Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་གིས་བལ་བོད་ས་མཚམས་དབར་དམག་དོན་ཆེད་གཞུང་ལམ་གསར་པ་ཞིག་སྒོ་ཕྱེ་འདུག

རྒྱ་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་དབར་ལ་སྤྱི་ལེ་ ༤༠ ལྷག་གི་ཐབས་བྱུས་ལྡན་པའི་དམག་དོན་དང་མང་ཚོགས་ཀྱི་རྒྱུན་སྤྱོད་གཞུང་ལམ་གསར་པ་ཞིག་ཟླ་བ་འདིའི་ཚེས་ ༡༥ ཉིན་སྒོ་ཕྱེ་འདུག རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གཞུང་ལམ་དེ་ཀྲུང་གོའི་ངོས་ནས་ལྷོ་ཨེ་ཤ་ཡར་ཁ་ཕྱོགས་པའི་གལ་ཆེའི་ལམ་བུ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྤྱི་ལེ་ ༤༠ ལྷག་ཡོད་པའི་བལ་བོད་དབར་ལ་སྒོ་ཕྱེ་བའི་གཞུང་ལམ་གསར་པ་དེ་ནི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བརྒྱུད་ནས་བལ་ཡུལ་ས་མཚམས་བར་མཐུད་ཡོད་པ་དང། ད་རེས་གཞུང་ལམ་གསར་པ་དེ་དེ་སྔ་བལ་བོད་ས་མཚམས་གཉིས་དབར་ཚོུད་གཅིག་གི་རྒྱང་ཐང་ཡོད་པ་དང་ད་ཆ་ཚོུད་ཕྱེད་ཀའི་ནང་འབྱོར་གྱི་ཡོད་པ་ཞིག་ཆགས་ཀྱི་ཡོད་ཅིང། གཞུང་ལམ་བཟོ་སྐྲུན་ཆེད་ལས་པས་རྒྱ་ནག་ Global Times གཞུང་འབྲེལ་བརྒྱུད་ལམ་ཐོག ད་རེས་རྒྱ་གཞུང་གིས་འགོ་འབྱེད་བྱས་པའི་རྒྱ་ཁྱོན་ཞེང་མི་ཀྲར་ ༢༥ཡོད་པའི་གཞུང་ལམ་དེར་རྒྱ་གཞུང་གི་ངོས་ནས་མང་ཚོགས་ཀྱི་རྒྱུན་སྤྱོད་གཞུང་ལམ་ཙམ་མ་ཟད། དམག་དོན་རླངས་འཁོར་དང་། མ་འོངས་པར་དགོས་མཁོ་བྱུང་ཚེ་དམག་གི་གནམ་གྲུའི་རྒྱུག་ལམ་སླད་སྤྱོད་རྒྱུར་དམིགས་ཡོད་པ་དང། གཞུང་ལམ་དེའི་བརྒྱུད་ནས་མ་འོངས་པར་ལྷོ་ཤར་ཨེ་ཤ་ཡའི་ཁ་ཕྱོགས་སུ་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་པ་འགྲེལ་བརྗོད་བྱས་འདུག རྒྱ་གར་གྱི་ The Hindustan Times བརྒྱུད་ལམ་ཐོག་ད་རེས་བལ་བོད་ས་མཚམས་དབར་ལ་སྒོ་ཕྱེ་པའི་གཞུང་ལམ་གསར་པ་དེས་རྒྱ་གར་ལ་མི་འདོད་པའི་རྣམ་འགྱུར་བྱུང་སྲིད་པ་དང། རྒྱུན་ལྡན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཉེ་པོ་གནང་སྐབས་རྒྱ་གར་གཞུང་ལ་མི་དགའ་བའི་རྣམ་འགྱུར་བྱུང་ཡོད་པ་བརྗོད་འདུག རྩ་བའི་སྔ་ལོའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ Rasuwagadi མཐའ་མཚམས་ས་ཁུལ་བར་ལ་འགག་སྒོ་དེ་རྒྱ་ནག་དང་བལ་ཡུལ་གཞུང་ནས་རྒྱལ་སྤྱིའི་ཚོང་འབྲེལ་འགག་སྒོར་ངོས་འཛིན་བྱས་ཡོད་པ་མ་ཟད། བལ་ཡུལ་གཞུང་གིས་ཟླ་བ་སྔོན་མའི་ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་ One Belt One Road འམ་ས་རྒྱུད་གཅིག་ལ་ལམ་ཕྱོགས་གཅིག་ཞེས་པའི་ལས་འཆར་ལ་རྒྱབ་སྐྱོར་བྱས་ཡོད་པ་དང།  དེ་བཞིན་སྔ་ལོའི་ཕྱི་ཟླ་དགུ་པའི་ནང་བལ་ཡུལ་གཞུང་དང་རྒྱ་ནག་གཉིས་དབར་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་དབར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་ལས་འཆར་ཐོག་གྲོས་མཐུན་བཞག་ཡོད་པ་རེད།

ཛ་སྟོད་འབྲི་སྨད་གྲོང་ཚོའི་རྩྭ་ཐང་དུ་གཏན་ཆགས་འཁྱགས་རིམ་ཞུར་བ།

ཉེ་ལམ་ངོ་དེབ་དང་དང་ཝི་བྷོ་སོགས་ཀྱི་དྲ་གནས་ཐོག་བོད་ནང་གི་འབྲོག་པའི་རྩྭ་ཐང་ཞིག་ཏུ་གཏན་ཆགས་འཁྱགས་རིམ་ཞུར་ནས་ས་གནས་ཀྱི་ཁྱིམ་ཚང་ཁག་ཅིག་གི་རྩྭ་སར་གནོད་འཚེ་ཆེན་པོ་ཕོག་པའི་བརྙན་པར་ཞིག་ཁྱབ་སྤེལ་ཤུགས་ཆེ་འགྲོ་བཞིན་འདུག་པ་དེ་ནི། རྒྱ་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་དབྱེ་བའི་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་གྱི་འབྲི་སྨད་གྲོང་ཚོ་ནང་ཡིན་པ་ཤེས་རྟོགས་བྱུང་འདུག དོན་རྐྱེན་དེའང་ཟླ་བ་འདིའི་ཚེས་ ༧ ཉིན་སྔ་དྲོ་ཚོུད་ ༩།༠༠ ཡོལ་ཙམ་ལ་བྱུང་ཡོད་པ་དང་། ཉམས་ཞིབ་གནང་པ་ཁག་ཅིག་གིས་དེ་ནི་ས་གནས་ཀྱི་གཏན་ཆགས་འཁྱགས་རིམ་ཞུར་བ་ཞིག་ལ་ངོས་འཛིན་གནང་ཡོད་ཀྱང་། ཁག་ཅིག་གིས་དེ་ནི་ Peatslide འམ་སྤང་བོག་གི་ས་ནག་ཉིལ་བ་ཞིག་ལ་ངོས་འཛིན་གནང་འདུག གང་ལྟར་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རོམ་གྱི་ཞུར་ཚད་མྱུར་བའམ་ཡང་ན་ཞུ་ཡུན་རིང་བ་ཡིན་ན་གཏན་ཆགས་འཁྱགས་རིམ་ཉམས་ཟད་དུ་ཕྱིན་ནས་ཤུལ་དུ་ས་སོབ་སོབ་བྱེ་མ་ལྟ་བུ་ཞིག་ལས་ལུས་ཀྱི་མེད་པ་དེས་ལོ་ཏོག་འདེབས་ལས་ལ་གོ་ཆོད་ཀྱི་མེད་པ་མ་ཟད། བྱེ་མ་ལྟ་བུའི་ས་དེ་ཡང་ལྷགས་པས་དེད་ནས་ཤུལ་དུ་བྲག་རྡོ་ལས་ལུས་ཀྱི་མེད་སྟབས་རྩྭ་ཐང་བསྐྱར་གསོ་ཧ་ལམ་མི་ཐུབ་པའི་ཕུགས་ཀྱི་གནས་སྟངས་ཛ་དྲག་ཅིག་ཆགས་ཀྱི་ཡོད་པ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉེ་བའི་ལོ་ཤས་ནས་བོད་ཀྱི་ས་ཁུལ་གང་སར་རི་ཉིལ་བ་དང། ཆུ་ལོག་བྱུང་བ། དེབཞིན་གངས་རུད་དང་འདམ་རུད་སོགས་ཀྱི་འབྱུང་བའི་རང་བཞིན་གྱི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་བྱུང་བཞིན་པ་ནི་གཙོ་བོ་རྒྱ་གཞུང་གིས་བོད་ཀྱི་ས་ཕྱོགས་གང་སར་གང་བྱུང་གཏེར་ཁ་སྔོག་འདོན་དང། ཆུ་རྒྱུན་ཁག་ལ་ཆུ་མཛོད་གསར་རྒྱག དེ་བཞིན་བོད་མིའི་འབྲོག་པ་རྣམས་བཙན་དབང་ཐོག་གཞིས་སྤོས་སོགས་ཀྱི་ལས་གཞི་སྤེལ་བར་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་དང་འབྲེལ། རྒྱ་གཞུང་ནས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་སྐབས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་གཞི་རྩར་བཟུང་སྟེ་བོད་ནང་གི་ཁོར་ཡུག་གི་གནས་བབས་དང་འཚམ་པའི་ལས་གཞི་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་འགྲེལ་བརྗོད་གནང་བཞིན་ཡོད་པ་རེད།

མགོ་ལོག་ཁུལ་དུ་རི་ཉིལ་བའི་གནོད་འཚེའི་ཁྲོད་བོད་མི་ ༧ རྐྱེན་ལམ་དུ་ཤོར་འདུག

ཁ་སང་ཟླ་ ༨ ཚེས་ ༣༠ ཉིན་གྱི་ཐོ་རེངས་ཚོུད་ ༤།༣༠ ཡས་མས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་རྭ་རྒྱ་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་དོན་རྐྱེན་འོག་ས་གནས་ཀྱི་བོད་མི་བདུན་གྱི་ཚེ་སྲོག་ཤོར་འདུག དེའང་ཀྲུང་གོའི་བོད་སྐད་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཐོག་མའི་ཆར་ཁ་སང་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་གནོད་འཚེ་བྱུང་སྟབས། གསེར་ཆེན་སྡེ་བའི་འབྲོག་ཁྱིམ་གསུམ་གྱི་མི་དགུ་དང་སྒོ་ཕྱུགས་སེམས་ཅན་བརྒྱ་ལྷག་ས་འོག་ཏུ་མནན་འདུག་པ་དང་། ཁ་སང་ཉིན་རྒྱབ་ཚོུད་ ༢།༠༠ བར་གྱི་ས་གནས་གཞུང་གིས་མྱུར་སྐྱོབ་གནང་པའི་བརྒྱུད་ས་འོག་ཏུ་ཚུད་པའི་མི་རྣམས་རྙེད་འདུག་ཀྱང་། དེ་དག་ཁྲོད་ནས་བདུན་གྱི་ཚེ་ཤོར་འདུག་པ་དང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་རེད་འདུག དེ་བཞིན་ད་རེས་ཀྱི་རི་ཉིལ་བའི་འཇིག་པ་དེའི་འོག་ས་གནས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་བརྒྱ་ལྷག་འདས་གྲོངས་སུ་གྱུར་འདུག་པ་མ་ཟད། ད་ལྟའི་ཆར་ས་གནས་ཡོངས་རྫོགས་ལ་ཆར་ཆུ་འཁྱིལ་ཡོད་པ་མངོན་རྒྱུ་འདུག སྨད་རྒྱུད་ཀྱི་འབྲོག་དམངས་ ༦༠ ལྷག་བདེ་འཇགས་ངང་ས་གནས་གཞན་དུ་གནས་སྤོས་ཟིན་ཡོད་པ་རེད་འདུག

དཀར་མཛེས་རྫོང་ཉེན་རྟོག་པས་ས་གནས་བོད་མི་ཚོར་དོན་མེད་གཅར་བརྡུང་དྲག་པོ་བཏང་འདུག

བོད་ཁམས་དཀར་མཛེས་རྫོང་ཉེན་རྟོག་མི་སྣ་ ༣༠ ལྷག་ཙམ་གྱིས་དཀར་མཛེས་ཁུལ་བྲག་འགོ་རྫོང་ཏྲེ་ཧོར་མཚོ་འགོ་གྲོང་བརྡལ་སྒང་རོང་སྡེ་བའི་སྡེ་དཔོན་གཙོས་བོད་མི་བཅུ་ལྷག་ལ་གཅར་བརྡུང་དྲག་པོ་བཏང་འདུག་པ་མ་ཟད། རང་ལོ་ ༧༠ ཡས་མས་ཡིན་པའི་ལོ་རྒན་བསོད་ནམས་སྟོབས་ལྡན་ཞུ་མཁན་ཞིག་ལ་རྨས་སྐྱོན་ཚབས་ཆེ་བཏང་ནས་ད་ལྟ་ཁྲེན་ཏུའུ་སྨན་ཁང་ཆེ་བར་འཁྲིད་དགོས་བྱུང་འདུག་པ་དང་། བོད་མི་གཅིག་གི་རྩིབས་མ་བཅག་ནས་ཐེན་ཆིན་སྨན་ཁང་དུ་བསྐྱལ་འདུག བཞུགས་སྒར་དུ་བཅའ་བཞུགས་མཚན་གསུང་འདོད་མེད་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གནས་ཚུལ་འདི་ནི་ཟླ་ ༨ ཚེས་ ༢༤ ཉིན་བྱུང་འདུག་པ་དང་། ཉིན་དེར་སྒང་རོང་སྡེ་བའི་ས་གནས་བོད་མི་རྣམས་ནས་དབྱར་ཁའི་ནས་འབྲུ་འདེབས་ལས་སོགས་གྲུབ་རྗེས། ཡུལ་སྲོལ་ལྟར་གྲོང་ཉེ་འཁྲིས་ཀྱི་རི་མགོར་བསང་གསོལ་བཏང་པ་དང་དེའི་རྗེས་སུ་རང་གི་ས་ཐོག་ཏུ་སྤྲོ་སྐྱིད་གནང་བཞིན་པའི་སྐབས། གློ་བུར་དུ་དཀར་མཛེས་རྫོང་གི་ཉེན་རྟོག་པ་ ༣༠ ཡས་མས་ཤིག་གློ་བུར་དུ་འབྱོར་ནས་ཁོང་ཚོ་བང་བསྒྲིགས་བཅུག་ནས་མི་རེའི་ཐོབ་ཐང་ལག་འཁྱེར་བརྟག་དཔྱད་བྱས་འདུག སྐབས་དེར་བོད་མི་དེ་དག་ཁྲོད་སྡེ་དཔོན་གྱིས་བྲག་འགོ་རྫོང་མཚོ་འགོ་གྲོང་བརྡལ་སྲིད་གཞུང་ལ་ཁ་པར་བཏང་ནས་ཉེན་རྟོག་པས་དེ་ལྟར་བྱེད་དོན་ཇི་ཡིན་སོགས་གནས་ཚུལ་བཀའ་འདྲི་ཞུ་མཚམས་ཉེན་རྟོག་པ་གཉིས་ཀྱིས་སྡེ་དཔོན་ཁོང་ལ་གཅར་རྡུང་བཏང་པ་མ་ཟད། བོད་མི་གཞན་ཀུན་ལའང་ལག་ཆ་འདྲ་མིན་སྤྱོད་ནས་རྡུང་འདུག ད་ལྟའི་ཆར་ཤེས་རྟོགས་བྱུང་བར་ཉིན་དེར་རྨས་སྐྱོན་ཕོག་མཁན་མང་ཆེ་བ་བྲག་འགོ་རྫོང་སྨན་དུ་ལུས་འདུག་ཀྱང་། ལོ་རྒན་བསོད་ནམས་སྟོབས་ལྡན་ལགས་ཀྱི་མགོ་ལ་རྨས་སྐྱོན་ཚབས་ཆེ་བཟོས་སྟབས་ཁྲེན་ཏུའུ་སྨན་ཁང་ཆེ་སར་འཁྱེར་འདུག་པ་དང་། བོད་མི་གཅིག་གི་རྩིབས་མ་བཅག་པས་ཐེམ་ཆིན་སྨན་སུ་བསྐྱལ་འདུག ཁོང་གིས་མུ་མཐུད་གསུང་པར་སྤྱིར་སྟངས་སྒང་རོང་སྡེ་བ་ནི་བྲག་འགོ་རྫོང་འོག་སླེབས་ཀྱི་ཡོད་ནའང་། དཀར་མཛེས་རྫོང་ཉེན་རྟོག་པས་སྒང་རོང་སྡེ་བའི་ས་གནས་བོད་མི་རྣམས་ལ་དོན་མེད་གཅར་རྡུང་བཏང་པ་འདི་ནི་དཀར་མཛེས་རྫོང་ཉེན་རྟོག་པས་དབང་ཆ་བདེ་སྤྱོད་བཏང་པ་ཞིག་ཏུ་གསུངས་ཡོད། གནས་ཚུལ་བྱུང་རྗེས་སྒང་རོང་སྡེ་བའི་མི་རྣམས་ནས་རྒྱ་ནག་དབུས་གཞུང་དང་ཞིང་ཆེན། དེ་བཞིན་ཁུལ་རིམ་པའི་ལས་ཁུངས་དང་དཔོན་རིགས་ཚོ་ལ་ཞུ་ཡིག་གཅིག་ཕུལ་ནས་འབྲེལ་ཡོད་ཀྱི་སྲིད་གཞུང་དང་དཔོན་པོ་རྣམས་པས་ངེད་སྡེ་མི་རྣམས་ལ་དོན་མེད་དཀར་མཛེས་རྫོང་ཉེན་རྟོག་པས་གཅར་རྡུང་བཏང་བ་ཐུགས་ཁུར་དང་དོ་སྣང་མཛད་རོགས་ཞེས་སོགས་གསུངས་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཁོང་ལ་ད་ལྟའི་ས་གནས་ཀྱི་གནས་ཚུལ་ཇི་ཆགས་སྐོར་ལ་བཀའ་འདྲི་ཞུས་པར་གནས་ཚུལ་གསར་པ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ས་གནས་ཀྱི་གནས་ཚུལ་ཁག་ཤེས་རྟོགས་ཐུབ་རྒྱུར་དཀའ་བ་གྱུར་འདུག་ཅེས་གསུང་གི་འདུག

རྒྱ་གཞུང་གིས་བོད་ནང་དགོན་སྡེ་ཁག་ཏུ་མི་སྐྱ་ཕོ་མོའི་འགོ་ཁྲིད་བསྐོ་གཞག་བྱེད་བཞིན་པ་དེ་རྩ་བ་ནས་འགྲིག་གི་མ་རེད་ཅེས་གསུངས་སོང་།

བཞུགས་སྒར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་ཐོག་དོ་དམ་ལས་ཁུངས་གསར་བཙུགས་ཀྱིས་དགོན་པ་དང་དགེ་འདུན་པའི་བྱེད་སྒོར་བཏང་འཛིན་བྱེད་མཁན་མི་སྐྱ་ཕོ་མོའི་འགོ་ཁྲིད་བསྐོ་གཞག་བྱས་པ་དེ་རྩ་བ་ནས་འགྲིག་གི་མ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་གཞུང་གིས་སྔར་ཡོད་བོད་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་གནང་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་པོ་ལོགས་སུ་དབྱེ་ནས་ཕྱོགས་ཡོངས་ནས་དོ་དམ་བྱ་ཕྱིར་སྒྲིག་གཞི་གཏན་འབེབས་ཀྱིས་དོ་དམ་ཨུ་ཡུན་ལྷན་ཁང་ཞེས་པ་ཞིག་གསར་བཙུགས་བྱས་ཡོད་པ་མ་ཟད། འགན་འཛིན་དང་ལས་བྱེད་དུ་དམར་ཤོག་ཚོགས་པའི་ལས་བྱེད་བོད་རིགས་བཀྲ་སྦེ་དང། བསོད་ནམས་ཆོས་འཕེལ་དང།   དོན་གྲུབ་བཀྲིས།  བཀྲིས་ཚེ་རིང་། བསོད་ནམས་དབྱངས་འཛོམས། དེ་བཞིན་ལོ་ཁང་ཕིང་ཟེར་བ་བཅས་དམར་ཤོགས་ཚོགས་པའི་མི་སྐྱ་ཕོ་མོ་དྲུག་བསྐོ་གཞག་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཆེད་བཅར་གྱིས་ད་རེས་རྒྱ་གཞུང་ནས་སེར་རྟ་ནང་བསྟན་སློབ་གླིང་དུ་སྔར་མེད་དོ་དམ་ཨུ་ཡོན་ལྷན་ཁང་གསར་བཙུགས་བྱས་པའི་གནད་དོན་ཐད་བཅར་འདྲི་ཞུས་པར་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཁྲི་སྲོང་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་མི་སྐྱ་ཕོ་མོའི་འགོ་ཁྲིད་བསྐོ་གཞག་བྱེད་བཞིན་པ་དེ་རྩ་བ་ནས་འགྲིག་གི་མ་རེད་ཅེས་གསུངས་སོང་པ་མ་ཟད། མ་འོངས་པར་གྲྭ་བཙུན་རྣམས་ཀྱི་གནང་སྒོར་དཀའ་ངལ་དང་མཇུག་འབྲས་ངན་པ་ཞིག་ཡོང་ངེས་ཡིན་པ་གསུངས་སོང། རྩ་བའི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གཞུང་གིས་གནས་ཚུལ་དེ་སྤེལ་མཚམས་སུ་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་ས་གནས་བོད་མི་དང་ལྷག་དོན་དགོན་པའི་དགེ་འདུན་པ་ཚོའི་ངོས་ནས་མ་འོངས་པར་དགོན་པའི་དབང་ཆ་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཏུ་ཤོར་རྒྱུ་དང་གྲྭ་བཙུན་དང་དགོན་པར་རང་དབང་གང་ཡང་མེད་པ་ཆགས་ངེས་ཡིན་པའི་བློ་འཚབ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ད་རེས་རྒྱ་གཞུང་གིས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པ་གཏན་འབེབས་བྱས་པའི་ནང་སློབ་གླིང་དང་དགོན་པ་གཉིས་ལོགས་སུ་དབྱེ་དགོས་དོན་ནི་དགོན་པ་དང་གྲྭ་བཙུན་གྱི་ཁེ་ཕན་ལ་དམིགས་ནས་ལག་བསྟར་བྱས་པ་ཡིན་ཚུལ་འཁོད་འདུག  དེ་བཞིན་ནང་བསྟན་སློབ་གླིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ་དང་བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ་མ་ཟད། སོ་སོར་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོ་རྗེས་རང་ཉིད་ཀྱི་མིང་དང་ལག་འཁྱེར་དཔང་ཡིག་གཅིག་གྱུར་དགོས་པ་སོགས་བཟོ་ནས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣར་སྔོན་འགོག་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད།

རྒྱ་གཞུང་གིས་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུམ་བུ་གཉིས་སུ་ཕྱེ་ནས་འགན་འཛིན་དམར་ཤོག་ལས་བྱེད་བསྐོ་གཞག་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག

ཉེ་ལམ་རྒྱ་གཞུང་གིས་སྔར་ཡོད་བོད་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་གནང་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་པོ་དགོན་པ་ལོགས་སུ་དབྱེ་རྒྱུ་དང་། དོ་ལམ་གྱི་ལས་ཁུངས་ལོགས་སུ་བཟོ་སྟེ་འགན་འཛིན་དམར་ཤོག་ཚོགས་པའི་ལས་བྱེད་བསྐོ་གཞག་བྱ་རྒྱུ་གཙོས་ཕྱོགས་ཡོངས་ནས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་གཏན་འབེབས་བྱས་འདུག གླིང་དང་དགོན་པ་གཉིས་ཀྱི་དོ་དམ་ལས་ཁུངས་ཀྱི་འགན་འཛིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོགས་མི་དྲུག་བསྐོ་གཞག་བྱ་གཏན་འཁེལ་ཡོད་པ་དེ་ལྟར་ཡང་། ཟླ་བ་འདིའི་ཚེས་ ༢༠ ཉིན་དཀར་མཛེས་ཁུལ་གྱིི་དམར་ཤོག་ཚོགས་པའི་ལས་བྱེད་གོ་སྒྲིག་ཚན་པའི་མིང་ཐོག་ནས་འགོ་ཁྲིད་ལས་བྱེད་དེ་དག་གི་མིང་ཕྱིར་བསྒྲགས་བྱས་འདུག  དེའང་ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཚོགས་མིའི་ཨུ་ཡོན། དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བཅས་ཀྱི་འགན་ཁུར་མུས་ཡིན་པ་བོད་མི་བཀྲ་སྦེ་ཟེར་བ་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་དང་སློབ་གླིང་གི་འགན་འཛིན་ལ་བསྐོ་གཞག་བྱ་རྒྱུ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་ད་ལྟ་སེར་རྟ་རྫོང་དམར་ཤོག་ཚོགས་པའི་འགོ་ཁྲིད་བོད་མི་བསོད་ནམས་ཆོས་འཕེལ་ཟེར་བ་ཞིག་བླ་རུང་སྒར་དོ་དམ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཀྱི་འགོ་ཁྲིད་དང་ཤེས་ཡོན་འགན་འཛིན་དུ་བསྐོ་གཞག་བྱ་རྒྱུ། དཀར་མཛེས་བོད་རིིགས་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་དང་མི་རིགས་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་འགན་འཛིན་དོན་གྲུབ་བཀྲིས་ཟེར་བ་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པ་དང་སློབ་གླིང་གི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་བཀྲིས་ཚེ་རིང་དང་བསོད་ནམས་དབྱངས་འཛོམས་ཟེར་བ་གཉིས་སེར་རྟ་བླ་རུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ། དེ་མིན་ལོ་ཁང་ཕིང་ཟེར་བའི་བོད་མི་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་དང་སློབ་གླིང་གི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སྤེལ་ཡོད་པ་རེད། གནས་ཚུལ་སྤེལ་རྗེས་ས་གནས་བོད་མི་དང་ལྷག་དོན་དགོན་པའི་དགེ་འདུན་པ་ཚོའི་ངོས་ནས་མ་འོངས་པར་དགོན་པའི་དབང་ཆ་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཏུ་ཤོར་རྒྱུ་དང་གྲྭ་བཙུན་དང་དགོན་པར་རང་དབང་གང་ཡང་མེད་པ་ཆགས་ངེས་ཡིན་པའི་བློ་འཚབ་བྱེད་བཞིན་ཡོད་པ་རེད་འདུག ད་དུང་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེའི་ནང་སློབ་གླིང་དང་དགོན་པ་གཉིས་ལོགས་སུ་དབྱེ་དགོས་དོན་ནི་དགོན་པ་དང་གྲྭ་བཙུན་གྱི་ཁེ་ཕན་ལ་དམིགས་ནས་ལག་བསྟར་བྱས་པ་ཡིན་ཚུལ་འཁོད་འདུག  དེ་བཞིན་ནང་བསྟན་སློབ་གྲིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ་དང་བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ་མ་ཟད། སོ་སོར་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོ་རྗེས་རང་ཉིད་ཀྱི་མིང་དང་ལག་འཁྱེར་དཔང་ཡིག་གཅིག་གྱུར་དགོས་པ་སོགས་བཟོ་ནས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣ་སྔོན་འགོག་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་གསེར་རྟ་ཁུལ་དུ་རྟེན་གཞི་བྱས་པའི་འཛམ་གླིང་ནང་གི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་གྲས་ཡིན་ཀྱང་། གསེར་རྟ་བླ་རུང་སྒར་དུ་སྔ་ལོའི་ཟླ་ ༧ ཚེས་ ༢༠ ནས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་སྤེལ་བའི་ཁྲོད། ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་པའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་གཙོས་པའི་ད་བར་བཙུན་མ་གསུམ་ནས་རྒྱ་གཞུང་གིས་དགོན་པ་གཏོར་བཤིག་གི་ལས་དོན་སྤེལ་བར་མ་བཟོད་ནས་མི་འདོད་པའི་རྣམ་པ་བསྟན་ཐབས་སུ་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཉེ་དུས་རང་སྲོག་བཅད་མཁན་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་ཞལ་ཆེམས་ཡི་གེ་ཞིག་ཕྱིར་འགྱར་བྱུང་བའི་ནང་། ‘’ངའི་སེམས་པ་འདི་ཧ་ཅང་སྐྱོ། རྒྱུ་མཚན་རྒྱ་ནག་གཞུང་གི་ཆོས་དཔོན་ལའང་རང་དབང་སྤྲོད་ཀྱི་མི་འདུག སྡོད་ཤག་ཆུང་ཆུང་དེ་ཚོའང་བཤིག་བཞག་ཐལ། ང་ཤི་ན་དགའ་’’ ཞེས་བྲིས་འདུག  ལྷག་དོན་གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་རེད་འདུག ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་རེད།

རྒྱ་གཞུང་གིས་ཨ་མྱེས་རྨ་ཆེན་རི་ཁྲོད་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ།

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་བོད་མདོ་སྨད་གོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་ས་གནས་མི་མང་ཚོས་རྒྱ་ནག་གཞུང་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཨ་མྱེས་རྨ་ཆེན་རི་ཁྲོད་ས་ཁུལ་དུ་མུ་མཐུད་གཏེར་ཁ་སྔོག་འདོན་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་དགོས་པར་འབོད་སྐུལ་ཞུ་བཞིན་འདུག དེ་ཡང་ཉེ་ཆར་རྨ་ཆེན་རྫོང་གི་ས་གནས་མི་མང་རྣམས་ཀྱིས་རྒྱ་གཞུང་གི་གཏེར་ལས་ལྷན་ཁང་ལ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་མཚམས་འཇོག་དགོས་སྐོར་རྒྱ་ཡིག་ཐོག་འབོད་སྐུལ་གྱི་འཕྲིན་ཡིག་ཞིག་བཏང་ཡོད་པ་བརྒྱུད་ལམ་ཐོག་ཁྱབ་སྤེལ་འགྲོ་བཞིན་འདུག་པ་དང་། དེའི་ནང་ལ་དེ་སྔར་ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་གཞུང་གི་ཐད་ཀར་བཏང་འཛིན་འོག་བོད་ཀྱི་ཨ་མྱེས་རྨ་ཆེན་རི་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང་། དེ་ནས་རིམ་པས་ ༡༩༩༧ ལོར་ལས་གཞི་དེ་རྒྱ་རིགས་སྒེར་པའི་གཏེར་སྔོག་བཟོ་གྲྭ་ཞིག་ལ་རྩིས་སྤྲོད་ཀྱིས་ད་བར་ས་གནས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བསྟུད་མར་སྤེལ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ ༡༩༩༩ ལོར་ས་ཁུལ་ནས་ཟངས་ཕོན་ཆེན་སྔོག་འདོན་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག རྒྱ་གཞུང་གི་གཏེར་སྔོག་ལས་གཞི་དེ་དག་གི་རྐྱེན་པས་རྨ་ཆེན་རྫོང་ཁོངས་ཀྱི་རྒྱུག་ཆུ་དང་ས་ཞིང་། ལྷག་པར་དུ་མཁའ་རླུང་གཙོས་པའི་ཁོར་ཡུག་གི་གནས་སྟངས་སྤྱི་དང་སྒོས་ས་གནས་ཀྱི་སྒོ་ཕྱུགས་སེམས་ཅན་དང་། རི་དྭགས། ཞིང་པ། འབྲོག་པ་རྣམས་ཀྱི་འཚོ་ཐབས་ལ་ངལ་བ་ཆེན་པོ་འཕྲད་པ་དང་། དོ་ཕོག་ཤུགས་ཆེ་ཐེབས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་ནས་ཁོར་ཡུག་གི་བདེ་འཇགས་ལ་ལྟ་རྟོག་གིས་ཁུལ་དེར་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་ལས་གཞི་རྣམས་གང་མྱུར་མཚམས་འཇོག་བྱེད་དགོས་པར་འབོད་སྐུལ་བསྐྱར་ནན་ཞུས་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཨ་མདོ་གཙོས་པའི་བོད་ཀྱི་ས་ཁུལ་འདྲ་མིན་ནང་ལ་གཏེར་ཁ་སྔོག་འདོན་བྱེད་བཞིན་པར་ས་གནས་སོ་སོའི་མི་མང་ཚོས་ལས་གཞི་དེ་དག་མཚམས་འཇོག་དགོས་པའི་ཞུ་འབོད་ཡང་ཡང་གནང་ཡོད་ཀྱང་། རྒྱ་གཞུང་གིས་བརྩི་འཇོག་གང་ཡང་མ་བྱས་པར་མུ་མཐུད་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད་སྟབས། སྔར་ལོ་བོད་མདོ་སྨད་ཨ་མཆོག་ཁུལ་དང་། དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁམས་ཡུལ་ཤུལ་རྫ་སྟོད་ཁུལ་སོགས་ས་གནས་སོ་སོར་མང་ཚོགས་རྣམས་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་མ་ཟད། ས་གནས་བོད་མི་ཁག་ཅིག་ནས་གཏེར་ཁ་སྔོག་ཡུལ་གྱི་ས་ཚིགས་སུ་རང་སྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། རང་ལུས་མེར་སྲེས་གནང་མཁན་ཨ་མཆོག་དགོན་པའི་རང་ལོ་ ༤༡ ཡིན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་ཞལ་ཆེམས་ནང་རྒྱ་གཞུང་གི་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དང་འབྲེལ། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱ་ནག་པོའི་ཁྲིམས་ཁ་བཙན་པོས། གསེར་དངུལ་གྱི་བང་མཛོད་ཁྱེར་ཐལ། འབངས་མི་སེར་སྡུག་ལ་སྦྱོར་《གྱི་》གི འདི་བསམ་ན་མིག་ཆུ་ལྷུང་གི་ཞེས་བཀོད་ཡོད་པ་རེད།

ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་གློད་བཀྲོལ་བཏང་འདུག

རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཚེས་ ༢༡ གི་མཚན་མོར་ལོ་བཅུའི་བཙོན་འཇུག་དུས་བཀག་ཚང་ནས་གློད་བཀྲོལ་བཏང་འདུག དེའང་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལི་ཐང་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་སྐབས་བོད་རྒྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་སར་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་འཇུག་དགོས། ང་ཚོ་བོད་ལ་རང་དབང་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྣམ་གཉིས་གཙོས་ཆབ་སྲིད་གཙོན་པ་རྣམས་མྱུར་ཏུ་གློད་བཀྲོལ་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྐྱེན་ཁོང་དང་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་གཙོས་བོད་མི་ཁག་ཅིག་འཛིན་བཟུང་གིས་རྒྱལ་ཁབ་མགོ་རྟིང་སློག་པ་དང་། རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་ ༣ ནས་ ༡༠ བར་གྱི་ཁྲིམས་ཐག་མི་འདྲ་བ་བཅད་པ་ལས་ལོ་མང་ཤོས་ཀྱི་ཁྲིམས་ཆད་ཕོག་པ་ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཟླ་ ༨ ཚེས་ ༢༡ གི་མཚན་མོ་ཚོུད་ ༡༡ ཙམ་ཞིག་ལ་གློད་བཀྲོལ་བཏང་འདུག ཁོང་གི་སྤུན་མཆེན་ཡིན་པ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འདི་ལས་སུ་ཁོངས་ལྡན་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བཀོད་འདུག གཞི་རྩའི་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཀྱིས་ ༢༠༠༧ ཟླ་ ༨ པའི་ནང་ཁོང་གིས་རང་ཉིད་ཀྱི་སྤུན་མཆེད་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་རྗེས་ལོ་དེའི་ཟླ་ ༨ ཚེས་ ༢༡ ཉིན་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་པ་དང་དེ་རྗེས་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད། ཁོང་གིས་རྒྱུན་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་སྤེལ་གནང་རྒྱུ་དང་། དཀར་མཛེས་ནང་ནགས་ཚལ་གཅོད་བྲེགས། དེ་བཞིན་རི་དྭགས་རྔོན་པ་བརྒྱབ་རྒྱུ་མེད་པའི་ཐོག་བཀག་འགོག་གིས་འབད་བརྩོན་ཤུགས་ཆེ་གནང་མཁན་བཅས་ཡིན་པ་རེད། ས་གནས་ཀྱི་ཡུལ་མང་ཚོགས་ནས་ཁོང་ལ་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཀྱང་ཡིན་པ་མ་ཟད། ལྷག་དོན་ཁོང་གིས་ལི་ཐང་དགོན་དུ་བཞུགས་རིང་ལ་དབུ་མཛད་དང་། དགོན་པའི་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་སོགས་གནང་མྱོང་ཡོད་པ་དེ་ལྟར་ཡང་། ༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རུང་རྒྱས་ཨ་གྲགས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་གི་མཚན་མོ་ཆུ་ཚོད་དང་པོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་འོག་བཙོན་འཇུག་ཁྲིམས་ཆད་མི་ལོ་ ༨ ཧྲིལ་པོ་གཙང་ནས་གློད་བཀྲོལ་ཐོབ་ཡོད་པ་རེད།

རྒྱ་གཞུང་གིས་ཡ་ཆེན་སྒར་དུ་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ།

རྒྱ་གཞུང་གིས་ཡ་ཆེན་སྒར་དུ་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་ཁྲོད་ནས་འདི་ལོའི་ནང་གྲྭ་ཤག་ ༢༠༠༠ ཙམ་གཏོར་བཤིག་དང་། གྲྭ་བཙུན་ ༢༠༠༠ ཙམ་ཕྱིར་འབུད་གཏང་འཆར་ཡོད་པ་རེད་འདུག དེ་ཡང་ཉེ་ཆར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་ནག་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ནང་དུ་རྟེན་གཞི་བྱས་པའི་ཡ་ཆེན་སྒར་འམ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་ཟླ་ ༨  ཚེས་ ༨ ནས་གྲྭ་ཤག་གཏོར་བཤིག་གི་ལས་དོན་འགོ་འཛུགས་ཀྱིས་ལོ་འདིའི་ནང་ཡ་ཆེན་སྒར་དུ་གྲྭ་ཤག་ཁྱོན་སྟོང་ཕྲག་གཉིས་ཙམ་གཏོར་བཤིག་གཏང་འཆར་ཡོད་པ་མ་ཟད། གྲྭ་བཙུན་སྟོང་ཕྲག་གཉིས་ཙམ་ཕྱིར་འབུད་གཏང་འཆར་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་འདས་པའི་ལོ་ཤས་གོང་ནས་ཡ་ཆེན་ཆོས་སྒར་དུ་སུན་གཙེར་བཟོས་ཐོག་དཀའ་ངལ་དུ་མ་འཕྲད་བཞིན་པ་རེད་འདུག གྲྭ་བཙུན་ཚོའི་ཐོབ་ཐང་དཔང་ཡིག་ལག་འཁྱེར་སོགས་དེ་སྔ་ནས་ཐོ་འགོད་གནང་ཟིན་ཡོད་པ་ལྟར། ཟླ་ ༨ ཚེས་ ༡༠ ཙམ་ནས་གྲྭ་བཙུན་རྣམས་ལ་རང་ཉིད་ཀྱི་ངོས་ནས་གྲྭ་ཤག་གཏོར་བཤིག་ཟིན་ཁག་གཙང་བཟོ་བྱེད་དགོས་པ་དང། ཨར་འདམ་གྱི་ཁང་པ་སོགས་ལས་དོན་ཆེ་ཁག་རྣམས་རྒྱ་གཞུང་གི་ཆེད་གཏོང་བྱེད་པའི་ལས་མིས་གཏོར་བཤིག་གཏོང་བཞིན་ཡོད་པའི་ཁྲོད། ཉེན་སྔོན་གཏོར་བཤིག་གི་ལས་དོན་འགྲོ་སྐབས་བཙུན་མ་གཅིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད་འདུག ལྷག་དོན་གནད་དོན་དེ་དང་འབྲེལ་ནས་སྒར་གྱི་གནད་ཡོད་བླ་མ་ཞིག་གིས་གནས་སྟངས་དེ་ནི་ཟློག་ཐབས་མེད་པ་ཞིག་ཡིན་སྟབས། གྲྭ་བཙུན་རྣམས་ཀྱིས་བསྟན་པ་ལ་བར་ཆད་མི་འགྲོ་བ་གནང་ནས་ཉམ་ཆུང་ཚུལ་མཐུན་ཐོག་བཞུགས་དགོས་གལ་ཡིན་པ་དང་། རིང་མིན་འགྱུར་བ་འགྲོ་བ་ཞིག་འགྲོ་ངེས་ཡིན་པར་སེམས་གསོ་གནང་འདུག རྩ་བའི་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དེ་མཁན་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༩༨༤ ལོར་ཕྱག་བཏབ་ཅིང། ཆོས་སྒར་ཧྲིལ་པོ་གླིང་ཆེན་པོ་བཅུ་ལས་གྲུབ་ཡོད་པ་དང། བོད་མི་སེར་སྐྱ་དབྱེ་མེད་ནས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གྱི་བསྟི་གནས་ཆེན་པོ་ཞིག་ཡིན་པ་རེད། ཡ་ཆེན་སྒར་དུ་དེང་སྐབས་ཁྱོན་གྲྭ་བཙུན་ཆིག་ཁྲི་ཙམ་ནས་སློབ་གཉེར་གནང་བཞིན་ཡོད་པ་ལས་བཙུན་མ་བརྒྱད་སྟོང་ཙམ་དང་དགེ་འདུན་པ་ཉིས་སྟོང་ཙམ་ཆགས་ཀྱི་ཡོད་པ་རེད་འདུག སྔ་ལོ་རྒྱ་གཞུང་གིས་སེར་རྟ་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་དོན་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བླ་རུང་སྒར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བཞུས་པ་དང་འབྲེལ། བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གནས་སྟངས་ངོ་སྤྲོད་གནང་པའི་བརྒྱུད་ཡ་ཆེན་སྒར་དུ་སྔ་ལོའི་ཕྱི་ཟླ་ ༤ པ་ནས་འགོ་འཛུགས་ཀྱིས་ཟླ་ ༡༢ བར་བཙུན་མ་ ༡༠༠༠ ལྷག་ཙམ་ཕྱིར་འབུད་བཏང་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེ་རྗེས་གནས་ཚུལ་རིམ་པ་ཐོན་པའི་ནང་རྒྱ་གཞུང་གིས་ཡ་ཆེན་སྒར་གྱི་ཉེ་འཁྲིས་སུ་དད་ལྡན་ཚོའི་དབུ་གར་ཡོད་པ་རྣམས་མེད་པ་བཟོས་བཅུག་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཐོན་ཡོད་པ་རེད།

Latest news