Tibetan Royal Year of 2151 | Year of the Wood Dragon

བོད།

ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

དེའང་ཁ་ཉིན་ཟླ་ ༣ ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༠ ཡས་མས་ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དོན་ནི་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བ་ཡོད་པ་དང་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་འོག་འཛིན་བཟུང་བྱས་འདུག ཁ་ཉིན་ཟླ་ ༣ ཚེས་ ༢༨ ཉིན་འབར་ཁམས་མི་མང་ཁྲིམས་ཁང་གིས་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་ནས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག གཞི་རྩའི་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ནི་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན་པ་དང་ད་ལྟ་རང་ལོ་ ༣༦ སོན་ཡོད་པ་རེད་འདུག ཁོང་གི་ཕ་ཡུལ་ནི་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་འདུག

ཁམས་འབྲི་རུའི་སེབ་ཁྲ་རྫ་རྒན་གནས་རི་ནས་གཏེར་ཁ་བསྔོག་འདོན་བྱ་འཆར་འདུག

ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་དམར་སྐོར་གྲོང་ཚོ་དང་ཐག་ཉེ་བའི་སེབ་ཁྲ་རྫ་རྒན་ཞེས་པའི་གནས་རི་ནས་རྒྱ་ནག་གཏེར་འདོན་ཚན་པས་ས་གནས་མང་ཚོགས་ནས་འདོད་པ་མེད་བཞིན་དུ་བཙན་ཤེད་ཀྱིས་གཏེར་ཁ་བསྔོག་འདོན་བྱ་རྒྱུར་ཐག་གཅོད་བྱས་འདུག་པ་དང་། ཉེ་ཆར་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༥ ཙམ་ནས་གཏེར་ཁ་བསྔོན་འདོན་ཆེད་རི་ཐང་གྲོང་དུ་སྒར་རྒྱག་རྒྱུའི་གྲ་སྒྲིག་ཆེད་དར་དམར་ཆུང་ཆུང་ཧ་ཅང་མང་པོར་བཙུགས་ཡོད་པ་རེད་འདུག གལ་ཏེ་གཏེར་ཁ་སྔོན་འདོན་བྱ་ཚེ་རི་དེར་གནས་པའི་རི་དྭགས་གནའ་བ་དང་རྒོ་བ་སོགས་རྩ་མེད་དུ་འགྲོ་རྒྱུ་དང་། གཡས་ཀྱི་བྲག་དཀར་ཡོད་པའི་རྫ་རི་དེ་ཉིལ་རྒྱུའི་ཉེན་ཁ་ཡོད་པ་མ་ཟད། ཡུལ་ལུང་དེའི་ནང་ལ་གནོད་སྐྱོན་མང་པོ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༧ ལོ་སྨད་ནས་གཏེར་ཁ་སྔོན་འདོན་ཆེད་རླངས་འཁོར་ལམ་བཟོས་པ་དང་། དམར་སྐོར་གྲོང་ཚོ་གཙོ་བོར་བྱས་པའི་ཉེ་འཁོར་གྲོང་མི་རེ་རེ་བཞིན་མིང་རྟགས་འགོད་དུ་བཅུག་ནས་གལ་ཏེ་མི་འདོད་པའི་རྣམ་འགྱུར་ཅུང་ཙམ་བསྟན་ཚེ་འགྲོ་ས་གཅིག་ལས་མེད་པའི་སྡིག་ར་སྐུལ་འདུག དམར་སྐོར་གྲོང་མི་ཚོའི་གྲོང་དཔོན་ཀརྨ་ཞེས་པས་གནས་རི་འདི་ནི་ནགས་ཤོད་ཀྱི་རི་ཆེན་ཞིག་ཡིན་པས་ངས་མོས་མཐུན་ཞུ་མི་ཐུབ་པ་དང་གལ་ཏེ་ནགས་ཤོད་འབྲི་རུའི་མི་ཆེན་བསྟན་འཛིན་དང་རག་སྡིས་གཉིས་ནས་མོས་མཐུན་ཡོད་པའི་མིང་རྟགས་ཁྱེར་ཡོང་ཚེ་ང་ལ་བཤད་རྒྱུ་མེད། དེ་མིན་ངོས་ལེན་མེད་ཅེས་བརྗོད་སྐབས་ཁོང་འཛིན་བཟུང་བྱས་ཡོད་འདུག སྤྱིར་འབྲི་རུ་སེབ་ཁྲ་རྫ་རྒན་ཞེས་པའི་རི་བོ་དེ་ནི་ནགས་ཤོད་འབྲི་རུའི་བྱང་ཕྱོགས་ཀྱི་གནས་རི་རྩ་ཆེན་ཞིག་ཡིན་པ་དང་། འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ཏུ་གྲགས་པའི་གནས་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་དེང་སྐབས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཁོངས་སུ་གཏོགས་པ་དམར་སྐོར་གྲོང་ཚོའི་ནང་གནས་ཡོད་པ་དང་། གནས་དེ་བོན་དང་ནང་པ་གཉིས་ཀྱི་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཡོད་པ་མ་ཟད་གནའ་ཤུལ་དང་། རང་བྱུང་ཁམས་ཀྱི་བཀོད་པ། རྩ་ཆེའི་རི་དྭགས་སོགས་ངོ་མཚར་བརྗོད་ཀྱི་མི་ལང་བ་ཡོད་པ་ཡོད་པ་རེད་འདུག

རྩོམ་པ་པོ་ཞོགས་ལྗང་ལགས་བཙོན་གྲོལ་ཐོབ་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁ་སང་ཟླ་ ༣ ཚེས་ ༡༩ ཉིན་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་པའི་རྩོམ་པ་པོ་དང་བོད་མིའི་རང་དབང་རྩོད་ལེན་པ་ཞོགས་ལྗང་ལགས་རྒྱ་གཞུང་གི་བཙོན་ཁང་ནས་བཙོན་འཇུག་གི་ལོ་དུས་ཚང་ནས་བཙོན་གྲོལ་ཐོབ་འདུག་པ་དང་། རྩོམ་པ་པོ་ཞོགས་ལྗང་ལགས་བཙོན་གྲོལ་ཐོབ་རྗེས་ཁོང་རང་ཉིད་ཀྱི་འཁྲུངས་སྐྱེས་ཡུལ་ལ་འབྱོར་ཡོད་ཀྱང་ས་མ་རུབ་ཀྱི་བར་དུ་རང་ཁྱིམ་ལ་ཕེབས་བཅུག་མི་འདུག འོན་ཀྱང་ས་རུབ་པའི་རྗེས་སུ་ཁྱིམ་ལ་ཕེབས་བཅུག་ཡོད་པ་ལྟར། སྐབས་དེར་ས་གནས་མང་པོ་ཞིག་ནས་ཆེད་དུ་བཅར་བའི་འཚམས་འདྲི་ཞུ་མཁན་བོད་མི་མང་དག་འབྱོར་ཡོད་པ་རེད་འདུག གཞི་རྩའི་རྩོམ་པ་པོ་ཞོགས་ལྗངས་ལགས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་དངོས་སུ་སློབ་གྲྭའི་ཐང་ཆེན་དུ་འཛོམས་ཏེ།༼བོད་མིའི་སྐྱིད་སྡུག་མཉམ་མྱོང་།༽ཞེས་པའི་འཕྲེད་དར་བསྣམས་ཏེ་ཞི་རྒོལ་འགོ་ཁྲིད་མཁན་དང་མི་རིགས་ཁ་བྲལ་གྱི་བསམ་བློ་བཅངས་ཏེ་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༠ ལོར་རྩོམ་པ་པོ་ཐེའུ་རིང་དང་ཞོགས་ལྗང་གཉིས་སློབ་གྲྭ་ནས་འཛིན་བཟུང་བྱས་ནས་ཟླ་བ་གཅིག་ལྷག་གི་རིང་ཞི་དྲག་གཉིས་ཀྱི་ཐོག་ནས་འདྲི་རྩད་བཀག་བསྐྱིལ་བྱས་མཐར་གློད་བཀྲོལ་བཏང་ཡོད་པ་དང་། དེ་རྗེས་བོད་མིའི་རང་དབང་དང་། མང་གཙོ། ལྷག་དོན་ས་གནས་དུ་སྐོར་བསྐྱོད་ཀྱི་མཐོང་ཐོས་སྐོར་ཟིན་བྲིས་སོགས་སྤེལ་སྟབས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་རེབ་གོང་ནས་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད། སླར་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིག་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁ་སང་བརྒྱུད་ལམ་ཁག་ཏུ་ཞོགས་ལྗང་ལགས་བཙོན་འགྲོལ་ཐོབ་པའི་གནས་ཚུལ་ཐོན་མ་ཐག་བོད་དོན་ལས་འགུལ་བ་རྣམས་ནས་ཁོང་ལ་དགའ་བསུ་ཞུས་པ་དང་ཆབས་ཅིག ད་ལྟའི་ཆར་ཞོགས་ལྗང་ལགས་བཙོན་འགྲོལ་ཐོབ་ཡོད་ནའང་ལོ་གཉིས་ཀྱི་རིང་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཐོག་བཞུགས་དགོས་ཀྱི་ཡོད་སྟབས། གནད་དེའི་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་དང་འབྲེལ། རྒྱ་ནག་གཞུང་གིས་ཐོག་མ་ཉིད་ནས་ཞོགས་ལྗང་ལགས་སུ་ཉེས་མེད་ཉེས་འཛུགས་བྱས་པར་སྐྱོན་བརྗོད་གནང་བ་མ་ཟད། བོད་ནང་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་སྤྱི་ཚོགས་ཁྲོད་འཚོ་གནས་གནང་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་ཐོག་ཞོགས་ལྗང་ལགས་ཀྱི་ཆབ་སྲིད་ཀྱི་ཁེ་དབང་ཕྱིར་སྤྲོད་དགོས་པ་དང། ཁོང་ལ་དམ་དྲག་དང་སུན་གཙེར་སོགས་བཟོ་རྒྱུ་འཕྲལ་མར་མཚམས་འཇོག་དགོས་པའི་ཞུ་འབོད་གནང་འདུག

སེར་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་གཉིས་འཛིན་བཟུང་དང་གཅིག་གློད་བཀྲོལ་བཏང་འདུག

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་འདུག དེ་ཡང་གྲྭ་བློ་བཟང་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་གིས་དབོན་པོ་དགོན་ནས་རྒྱུ་མཚན་ཇི་ཡིན་གསལ་བཤད་མེད་པར་འཛིན་བཟུང་བྱས་སྟབས། ས་གནས་མང་ཚོགས་ནང་ཀྱང་ཁོང་ཅི་ཕྱིར་འཛིན་བཟུང་བྱས་སྐོར་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་ཕྱོ་ལོ་ ༢༠༡༧ ཟླ་ ༡༢ པའི་ཟླ་མཇུག་ཏུ་དར་ལག་རྫོང་ནས་རྒྱ་གཞུང་གིས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་བར་ཁོང་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པ་གྱུར་ཡོད་པ་རེད། གཞན་ཡང་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་མོར་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་ཞི་རྒོལ་སྐད་འབོད་གནང་མཁན་ལྷ་ས་སེ་ར་དགོན་བྱ་བྲལ་ཁང་ཚན་གྱི་དགེ་འདུན་པ་ ༡༥ ལས་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་དབོན་པོ་དགོན་གྱི་གྲྭ་བློ་གྲོས་ལགས་ཟླ་ ༣ ཚེས་ ༡༢ ཉིན་བཙོན་འཇུག་དུས་ཡུན་རྫོོགས་ཏེ་བཙོན་གྲོལ་ཐོབ་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ལྷ་ས་ནས་འཛིན་བཟུང་བྱས་པའི་དབོན་པོ་བསོད་ནམས་གྲགས་པ་དང་། མི་སྐྱ་དབོན་པོ་ཟླ་ཤར་གཉིས་ལ་ཡང་ལོ་བཅུ་རེའི་ཁྲིམས་ཐག་བཅད་ཡོད་ཀྱང་ད་དུང་བཙོན་གྲོལ་བཏང་མེད་པ་མ་ཟད་ད་ལྟའི་ཆར་སེར་ཤུལ་རྫོང་ཁོངས་སུ་དྲ་རྒྱ་བཀག་འགོག་བྱས་པར་བརྟེན་ས་ཁུལ་དེའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་ཞུ་རྒྱུར་དཀའ་ངལ་ཡོད་པ་རེད་འདུག

ས་གནས་སུ་དམ་དྲག་རྐྱེན་པས་ཚེ་ཁོ་ལགས་ཀྱི་རང་སྲེག་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་བར་གྱུར་འདུག

ཁ་སང་ཕྱི་ཟླ་ ༣ ཚེས་ ༧ ཉིན་བོད་ནང་གི་ཕྱི་དྲོ་ཚོུད་ ༥ ཙམ་ལ་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་ཡིན་པའི་རྒྱལ་གཅེས་པ་ཚེ་ཁོ་ལགས་ནས་རྨེའུ་རུ་མ་ཡུལ་ཚོའི་ཐོག་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་ལྟར། རྒྱལ་གཅེས་པ་ཁོང་སྐབས་ཐོག་དེ་གར་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་རྒྱལ་གཅེས་པ་ཚེ་ཁོ་ལགས་དམ་པ་དེ་ཉིད་སྐོར་ལ་བཅར་འདྲི་ཞུས་པར་རྒྱལ་གཅེས་པ་ཁོང་གི་ཁྱིམ་ཚང་དེ་ནི་བོད་ལ་རྒྱལ་ཞེན་ཆེ་བའི་བོད་རིགས་ཤིག་ཡིན་པ་དང་། ཁོང་དང་ཕ་གཅིག་པ་ཡིན་པ་སྤུན་མཆེད་གྲྭ་ས་སྙིང་ཞུ་མཁན་ཞིག་དེ་སྔ་ ༢༠༠༨ ལོར་རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་ནས་བཀྲོངས་འདུག་པ་དང་། དེ་བཞིན་ཁོང་དང་ཕ་གཅིག་ཡིན་པ་ཨོ་རྒྱན་རྒྱ་མཚོ་ལགས་ཞུ་མཁན་ཞིག་ཀྱང་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག གནས་ཚུལ་མཁོ་སྤྲོད་པར་ཁ་སང་རྨེའུ་ར་མར་རང་ལུས་མེར་སྲེག་དང་དེའི་རྗེས་འབྲེལ་གྱི་གནས་ཚུལ་སྐོར་ལ་བཅར་་འདྲི་ཞུས་སྐབས་ས་གནས་ཀྱི་དམ་དྲག་ལ་གཞིགས་ནས་རང་ལུས་མེར་སྲེག་གནང་སྐབས་དང་དེའི་རྗེས་ཀྱི་གནས་ཚུལ་སྐོར་ཤེས་རྟོགས་དཀའ་བར་གྱུར་ཡོད་པ་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་ ༡༥༢ ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་དེའི་ཁྲོད་བོད་མི་ ༡༢༩ འདས་གྲོངས་སུ་གྱུར་ཡོད་པ་རེད། རྔ་བ་རྨེའུ་རུ་མ་ནས་ཡིན་པའི་རྒྱལ་གཅེས་པ་དེ་ཉིད་ནི་ལོ་འདིའི་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་ཆགས་ཡོད་པ་རེད། རྩ་བའི་ཚེ་ཁོ་ལགས་རང་ལོ་ ༤༤ ཡིན་འདུག་པ་དང་རྨེའུ་རུ་མ་རུ་ཆེན་བཞི་པ་གནམ་མཚོ་མ་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཀ་དག་དང་མ་མིང་ལ་སྐྱིད་ལྷ་རེད་འདུག ཁོང་ཆུང་ངུ་སྐབས་གནམ་མཚོ་དགོན་དུ་གྲྭ་ཞུགས་གནང་འདུག་ཀྱང་། ཕྱིས་སུ་སྐྱ་སར་བབས་ནས་ཁྱིམ་ཐབ་བཟུང་ཡོད་སྟབས་ཤུལ་ལུས་བཟའ་ཟླ་དང་ཕྲུ་གུ་བཅས་འདུག

རྒྱ་གཞུང་ནས་བོད་རིགས་ཡོངས་ལ་ཁྲ་བྲལ་བར་ལྟ་ཕྱོགས་འཛིན་པ་དེ་མཚམས་འཇོག་དགོས།

རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་བོད་རིགས་བེུད་རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་རིགས་ཡོངས་རྫོགས་ཁ་བྲལ་བར་ངོས་འཛིན་བྱེད་བཞིན་པའི་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག ཉེ་བའི་ཆར་རྒྱ་ནག་གྱི་རྒྱལ་ས་པི་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་བཅས་འཚོགས་བཞིན་ཡོད་པ་དང་བསྟུན་ཧོང་ཀོང་དུ་ཡོད་པའི་ The South Morning China Post ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་ཐོག་རྒྱ་གཞུང་གིས་མཐོ་རིམ་དཔོན་རིགས་ཚོས་བོད་རིགས་རྫོགས་ལ་ཁ་བྲལ་བར་ལྟ་ཚུལ་གྱི་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག སྲིད་བྱུས་དེ་ནི་བོད་རིགས་ཡོངས་རྫོགས་ལ་གཅིག་མཚུངས་ལག་བསྟར་དང་གོང་རིམ་བཀོད་ཁྱབ་དེའང་ཚང་མར་ལག་བསྟར་བྱེད་དགོས་པ་ཞིག་མཐོང་གི་མི་འདུག་ཅེས་གསུངས་འདུག ལྷག་པར་དུ་རྒྱ་ནག་འབྲེལ་ཡོད་དཔོན་རིགས་ཚོས་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་ཀྱི་སྲིད་བྱུས་འཛིན་བཞིན་པ་དེས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་རྒྱལ་ཁབ་གཅིག་སྒྲིལ་གྱི་ལྟ་གྲུབ་དང་ཡོངས་སུ་དངོས་འགལ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་མོ་སྐྱིད་ལགས་ཀྱིས་ The South Morning China Post གསར་ཁང་གིས་བཅར་འདྲི་དང་ལེན་གནང་སྟེ་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་འགྱུར་བོད་ས་ཁྱོན་ཡོངས་ལ་ས་བྱི་རྒོལ་ཆེན་མོའི་གནས་ཚུལ་བྱུང་རྗེས། ཁོང་པི་ཅིང་དུ་འཁྲབ་སྟོན་ཞུ་བར་བསྐྱོད་ཚེ་ཁོ་མོ་བོད་རིགས་ཡིན་པའི་དབང་གིས་མགྲོན་ཁང་དུ་སྡོད་མི་བཅུག་པའི་གནས་ཚུལ་དང་། དེ་བཞིན་དེང་སྐབས་རྒྱ་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཁུལ་དུ་མང་ཚོགས་ལ་ 4G བརྡ་འཕྲིན་གྱི་མཐུན་རྐྱེན་སྐྲུན་ཡོད་ཀྱང་། བོད་རིགས་གནས་ཡུལ་ས་ཁུལ་དུ་ཁ་པར་དང་དྲ་འཕྲིན་གྱི་མཐུན་རྐྱེན་ཞན་པོ་ཡོད་པ་མ་ཟད། བོད་དང་ཡུ་གུར་ཁུལ་གྱི་མང་ཚོགས་ཚོར་ད་དུང་ 2G བརྡ་འཕྲིན་གྱི་མཐུན་རྐྱེན་ལས་མེད་པ་སོགས་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཚང་མར་གཅིག་མཚུངས་ལྟ་ཚུལ་འཛིན་བཞིན་ཡོད་པ་གསུངས་ཡོད་ཀྱང་། དོན་དངོས་ཐོག་གྲངས་ཉུང་མི་རིགས་ཐོག་འདྲ་མཉམ་གྱི་ལྟ་ཚུལ་མེད་པར་དབྱེ་འབྱེད་བྱེད་བཞིན་ཡོད་པ་གསུངས་ཡོད། རྒྱ་མོ་སྐྱིད་ལགས་ནི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་ཟློས་གར་ཚོགས་པའི་ཚོགས་གཞོན་དང་། དམག་མི་གཞས་མ་གྲགས་ཅན་ཞིག་ཀྱང་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཨོ་སི་ཊོ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་ཁ་བྲལ་བར་མིང་བཏགས་དང་གདུང་འདེགས། དམའ་འབེབ། དེ་བཞིན་མཐོང་ཆུང་སོགས་བྱེད་བཞིན་པའི་སྲིད་བྱུས་ཤིག་འཛིན་ཡོད་པ་མངོན་གསལ་རེད་ཅེས་གསུངས་སོང་།

རྨེའུ་རུ་མ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

དེ་རིང་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ཚེས་ ༧ ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་འདུག གནས་ཚུལ་མཁོ་སྤྲོད་པས་འདི་ག་རླུང་འཕྲིན་ལ་གནས་ཚུལ་དེ་དངོས་འབྲེལ་ཡིན་ནའང་། ས་གནས་སུ་དམ་དྲག་རྐྱེན་པས་གནས་ཚུལ་ཞིབ་ཕྲ་ཕྱི་ལ་ཐོན་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་གསུངས་སོང་། འདི་ནས་གནས་ཚུལ་ཡོང་ཁུངས་ཁག་ནས་རྩད་གཅོད་ཞུ་མུས་ཡིན་པས་རིམ་པས་གསར་འགྱུར་ལས་རིམ་ནང་རྒྱང་སྲིང་ཞུ་རྒྱུ་ཡིན། གཞི་རྩའི་ཕྱི་ལོ་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་ ༡༥༢ ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་དེའི་ཁྲོད་བོད་མི་ ༡༢༩ འདས་གྲོངས་སུ་གྱུར་ཡོད་པ་རེད། རྔ་བ་རྨེའུ་རུ་མ་ནས་ཡིན་པའི་རྒྱལ་གཅེས་པ་དེ་ཉིད་ནི་ལོ་འདིའི་ནང་རང་ལུས་མེར་སྲེག་གནང་མཁན་ཐོག་མ་ཆགས་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་ཨོ་སི་ཊོ་ལི་ཡ་གཞུང་ནས་ཞུ་སྐུལ་གང་གནང་ཡོད་མེད་ཐད་ལ་འདྲི་རྩད་གནང་བ།

གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་ཞུ་སྐུལ་གང་ཞིག་གནང་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་གནང་འདུག Australia Tibet Council ཞེས་པའི་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱིས་དེ་རིང་འདོན་སྤེལ་གནང་བའི་བརྙན་པར་དེའི་ནང་ལྕམ་ Lisa Singh ལགས་ནས་ Australia འི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་དེ་བཞིན་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་མི་ལས་འགུལ་བ་དང་རྒྱ་རིགས་ཁྲིམས་རྩོད་པ་མང་དག་ཞིག་རྒྱ་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པ་མ་ཟད། གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་མང་དག་ཞིག་འབྱུང་བཞིན་པ་བཅས་ཀྱི་ཐོག་ཨོ་སི་ཊོ་ལི་ཡ་གཞུང་ནས་ཕྱག་ལས་གང་གནང་ཡོད་མེད་དང་། ལྷག་ཏུ་ཡུ་རོབ་མཐུན་ཚོགས་དང་འཇར་མ་ནི། དབྱིན་ཡུལ་སོགས་ཀྱི་སྐུ་ཚབ་ཁག་ཅིག་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་སྐབས་བཅར་ཐབས་གནང་ཡོད་པ་ལྟར། ཨོ་སི་ཊོ་ལི་ཡ་གཞུང་ནས་དེ་ལྟར་ཐབས་ཤེས་གནང་ཡོད་མེད་དང་གནད་དོན་དེའི་ཐད་ལ་གོ་རྟོགས་གང་ཡོད་མེད་སོགས་ཀྱི་འདྲི་རྩད་གནང་འདུག སྐབས་དེར་ཨོ་སི་ཊོ་ལི་ཡ་ཕྱི་སྲིད་ལས་ཁུངས་ཀྱི་བྱང་ཨེ་ཤ་ཡའི་དྲུང་ཆེ་ལས་རོགས་སྐུ་ཞབས་ Graham Fletcher ལགས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་ཁུར་ཆེ་བཞེས་གནང་བཞིན་པ་དང། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་གང་ཟག་རེ་རེའི་གནད་དོན་ཐད་ལ་ཡོངས་ཁྱབ་བསྒྲགས་གཏམ་ཐེངས་གསུམ་སྤེལ་བ་མ་ཟད། རྒྱ་གཞུང་གི་དཔོན་རིགས་ཚོ་དང་དངོས་སུ་མཇལ་འཕྲད་ཀྱིས་བགྲོ་གླེང་ཐེངས་ ༢༠ ཙམ་གནང་ཡོད་པ་གསུངས་འདུག ཁོང་གིས་སྐབས་དེར་ད་དུང་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། སྔ་ལོ་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང་དེ་བཞིན་ཕྱི་ཟླ་ ༡༠ པའི་ནང་བོད་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཨོ་སི་ཊོ་ལི་ཡར་ཕེབས་སྐབས་བཀའ་བསྡུར་གནང་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཨོ་སི་ཊོ་ལི་ཡ་གཞུང་ནས་རྒྱ་ནག་གིས་ཆེས་དོ་དམ་བཀག་ཉར་བྱས་པའི་ལས་འགུལ་བ་སྤྱི་དང་སྒོས་སུ་བོད་མི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་མུ་མཐུད་ནས་སྐུལ་དེད་ཞུ་རྒྱུར་ཞལ་བཞེས་གནང་ཡོད་པ་རེད་འདུག ལྕམ་སྐུ་ Lisa Singh ལགས་ཀྱིས་ལྷན་ཚོགས་དེའི་ཐོག་ཏུ་ད་དུང་རྒྱ་ནག་དང་ཨོ་སི་ཊོ་ལི་ཡ་གཉིས་ཀྱི་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལས་རིམ་དེ་འདས་པའི་ལོ་བཞི་ཙམ་ནས་མཚམས་ཆད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་སྐུ་ཞབས་ Graham Fletcher ལགས་ཀྱིས་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་དུས་ཚོད་ངེས་གཏན་ཞིག་གནང་གི་མེད་རྐྱེན་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཆབ་སྲིད་ཀྱི་རང་དབང་དང་རྒྱལ་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་གི་འབྲུ་དོན་ནང་འཁོད་པའི་གནད་དོན་གྱི་ཆ་ནས་བཤད་ཚེ་རྒྱ་ནག་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུག རྩ་བའི་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ New York Times གསར་ཁང་གི་བརྙན་འཕྲིན་ལས་རིམ་ནང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་རྐྱེན་རྒྱ་གཞུང་ནས་ཁོང་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་པ་མ་ཟད། འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁྲིམས་བཤེར་བྱས་ཡོད་པ་ལྟར། སྐབས་དེར་ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ། འཇར་མ་ནི་སོགས་ཀྱི་གཞུང་ཚབ་ལས་ཁང་སོ་སོའི་སྐུ་ཚབ་ཁག་ཅིག་ཆེད་མངགས་ཁུལ་དེར་ཆེད་ཕེབས་གནང་ཡོད་ཀྱང་རྒྱ་གཞུང་ནས་ཁོང་རྣམ་པ་ཁྲིམས་ཁང་ནང་བཞུགས་བཅུག་མེད་པ་རེད།

གསེར་རྟ་རྫོང་ཁུལ་དུ་༸གོང་ས་མཆོག་གི་༸སྐུ་པར་བཤམ་ཡོད་མེད་ཞིབ་བཤེར་བྱས་པ།

འདི་ལོ་ཕྱི་ཟླ་ ༡ པོའི་ནང་བོད་ཁམས་དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཚུའི་ཡུལ་ཧྥང་ཆེད་མངགས་གསེར་རྟ་ལ་ཡོང་ནས་གསེར་རྟ་ལྔ་རིག་སློབ་གླིང་གིས་གཙོས་གསེར་རྟ་རྫོང་གི་དགོན་པ་ཁག་དང་སྡེ་གྲོང་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམ་སྟོན་གནང་ཡོད་མེད་ཐོག་ཞིབ་བཤེར་བྱས་ཡོད་པ་དང་། དགེ་འདུན་པ་ལོ་ཆུང་རྣམས་དགོན་པ་དུ་ཞུགས་པར་བཀག་འགོག་དང་བོད་མི་རྣམས་ཀྱི་ཕྱིར་སྐྱོད་ལག་ཁྱེར་བཙན་འཕྲོག་བྱས་ཡོད་པ་སོགས་ཀྱི་དམ་དྲག་གནས་ཚུལ་བྱུང་འདུག ཁམས་དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གིི་བློན་ཆེན་ཚུའི་ཡུལ་ཕྷང་འདི་ལོ་ཕྱི་ཟླ་དང་པོའི་ནང་དཀར་མཛེས་རྫོང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཙོ་འགྱུར་གསེར་རྟ་རྫོང་གི་དགོན་སྡེ་ཁག་དང་གྲོང་སྡེ་ཁག་ཏུ་ཡོང་ནས་ཚོགས་འདུ་བསྡུ་བསྐོང་བྱས་པ་མ་ཟད། དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་ཤོམ་གནང་བར་བཀག་སྡོམ་དང་གྲྭ་བཙུན་གསར་ཞུགས་ལ་དམ་དྲག་བྱ་ཕྱིར་ཡིན་པ་རེད་འདུག དེ་བཞིན་ཁོ་པས་སྟག་ལུང་དགོན་པའི་ནང་གྲྭ་པ་ཆུང་ཆུང་དེ་འདྲ་ཡོད་པ་ཤེས་སྟབས་ཁོང་རྣམས་ལ་དཀའ་ངལ་སྤྲོད་བཞིན་ཡོད་པ་རེད་འདུག ཡང་འདི་ལོ་རྒྱ་གར་དང་བལ་ཡུལ་དུ་རྒྱ་ནག་གི་ཕྱིར་སྐྱོད་ལམ་ཡིག་ཞུས་ཏེ་གནས་མཇལ་དང་གཉེན་འཕྲད་བཅས་ལ་ཕྱིན་ནས་ཕྱིར་ལོག་བྱས་པའི་བོད་མིི་དེ་དག་རྫོང་ལ་འབོད་བཀུག་བྱས་ཏེ་ལམ་ཡིག་ཕྱིར་བསྡུ་བྱས་པ་མ་ཟད་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་བཀའ་གངབསྩལ་ཡོད་མེད་སོགས་ཀྱི་ཐད་ལ་དྲི་ཞིབ་བྱས་འདུག ཚུའི་ཡུལ་ཧྥང་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ལ་མ་བསྐོ་གོང་ཕྱི་ལོ་ ༢༠༡༡ ཙམ་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནང་རྒྱ་ནག་དམར་ཤོག་གི་ལས་བྱེད་ཀྱི་འགོ་ཁྲིད་ཀྱི་ལས་འགན་ཁྱེར་ཏེ་ནང་བསྟན་སློབ་གླིང་གཏོར་བཤིག་ལས་དོན་བྱེད་མཁན་གཙོ་གྲསཤིག་་ཡིན་བ་མ་ཟད་སྐབས་དེར་གྲྭ་བཙུན་ལ་དམ་དྲག་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཤམ་ཡོད་མེད་ཐོག་དམིགས་བསལ་ཞིབ་བཤེར་བྱས་ཡོད།

Latest news