Tibetan Royal Year of 2151 | Year of the Wood Dragon

བོད།

བོད་ནང་གི་འཛུགས་སྐྲུན་ལས་གཞིར་བསྟོད་བསྔགས་བཏང་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ཁྲན་ཏུར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ Jim Mullinax ལགས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་འཚམས་གཟིགས་གནང་པ་མ་ཟད། བརྙན་ཐུང་ཞིག་བརྒྱུད་ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཁག་ལ་བསྟོད་བསྔགས་བཏང་ཡོད་པ་རེད། ཁོང་གིས་ད་ལན་ང་རང་བོད་ཀྱི་ས་ཁུལ་དུ་ཐེངས་དང་པོ་བསྐྱོད་རྒྱུ་བྱུང་བ་དེ་ནི་ངའི་མངོན་འདོད་གྲུབ་པ་ལྟ་བུ་ཞིག་དང་། ཀོང་པོ་ཉིང་ཁྲི་ཁུལ་དུ་བསྐྱོད་ཚེ་རྒྱ་ནག་གཞུང་ནས་གསར་རྒྱག་བྱེད་བཞིན་པའི་སློབ་གྲྭ་དེ་དག་ནི་ས་གནས་སློབ་ཕྲུག་ཚོར་ཤེས་ཡོན་གྱི་གོ་སྐབས་འཕར་མ་ཞིག་ཐོབ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་བོད་ནང་ད་བར་གསར་རྒྱག་བྱེད་བཞིན་པའི་རྒྱ་ལམ་དང་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཁོར་ཡུག་སྲུང་སྐྱོབ་ལ་གནོད་འཚེ་མེད་པ་མ་ཟད། ས་གནས་ཡུལ་མི་ཚོ་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་དང་ཡུལ་ལྗོངས་ཀྱི་བཀོད་པར་ཕན་ཐོགས་ཆེན་པོ་བྱུང་འདུག་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་ཁོང་རྒྱལ་ས་ལྷ་ས་ལ་འགྲོ་སྐབས་ས་གནས་ཡུལ་མི་ཚོ་བྲེལ་ཟིང་ཆེན་པོས་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་ཡོད་པ་མ་ཟད། སླད་མར་རྒྱ་ནག་གཞུང་ནས་ས་ཁུལ་དེ་དག་ནང་མེ་འཁོར་ལྕགས་ལམ་གསར་རྒྱག་བྱ་འཆར་ཡོད་པ་དེས་མང་ཚོགས་ཚོར་ཕན་ངེས་ཡིན་པར་འགྲེལ་བརྗོད་བྱས་འདུག ད་དུང་ཁོང་གིས་ས་གནས་གཞུང་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བརྒྱུད་གནད་དོན་དེའི་ཐོག་གླེང་སློང་བྱས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཁག་ལ་བསྟོད་ར་བཏང་ཡོད་པ་རེད། འོང་ཀྱང་ཁ་སང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ Twitter ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་དོ་སྣང་ཅན་གྱི་བོད་མི་དང་རྒྱ་རིགས་ཁག་ཅིག་ནས་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ Jim Mullinax ལགས་ཀྱིས་རྒྱ་གཞུང་གི་ལས་དོན་ལ་བསྟོད་བསྔགས་བཏང་བར་ཟུར་ཟ་དང་སྐྱོན་བརྗོད་ཤུགས་ཆེ་གནང་མུས་རེད་འདུག དེ་ཡང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཕྱི་སྡོད་རྒྱ་རིགས་ཁྲང་ཝེ་ཅིང་ལགས་ཀྱིས་ཨ་རིའི་སྐུ་ཚབ་ Jim Mullinax ལགས་ཀྱི་རྒྱ་གཞུང་གི་ལས་དོན་ལ་བསྟོད་བསྔགས་བཏང་བ་དེ་ནི་ཁོང་རྒྱ་ནག་གི་མགོ་སྐོར་ནང་ཚུད་པ་ཞིག་མིན་པར་ཤེས་བཞིན་དུ་བྱས་པ་ཞིག་རེད་ཅེས་གསུངས་པ་དང་། ལྷག་པར་ཨ་རིའི་གཞུང་ཚབ་ལས་བྱེད་ཞིག་ཡིན་པའི་ཆ་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༥༠ ལྷག་བྱུང་བའི་གནས་སྟངས་མ་ཤེས་མིན་སྟབས། ད་རེས་ཁོང་གྱིས་རྒྱ་ནག་ལ་བསྟོད་བསྔགས་བཏང་བ་དེ་ནི་རྫུན་ཙམ་མ་ཟད། ད་བར་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མི་ཚོ་ལ་མཐོང་ཆུང་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོ་ནན་པོ་གནང་འདུག དེ་བཞིན་རྒྱ་ནག་གྱི་རྒྱལ་ས་ Beijing ནང་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྤྱིར་རྒྱ་གཞུང་གི་སྟངས་འཛིན་འོག་བོད་རིགས་གཙོ་འགྱུར་མི་སྣ་སུ་འདྲ་ཡིན་ཡང་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཤུག་ཆེ་བྱེད་བཞིན་ཡོད་ཀྱང་། ཨ་རིའི་སྐུ་ཚབ་ Jim Mullinax དེ་གཞན་དང་མི་འདྲ་བར་བོད་ཀྱི་ས་ཁུལ་འདྲ་མིན་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་འདུག  དེ་ལྟ་བུའི་རང་དབང་ཐོག་འགྲོ་བསྐྱོད་བྱ་རྒྱུའི་ཕྱིར་སྐྱོད་ལག་ཁྱེར་དང་རང་དབང་ཞིག་ང་ལ་ཡང་བྱུང་ན་ཅི་མ་རུང་ཞེས་ཟུར་ཟའི་མཆན་བཀོད་འདུག་པ་དང་། མང་ཚོགས་ཁག་ཅིག་ནས་ཀྱང་ཁོང་ས་གནས་གང་སར་འགྲོ་གྱི་འདུག ང་ཡང་དེ་ལྟར་འགྲོ་ཐུབ་ན་ཞེས་སོགས་ཟུར་མཆན་བཀོད་གནང་འདུག རྒྱ་ནག་གཞུང་གིས་ལོ་ངོ་བཞི་ལྷག་བཟང་བཙོན་དུ་བཞག་པའི་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་ཀྱང་རང་ཉིད་ཀྱི་ Twitter ཐོག་ Jim Mullinax ལགས་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་རེད་ཅེས་སྐྱོན་བརྗོད་དང་། ང་ཚོས་ཁོང་ལ་ཕྱིར་སྐྱོད་ལག་ཁྱེར་ཞུ་ན་སྤྲོད་སྲིད་པ་རེད་ཅེས་ཟུར་ཟ་གནང་འདུག གཞི་རྩའི་ Jim Mullinax ལགས་དེ་སྔ་བྷང་ལ་དེ་ཤི་ཨིན་ཌོ་ནི་ཤི་ཡ། ཐེའི་པེ། ཧོང་ཀོང་སོགས་ཀྱི་ནང་ཨ་རིའི་ཚོང་འབྲེལ་ལས་དོན་གྱི་སྐུ་ཚབ་གནང་མྱོང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ནས་ཁོང་རྒྱ་ནག་ཁྲན་ཏུར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་གནང་འགོ་འཛུགས་གནང་ཡོད་པ་རེད།

བོད་ཀྱི་སྲོལ་སྒྱུ་རྩལ་ནང་འཛུལ་མཁན་ཉུང་རུ་འགྲོ་གི་འདུག

དེ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་མཆོག་དང་། ལྟེ་གནས་ཁང་གི་འགན་འཛིན་ལས་ཟུར་རྣམ་པ་བཅས་ལྷན་འཛོམས་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་སོང། འདི་ག་རླུང་འཕྲིན་ཁང་ནས་སྐབས་དེར་ནོར་གླིང་བོད་ཀྱི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་སུ་ལྟེ་གནས་ཁང་གི་ལས་དོན་སྤྱོ་ཡོངས་སྐོར་ལ་བཅར་འདྲི་ཞུས་པར་ལྟེ་གནས་ཁང་དེ་དབུ་བརྙེས་ནས་ད་བར་གྱི་བརྒྱུད་རིམ་ལ་གཞིགས་ན། དཔལ་འབྱོར་གྲུབ་འབྲས་ཡག་པོ་ཆགས་ཡོད་ཀྱང་དཀའ་ངལ་གཙོ་བོ་ཞིག་ནི་དགོས་མཁོ་ལ་གཞིགས་པའི་ཐོན་འབྲས་བཏོན་མ་ཐུབ་པའི་དཀའ་ངལ་ཡོད་པ་དང། ལྟེ་གནས་ཁང་དེའི་ནང་དུ་ཡོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་བཟོ་གྲྭ་ཁག་ཏུ་བོད་མི་འཛུལ་ཞུགས་བྱེད་མཁན་ཉུང་རུ་འགྲོ་གི་ཡོད་པ་གསུངས་སོང་། རྩ་བའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུར་གཙོ་དམིགས་ཀྱིས་ཕྱི་ལོ་ ༡༩༩༥ ལོར་དབུ་བརྙེས་ཡོད་པ་དང་། ད་ལྟའི་ཆར་ལྟེ་གནས་ཁང་དུ་རྟེན་བཞེངས་དང་ལྟ་བྲིས། ཤིང་བསྐོས་དང་ཤིང་བཟོ། གོས་ཐང་དང་ལག་ཚེམ། ཐག་ལས་སོགས་སྒྱུ་རྩལ་སྡེ་ཚན་་དང། དེ་བཞིན་རིག་གནས་ཁོངས་སུ་མཐོ་སློབ་དང་ཉམས་ཞིབ་སྡེ་ཚན། མཛད་རྣམ་སྡེ་ཚན། དེ་བཞིན་ཡིག་ཚགས་སོགས་ཡོད་པའི་བཙན་བྱོལ་ནང་གི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆེ་གྲས་ཤིག་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ད་བར་ལྟེ་གནས་ཁང་དེའི་ངོས་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བའི་ལས་དོན་ཐོག་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། ལྟེ་གནས་ཁང་དེ་ལྟ་བུ་འཛིན་སྐྱོང་གནང་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་དེ་ལྟར་ཡང། ཚང་མས་གཙོ་བོ་བསམ་ཤེས་གནང་རྒྱུ་དེ་སྤྱི་པའི་ལས་དོན་ལ་ཧ་ཅང་གནད་ཆེ་ཆགས་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་ལྟེ་གནས་ཁང་དུ་རྟེན་བཞེངས་སྒྱུ་རྩལ་གྱི་གནས་བབས་ཉག་ཕྲ་པོ་ཆགས་ཡོད་པའི་གནད་དོན་འབྲེལ། སྒྱུ་རྩལ་ཐོག་དོན་གཉེར་བྱེད་མཁན་ཚོར་རིགས་རུས་དབྱེ་འབྱེད་གནང་ཚེ་རིག་པ་ཡོངས་སུ་འགལ་གྱི་ཡོད་པ་གསུངས་ཡོད་པ་རེད།

དཀར་མཛེས་རྫོང་ཐོག་ཏུ་གྲྭ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག འདི་ག་རླུང་འཕྲིན་ཁང་ལ་རང་ལུས་མེར་སྲེག་གནང་མཁན་འདས་པོ་ཁོང་དང་དེ་སྔོན་རྒྱུས་མངའ་ཡག་པོ་ཡོད་མཁན་བཙན་བྱོལ་དུ་ཡོད་པའི་ཕ་ཡུལ་དཀར་མཛེས་ནས་ཡིན་པ་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན་གྲྭ་བསྟན་དགའ་ལགས་ལ་སྲིང་མོ་ཞིག་ཡོད་པ་དེས་ཨ་རིར་ཡོད་པའི་ཁོ་རང་གི་སྤུན་མཆེད་ཞིག་ལ་ཁ་པར་གནང་ནས་ཨ་ཞང་གིས་བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེག་གནང་སྟབས་ཁོང་འདས་གྲོངས་སུ་གྱུར་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་པ་གསུངས་སོང་། ཁོང་འདས་གྲོངས་སུ་གྱུར་རྗེས་སྐུ་ཕུང་ནང་མིའི་ལག་ཏུ་རག་མེད་པ་མ་ཟད་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་བྱུང་རྗེས་ས་གནས་ལ་རྒྱ་གཞུང་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དཀར་མཛེས་རྫོང་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་སྟབས་ས་གནས་སུ་འབྲེལ་གཏུག་བྱ་རྒྱུར་དཀའ་བས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག འདས་པོ་ཁོང་དེ་སྔོན་དཀར་མཛེས་དགོན་པའི་གྲྭ་པ་ཡིན་ཞིང་ལོ་ཤས་རིང་དགོན་པར་བཞུགས་ཀྱང་དེ་རྗེས་གཟུགས་གཞི་བདེ་མིན་རྐྱེན་པས་རང་ཁྱིམ་དུ་བཞུགས་ཀྱི་ཡོད་པ་མ་ཟད་དགུན་དུས་གྲང་ངར་ཆེ་སྐབས་རྒྱ་ནག་ནང་དང་དབྱར་དུས་རང་ཁྱིམ་དུ་བཞུགས་ཀྱི་ཡོད་འདུག  ཁོང་ནས་རྒྱུན་དུ་རྒྱལ་སྤྱིའི་གནས་ཚུལ་སྤྱི་དང་སྒོས་བོད་དོན་གྱི་གནས་ཚུལ་ཐད་ཧ་ཅང་དོ་སྣང་དང་གོ་རྟོགས་ཡག་པོ་ཡོད་མཁན་ཞིག་ཡིན་པ་རེད་འདུག གཞི་རྩའི་གྲྭ་བསྟན་དགའ་ལགས་ནི་དཀར་མཛེས་རྫོང་དང་ཐག་ཉེ་བའི་མདའ་མདོ་གྲོང་ནས་ཡིན་ཅིང་ཁོང་ལ་ཕ་མ་གཅིག་པའི་སྤུན་མཆེད་གསུམ་ཡོད་པ་རེད་འདུག སྤུན་མཆེད་གཉིས་ལྷ་སར་གཏན་སྡོད་གནང་བཞིན་པ་དང་སྤུན་མཆེད་བོུ་གཅིག་རང་ཁྱིམ་དུ་གཏན་སྡོད་གནང་བཞིན་ཡོད་འདུག ཁོང་གི་ཁྱིམ་ཚང་འཚོ་བའི་གནས་སྟངས་ལེགས་པོ་ཡོད་པ་རེད་འདུག ལྷག་དོན་ཁོང་ནས་ཕ་ཡུལ་གྱི་མང་ཚོགས་ཚོར་ཞལ་འདོན་དཔེ་ཆ་སློབ་ཁྲིད་གནང་གི་ཡོད་སྟབས་མང་ཚོགས་ཚོས་ཁོང་ལ་རྒན་བསྟན་དགའ་ཞེས་མཚན་འབོད་གནང་གི་འདུག

མཚོ་སྔོན་པོར་ཚོང་ལས་གཉེར་མཁན་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་འདུག

དེའང་རྒྱ་གཞུང་གིས་དབྱེ་བའི་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན། མཚོ་སྔོན་པོར་བོད་མིའི་ཁྱིམ་ཚང་ ༤༠ ཐམ་པས་མཚོ་སྔོན་པོར་ཕྱོགས་མཐའ་ཁག་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་དམིགས་ཏེ་མཚོ་སྔོན་པོའི་མཐའ་འཁོར་དུ་སྟབས་བདེའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་ཚོང་གཉེར་ནས་ཡོང་འབབ་གསོག་གི་ཡོད་པ་རེད་འདུག འོན་ཀྱང་ཉེ་དུས་ཟླ་བ་གཉིས་གསུམ་ལས་ཕྱིན་མེད་ཀྱང་ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་ཕྱོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་བོད་མིའི་ཁྱིམ་ཚང་ ༤༠ ཡོད་པ་དེ་དག་གི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་བཅས་པ་བཙན་དབང་གིས་གཏོང་བཤིག་བཏང་པ་མ་ཟད། སླད་མར་ཚོང་ལས་ཡོངས་རྫོགས་གཉེར་མི་ཆོག་པའི་བཙན་བཀའ་བཏང་འདུག་སྟབས་ཁུལ་དེའི་བོད་མི་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

འཇམ་དབྱངས་སྐྱིད་ལགས་ཀྱི་དཔེ་དེབ་རྒྱ་གཞུང་གིས་གཞུང་བཞེས་བཏང་བར་ཁོང་གིས་སྐྱོན་བརྗོད་གནང་འདུག

བོད་རིགས་བེུད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་ཉེ་ཆར་ལོ་འདིའི་ཕྱི་ཟླ་ ༩ ནང་ཁོང་དང་ཁོང་གི་བཟའ་ཟླ་ལྷ་མོ་སྐྱབས་ལགས་རྣམ་གཉིས་ཀྱིས་བྲིས་པའི་དཔེ་དེབ་ཁག་ཅིག་རྒྱ་གཞུང་མི་སྣས་གཞུང་བཞེས་བཏང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱུ་གཞུང་གིས་ཁོང་གི་དཔེ་དེབ་གཞུང་བཞེས་བཏང་བ་ཙམ་མིན་པར་རྟག་ཏུ་བསུན་གཙེར་དབང་ཤོད་བྱེད་དོན་གང་ཡིན་ཞེས་སྐྱོན་བརྗོད་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བར་བོད་ནང་གི་བོད་རིགས་བེུད་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་སྐྱིད་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༧ དང་དེ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༣༠ སོ་སོར་སྤྱི་ཚོགས་དྲ་བའི་བརྒྱུད་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་དང་དེ་སྔོན་ཕྱི་ཟླ་ ༩ པའི་ཟླ་མགོར་ཟི་ལིང་གྲོང་ཁྱེར་གྱི་དེབ་ཁང་ཞིག་ཏུ་རྒྱ་གཞུང་གི་ལས་བྱེད་པ་ ༡༠ ཙམ་སླེབས་ནས་འཇམ་དབྱངས་སྐྱིད་ལགས་ཀྱིས་བྲིས་པའི་ཐོབ་ཐང་དང་བདེ་ཐང་ཞེས་པའི་དཔེ་དེབ་དང། དེ་བཞིན་ཁོང་མོའི་བཟའ་ཟླ་ལྷ་མོ་སྐྱབས་ལགས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་གནང་བའི་དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ་ཞེས་པའི་དཔེ་དེབ་གྲངས་ ༡༠༤༠ ཙམ་གཞུང་བཞེས་བཏང་ཡོད་སྐོར་གསུངས་འདུག འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ལྷ་སའི་དེབ་ཁང་ཞིག་ཏུ་མི་ཞིག་གིས་དེབ་ཉོ་མཁན་ཡིན་ཁུལ་གྱིས་གོང་དུ་བརྗོད་པའི་དཔེ་དེབ་གཉིས་ཀྱི་དཔེ་དེབ་གྲངས་ ༡༠༠ རེ་མངག་བཞིན་རྩོམ་པ་པོ་ཁོང་གི་དེབ་ཁང་ལ་དེབ་གྲངས་ ༢༠༠ སྐྱེལ་ཟིན་ནས་ཉིན་ཤས་སོང་རྗེས་རྒྱ་གཞུང་མི་སྣ་སླེབས་ནས་དཔེ་དེབ་ ༢༠༠ དེ་དག་དང་དེ་བཞིན་འཇམ་དབྱངས་སྐྱིད་ལགས་ཀྱིས་བྲིས་པའི་དཔེ་དེབ་གཞན་ཞིག་ཀྱང་སྐབས་དེར་གཞུང་བཞེས་བཏང་ཡོད་པ་མ་ཟད། ལྷ་སའི་དེབ་ཁང་ཁག་གི་ནང་དུ་འཇམ་དབྱངས་སྐྱིད་ལགས་ཀྱི་མྱུག་མིང་སྨིན་དྲུག་དང་ཁོང་གི་བཟའ་ཟླ་ལྷ་མོ་སྐྱབས་ལགས་ཀྱི་མྱུག་མིང་བྱང་སྐར་གཉིས་བྲིས་པའི་དཔེ་དེབ་གཉིས་པོ་དམིགས་བཀར་གྱིས་སྔོག་བཤེར་བྱེད་མུས་ཡིན་པ་སོགས་ལུང་འདྲེན་གནང་འདུག འཇམ་དབྱངས་སྐྱིད་ལགས་ཀྱིས་ཁོང་མོ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གི་བཙོན་ཁང་ནས་གློད་ཀྲོལ་ཐོབ་པ་ནས་བཟུང་ད་བར་ལོ་ ༡༠ ཕྱིན་ཟིན་ཡང་རྒྱ་གཞུང་གིས་ཁོང་བཟའ་ཟླ་གཉིས་དང་། ནང་མི་རྣམས་ལ་རྫོགས་རྒྱུ་མེད་པའི་བསུན་གཙེར་བཟོ་བཞིན་རྐྱེན་ཁོང་གི་སེམས་ཁམས་དང་ཚོར་བ། ནང་མི་བུ་ཕྲུག་ཡོངས་ལ་བརྡབ་གསིག་ཆེན་པོ་གཏོང་བཞིན་ཡོད་པ་མ་ཟད། བཙོན་བྲོས་བཙོན་པ་ལྟ་བུའི་མི་ཚེ་སྐྱེལ་དགོས་དོན་ཅི་ཡིན་ནམ་ཞེས་དྲི་བ་གནང་འདུག འཇམ་དབྱངས་སྐྱིད་ལགས་ཀྱིས་ད་དུང་དཔེ་དེབ་དེ་དག་རྒྱ་ཡིག་ནང་ཐོནརྗེས་སུ་ཁོང་བཟའ་ཚང་གཉིས་ཀྱིས་བོད་ཡིག་ནང་ཚུར་ཡིག་བསྒྱུར་གནང་བ་དེ་འདྲ་ཡིན་སྟབས། དེར་བཀག་འགོག་བྱེད་དགོས་དོན་མེད་པས་ རྒྱ་གཞུང་གི་བྱ་སྤྱོད་དེ་ནི་དཔེ་དེབ་ཀྱི་ནང་དོན་ལས་ལྷག་པའི་རྩོམ་པ་པོ་གང་ཟག་ལ་དམིགས་ནས་སྤེལ་བ་བའི་བྱུས་ངན་ལྟ་བུ་མངོན་རྒྱུ་ཡོད་པ་དང། རྩ་བའི་དཔེ་དེབ་གཞུང་བཞེས་བཏང་རྐྱེན་ཁོང་གཉིས་ལ་དངུལ་གྱི་གྱོང་གུན་ཆེན་པོ་ཐེབས་ཡོད་ཀྱང་། ཡིད་སྐྱོ་བ་ཞིག་ལ་དཔེ་དེབ་དེ་ལྟ་བུ་དཔར་བསྐྲུན་དང་ཚོང་རའི་ནང་སླེབས་པར་འགོག་རྐྱེན་འཕྲད་རྒྱུ་ཡིན་ཁར་ང་ཚོར་རྩོམ་གྱི་བརྒྱུད་ནས་རང་ཉིད་ཀྱི་ཚོར་བ་མངོན་གསལ་བྱེད་རྒྱུའི་རང་དབང་ཕྲན་བུ་ཞིག་ཡོད་པ་དེ་མེད་པ་འགྱུར་ཡོད་པ་སོགས་གསུངས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འཇམ་དབྱངས་སྐྱིད་ཀྱི་གནད་དོན་དེ་འབྲེལ་ཁྱབ་སྤེལ་གནང་པ་དང་སྦྲགས། རྒྱ་ནག་གཞུང་ལ་འཇམ་དབྱངས་སྐྱིད་ལགས་དང་ཁོང་གི་ནང་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པ་དང་། ཁོང་ཚོར་དོན་དམ་གྱི་རང་དབང་སྤྲད་དེ་གསུན་གཙེར་དང་དབང་ཤོད་སོགས་བྱེད་མཚམས་བཞག་དགོས་པའི་དགོས་འདུན་བཏོན་འདུག  

བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་ཆུ་འོག་སྦུགས་ལམ་བཟོ་འཆར་འདུག

བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་གྱི་སྐམ་སའི་ས་ཁུལ་བར་སྤྱི་ལེ་ ༡༠༠༠ ལྷག་གི་རིང་ཚད་ལྡན་པའི་ཆུ་འོག་སྦུབས་ལམ་ཞིག་བཟོ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། གལ་ཏེ་ལས་གཞི་དེ་ཡོངས་སུ་བསྒྲུབ་ཚེ་འཛམ་གླིང་ནང་གི་ཆུ་འོག་སྦུབས་ལམ་རིང་ཤོས་དེ་ཆགས་ཀྱི་འདུག དེ་རིང་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་རྒྱ་ནག་ནང་གི་བཟོ་སྐྲུན་ཁེ་ལས་མི་སྣ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་དུ་ཆོ་འོག་སྦུབས་ལམ་བཟོ་རྒྱུའི་ལས་འཆར་ཞིག་རྒྱ་ནག་གཞུང་ལ་སྤྲད་འདུག ལས་འཆར་དེར་གཞིགས་ཚེ་ཆུ་འོག་སྦུབས་ལམ་དེ་བཞིན་བོད་ཀྱི་ཡར་ཀླུང་གཙང་པོའི་ཁུལ་གྱི་ཟངས་རི་རྫོངས་ས་ཁུལ་ནས་ Taklamakan ཞེས་པའི་ཤར་ཏུ་ཀི་སི་ཐན་གྱི་བྱེ་ཐང་ས་ཁུལ་བར་བཟོ་འཆར་ཡོད་པ་དང་ལས་འཆར་སྤྱི་ཡོངས་ཀྱི་འགྲོ་གྲོན་ནི་ཨ་སྒོར་ཐེར་འབུམ་ ༡༥༠ ལྷག་ཚོད་དཔག་བྱེད་མུས་རེད་འདུག རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པས་པར་ཁོང་གིས་ད་ལྟའི་ལས་འཆར་དེའི་འགྲོ་གྲོན་དང་ཁོར་ཡུག་གི་གནད་དོན། དེ་བཞིན་རྒྱ་ནག་གི་འཕྲུལ་ཆས་ནུས་པ་སོགས་སྤྱི་ཡོངས་ནས་བསྒྲུབ་ཐུབ་རྒྱུ་མེད་སྐོར་གསུངས་སོང་། ད་ལན་གྱི་ལས་འཆར་དེ་དང་འབྲེལ་ཡོད་རྒྱ་ནག་ནང་གི་བཟོ་སྐྲུན་ཆེད་ལས་པས་ཧོང་ཀོང་ནང་གི་ The South China morning post གསར་ཁང་ཐོག་འགྲེལ་བརྗོད་བྱས་པར་ལས་འཆར་དེ་རྒྱ་གཞུང་ལ་སྤྲད་ཟིན་ཡོད་པ་དང། རིང་མིན་ ༢༠༡༨ ལོའི་ཕྱི་ཟླ་ ༣ པའི་ནང་ཚུད་ལ་ཆོག་མཆན་ཐོབ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་བཤད་འདུག རྒྱ་གར་གྱི་གསར་ཁང་ The Times of India དྲ་གནས་ཐོག་ཡར་ཀླུང་གཙང་པོ་ཁ་བསྒྱུར་གྱི་ལས་འཆར་དེར་རྒྱ་ནག་གཞུང་ལ་ཆོག་མཆན་སྤྲད་ཚེ་ཡར་ཀླུང་གཙང་པོའི་ཐོག་འཚོ་བརྟེན་བྱེད་བཞིན་པའི་གཤམ་འོག་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་དང་ཆུ་ལོག་གྱི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་འདུག ཡར་ཀླུང་གཙང་པོའི་ཁ་བསྒྱུར་གྱི་གནད་དོན་ཐོག་དེ་རིང་རྒྱ་གཞུང་གིས་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Hua Chuying ཡིས་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་གྱི་ཆུ་འོག་སྦུབས་ལམ་བཟོ་རྒྱུའི་གནས་ཚུལ་དེ་ནི་བདེན་པ་མིན་སྐོར་ལན་འདེབས་དང་འབྲེལ། རྒྱ་གཞུང་གིས་རྒྱལ་ཁབ་ཕན་ཚུན་དབར་གྱི་གཙང་ཆུ་མཉམ་ལས་ཐོག་གུས་བརྩི་དང་གནད་ཆེར་བརྩི་བཞིན་ཡོད་ཅེས་བརྗོད་འདུག རྩ་བའི་རྒྱ་གཞུང་གིས་ཐེངས་ ༡༢ པའི་ལོ་ལྔ་རེའི་འཆར་གཞི་ནང་དུ་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་ཁག་མི་འདྲ་བ་ ༡༡ རྒྱབ་འཆར་ཡོད་པ་དང་། དེའི་ཁྲོད་ནས་ལས་གཞི་འགྲོ་བཞིན་པ་རྫང་མོ་ཆུ་རགས་ལས་གཞི་དེ་ཆགས་ཀྱི་ཡོད་པ་རེད། དེ་སྔོན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་ཞིབ་འཇུག་གནང་མཁན་སྐུ་ཞབས Joel Wuthnow ལགས་ཀྱིས་ཉེ་ཆར་རྒྱ་དཀར་ནག་གཉིས་དབར་ལ་མཐའ་མཚམས་ཀྱི་རྩོད་རྙོག་ཙམ་མ་ཟད། བོད་བརྒྱུད་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོར་ཚོར་བ་རྣོ་བའི་གནད་དོན་ཛ་དྲག་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་གཙང་ཆུ་ཆེ་ཁག་གི་ཐོ་གཞུང་ཁྲོད་ནས་ཡར་ཀླུང་གཙང་པོ་དེ་སྟངས་འཛིན་བྱེད་ཕྱོགས་སྐྱོ་ཤོས་ཀྱི་གྲས་ཆགས་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་གཙང་པོ་དེར་བརྟེན་མཁན་གྱི་རྒྱལ་ཁབ་རྒྱ་ནག་གཙོས་པའི་གཤམ་འོག་རྒྱལ་ཁབ་རྒྱ་གར་དང་བྷང་ལ་དེ་ཤི་བཅས་རྒྱལ་ཁབ་ཕན་ཚུན་དབར་མཉམ་གནས་ཀྱི་ལམ་ནས་གཙང་ཆུ་བེད་སྤྱོད་དང་སྟངས་འཛིན་བྱ་རྒྱུའི་ཐོུང་གི་ཚོགས་པ་དང་། ཆིངས་ཡིག་གཅིག་ཀྱང་བཞག་མེད་སྟབས་རྒྱལ་ཁབ་ཕྱོགས་ཕན་ཚུན་དབར་གཙང་ཆུའི་ཐོག་རྩོད་རྙོག་ཡོང་གི་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ལ་དྲང་བདེན་གྱི་རྒྱལ་ཁ་ཐོབ་པར་རྒྱལ་སྤྱིའི་གཞུང་རིམ་པས་རྒྱབ་བསྐྱོར་གནང་གལ་ཡིན་པ་གསུངས་འདུག

དེ་ཡང་ཁ་སང་ཕྱི་ཚེས་༡༩ ཉིན་མོ་དེ་སྔ་ལོ་རྒྱལ་སྤྱི་ཁྱོན་ཡོངས་སུ་ཉིན་གཅིག་དུས་གཅིག་ལ་ Global Day of Action For Larung Gar ཞེས་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་ཛ་དྲག་གནས་བབས་ལ་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་དང་བོད་རང་དབང་ཚོགས་པ་གཉིས་ཟུང་འབྲེལ་ཐོག་བླ་རུང་སྒར་གཏོར་བཤིག་གི་གནས་སྟངས་དང་འབྲེལ་བའི་ Destroying Heaven འམ་ལྷ་ཡུལ་གཏོར་བཤིག་གཏོང་བཞིན་པ་ཞེས་པའི་སྙན་ཐོག་ཞིག་འདོན་སྤེལ་གནང་འདུག སྙན་ཐོ་དེའི་ནང་གཙོ་བོ་སྔར་ལོའི་ཕྱི་ཟླ་དྲུག་པ་ཙམ་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་དགོན་སྡེ་གྲྭ་ཤག་ཁག་གཏོར་བཤིག་གི་ལས་གཞི་འགོ་འཛུགས་པ་ལྟར། དུས་ད་ལྟའང་དགོན་པའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་བཏང་པའི་པར་རིས་བོད་ཕྱི་ནང་གཉིས་ནས་མཁོ་གྲུབ་ཞུས་ཁག་ཅིག་དང་། ས་གནས་ཡུལ་མི་ཁག་ཅིག་ལས་ལག་སོན་བྱུང་པའི་བདེན་དཔང་གི་ཚིག་ཐོ། ལྷག་པར་དུ་ཟུང་སྐར་སོགས་གནམ་ཐོག་པར་ལེན་འཕྲུལ་ཆས་བརྒྱུད་བླངས་པའི་པར་སོགས་བཀོད་འདུག་པ་མ་ཟད། དེ་སྔ་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་ཤག་ཁག་གཏོར་བཤིག་གཏང་དགོས་དོན་ནི་དགོན་པའི་བདེ་འཇགས་དང་། གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་བཏང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། པར་རིས་དང་ཚིག་ཐོ་ཁག་ལ་གཞིགས་ཚེ་རྒྱ་གཞུང་ནས་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་དེ་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག འདས་པའི་ལོ་ངོ་གཅིག་ལྷག་གྱི་ནང་ལ་རྒྱ་གཞུང་གིས་གཏོར་བཤིག་ལས་དོན་དེའི་ཐད་ལ་རྒྱལ་སྤྱིའི་མི་མང་དང་ཚོགས་སྐྱིད་འདྲ་མིན་གྱི་སྐུ་ཚབ། དེ་བཞིན་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་སྒེར་སོགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ནས་མུ་མཐུད་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་པ་མ་ཟད། ཁུལ་དེའི་གྲྭ་བཙུན་རྣམས་བཙན་དབང་གིས་ཕྱིར་འབུད་བཏང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ཙམ་མ་ཟད་རིམ་པས་ཡ་ཆེན་ཆོས་སྒར་གྱི་གནས་སྟངས་ཀྱང་དེ་མཚུངས་ཆགས་ངེས་ཡིན་པ་གསུངས་འདུག ཚོགས་པ་དེའི་ངེས་སྟོན་པ་ Eleanor་J Byrne-Rosengren ལགས་ནས་སྙན་ཐོ་དེ་དང་འབྲེལ་ཏེ་རྒྱ་གཞུང་གིས་ཞི་བདེ་ལྡན་པའི་ནང་པའི་སློབ་གཉེར་ཁང་དེ་རིམ་པས་གཏོར་བཤིག་བཏང་སྟེ། གྲྭ་བཙུན་རྣམས་ཕྱིར་འབུད་བཏང་པ་མ་ཟད། ད་ཆ་སློབ་གཉེར་ཁང་དེ་འཁྲུག་ཆ་ཆེ་བའི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་འགྱུར་བཞིན་པ་དེ་ནི་སེམས་སྐྱོ་བའི་གནས་སྟངས་ཤིག་རེད་ཅེས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་ཛ་དྲག་གནས་བབས་ལ་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་མཚམས་འདིར་རྒྱལ་སྤྱིའི་གཞུང་དང་མི་མང་ཡོངས་ནས་བློ་ཁོག་དང་གདེང་ཚོད་ཆེན་པོས་བླ་རུང་སྒར་གྱི་གནས་སྟངས་ཐོག་རྒྱ་ནག་ལ་འདྲི་རྩད་བྱེད་དགོས་པ་གསུངས་འདུག གཞི་རྩའི་ཉེ་བའི་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་ནས་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་གནས་ཚུལ་པར་རིས་དང་བརྙན་ཐུང་སོགས་ཡོད་པ་མཁོ་སྒྲུབ་ཞུས་པ་ཁག་ཅིག་སོགས་འདོན་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་འདི་ལོའི་ཟླ་ ༤ བར་བསྟུད་མར་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་ཟད། ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་མངོན་གསལ་གནང་ཡོད་པ་མ་ཟད། ད་རེས་བོད་གནས་ལྟ་ཞིབ་ཁང་དང་བོད་རང་དབང་ཚོགས་པ་གཉིས་ཟུང་འབྲེལ་ཐོག་སྤེལ་བའི་སྙན་ཐོར་གཞིགས་ན། རྒྱ་ནག་གཞུང་གིས་འདས་ལོའི་ནང་དུ་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ ༤༧༢༥ ལྷག་གཏོར་བཤིག་བཏང་པ་མ་ཟད་དགོན་པའི་གགྲྭ་བཙུན་དང་སློབ་གཉེར་བ་ ༤༨༠༠ ལྷག་བཙན་དབང་ཐོག་ཕྱིར་འབུད་བཏང་ཡོད་པ་བཀོད་འདུག

མཚོ་སྔོན་པོར་ཚོང་ལས་གཉེར་མཁན་བོད་རིགས་འབྲོག་པ་རྣམས་བཀག་སྡོམ་བྱས་འདུག

རྒྱ་གཞུང་གིས་དབྱེ་བའི་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན། མཚོ་སྔོན་པོར་དབྱར་དུས་སུ་ཕྱོགས་མཐའ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོང་བཞིན་པ་དང་། མཚོ་སྔོན་པའི་མཐའ་འཁོར་དུ་བོད་ཡོད་པའི་བོད་མི་འབྲོག་པ་ཚོས་དེ་སྔོན་གུར་ཕུག་ནས་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་ཚོང་གཉེར་གནང་ནས་ཡོང་འབབ་གསོག་གི་ཡོད་པ་རེད། འོན་ཀྱང་འདི་ལོའི་ཟླ་བ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གི་ལས་མི་ཁག་ཅིག་ཡོང་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་བོད་མི་འབྲོག་པ་ཚོའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་། དེ་བཞིན་འབྲོག་པ་ཚོས་བྱེ་ཐང་དུ་སྦག་སྦག་སྐོར་བསྐྱོད་ཀྱིས་རྩེད་མོ་རྩེ་སའི་ཡུལ་སྐོར་དང་འབྲེལ་བའི་ཚོང་ལས་ཡོངས་རྫོགས་གཉེར་མི་ཆོག་པའི་བཙན་བཀའ་བཏང་སྟེ་སྒོ་རྒྱག་བཅུད་འདུག་པ་མ་ཟད། ལྷག་དོན་ཁུལ་དེར་བོད་མི་ཚོ་འགྲོ་སྐྱོད་བྱེད་མི་ཆོག་པ་བཟོས་ཡོད་པ་རེད་འདུག

དཀོན་མཆོག་དོན་གྲུབ་ལགས་ལོ་དགུ་དང་ཕྱེད་ཀའི་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག

བོད་ནང་ས་བྱེས་ཞི་རྒོལ་ཆེན་མོ་སྐབས་སུ་དཀོན་མཆོག་དོན་གྲུབ་ལགས་ཀྱིས་བོད་མདོ་སྨད་རྨ་ཆུ་ནང་དུ་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་འཛིན་བཟུང་གིས་ལོ་དགུ་དང་ཕྱེད་ཀའི་བཙོན་འཇུག་རྗེས་ཟླ་བ་འདིའི་ཚེས་ ༢ ཉིན་བཙོན་གྲོལ་ཐོབ་ཡོད་པ་དང་ས་གནས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེའང་དཀོན་མཆོག་དོན་གྲུབ་ལགས་ནི་ཕྱི་ལོ་ ༢༠༠༨ ལོའི་རྨ་ཆུ་རྫོང་གི་ཞི་རྒོལ་ནང་མཉམ་ཞུགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བར་བརྟེན། ཀན་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་ཞིག་ཡིན་པ་རེད། ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དཀོན་མཆོག་དོན་གྲུབ་ལགས་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་ལོ་ ༩ དང་ཕྱེད་ཀ་རིང་གི་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག་ཀྱང་། བཙོན་ཁང་ནས་སྔ་སྣུར་ཐོག་ཀློད་བཀྲོལ་བཏང་དོན་གང་ཡིན་སོགས་ཤེས་རྟོགས་མེད་སྐོད་བརྗོད་འདུག ལྟེ་གནས་ཁང་ལ་དེ་འབྲེལ་བརྙན་ཐུང་གཉིས་རག་སོན་བྱུང་བའི་ནང་དཀོན་མཆོག་དོན་གྲུབ་ལགས་ཟླ་ ༡༠ ཚེས་ ༢ ཉིན་བཙོན་གྲོལ་ཐོབ་རྗེས་ཕྱིར་རང་ཡུལ་དུ་འབྱོར་སྐབས། ཁོང་གི་ནང་མི་ཉེ་འབྲེལ་དང་གྲོགས་པོ་སོགས་ཀྱིས་རླངས་འཁོར་དུ་མ་ཆེད་སྒྲིག་གནང་ཐོག་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ས་གནས་ཀྱི་མི་མང་རྣམས་ལ་གསོལ་ཚིགས་རྒྱས་པ་ཞིག་འདེགས་འབུལ་གྱིས་ལྷན་འཛོམས་གནང་པ་བཅས་མངོན་རྒྱུ་འདུག གཞི་རྩའི་དཀོན་མཆོག་དོན་གྲུབ་ལགས་ནི་རྨ་ཆུ་རྫོང་གི་ཕ་ཉ་ཏ་དང་མ་སྐལ་བཟང་སྐྱིད་གཉིས་ཀྱི་བུ་ཚབ་ཞིག་ཡིན་ཞིང་། ཁོང་ལ་དེ་སྔ་རྒྱ་གཞུང་གིས་ལོ་ངོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་སྐབས་ཁོང་དང་ལྷན་དུ་བོད་མི་གཞན་གཉིས་ལའང་ལོ་ ༡༥ དང་ ༡༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ལོ་དེའི་ཟླ་ ༤ ཚེས་ ༡༡ ཉིན་ཁོང་གསུམ་བཙན་དབང་གིས་བཀག་སྐྱིལ་བྱས་ཡོད་པ་རེད། ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་དོན། ད་རེས་དཀོན་མཆོག་དོན་གྲུབ་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ལོ་གཉིས་དང་ཕྱེད་ཀ་སྔ་སྣུར་གྱིས་གློད་བཀྲོལ་བཏང་དོན་དེ་ནི། གཟུགས་གཞི་བདེ་མིན་དང་། ཡང་ན་བཙོན་འཇུང་རིང་སྤྱོད་ལམ་ཡག་པོ་འཁྱེར་བའི་རྒྱུ་མཚན་གྱིས་ཡིན་པར་ཚོད་དཔག་གནང་གི་འདུག འོན་ཀྱང་ད་ལྟའི་ཆར་འཚོག་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དང་འབྲེལ་ཆེས་དམ་དྲག་ཡོད་སྟབས། ཁོང་གི་གཟུགས་གཞི་གནས་སྟངས་ཇི་ཡོད་སྐོར་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

Latest news