྲི་ཀ་རྫོང་བར་གྱི་སྤྱི་ལེ་ ༤༩ ཡོད་པའི་གཞུང་ལམ་དེར་ད་ལོའི་དབྱར་དུས་ཀྱི་ཆར་ཆུ་ཡིས་འདམ་འབག་འཁོར་བ་དང་འཐོར་ཞིག་ཏུ་སོང་བ་སོགས་ཀྱིས་ས་གནས་སུ་འགྲིམ་འགྲུལ་དོན་རྐྱེན་གྱི་དཀའ་ངལ་དུ་མ་འཕྲད་སྟབས་ད་ལན་སྡེ་བ་གསུམ་གྱིས་བསྐྱར་དུ་གོང་རིམ་ལ་གཞུང་ལམ་གྱི་གནས་སྟངས་ཡར་ཞུས་ཏེ་དུས་ཐོག་ཏུ་དཀའ་ངལ་སེལ་ཐབས་ཡོང་བར་རེ་བ་ཞུས་འདུག་ཀྱང་། གོང་རིམ་སྲིད་གཞུང་ནས་སྙན་ཞུའི་ཡི་གེ་དེ་ཡར་མར་སུས་བཀྲམ་པ་ཡིན་ནའང་དཀའ་ངལ་འཕྲད་རྒྱུ་ཡིན་པས་མཇུག་འབྲས་ལ་སོ་སོས་འགན་འཁུར་དགོས་པའི་སྡིགས་ར་སྐུལ་བཞིན་ཡོད་པ་རེད་འདུགདེ་བཞིན་གནས་ཚུལ་མཁོ་སྤྲོད་པས་ད་ལན་གོང་རིམ་ལ་ཕུལ་བའི་སྙན་ཞུའི་ནང་སྡེ་བ་གསུམ་གྱི་དོ་དམ་ལྷན་ཁང་ཟེར་བའི་འོག་དུད་ཁྱིམ་ ༩༠༠ དང་མི་གྲངས་ ༢༧༠༥ ཡོད་པ་དང་དེའི་ཁྲོད་དུད་ཁྱིམ་ ༢༦༦ དབུལ་ཁྱིམ་ཡིན་པས་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་སྐྲུན་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད། ནགས་ཚལ་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ལའང་དཀའ་ངལ་འདུག་ཅེས་བྲིས་ཡོད་པ་དང་ཆབས་ཅིག སྲིད་གཞུང་ནས་ས་གནས་བོད་མིའི་འབོད་སྐུལ་ལ་ངོས་ལེན་མེད་པར་སྡིགས་ར་སྐུལ་བཞིན་ཡོད་སྟབས། མི་མང་གིས་གོང་རིམ་ནས་གཞུང་ལམ་བོཟ་བར་བཀག་འགོག་བྱེད་དགོས་དོན་གང་ཡིན་དང་ཁོ་ཚོས་ད་བར་མིག་ཞར་ནས་གཞུང་ལམ་མ་བཟོ་ནའང་མི་མང་གིས་དང་བླངས་ཐོག་ལམ་ཁ་བཟོ་དགོས་ཞུས་པར་གང་བཤད་བཞིན་ཡོད་ཅེས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་སྐོར་གསུངས་སོང་།

Latest news