Tibetan Royal Year of 2151 | Year of the Wood Dragon

བོད།

འགུལ་རིས་བརྙན་ཐུང་བརྒྱུད་ནས་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་མཚོན་པའི་འགུལ་རིས་བརྙན་ཐུང་བརྒྱུད་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ཟུར་ཟ་དང་སྐྱོན་བརྗོད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༩ ནས་ཁ་སང་བར་ལྷོ་ཀོ་རི་ཡར་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ཆེན་མོ་ཚོགས་ཡོད་པ་རེད། ཁྱོན་ཉིན་གྲངས་ ༡༧ རིང་གི་རྩེད་འགྲན་ཆེན་མོ་དེ་ཁ་སང་ཕྱི་ཚེས་ ༢༥ ཉིན་མཇུག་སྒྲིལ་གནང་ཡོད་པ་མ་ཟད་སྐབས་དེར་ལྷོ་ཀོ་རི་ཡའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལུགས་སྲོལ་ལྟར་རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་གྱི་དར་ཆ་དེ་རིང་མིན་ ༢༠༢༢ ལོར་དགུན་དུས་ཨོ་རྩེད་འགྲན་བསྡུར་ཚོགས་ཡུལ་རྒྱ་ནག་ལ་རྩིས་སྤྲོད་གནང་ཡོད་པ་རེད། ཁ་སང་ལྷོ་ཀོ་རི་ཡའི་ནང་ཚོགས་པའི་ཨོ་རྩེད་འགྲན་བསྡུར་མཇུག་སྒྲིལ་དང་གཞུང་འབྲེལ་དར་ཆ་རྩིས་སྤྲོད་རྩིས་ལེན་གནང་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག Beijing 2022: Will it be another bloody Games འམ་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་པི་ཅིང་གི་དགུན་དུས་ཨོ་རྩེད་འགྲན་སྡུར་དེ་མི་བསད་ཁྲག་སྦྱོར་གྱི་རྩེད་འགྲན་གཞན་ཞིག་ཆགས་རྒྱུ་ཡིན་ནམ་ཞེས་འབོད་ཚིག་བཀོད་ཐོག་རྒྱ་གཞུང་ལ་ཟུར་ཟ་བྱས་པའི་འགུལ་རིས་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག ལྟེ་གནས་ཁང་དེས་སྤེལ་བའི་དུས་ཡུན་སྐར་མ་གཅིག་ཡོད་པའི་འགུལ་རིས་བརྙན་ཐུང་དེའི་ནང་གཙོ་བོ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་དུ་ཨོ་རྩེད་འགྲན་བསྡུར་མ་ཚོགས་གོང་དུ་བལ་བོད་ཀྱི་ས་མཚམས་ནང་པ་ལར་རྒྱ་གཞུང་གི་དམག་མིས་བོད་ནས་བྲོས་འབྱོལ་དུ་ཡོང་མཁན་བོད་པའི་བཙུན་མ་ཞིག་ལ་མེ་མདའ་བརྒྱབ་ནས་དམར་བསད་བཏང་བ་དང་ལྷག་ཏུ་ཕྱི་ལོ་ ༢༠༠༨ ལོར་པི་ཅིང་རྒྱལ་སྤྱིའི་ཨོ་རྩེད་འགྲན་རྩོད་ཚོགས་རྗེས་བོད་གཙོ་འགྱུར་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པ་སོགས་གསལ་བཏོན་གནང་ཡོད། འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་སུ་བཅར་འདྲི་ཞུས་པར་དེ་སྔ་རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཨོ་རྩེད་འགྲན་བསྡུར་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་པ་དང། དེ་བཞིན་ཨོ་རྩེད་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རེ་བ་དང་ཡིད་ཆེས་གནང་བ་ལྟར་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་གསལ་བྱས་པ་དང་འབྲེལ། རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་དེ་སྔའི་ཚོགས་ཆུང་གི་གྲོས་ཆོད་དང་ཆ་རྐྱེན་ནང་གསལ་བཞིན་ད་བར་རྒྱ་གཞུང་ནས་དོན་འཁྱོལ་ལག་བསྟར་ཇི་བྱེད་ཁ་གསལ་དགོས་པར་རེ་འདུན་ཆེད་བཏོན་ཡོད་པ་གསུངས་འདུག དེ་བཞིན་ཨོ་རྩེད་གྲོལ་རྗེས་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་དུ་ཕྱིན་ཡོད་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་ཕུལ་ནས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁག་བོད་དུ་འགྲོ་བསྐྱོད་གནང་བཅུག་དགོས་པ་དང་ལྷག་ཏུ་ས་གནས་དངོས་ཀྱི་གནས་སྟངས་རྟོག་ཞིབ་གནང་ཐོག་རྒྱུས་ལོན་ཡོང་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་འདུག རྩ་བའི་ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་དེ་རྒྱ་ནག་ཏུ་འཚོགས་རྒྱུ་ཐག་གཅོད་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་བཅས་ཚོགས་སྒེར་ཁག་གིས་དེར་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་ཅིག་ནས་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་འདུག

ཁ་སང་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་ཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཆེད་ལས་པ་ཁག་ཅིག་གིས་རྒྱ་གཞུང་གི་ཁྲིམས་ཁང་ནས་བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་པར་བློ་འཚབ་དང་འབྲེལ། ཁོང་ལ་གཞི་མེད་ཉེས་འཛུགས་དང་ཁྲིམས་གཅོད་བྱེད་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་དགོས་པར་ནན་བརྗོད་གནང་འདུག རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དེ་དག་གིས་ཁ་སང་ཡོང་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རང་གི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དག་ལ་ངོ་རྒོལ་གནང་བ་དེ་ཁྲིམས་ཀྱི་ནག་ཉེས་ཤིག་ཏུ་ངོས་འཛིན་ཏེ་འཛིན་བཟུང་བཀག་བསྐྱིལ་བྱེད་བཞིན་པར་ངོ་རྒོལ་ཡོད་ཞེས་གསུངས་ཡོད་པ་མ་ཟད། རྒྱ་གཞུང་གིས་རྣམ་ཀུན་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཞེས་ཁ་རུ་འཁྱེར་ཏེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་དང་བོད་མི་ལས་འགུལ་བ་རྣམས་གང་བྱུང་དུ་འཛིན་བཟུང་གིས་བཙོན་འཇུག་བྱ་རྒྱུ་མཚམས་འཇོག་དགོས་པར་ཞུ་འབོད་གནང་འདུག རྩ་བའི་བསྒྲགས་གཏམ་སྤེལ་མཁན་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་སྐུ་ཚབ་དེ་དག་ཁོངས་སུ་མི་རིགས་དབྱེ་འབྱེད་ཀྱི་ཆེད་ལས་པ་ལྕམ་ E.Tendayi Achiume ལགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་ལས་པ་ལྕམ་ Karima Bennoune ལགས། གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་ཆེད་ལས་པ་སྐུ་ཞབས་ Fernand de Varennes ལགས། ཉེས་མེད་འཛིན་བཟུང་ཐད་ཀྱི་ཆེད་ལས་པ་སྐུ་ཞབས་ Jose Antonio Guevara Bermudez ལགས། འགྲོ་བ་མའི་ཐོབ་ཐང་ཐོག་གི་ཆེད་ལས་པ་སྐུ་ཞབས་ Michel Forst ལགས། བསམ་བརྗོད་དང་སྨྲ་བརྗོད་རང་དབང་ཐོག་གི་ཆེད་ལས་པ་སྐུ་ཞབས་ David Kaye ལགས་བཅས་ཡོད། ཁོང་རྣམ་པས་ཐེངས་འདིའི་བསྒྲགས་གཏམ་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་བཀྲིས་དབང་ཕྱུག་ལགས་སུ་གཞི་མེད་ཉེས་འཛུགས་བྱས་པ་དེ་ཕྱིར་འཐེན་དང་འབྲེལ། ཁོང་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་མ་ཟད། ཁོང་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་གུན་གསབ་ཀྱང་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་འདོན་སྤེལ་གནང་བའི་བསྒྲགས་གཏམ་དེར་དགའ་བསུ་ཞུས་པ་མ་ཟད། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་བཀྲིས་དབང་ཕྱུག་ལགས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱའི་ཁྲིམས་ནང་འཁོད་པའི་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་བ་ཙམ་ལས་གཞན་ནག་ཉེས་གང་ཡང་བསགས་མེད་སྟབས། རྒྱ་གཞུང་གིས་གལ་ཏེ་ཁོང་ལ་ཉེས་མེད་ཁྲིམས་ཆད་བཏང་ཚེ་དེ་ནི་རྒྱ་ནག་རྒྱལ་ཁབ་གྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་སྐོར་གསུངས་ཡོད། རྩ་བའི་བཀྲ་ཤིས་དབང་ཕྱུག་ལགས་ནས་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ New York Times གསར་ཁང་གི་བརྙན་འཕྲིན་ལས་རིམ་ནང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་མངོན་གསལ་འགྲེལ་བརྗོད་གནང་རྐྱེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། འདི་ལོ་ཟླ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁོང་གི་ནག་ཉེས་དང་འབྲེལ་གཏུགས་བཤེར་བྱས་ཡོད་པ་རེད།

ལྷ་སའི་ཇོ་ཁང་གི་འདུ་ཁང་ཨ་མ་དང་རྒྱ་ཕིབས་ལ་གནོད་སྐྱོན་ཕོག་པ་ར་འཕྲོད་བྱུང་འདུག

དེ་ཡང་ཉེ་ཆར་ལོ་གསར་གྱི་ཚེས་ ༢ དང་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦།༤༠ ཡས་མས་ཙམ་ལ་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་ཡོངས་གྲགས་ཆགས་ཡོད་ཀྱང་། སྐབས་དེར་མེ་སྐྱོན་ཁྲོད་ལྷ་སའི་ཇོ་ཁང་དང་། ཇོ་བོ་རིན་པོ་ཆེའི་༸སྐུ་ལ་སྐྱོན་ཆ་རིགས་གང་ཡང་བྱུང་མེད་པའི་གནས་ཚུལ་མི་ཉུང་ཞིག་ཁྱབ་སྤེལ་བྱུང་ཡོད། ཁ་སང་རྒྱ་ནག་ནང་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཨ་རིའི་ Columbia གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པའི་མཁས་དབང་སྐུ་ཞབས་ Robert Barnett ལགས་རྣམ་གཉིས་ནས་རང་ཉིད་ཀྱི་འཕྲུལ་བྱའམ་ Twitter ཐོག་ཉེ་ཆར་རྒྱ་ནག་སྤྱི་བདེ་ལས་ཁུངས་ནས་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་རྒྱ་གཞུང་གིས་དབྱེ་བའི་རང་སྐྱོང་ས་ཁུལ་ཁག་དང་།  ཞིང་ཆེན་རིམ་པ། དེ་བཞིན་གྲོང་སྡེ་རིམ་པ་བཅས་ཀྱི་འབྲེལ་ཡོད་ལས་བྱེད་ཚོར་བཏང་པའི་གཞུང་འབྲེལ་གྱི་ཡིག་ཆ་ཇོ་ཁང་གི་མེ་སྐྱོན་ཁྲོད་ནས་བླང་དགོས་པའི་སློབ་གསོ་ཞེས་པའི་ཡིག་ཚན་ཞིག་ཁྱབ་སྤེལ་གནང་འདུག རྒྱ་ནག་གཞུང་འབྲེལ་གྱི་གསང་བའི་ཡིག་ཆའི་ནང་མེ་སྐྱོན་བྱུང་སྐབས་མེ་གསོད་རླངས་འཁོར་ ༣༧ དང་བདེ་འཇགས་དམག་མི་ ༢༠༠ ལྷག་བཏང་སྟེ་དགོང་དྲོ་ཆུ་ཚོད་ ༨།༥ ཐོག་མེ་བསད་ཐུབ་ཡོད་སྐོར་བཀོད་འདུག་པ་མ་ཟད། མེ་སྐྱོན་ཁྲོད་ས་ཁྱོན་གྱི་ཆ་ནས་མི་ཊར་གྲུ་བཞི་མ་ ༥༠ ལྷག་ལ་འཚིག་སྐྱོན་བྱུང་ཡོད་པ་དང་དེ་དག་ཁྲོད་དུ་ལྷ་སའི་ཇོ་ཁང་གི་འདུ་ཁང་ཨ་མ་དང་རྒྱ་ཕིབས་ལ་སྐྱོན་ཕོག་ཡོད་པ་གསལ་འདུག དེ་བཞིན་ད་ལྟའི་ཆར་རྒྱ་ནག་གཞུང་ནས་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་རྐྱེན་གང་ཡིན་དང་། གནོད་འཚེ་ཆེ་ཆུང་ཇི་ཙམ་ཕོག་ཡོད་མེད་སོགས་ཀྱི་ཐོག་ཕྱི་གསལ་བྱས་མེད་སྟབས། ཕྱི་ཉིན་དེར་མང་ཚོགས་ཁག་ཅིག་ནས་ཆོས་མཇལ་དུ་བཅར་སྐབས་ཇོ་བོ་རིན་པོ་ཆེའི་༸སྐུ་རྒྱབ་ཏུ་རྣམ་ཀུན་མེད་པའི་གོས་ཆེན་གྱི་རས་ཡོལ་གསེར་པོ་འཐེན་ཡོད་པའི་པར་རིས་ཕྱིར་འགྱར་དང་སྦྲགས། ཇོ་བོའི་སྐུ་རྒྱབ་ཀྱི་ལྡེབས་རིས་ལའང་གནོད་སྐྱོན་ཕོག་ཡོད་པར་ཚོད་དཔག་གནང་མཁན་མི་ཉུང་བ་ཞིག་འདུག གཞན་ཡང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་ངོ་དེབ་དང་འཕྲུལ་བྱ་སོགས་ཀྱི་ཐོག་ཇོ་ཁང་གི་རྒྱ་ཕིབས་ལ་མེ་ཧ་ཅང་ཤུགས་ཆེན་པོ་འབར་སྟངས་དང་། མེ་འབར་བའི་དུས་ཡུན་སོགས་ལ་གཞིགས་ཚེ་འཚིག་སྐྱོན་ཆེན་པོ་བྱུང་ཡོད་པར་ཚོད་དཔག་གནང་མཁན་མང་པོ་ཡོད་པ་མ་ཟད་ཁག་ཅིག་ནས་དེ་སྔ་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་ཚན་པར་ཕུལ་བའི་སྙན་ཐོའི་ནང་ཇོ་ཁང་གཙོས་པའི་རྩེ་ཕོ་བྲང་པོ་ཏ་ལ། དེ་བཞིན་ནོར་བུ་གླིང་ཁ་སོགས་ཀྱི་གཡས་གཡོན་དུ་མེ་གསོད་ཀྱི་ལས་དོན་ཆེད་དུ་དམག་མིའི་རུ་ཁག་མང་དག་ཞིག་བཞག་ཡོད་སྐོར་བརྗོད་པ་ལུང་འདྲེན་དང་སྦྲགས། ད་རེས་མེ་སྐྱོན་དངོས་སུ་བྱུང་སྐབས་རྒྱ་གཞུང་གི་དམག་མི་དེ་དག་གིས་ལས་དོན་གང་ཡང་བྱེད་མེད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་དེ་དག་ནང་དམ་དྲག་གི་ལས་དོན་རྒྱ་སྐྱེད་གཏང་རྒྱུ་ཁོ་ནར་ཆེད་ཀྱིས་བཞག་པ་ཡིན་པར་སྐྱོན་བརྗོད་གནང་མཁན་ཡང་འདུག གཞི་རྩའི་རྒྱ་ནག་གཞུང་ནས་མེ་སྐྱོན་བྱུང་བའི་སང་ཉིན་དེར་དད་ལྡན་མང་ཚོགས་རྣམས་མཆོད་མཇལ་དུ་བཏང་ཡོད་ཀྱང་། ཁ་སང་ནས་སང་ཉིན་བར་ཉིན་གྲངས་གསུམ་རིང་ལ་མཆོད་མཇལ་ཕེབས་རྒྱུ་མཚམས་འཇོག་བྱས་པ་མ་ཟད། ས་གནས་མང་ཚོགས་རྣམས་ནས་དེ་འབྲེལ་གནས་ཚུལ་དང་པར་རིགས་ཁྱབ་སྤེལ་གནང་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག དེ་རིང་འདི་ག་རླུང་འཕྲིན་ཁང་ནས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་སློབ་གྲྭའི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ལ་ལྷ་སའི་གཙུག་ལག་ཁང་གི་རྒྱབ་ལྗོངས་ལོ་རྒྱུས་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་ནས་གལ་འགངས་ཇི་ཙམ་ཆགས་ཀྱི་ཡོད་མེད་སོགས་དང་འབྲེལ་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་ཡོད།

ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ལ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

རྒྱ་ནག་གཞུང་ནས་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ལ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཀྱིས་ཆར་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ཏུང་ཁྲོན་བཙོན་ཁང་དུ་བཙོན་འཇུག་བྱས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚེ་མགོན་རྒྱལ་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དོན་ནི་ཁོང་གིས་སྐད་འཕྲིན་དུ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཞེས་ཁ་རུ་སྒྲོག་བཞིན་ཡོད་ནའང། དོན་དངོས་སུ་རྒྱ་ནག་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་གནས་བབ་ཡར་རྒྱས་གང་ཡང་གཏང་མེད་པའི་དངོས་ཀྱི་གནས་སྟངས་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་སྤེལ་རྐྱེན་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་འགྲེལ་བརྗོད་གནང་འདུག རྩ་བའི་ཚེ་མགོན་རྒྱལ་ལགས་ནི་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༤ ཉིན་ཁ་བྲལ་ངན་སྐུལ་གྱི་ནག་ཉེས་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། བདུན་ཕྲག་གཉིས་ཀྱི་རྗེས་སུ་བཀག་ཉར་ཁང་དུ་ཁོང་གིས་འདྲི་གཅོད་པར་ཡ་ལན་མ་གནང་བར་ངག་བཅད་ངོ་རྒོལ་གནང་ཡོད་པ་རེད། ད་རེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་ཚེ་མགོན་རྒྱལ་ལགས་ལ་དབང་ཤེད་ཀྱིས་འཛིན་བཟུང་བཀག་ཉར་བྱས་པར་སྐྱོན་བརྗོད་དང་འབྲེལ། རྒྱ་གཞུང་གིས་ཁོང་ལ་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཐོབ་ཐང་དང་ཁྲིམས་རྩོད་པ་གླ་མ་བཅུག་པར་ཁྲིམས་ཐག་བཅད་པ་ལ་ངོ་རྒོལ་ ཡོད་པ་དང་། ཚེ་མགོན་རྒྱ་ལགས་ཀྱིས་ཁྲིམས་འགལ་གང་ཡང་གནང་མྱོང་མེད་སྟབས་ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་མི་ཞི་རྒོལ་བ་དང་སྲིད་གཞུང་ལ་སྐྱོན་བརྗོད་གནང་མཁན་རྣམས་ལ་ཁ་བྲལ་ངན་སྐུལ་ཞེས་པའི་ནག་ཉེས་འོག་བཙོན་འཇུག་བྱེད་བཞིན་པ་རྣམས་ངེས་པར་དུ་མཚམས་འཇོག་དགོས་ཞེས་ནན་བརྗོད་གནང་འདུག

འདས་པའི་མེ་བྱ་ལོའི་ནང་བོད་ནང་གི་གལ་ཆེའི་གསར་འགྱུར་ཕྱོགས་སྒྲིག

འདས་པའི་མི་བྱ་ལོའི་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཁར། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཆོལ་གསུམ་གྱི་བོད་མི་ཚོས་མ་བཟོད་པར་ཞི་རྒོལ་གནང་བ་ལས་བོད་མི་ ༦ གིས་རང་ལུས་མེར་བསྲེགས་གནང་བ་དང་བོད་མི་གཅིག་གིས་རང་གི་སྐེར་གྲི་བརྒྱབ་ནས་རང་སྲོག་བཅད་པའི་གནད་དོན་བྱུང་བ་མ་ཟད། བོད་མི་ཉི་ཤུ་ཙམ་འཛིན་བཟུང་བཀག་ཉར་དང་བོད་མི་གཉིས་ལ་ལོ་ ༤ ཡི་བཙོན་འཇུག་དང་བོད་མི་གཉིས་ལ་ལོ་ ༥ ཡི་བཙོན་འཇུག་བཅས་དུས་བཀག་སོ་སོར་དབྱེ་ནས་ཁྲིམས་ཐག་བཅད་ཡོད། ཉེ་བའི་ཆར་རྒྱ་གར་ནས་བོད་དུ་གཉེན་འཕྲད་དུ་ཕེབས་པའི་བོད་མི་གཅིག་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་བྱུང་། དེ་སྔ་རང་ལུས་མེར་བསྲེགས་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་གསུམ་གྱིས་གཙོས་ཆབ་སྲིད་བཙོན་པ་ ༡༦ ཙམ་གློད་བཀྲོལ་ཐོབ་པ་བྱུང་ཡོད། ལྷག་པར་དུ་འདས་ལོ་ནང་རྒྱལ་སྤྱིའི་མང་ཚོགས་ནས་ཐུགས་སྣང་ཆེན་པོ་གནང་ཡུལ་གྱི་གནད་དོན་གཅིག་ནི་བོད་གསེར་རྟ་བླ་རུང་ཆོས་སྒར་དང་ཡར་ཆེན་སྒར་བཅས་སུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་གནད་དོན་དང་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་པའི་གནད་དོན། དེ་བཞིན་འཛུགས་བསྐྲུན་གྱི་ལས་དོན་ལ་ཁ་གཡར་ཏེ་བོད་མིའི་ས་ཞིང་བཙན་འཕྲོག་གི་གནད་དོན་ཡང་སྔར་བཞིན་འདས་ལོ་ནང་སྔ་རྗེས་སུ་ཐེངས་མང་བྱུང་ཡོད།

འཇིགས་བྲལ་གློག་བརྙན་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པ་ཞིག་་ཡིན་ཞེས་བརྗོད་དགོས་བཤད་བྱུང་།

དོན་གྲུབ་དབང་ཆེན་ལགས་ཉེ་འཆར་ཕྱི་ཚེས་༩ ཉིན་ནས་ཨ་མི་རི་ཀའི་རྒྱལ་ས་ Washington DC ནང་ཕྱོགས་བསྐྱོད་གནང་བཞིན་པ་དང་བསྟུན། ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས་དོན་གྲུབ་དབང་ཆེན་ལགས་གདན་ཞུ་གནང་སྟེ། ཁོང་གིས་འདས་པའི་ལོ་དུས་ནང་ལ་རྒྱ་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མྱོངས་སྟངས་དང་། ཁོང་གི་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་སོགས་ཀྱི་གསལ་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་དོན་གྲུབ་དབང་ཆེན་ལགས་ནས། དེ་སྔ་ཕྱི་ལོ་༢༠༠༨ ལོར་བོད་ནང་གི་བོད་མི་ཁག་ཅིག་ལ་བཅར་འདྲི་ཞུས་ཏེ། རྒྱུན་དུ་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གི་འཛུགས་བསྐྲུན་གྱིས་ལས་གཞི་འོག་ས་གནས་བོད་མི་ཚོའི་གནས་སྟངས་ཡག་ཐག་ཆོད་ཡོད་སྐོར་དང་། ལྷག་པར་དུ་བོད་མི་རྣམས་ལ་ཆོས་དད་རང་དབང་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོད་པ་མ་ཟད། བོད་མི་ཚོས་༸གོང་ས་གོང་ས་མཆོག་ལ་དད་པ་མེད་པ་སོགས་ཀྱི་དྲིལ་བསྒྲགས་མང་དག་ཞིག་བྱེད་བཞིན་པ་དེ་དག་དངོས་ཡོད་ཐོག་ནས་བདེན་པ་རྩ་བ་ནས་མ་ཡིན་པ་ཕྱི་གྱར་བྱས་ཡོད་སྟབས་། ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་གསུངས་འདུག མ་ཟད་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་རྗེས། ཁོང་གི་རྐང་ལག་གཉིས་ལ་ལྕགས་ཐག་བཏགས་ཏེ་བཙོན་ཁང་ནང་བཞགས་ཡོད་པ་དང་། ཆུ་འཐུང་རྒྱུ་དང་ཁ་ཟས་བཟའ་རྒྱུ་སོགས་ཀྱི་རང་དབང་ཡང་མ་སྤྲད་པར་ལུས་སེམས་གཉིས་ཀར་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེན་པོ་བྱུང་བའི་ཁོང་གི་གློག་བརྙན་འཇིགས་བྲལ་ཞེས་པ་དེའི་ནང་དོན་རྣམས་བདེན་པ་མ་ཡིན་པ་དང་། ཁོང་གི་གློག་བརྙན་དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་འོག་བཟོས་པ་ཞིག་ཡིན་ཞེས་རྒྱ་ནག་གི་བརྙན་འཕྲིན་བརྒྱུད་བཙན་དབང་གིས་བཤད་དགོས་སྐོར་སོགས་བཀའ་ཡང་ཡང་བཏང་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་ཞིག་ཞབས་གཉིས་ཀ་ཐང་པོ་མེད་པ་བཟོ་ནས་བཙོན་གྲོལ་བཏང་འདུག

བོད་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་དུ་རྟེན་གཞི་བྱས་པའི་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་རྒྱ་གཞུང་གི་བཙོན་ཁང་དུ་ལོ་དྲུག་རིང་བཙོན་འཇུག་རྗེས་ཟླ་བ་སྔོན་མའི་ཚེས་ ༢༤ ཉིན་བཙོན་གྲོལ་བཏང་འདུག་ཀྱང་། བཙོན་ཁང་དུ་བཞུགས་རིང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་རྐྱེན་ཁོང་བཙོན་གྲོལ་སྐབས་ཞབས་གཉིས་ཀ་ཐང་པོ་མེད་པར་བརྟེན་ལག་རྟེན་བསྣམས་ནས་ཕེབས་དགོས་པ་ཆགས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་མཁོ་སྒྲུབ་པ་ཁྲི་སྲུང་རྡོ་རྗེ་ལགས་ཀྱིས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་སྟོན་གྱི་ཚེས་གཅིག་ཉིན་བྲག་མགོར་བོད་མིའི་ཞི་བའི་སྒེར་ལངས་ཀྱི་གནད་དོན་བྱུང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་པའི་ཁྲོད་བོད་མི་ཁག་ཅིག་དེ་གར་དམར་བསད་བཏང་བ་དང་མང་དག་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་གནད་དོན་བྱུང་བ་ཡོད་པ་མ་ཟད། ཉིན་ཤས་རྗེས་ཁྲིན་ཏུ་གྲོང་ཁྱེར་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་དང་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས། ཚོང་པ་འཕྲིན་ལས་ལགས། རྩིས་པ་དགྲ་ལྷ་ལགས་སོགས་ལ་རྒྱ་གཞུང་གིས་བོད་མི་ངོ་རྒོལ་གྱི་གནད་དོན་དེ་དང་འབྲེལ་བ་བཏགས་ནས་འཛིན་བཟུང་བྱས་པ་ཡོད་པ་གསུངས་སོང་། ལྷག་པར་དུ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ལ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་དང་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས། རྩིས་པ་དགྲ་ལྷ་ལགས་བཅས་ལ་ལོ་ ༦ རེ་དང་དེ་བཞིན་དགོན་པའི་ཚོང་པ་འཕྲིན་ལས་ལགས་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག རྩ་བའི་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐུ་འཁྲུངས་ཞིང། ཆུང་དུས་སུ་སློབ་གྲྭ་འགྲིམས་ཏེ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་སློབ་སྦྱོང་གནང་བ་དང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ༡༩༩༤ ལོར་རྡ་སའི་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་བའི་མཁར་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་ཐོབ་པ་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག་ཡོད།  ཕྱི་ལོ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེའི་ཐུགས་འགན་བཞེས་ཡོད་པ་རེད་འདུག གཞི་རྩ་བའི་ ༢༠༡༢ ལོ་དེར་བྲག་མགོ་རྫོང་ཁོངས་སུ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག་བོད་མི་མང་དག་ཞིག་འཛིན་བཟུང་བྱས་ཡོད་པའི་ཁྲོད་བོད་མི་ ༣༦ ཙམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་མཐོན་ཡོད་པ་རེད།

རྒྱ་ནག་གཞུང་ཚབ་ཀྱི་ལམ་ཡིག་ཡོད་པའི་དགེ་འདུན་པ་ཞིག་བཙོན་འཇུག

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་སྤྲེའུ་ཁང་ཚན་ནས་ཡིན་པའི་གྲྭ་བཀྲིས་ཆོས་དབྱིངས་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་དུ་གཉེན་འཕྲད་དུ་བསྐྱོད་རྒྱུའི་ཁྲིམས་མཐུན་ལམ་ཡིག་ཐོབ་ཏེ་ཕྱི་ལོ་ ༢༠༡༦ ལོར་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་ཏེ་ཟླ་བ་གཅིག་རྗེས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མེད་པར་ཁོང་འཛིན་བཟུང་གིས་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམསཐག་བཅད་འདུག དེའང་ཕྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ཏུ་ཁོང་རྒྱ་ནག་གཞུང་ཚབ་ཁང་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་ཆོག་པའི་ཁྲིམས་མཐུན་ལམ་ཡིག་ཐོབ་པ་བཞིན་ཕྱིར་རང་ཡུལ་དུ་གཉེན་འཕྲད་དུ་ཕེབས་ཏེ་རང་ཁྱིམ་དུ་འབྱོར་ནས་ཟླ་བ་གཅིག་ཙམ་སོང་མཚམས་ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡང་མེད་པར་རྟའུ་རྫོང་ཐོག་ནས་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་ནས་ཡུན་རིང་པོར་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༧ ལོ་མཇུག་ཙམ་ལ་དར་རྩེ་མདོའི་བཙོན་ཁང་ནས་ཁོང་གི་བཙོན་རོགས་ཤིག་གློད་བཀྲོལ་བཏང་བ་དེས་ཁོང་གི་ནང་མིར་ཁོང་དར་རྩེ་མདོའི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་སྐོར་གསུངས་པར་བརྟེན་ནང་མི་ཚོས་ཁོང་དར་རྩེ་མདོར་ཡོད་པ་ཤེས་རྟོགས་བྱུང་འདུག རྒྱ་ནག་གཞུང་གིས་བཀྲིས་ཤིས་ཆོས་དབྱིངས་ལགས་ལོ་གཅིག་ཏག་ཏག་གསང་བའི་ཐོག་ནས་བཀག་ཉར་བྱས་ཡོད་པ་དང་དེ་རྗེས་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༡ ཉིན་དར་རྩེ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་གསང་བའི་ཐོག་ནས་ལོ་དྲུག་གི་ཁྲིམ་ཐག་བཅད་ཡོད་པའི་གནས་ཚུལ་དངོས་སུ་ཤེས་རྟོགས་བྱུང་འདུག འོན་ཀྱང་རྒྱ་གཞུང་གིས་ཁོང་འཛིན་བཟུང་འོག་བཙོན་འཇུག་བྱེད་དོན་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། འབྲེལ་ཡོད་མི་རྣམས་ཀྱིས་བཀྲ་ཤིས་ཆོས་དབྱིངས་ལགས་འཛིན་བཟུང་གིས་ཁྲིམས་ཐག་བཅད་དོན་ནི་ཁོང་རྒྱ་གར་དུ་ཡོད་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྟའུ་ཁུལ་དུ་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་དེ་དག་གསར་འགྱུར་བརྒྱུད་ལམ་དུ་འགྲེལ་བརྗོད་གནང་རྐྱེན་ཡིན་པར་ཚོད་དཔག་གནང་མུས་རེད་འདུག གཞི་རྩའི་བཀྲ་ཤིས་ཆོས་དབྱིངས་ལགས་ནི་ཕྱི་ལོ་ ༡༩༨༡ ལོར་མདོ་ཁམས་ཏྲེ་ཧོར་རྟའུ་རྫོང་། ཁོག་ཆ་གྲོས་བརྡལ། ཞོག་ཀ་གྲོང་། ཕ་རྡོ་རྗེ་ཚེ་རིང་དང་མ་དཔལ་མོ་གཉིས་ཀྱི་བུར་སྐྱེས་པ་དང་། ད་ལྟ་རང་ལོ་ ༣༧ རེད་འདུག ཁོང་ལ་ཕ་མ་གཅིག་གི་བུ་སྤུན་བདུན་དང་བུ་མོ་གཉིས་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་པ་མ་ཟད། ཆུང་དུས་ནས་རྟའུ་ཉི་མཚོ་དགོན་དུ་ཞུགས་ཏེ་འདོན་ཁ་ཁྲལ་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་རྗེས། ༡༩༩༨ ལོར་རྒྱ་གར་དུ་ཕེབས་ཏེ་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྒྲིག་ཁུངས་སུ་ཞུགས་ནས་གཞུང་ཆེན་པོད་ལྔ་གཙོས་པའི་རྒྱ་བོད་ཀྱི་གཞུང་ལུགས་ཀུན་ལ་ལེགས་པར་བསླབ་སྟེ་དགེ་ལུགས་རྒྱུགས་སྤྲོད་ཁྲོད་ལྷ་རམས་ལོ་རིམ་དང་པོ་བར་ཕེབས་ཡོད་པ་མ་ཟད། ཁོང་ནི་གཤིས་རྒྱུད་བཟང་ཞིང་བྱམས་སེམས་ཅན་ཞིག་དང་། ལྷག་པར་རང་མི་རིགས་ལ་དུང་བ་ཟབ་ཅིང་བོད་ཀྱི་སྐད་ཡིག་དང་ག་གཞུང་སོགས་ལ་ཤ་ཞེན་ཧ་ཅང་ཡོད་མཁན་ཞིག་རེད་འདུག

རྒྱ་གཞུང་གིས་དབྱེ་བའི་ཞིང་ཁག་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མ་ཐུབ་ཀྱང་མི་མང་དང་སྤྱི་ཚོགས་ཀྱི་བདེ་དོན་ཆེད་ཕྱག་ལས་གནང་དགོས།

ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ནས་ཟླ་བ་འདིའི་ཕྱི་ཚེས་ ༡ བར་ཁྱོན་ཉིན་གྲངས་བཅུའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། དེ་བཞིན་ཟི་ཁྲོན། ཀན་སུ། ཡུ་ནན་བཅས་ཀྱི་ནང་འདི་ལོའི་ཞིང་ཆེན་རིམ་པའི་མི་མང་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་མི་མང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་ཚོགས་ཡོད་པ་ལྟར་ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་ཞིང་ཆེན་ཁག་གི་མི་མང་འཐུས་མི་ཚོགས་དང་རྒྱལ་ཡོངས་མི་མང་ཆབ་སྲིད་གྲོས་ཚོགས་གཉིས་ཀྱི་འགོ་ཁྲིད་ཁག་བསྐོ་བཞག་བྱས་ཡོད་པ་རེད། རྒྱ་ནག་གི་ཞིང་ཆེན་རིམ་པའི་ཚོགས་འདུ་དང་འབྲེལ་ཁ་ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཞིང་ཆེན་རིམ་པའི་བོད་མིའི་འགོ་ཁྲིད་ལ་ལྟ་བ་ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག དེའི་ནང་ཡུ་ནན་ཞིང་ཆེན་ཁོངས་ཀྱི་འགོ་ཁྲོད་འཕོ་འགྱུར་ཁྲོད་བོད་མི་ཇི་ཙམ་སླེབས་ཡོད་མེད་སོགས་ཁ་གསལ་བྱུང་མི་འདུག་ཀྱང་། བོད་རང་སྐྱོང་ལྗོངས་ཁུལ་གྱི་མི་མང་འཐུས་ཚོགས་ཀྱི་ཚོགས་གཙོ་བློ་བཟང་རྒྱལ་མཚན་ལགས་བསྐྱར་དུ་ཚོགས་གཙོར་བསྐོ་བཞག་བྱས་འདུག་པ་དང་། བོད་རང་སྐྱོང་ལྗོངས་ཁོངས་སུ་ཁྱོན་བོད་མི་ ༣༥ ད་རེས་འགོ་ཁྲིད་རིམ་པའི་གནས་རིམ་དུ་བསྐོ་བཞག་བྱས་ཡོད་པ་གངོན་གསལ་གནང་ཡོད། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མི་མང་འཐུས་ཚོགས་ཀྱི་ཚོགས་གཞོན་གྲས་སུ་བོད་མི་གཉིས་དང་། རྒྱལ་ཡོངས་མི་མང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཞོན་གྲས་སུ་བོད་མི་གསུམ་བཅས་ཁྱོན་བོད་མི་ ༦ འགོ་ཁྲིད་རིམ་པའི་གནས་རིམ་དུ་བསྐོ་བཞག་བྱས་ཡོད་པ་མ་ཟད། ཟི་ཁྲོན་ཞིང་ཆེན་ཁོངས་སུ་བོད་མི་གཅིག དེ་བཞིན་ཀན་སུ་ཞིང་ཆེན་ཁོངས་སུ་བོད་མི་གཉིས་བཅས་བསྐོ་བཞག་བྱས་ཡོད་པ་གསལ་འདུག འདི་ག་རླུང་འཕྲིན་ཁང་གིས་བུ་ཆུང་ཚེ་རིང་ལགས་སུ་ཁོང་གིས་སྤེལ་བའི་དཔྱད་གཏམ་དང་། ལྷག་པར་དུ་རྒྱ་ནག་གི་ཞིང་ཆེན་རིམ་པའི་ཚོགས་འདུ་མི་འདྲ་བ་དེ་དག་གི་ཐོག་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་རང་སྐྱོང་ས་ཁུལ་གྱི་སྒྲིག་གཞིའི་དགོངས་དོན་ལྟར་ན། རང་སྐྱོང་ས་ཁུལ་གྱི་འགོ་ཁྲིད་རྣམས་ནས་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མ་ཐུབ་ཀྱང་མི་མང་དང་སྤྱི་ཚོགས་ཀྱི་བདེ་དོན་ཆེད་ཕྱག་ལས་གནང་དགོས་པ་གསུངས་སོང་།  

Latest news