Tibetan Royal Year of 2151 | Year of the Wood Dragon

བོད།

ལྷ་མོ་ཀིརྟི་དགོན་དུ་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་ཚོགས་པ།

བོད་མདོ་སྨད་རྔ་པ་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲིས་འཁྱིལ་དུ་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་བསྐོང་ཚོགས་གནང་འདུག ཟླ་འདིའི་ཚེས་ ༡༢ ཉིན་རྔ་པ་ཀིརྟི་དགོན་དང་ཧོར་ཚང་དགོན། རྒྱལ་རོང་ཚོ་བདུན་ཀིརྟི་དགོན། དེ་བཞིན་སྟག་ཚང་ལྷོ་མོ་ཀིརྟི་དགོན་བཅས་ཀིརྟི་དགོན་ཁག་བཞིས་གོ་སྒྲིག་འོག་དབུ་འབྱེད་ཀྱི་མཛད་སྒོ་ཐོག་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་གིས་གཙོས་པའི་མདོ་སྨད་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ ༡༦ གི་དགེ་བཤེས་དང་མཁན་པོ་ ༢༣ གདན་ཞུས་དང་ཀིིརྟི་གདན་ས་ཆེ་ཁག་བཞིའི་ཁྲི་པ་དང་མཁན་པོ་རྣམ་པ། བགྲོ་གླེང་གི་གསུང་བཤད་བ་མཁས་པ་ ༡༣ དང་ཆོས་བརྒྱུད་ཆེན་པོ་བཞིའི་མཁས་པ་རྣམས་དང་། དེ་བཞིན་དཔེ་ཁྲིད་དགེ་རྒན་རྣམ་པ་དང་སློབ་གཉེར་བ་དགེ་འདུན་པ་བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ལྷན་འཛོམས་ཐོག་ཀིརྟི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་ཚོགས་འདུག དེའང་ཟླ་འདིའི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༡༤ བར་བཅས་ཉིན་གྲངས་གསུམ་རིང་མཁས་པའི་བགྲོ་གླེང་འཚོགས་གནང་ཡོད་པ་རེད། བགྲོ་གླེང་དེའི་བརྗོད་གཞི་གཙོ་བོ་ནི་༸འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་ངེས་ལེགས་བཤད་སྙིང་བོ་ལས་བརྩམས་པའི་བརྗོད་གཞི་མི་འདྲ་བ་ ༡༡ ཐོག་ཆེད་རྩོམ་སྒྲོག་སྦྱང་དང་འབྲེལ་ནས་བགྲོ་གླེང་གསུང་བཤད་གནང་པ་དང་ཆབས་ཅིག ཆོས་བརྒྱུད་སོ་སོའི་ལྟ་གྲུབ་བཞེས་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་རྔ་པ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་ཐེངས་ཀྱི་བགྲོ་གླེང་དེ་ཚོགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། དེའི་བརྒྱུད་ཆོས་བརྒྱུད་རིས་མིེད་ཀྱི་དབུ་ཁྲིད་དང་མཁས་པ་རྣམ་པ་ལྷན་འཛོམས་ཀྱིས་རང་རང་གི་ཆོས་བརྒྱུད་དེ་དང་དེའི་ལྟ་གྲུབ་བཞེས་ཕྱོགས་ཐོག་གོ་བསྡུར་སྦྱང་བཤད་གནང་པ་དེས་ཕན་ཚུན་དབར་མཐུན་ལམ་གོང་འཕེལ་གཏོང་རྒྱུ་གཙོས། ཁྱད་པར་དུ་ནང་པ་སངསང་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་འཛིན་སྐྱོང་སྤེལ་གསུམ་འཐུས་ཚང་ཞིག་གནང་རྒྱུར་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་གནང་སོང་། རྩ་བའི་ཐེངས་འདིའི་ཀིརྟི་ནང་བསྟན་གཙུག་ལག་སློབ་ཁང་གི་མཁས་པའི་བགྲོ་གླེང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་དེའི་ཐོག་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཁྲི་རིན་པོ་ཆེ་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་གཙོས། ཚོགས་གཞོན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་གྱི་ཁྲི་ཟུར་དགེ་བཤེས་བློ་བཟང་བཀྲིས་ལགས་བཅས་གདན་ཞུས་ཀྱིས་མཁས་པའི་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།

རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་གསང་སྟབས་ཀྱིས་གློད་གྲོལ་བཏང་པ།

དེའང་ཟླ་ ༩ ཚེས་ ༢ ཉིན་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་མི་ལོ་བདུན་དང་ཕྱེད་ཀའི་རིང་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གསང་སྟབས་ཀྱིས་རྒྱ་ནག་གི་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་གྲོལ་བཏང་འདུག་པ་དང་། ཁོང་རང་ཁྱིམ་དུ་དུ་འབྱོར་སྐབས་"འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་"ཅེས་འཁོད་པའི་སྟོད་གོས་ཞིག་གྱོན་ཏེ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་གཙོས་པའི་དགའ་ཉེ་སྤུན་མཆེད་ཚོས་ཁོང་ལ་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ལ་ལོ་ངོ་བདུན་དང་ཟླ་བ་དྲུག་ཙམ་བཙོན་འཇུག་བྱས་རྗེས་ཟླ་འདིའི་ཚེས་ ༢ ཉིན་གློད་གྲོལ་བཏང་ཡོད་པ་དང་། དེ་སྔོན་ཁོང་གློད་གྲོལ་མ་བཏང་གོང་རྒྱ་གཞུང་འབྲེལ་ཡོད་ཉེན་རྟོག་པས་ཁོང་གི་ཁྱིམ་ལ་བརྡ་ལན་ཞིག་བཏང་པའི་ནང་ཁོང་གློད་གྲོལ་གཏོང་རྒྱུ་ཡིན་ཚུལ་བཀོད་པ་ལས་དུས་ཚོད་སོགས་ཁ་གསལ་བཀོད་མེད་པ་མ་ཟད། ཁོང་གི་ནང་གཙོས་ཉེ་འབྲེལ་སུ་གང་ཡང་ཕེབས་བསུར་བཅར་མི་ཆོག་ཚུལ་བརྗོད་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ཁོང་རང་ཁྱིམ་དུ་འབྱོར་སྐབས་འགྲོ་བ་མིའི་རང་དབང་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་སྟོད་གོས་ལྭ་བ་སེར་པོ་ཞིག་གྱོན་ཡོད་པ་མ་ཟད་ཕྱི་ཚུལ་ནས་བལྟས་ན་ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཆགས་འདུག་ཅེས་གསུངས་པ་དང་། ཁོང་གི་ནང་མི་ཉེ་འབྲེལ་མང་པོ་ཞིག་གིས་མཇལ་དར་ཁྱེར་ཏེ་ཁོང་ལ་ཕེབས་བསུ་ཞུས་ཡོད་ཞུས་པ་མ་ཟད། ཕྱི་ཉིན་ཚེས་ ༣ ཉིན་ནས་ཁོང་གི་དགའ་ཉེ་དང་གྲོགས་པོ་ཚོས་རིམ་བཞིན་འཚམས་འདྲི་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་ལགས་ནི་དེ་སྔོན་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ ཚེས་༣ ཉིན་གྱི་མཚན་མོོ་རྒྱ་གཞུང་དམག་མིས་རྔ་བ་ཀིརྟི་དགོན་པའི་ཁོང་གི་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་དང་། རྔ་བ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ཕྱི་ལོ་ ༢ ༠༠༦ ལོ་ནས་བཟུང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག

བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཆབ་སྲིད་ཀྱི་ནག་ཉེས་འོག་རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཚེ་ངོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་ New York Times གསར་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་Liang Xiaojun ལགས་སུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དང་འབྲེལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་སྐུ་ཞབས་ Liang Xiaojun  ལགས་ཀྱིས་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་དེ་སྔ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་དང་རྒྱལ་སྤྱིའི་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་སྟབས། རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། གལ་ཏེ་དེ་ལྟར་བྱེད་ཚེ་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་རེད་ཅེས་བརྗོད་འདུག སྐུ་ཞབས་ Liang Xiaojun ལགས་ཀྱིས་ཁོང་གིས་ད་བར་བཀྲ་ཤིས་དབང་ཕྱུག་ལགས་བཀག་དཀྱིལ་ཁང་དུ་ཐུགས་འཕྲད་བྱེད་སྐབས། ཁོང་ནས་ད་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་པར་བློ་འགྱོད་ཕྲན་བུ་ཙམ་ཡང་མེད་པ་མ་ཟད། ཁོང་གིས་དུས་ནམ་ཡང་རྒྱལ་ཁབ་ཁ་བྲག་གི་བྱ་སྤྱོད་སྤེལ་བའི་བསམ་བློ་འཁོར་མྱོང་མེད་ཅེས་གསུངས་པ་གསལ་བཏོན་གནང་པ་དང་། ལྷག་དོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ད་བར་ཕྱག་ལས་གནང་པ་དེ་དག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་སྐད་ཡིག་དེ་རྒྱ་ཡིག་དང་གཅིག་མཚུངས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་དགོས་པའི་ཞུ་འབོད་གནང་པ་ལས་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་གང་ཡང་གནང་མེད་པ་གསུངས་ཡོད་པ་རེད། གཞི་རྩའི་བོད་མི་བཀྲིས་དབང་ཕྱུག་ལགས་ནི་དེ་སྔའི་བོད་ཁམས་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་དང་སྒེར་གཉེར་སློབ་གྲྭ་ཁག་དང། དེ་བཞིན་ས་གནས་བྱིས་པ་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་གནང་མཁན་ཞིག་ཡིན་པ་དང།  ཕྱིས་སུ་ས་གནས་ལ་རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཁྲིད་བྱ་རྒྱུ་བཙན་དབང་གིས་བཀག་སྡོམ་དང་ས་གནས་སུ་རྒྱ་གཞུང་གི་སློབ་གྲྭ་ཁག་ཏུ་བོད་རྒྱ་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་བྱ་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ཉིན་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད་འདུག ལྷག་དོན་ད་བར་ཁོང་གི་གནད་དོན་དང་འབྲེལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གཙོས་པའི་དབྱིན་ཡུལ་ནང་ལ་ཡོད་པའི་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་ཨ་རི་ནང་ལ་ཡོད་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ་ཁག་མང་པོ་ཞིག་ནས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་ཀྲོལ་བཏང་དགོས་པའི་ཞུ་གཏུགས་རིམ་པས་བྱེད་ཡོད་ཀྱང་། རྒྱ་གཞུང་གིས་ཉན་འཇོག་གང་ཡང་མེད་པར་དུས་ད་ལྟའང་ཁོང་བཙོན་འཇུག་འོག་གནས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་སུ་འདྲི་རྩད་རིགས་ཆ་ཚང་བྱས་ཟིན་ཡོད་པ་དང་། དེ་རིང་ནས་མགོ་འཛུགས་ཀྱིས་ཉིན་གྲགས་དགུ་བཅུའི་ནང་ཚུད་ལ་རྒྱ་གཞུང་ཉེས་རྟོག་པ་རྣམས་ནས་ཁོང་གི་གནད་དོན་དེ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་མིན་གྱི་ཐག་གཅོད་བྱ་དགོས་ཀྱི་འདུག་པ་དང་། རྒྱ་གཞུང་ཉེས་རྟོག་པས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་རེད།

རུ་ཐོག་རྫོང་དུ་གངས་རུད་བྱུང་བ་དེ་གནམ་གཤིས་འགྱུར་ལྡོག་དབང་གིས་ཡིན་པར་ཚོད་དཔག་གནང་བཞིན་འདུག

ཉེ་ཆར་བོད་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དུ་བྱུང་བའི་གངས་རུད་ཀྱི་དོན་རྐྱེན་དེར་ཁོར་ཡུག་ཉམས་ཞིབ་པ་ཚོས་གནམ་གཤིས་འགྱུར་ལྡོག་དབང་གིས་ཡིན་པར་ཚོད་དཔག་གནང་བཞིན་ཡོད་འདུག དེ་ཡང་ཟླ་བ་སྔོན་མའི་ཚེས་ ༡༧ ཉིན་བོད་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དུ་གངས་རུད་བྱུང་ནས་གྲོང་ཚོ་དེའི་ནང་གི་འབྲོག་པ་ཁྱིམ་ཚང་ ༦ ཡོད་པ་ལས་འབྲོག་མི་ ༩ རྐྱེན་ལམ་དུ་འགྱུར་ཡོད་པ་དང་། གཡག་དང་ལུག་ ༡༠༠ སྐོར་ལྷག་གོད་ཆག་དེའི་རྐྱེན་པས་ས་འོག་ཏུ་ཚུད་པའི་གནས་ཚུལ་ཐོན་དོན་ལྟར། ཉེ་ཆར་ཁོར་ཡུག་ཉམས་ཞིབ་པས་དོན་རྐྱེན་དེར་བརྟག་པ་གནང་སྟེ་ nature.com  ཞེས་པའི་ཁོར་ཡུག་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་།  རུ་ཐོག་རྫོང་དུ་གངས་རུད་བྱུང་སྟངས་དེ་རྒྱུན་ལྡན་དང་མི་འདྲ་བའི་གྱེན་གཟར་པོའི་ས་བབ་ཞིག་ཡིན་པར་རྒྱ་མཚོའི་ངོས་ནས་མི་ཊར་ ༥༢༠༠ ནས་ ༦༢༠༠ བར་གྱི་ས་ཆ་ཐེར་ཐེར་ཞིག་ཏུ་གངས་རུད་བྱུང་བ་ར་སྤྲོད་གནང་འདུག།  གངས་རུད་དེ་དག་རུ་ཐོག་རྫོང་ནས་ཁུལ་དེའི་ལུང་ཤོངས་བརྒྱུད་ Aruku མཚོ་བར་ཁྱོན་སྤྱི་ལེ་དྲུག་གི་རིང་ཚད་བར་ཁྱབ་འདུག ད་རེས་རུ་ཐོག་རྫོང་གི་གངས་རུད་དོན་རྐྱེན་དེས་གངས་རུད་ཁྱད་ལས་པའི་ཉམས་ཞིབ་པ་མང་པོ་ཞིག་ཧོན་འཐོར་དགོས་པའི་གནས་སྟངས་ཤིག་ཏུ་འགྱུར་བ་དང་། འཁྱགས་རོམ་གྱི་བཞུར་ཚད་ལ་རིམ་བཞིན་འཕར་ཆ་འགྲོ་བཞིན་ཡོད་པ་དེ་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཡིན་པར་དོགས་གཞི་གནང་བཞིན་འདུག་ལ། ལྷག་པར་དུ་རྒྱ་གཞུང་གི་ཚན་རིག་ལྟེ་གནས་ཀྱི་ཉམས་ཞིབ་པ་ Zong Jibiao ལགས་ཀྱིས་ས་ཆ་ཐེར་ཐེར་ཞིག་ནས་གངས་རུད་བརྒྱབ་དོན་གང་ཡིན་དང་དེའི་བྱུང་རིམ་བཅས་ཤེས་དཀའ་བའི་གནས་ཡིན་སྐོར་གསུངས་པ་དང་ཆབས་ཅིག གངས་རུད་ཀྱི་ཤུགས་རྐྱེན་དེས་རྒྱུག་ཆུ་བབ་སའི་ལུང་ཤུར་དེ་ཡང་རྒྱ་ཆེ་རུ་ཕྱིན་ཡོད་པ་མངོན་གསལ་གནང་འདུག ད་དུང་ཁོང་གིས་རུ་ཐོག་རྫོང་གི་གངས་རུད་ཐད་ཞིབ་འཇུག་གནང་པའི་གྲུབ་དོན་ལ་གངས་རུད་ཀྱི་ཁྱབ་ཚད་དེ་རུ་ཐོག་རྫོང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠ ཙམ་ལ་ཁྱབ་ཡོད་པ་མ་ཟད། དེའི་མཐུག་ཚད་དེ་མི་ཊར་ ༣༠ ཡིན་པ་ར་སྤྲོད་བྱུང་འདུག ཁྱད་པར་དུ་ད་ལྟའི་རུ་ཐོག་རྫིང་གི་གངས་རུད་དེ་དང་འདྲ་བ་ཞིག་དེ་སྔ་ ༢༠༠༢ ལོར་ཨུ་རུ་སུའི་ནང་གི་ kolka འཁྱགས་རོམ་ནས་དེ་ལྟར་བྱུང་ཡོད་པ་མ་ཟད། སྐབས་དེར་མི་ ༡༤༠ ཙམ་རྐྱེན་ལམ་དུ་འགྱུར་ཡོད་བཅས་གསུངས་འདུག ཡང་འཁྱགས་རོམ་ཉམས་ཞིབ་པ་སྐུ་ཞབས་ Tian Lide ཀྱིས་ ༡༩༦༠ ནས་བཟུང་བོད་ནང་གི་ཚ་དྲོད་ཀྱི་མྱུར་ཚད་དེ་ཚགས་བཞི་ཅམ་འཕར་ཡོད་པ་དེ་ནི་གོ་ལའི་ཚ་དྲོད་ལས་ལྡབ་གཉིས་ལྷག་འཕར་ཡོད་པ་དང་།  ད་ཆ་འཁྱགས་རོམ་རྣམས་རིམ་བཞིན་བཞུར་ནས་གངས་རུད་བརྒྱབ་རྒྱུའི་ཉེན་ཁ་ཡོད་སྲིད་པ་རེད་ཅེས་གསུངས་པ་མ་ཟད། ཉམས་ཞིབ་པ་ཁག་ཅིག་གིས་ད་ཆ་བོད་ནུབ་ཕྱོགས་ནང་འཁྱགས་རོམ་བཞུར་རྒྱུའི་གནད་དོན་མང་པོ་བྱུང་བཞིན་ཡོད་པ་དེ་དག་གི་རྒྱུ་རྐྱེན་གཙོ་བ་དེ་གནམ་གཤིས་འགྱུར་གྱི་ཚ་དྲོད་འཕར་བཞིན་པའི་གནས་སྟངས་དེའི་དབང་གིས་ཡིན་པ་དང་དོན་རྐྱེན་དེའི་རིགས་ཡང་ཡང་བྱུང་བར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་མངོན་བཏོན་གནང་ཡོད་པ་རེད།

བོད་མི་ཆབ་སྲིད་བཙོན་པ་ཀུན་མཁྱེན་ལགས་ཞབས་ཐང་པོ་མེད་པའི་འོག་གློད་གྲོལ་བཏང་པ།

བོད་མི་ཆབ་སྲིད་བཙོན་པ་ཀུན་མཁྱེན་ལགས་རྒྱ་གཞུང་གི་བཙོན་ཁང་ནས་ལོ་ ༩ རིང་གི་བཙོན་འཇུག་དུས་ཡུན་ཚང་རྗེས་ཞབས་ཐང་པོ་མེད་པའི་འོག་གློད་གྲོལ་བཏང་འདུག    དེའང་ཟླ་ ༨ ཚེས་ ༢༡ ཉིན་བོད་མདོ་ཁམས་ལི་ཐང་གཡོན་རུ་ནས་ཡིན་པའི་ཀུན་མཁྱེན་ལགས་རྒྱ་གཞུང་གི་བཙོན་ཁང་ལས་གློད་གྲོལ་བཏང་ཡོད་ཀྱང། ད་ལྟའི་ཆར་ཁོང་གི་ཞབས་གཉིས་པོ་ཐང་པོ་མེད་པ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད། འདི་ག་རླུང་འཕྲིན་ཁང་དུ་གྲྭ་བློ་བཟང་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྒྱ་གཞུང་གིས་དེ་སྔ་༢༠༠༧ ལོར་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཨ་ཀྲུག་བློ་བོ་ལགས་དང་ཀུན་མཁྱེན་ལགས་རྣམ་པ་གཉིས་ལས་ཀུན་མཁྱེན་ལགས་ཟླ་ ༨ ཚེས་ ༢༡ ཉིན་གྱི་མཚན་མོ་བོད་ནང་གི་ཆུ་ཚོད་ ༡༢ ཐོག་གསང་སྟབས་ཀྱིས་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་ཞབས་གཉིས་པོ་ཐང་པོ་མེད་པ་གྱུར་ཡོད་སྐོར་གསུངས་པ་མ་ཟད། ཨ་ཀྲུག་བློ་བོ་ལགས་ད་ལྟའི་ཆར་རྒྱ་གཞུང་གི་བཙོན་འཇུག་འོག་ལ་མུ་མཐུད་གནས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་སྐུ་གཟགས་ཀྱི་གནས་བབ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་སོང་། གཞི་རྩའི་ཀུན་མཁྱེན་ལགས་ནི་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༨ ཚེས་ ༡ ཉིན་མདོ་ཁམས་ལི་ཐང་རྟ་རྒྱུགས་ཆེན་མོའི་སྐབས་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཀྱིས་༸གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཅེས་གསུང་བཤད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ལོ་ ༨ རིང་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་བློ་བོ་ལགས་དང་ཀུན་མཁྱེན་གཉིས་ཀྱིས་དེ་འབྲེལ་སྦྱར་ཡིག་བཀྲམ་པ་དང་ རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཨ་ཀྲུག་བློ་བོ་ལགས་ལ་ལོ་ ༡༠ དང་། ཀུན་མཁྱེན་ལགས་ལ་ལོ་ ༩ འི་བཙུན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྩ་བའི་ཀུན་མཁྱེན་ལགས་ནི་བོད་ཁམས་ལི་ཐང་གཡོན་རུ་འབྲོག་ཁུལ་ནས་ཡིན་ཞིང་། ཁོང་གི་ཕྱག་ལས་དངོས་ནི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པ་རེད་འདུག་ལ། ཁོང་གི་ངག་སྙན་པོ་ཡོད་པས་རྡུང་ལེན་པ་ཞིག་ཀྱང་ཡིན་འདུག

རྒྱ་གཞུང་གིས་རྔ་བ་ཁུལ་དུ་གསང་བའི་ལྟ་སྲུང་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ་མངོན་གསལ་གནང་འདུག

རྒྱ་ནག་གཞུང་གྱིས་བོད་མདོ་སྨད་རྔ་བ་ཁུལ་དུ་ས་གནས་མི་མང་གཙོས་པའི་ཡུལ་སྐོར་སྤྲོ་འཆམ་པ་དང་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་ཆེས་དམ་དྲག་གི་ཚོད་འཛིན་ཐུབ་ཕྱིར་གསང་སྟབས་ཀྱིས་ལྟ་སྲུང་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པ་གསལ་བཏོན་གནང་འདུག དེ་ཡང་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ California འི་གྲོང་ཁྱེར་ Los Angeles ནང་ལ་རྟེན་གཞི་བྱས་པའི་ Los Angeles Times གསར་སྤེལ་ཁང་གི་ཨེ་ཤེ་ཡ་མངའ་ཁུལ་གྱི་གསར་འགོད་པ་སྐུ་ཞབས་ Jonathan Kaiman ལགས་ཉེ་ཆར་བོད་མདོ་སྨད་རྔ་བ་ཁུལ་ཁྲོ་ཆུ་རྫོང་གྱི་ས་གནས་ཁག་ཅིག་ཏུ་བསྐྱོད་འདུག་པ་མ་ཟད། སྐབས་དེར་ཁོང་གིས་ས་གནས་སུ་དངོས་ཀྱི་གཟིགས་ཚུལ་ཇི་བྱུང་གནས་སྟངས་ཁག་ཅིག་འདྲ་པར་དང་ལྷན་དུ་རང་ཉིད་ཀྱི་དྲ་གནས་འཕྱུལ་བྱ་འམ་ Twitter ཐོག་བཀོད་འདུག གནས་ཚུལ་དེའི་ནང་ཁོང་གིས་རྔ་བ་ཁུལ་ཁྲོ་ཆུ་རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་སྡོད་ཁང་དང་ཟམ་པ་སོགས་དེང་དུས་ཅན་གྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཡོད་ཀྱང་། དེ་དག་བེད་སྤྱོད་བྱེད་མཁན་མང་ཆེ་བ་ས་གནས་སུ་ཡོད་པའི་རྒྱ་རིགས་ཚོ་ལས་བོད་མི་རྣམས་ལ་ཐོབ་ཐང་དེ་ཙམ་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ཁོང་གིས་ཆེད་མངགས་ས་གནས་བོད་རིགས་ཁག་ཅིག་དང་གླེང་མོལ་གནང་ཐབས་ཞུས་ཀྱང་། རྒྱ་གཞུང་གིས་དམ་དྲག་འོག་ས་གནས་བོད་མི་ཚོས་རང་ཉིད་ཀྱི་ཉིན་རེའི་འཚོ་ཐབས་དང་ས་ཞིང་གི་བདག་དབང་། དེ་བཞིན་དཔལ་འབྱོར་གྱི་ཡོང་འབབ་བཅས་ཀྱི་ཐད་ལ་གླེང་སློང་གང་ཡང་གནང་གི་མེད་སྐོར་བཀོད་ཡོད་པ་རེད། ད་དུང་ཁོང་གིས་ཟུར་ཟའི་རྣམ་པ་དང་བཅས་ཁུལ་དེར་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གསང་བའི་པར་ལེན་པ་ཁག་ཅིག་གི་པར་དང་། ཁོང་གནས་སྡོད་བྱེད་སའི་མགྲོན་ཁང་ནང་དུ་ཆེད་འཛུགས་བྱས་པའི་ཉེན་རྟོག་སྡོད་ཁང་སོགས་ཀྱི་པར་བླངས་ཏེ་རྔ་བ་ཁུལ་དུ་བོད་རིགས་དང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་གསང་སྟབས་ཀྱིས་ལྟ་སྲུང་ལས་ཀ་བྱེད་མཁན་སྔར་ལྷག་འགྲེམས་འཇོག་བྱས་འདུག་ཅེས་འགྲེལ་བརྗོད་གནང་འདུག གཞན་ཡང་ཁོང་གིས་དྲ་གནས་ཐོག་ས་ཁུལ་དེའི་ནང་རྒྱ་ཡིག་ཐོག་རྒྱ་གཞུང་གིས་ཁྲིམས་ལུགས་དབང་བསྒྱུར་འོག་གྲོང་གསེབ་རྣམས་ལ་མང་གཙོའི་རང་དབང་ཐོབ་ཡོད་ཅེས་པའི་མིང་བྱང་སྦྱར་སྟེ། ས་གནས་མི་མང་རྣམས་གླུ་གཞས་བླངས་བཅུག་ཡོད་སྐོར་དང་། ཁོང་གི་རྗེས་འབྲངས་པ་དང་གྲོགས་པོ་ཁག་ཅིག་གིས་རྒྱ་གཞུང་གིས་ས་གནས་མི་མང་རྣམས་གླུ་གཞས་བླངས་བཅུག་པ་དེ་ནི་གསར་འགོད་པ་དང་དངོས་ཐུག་གིས་གླེང་སློང་གནང་རྒྱུའི་གོ་སྐབས་རྣམས་བཀག་ཐབས་ཀྱི་བྱུས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག གསར་འགོད་པ་ Jonathan Kaiman ལགས་ཀྱིས་བོད་མདོ་སྨད་རྔ་བ་ཁུལ་ཁྲོ་ཆུ་རྫོང་གི་གོམས་སྲོལ་དང་རིག་གཞུང་སོགས་སྙིང་རྗེ་པོ་འདུག་ཀྱང་། ད་ལྟ་ཡང་ས་ཁུལ་དེར་མཐོང་རྒྱུ་མང་ཤོས་ཡོད་པ་ནི་གསང་བའི་ལྟ་སྲུང་གི་ལས་མི་འབའ་ཞིག་ཡིན་པ་གསུངས་འདུག རྩ་བའི་བོད་མདོ་སྨད་རྔ་བ་ས་ཁུལ་དེ་ནི་རྒྱ་གཞུང་གི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་གི་དོན་རྐྱེན་མང་ཤོས་བྱུང་སའི་ས་ཚིགས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་སྤྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་་ཞི་རྒོལ་ཆེན་མོ་བྱུང་བ་དུས་དེ་ནས་ཟུང་སྟེ་རྒྱ་གཞུང་གིས་གསང་སྟབས་འོག་ལྟ་སྲུང་ལས་གཞི་རྒྱ་ཆེ་ཤོས་སྤེལ་ཡུལ་གྱི་མངའ་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱ་གཞུང་གིས་དམ་དྲག་འོག་ཁུལ་དེའི་མི་མང་ནས་རང་གིས་རང་ལ་དམ་དྲག་གི་གནས་སྟངས་བཟོ་བཞིན་འདུག

རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་ཚོར་བ་རྣོ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཚོ་གང་བྱུང་འཛིན་བཟུང་གིས་མང་ཚོགས་ཐོག་ཚོད་འཛིན་བྱེད་བཞིན་ཡོད་སྟབས། ད་ཆ་གནད་དོན་དེས་བོད་མི་དང་ཡུ་གུར་མི་རིགས་རྣམས་ནས་རང་གིསརང་ལ་དམ་དྲག་བྱས་ཏེ་རྒྱ་གཞུང་གི་གདུག་རྩུབ་ལས་གཡོལ་ཐབས་གནང་པ་མངོན་གསལ་གནང་འདུག དེ་ཡང་ Daily Dot ཞེས་པའི་གསར་ཁང་ཐོག་དཔྱད་རྩོམ་ཞིག་སྤེལ་བར་གཞིགས་ན། གསར་ཁང་དེའི་གསར་འགོད་པ་སྐུ་ཞབས་ Nithin Coca ལགས་ཀྱིས་དེང་དུས་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་ཁག་སྤྱོད་ཤུགས་ཆེན་པོ་བྱེད་བཞིན་པའི་དུས་སྐབས་འདིར་བཟང་ངན་གྱི་གནས་ཚུལ་གང་ཞིག་འཛམ་གླིང་སྤྱི་ལ་ཁྱབ་མྱུར་ཆེ་བའི་ཁྲོད། འདི་ལོ་ཕྱི་ཟླ་ ༣ ནང་ཕྲུ་གུ་ལྔ་ཅན་གྱི་མ་བསོད་ནམས་འཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་དུ་རང་ལུས་མེར་སྲེག་བཏང་ཡོད་ཀྱང་། རྒྱ་གཞུང་གིས་ཆེས་དམ་དྲག་གནས་སྟངས་འོག་གནས་ཚུལ་དེ་འདི་ལོའི་ཕྱི་ཟླ་ ༥ ནང་གཞི་ནས་གཞི་རིམ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་ལུང་འདྲེན་དང་འབྲེལ། གནས་སྟངས་དེ་འདྲ་བྱུང་དོན་གང་ཡིན་གྱི་གནད་དོན་ཁག་ཅིག་གླེང་འདུག ད་དུང་དཔྱད་རྩོམ་དེའི་ནང་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་བྱང་ཤར་ཨེ་ཤེ་ཡ་སྡེ་ཚན་གྱི་གསར་འགོད་པ་ Yaqiu Wang ལགས་ཀྱིས་ཆབ་སྲིད་ཚོགས་པ་གཅིག་ལས་གྲུབ་པའི་རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་དེ་གནསཚུལ་སྟངས་འཛིན་བྱ་རྒྱུ་ཐད་ཤུགས་ཆེ་བརྟེན་གྱི་ཡོད་པ་པ་དང་། རྒྱ་གཞུང་ནས་ཁུལ་དེའི་ནང་གི་མི་མང་གཙོས་རྒྱ་ནག་ཕྱི་ལ་གནས་པའི་མང་ཚོགས་ཁྲོད་བོད་དང་ཤིན་ཅང་གཉིས་ནང་ད་བར་ཐབས་སྡུག་གི་གནས་ཚུལ་བྱུང་དང་བྱུང་བཞིན་པ་ཁག་ཤེས་རྟོགས་བྱུང་བཅུག་འདོད་མེད་སྐོར་བརྗོད་འདུག གསར་འགོད་པ་ Nithin Coca ལགས་ཀྱིས་ད་ཆ་དེང་དུས་འཕྲུལ་ལས་ཀྱི་རྐྱེན་པས་ཕྱོགས་གཅིག་ནས་འཛམ་གླིང་མི་ཕན་ཚུན་དབར་འབྲེལ་ལམ་སྟབས་བདེ་ཆགས་ཡོད་ཀྱང་། ཕྱོགས་གཞན་ཞིག་ལ་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་རང་ཉིད་ཀྱི་ཚོར་བ་རྣོན་བའི་གསང་བའི་གནས་ཚུལ་རྣམས་རྒྱལ་ཁབ་ཕྱི་ལ་ཁྱབ་རྒྱུ་བཀག་སྡོམ་བྱ་རྒྱུའི་ནུས་པ་དེ་ཆེ་རུ་བཏང་ཡོད་པ་དང་། ལྷག་དོན་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤིན་ཅང་གི་ས་གནས་གཉིས་ནང་གནད་དོན་དེ་མངོན་སུམ་མཐོང་རྒྱུ་ཡོད་པ་རེད། སྤྱིར་གསར་འགོད་པ་དང་ལས་འགུལ་བ་རྣམས་ནས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་བ་འཕྲུལ་བྱ་ Twiiter དང་ངོ་དེབ། Snapchat སོགས་བེད་སྤྱོད་བརྒྱུད་འཛམ་གླིང་ནང་གང་བྱུང་བཞིན་ཡོད་པའི་གནས་ཚུལ་ཁག་རྒྱུས་ལོན་གནང་གི་ཡོད་ཀྱང་། བརྒྱུད་ལམ་དེ་དག་བོད་དང་ཤིན་ཅང་ནང་རང་དབང་ལྡན་པའི་སྒོ་ནས་སྤྱོད་ཐུབ་ཀྱི་མེད་སྟབས། ས་གནས་དེ་དག་ནས་བདེན་དཔང་ར་སྤྲོད་ཀྱི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་དཀའ་རུ་འགྲོ་བཞིན་ཡོད་པ་དང་། ཁྱད་པར་དུ་རྒྱ་ནག་གཞུང་གིས་དམ་དྲག་དང་ས་ཁུལ་དེའི་ནང་རྒྱ་ནག་གི་དྲག་གནོན་ལ་ཞེད་སྣང་འོག་རང་གིས་རང་ལ་དམ་དྲག་ཚོད་འཛིན་བྱས་པ་ར་སྤྲོད་གནང་འདུག དཔྱད་རྩོམ་དེའི་ནང་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་གིས་དཔྱད་ཞིབ་བྱས་པའི་གྲུབ་འབྲས་ནང་དོན་ལ་གཞིགས་ན། མང་ཚོགས་ནས་གསར་འགོད་པར་བཀའ་མོལ་གནང་བ་ཙམ་གྱིས་དོ་བདག་དེར་རྒྱ་གཞུང་གིས་བརྙས་བཅོས་དང་བཀག་སྐྱིལ། ཡང་ན་འདྲི་རྩད་དང་ཉེས་ཆད་སྐྱེལ་གྱི་ཡོད་པ་དང་། དེའི་ཁྲོད་སྔ་ལོ་བོད་མི་བཀྲིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་ནིའུ་ཡོག་དུས་བབ་ཀྱི་གསར་ཤོག་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་རྩོམ་ཡིག་ཞིག་སྤེལ་བའི་རྗེས་སུ། རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཀར་ཉར་བྱས་ཡོད་པ་སོགས་ཐེར་བཏོན་གནང་པ་དང་ཆབས་ཅིག རྒྱ་ནག་ནང་གནས་ཚུལ་དེ་རིགས་ནམ་བྱུང་ཚེ་རྒྱལ་ཁབ་དེའི་ནང་གི་དྲ་རྒྱ་དང་ཁ་པར་གྱི་འབྲེལ་མཐུད་ཡོངས་རྫོགས་བཙན་དབང་གིས་སྒོ་རྒྱག་བཅུག་གི་ཡོད་སྐོར་སོགས་འཁོད་འདུག དེ་བཞིན་ Citizen Lab ཞེས་པའི་དྲ་རྒྱའི་བེད་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་པའི་ཉམས་ཞིབ་པ་ Masashi Nishihata ལགས་ཀྱིས་རྒྱ་ནག་གིས་མཉན་ཆས་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ནས་གཙོ་བོ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ལ་གསང་ཞིབ་མྱུལ་ལྟ་བྱས་པ་མ་ཟད། རྒྱ་གཞུང་གིས་བཟོས་པའི་མཉན་ཆས་སྐད་འཕྲིན་འམ་ We Chat ལ་སོགས་པ་རྣམས་རྒྱ་ནག་གཞུང་གི་ཁྲིམས་ལྟར་འགྲོ་དགོས་ཀྱི་ཡོད་པ་བཟོས་པ་དང་། དེ་སྔ་མཉན་ཆས་དེ་བེད་སྤྱོད་བྱས་པའི་བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་ལུང་འདྲེན་གནང་འདུག ད་དུང་རྒྱ་གཞུང་གི་ཐབས་བྱུས་ལ་རྟོག་ཞིབ་བྱེད་མཁན་དྲ་རྒྱའི་བདེ་འཇགས་གི་མཁས་ལས་པ་སྐུ་ཞབས་ Greg Walton ལགས་ཀྱིས་གཞི་རིམ་ཚོགས་པ་ཁག་དང་ལྷག་པར་དུ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཚོགས་པ་རྣམས་ནས་རྒྱ་ནག་ནང་གི་དྲ་རྒྱའི་རང་དབང་སྲུང་སྐྱོབ་དང་རྒྱལ་ཁབ་དེའི་ནང་གི་གནས་ཚུལ་རྒྱུས་ལོན་ཆེད་སྐུ་ལས་ཚད་མེད་སྐྱོན་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་ཏེ་ལྡབ་འགྱུར་གྱིས་མང་ཚོགས་དང་དཔལ་འབྱོར་སོགས་སྤྱོད་པའི་བརྒྱུད་ཁུལ་དེའི་མི་མང་ཐོག་སྟངས་འཛིན་དང་གསང་ཞིབ་མྱུལ་ལྟ་ཤུགས་ཆེ་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག དེ་བཞིན་ Fordham གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Carl Midner ལགས་ཀྱིས་ཀྱང་རྒྱ་གཞུང་གིས་ཁུལ་དེའི་མི་མང་ཐོག་ཚོད་འཛིན་བྱས་པ་དང་། རྒྱལ་ཁབ་ཀྱི་ཚོར་བ་རྣོ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཚོར་གང་བྱུང་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ད་ཆ་བོད་མི་དང་ཡུ་གུར་མི་རིགས་ནས་རང་གིས་རང་ལ་དམ་དྲག་བྱས་ཏེ་རྒྱ་གཞུང་གི་གདུག་རྩུབ་ལས་གཡོལ་ཐབས་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་པ་དང་། གནད་དོན་དེ་ནི་སེམས་འཚབ་བྱ་དགོས་པ་ཞིག་དང་། ཐབས་བྱུས་དེ་ད་ཆ་རྒྱ་གཞུང་གིས་ཁུལ་དེའི་གྲངས་ཉུང་མི་རིགས་ལས་བོད་རིགས་ཐོག་དྲག་གནོན་བྱ་རྒྱུའི་ལམ་ལུགས་ཁྲོད་ལག་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། དེ་ནི་དེང་དུས་འཕྲུལ་ཆས་བཀག་སྡོམ་ལས་ཉེན་ཁ་ཆེ་བ་ཆགས་ཀྱི་ཡོད་ཅེས་གསུངས་འདུག ད་ཆ་བོད་དང་ཤིན་ཅང་ནང་རྒྱ་གཞུང་གིས་དྲག་གནོན་ཚབས་ཆེ་བྱེད་བཞིན་པའི་སྲིད་བྱུས་དེ་རིམ་པའི་རྒྱ་ནག་རྒྱལ་ཡོངས་སུ་ལག་བསྟར་བྱེད་འགོ་འཛུགས་བཞིན་ཡོད་པ་དང་། ད་ལྟའི་དམ་དྲག་གི་གནས་སྟངས་དེའི་འོག་མ་འོངས་པར་བོད་ནང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དང་ཡང་ན་རང་ལུས་མེར་སྲེག་གི་དོན་རྐྱེན་ལ་སོགས་པ་བྱུང་ཚེ། གནས་ཚུལ་དེ་རྒྱལ་སྤྱིའི་མང་ཚོགས་ཁྲོད་བསླེབ་པར་དུས་ཚོད་རིང་པོ་འགོར་ངེས་ཡིན་པ་དང་། ཡང་ན་གནས་ཚུལ་དེ་ནམ་ཡང་ཕྱིར་ཐོན་ཐུབ་ཀྱི་མ་རེད་ཅེས་མངོན་གསལ་གནང་འདུག

དགེ་འདུན་པ་ཚོར་གྱོད་དཔེ་ཀློག་དེབ་གཟབ་སྦྱོང་གྱིས་ཤིག་ཅེས་བཙན་བཀའ་བཏང་པ།

དེའང་ཟླ་བ་གོང་མའི་ནང་རྔ་བ་རྫོང་གི་འབྲེལ་ཡོད་ལས་བྱེད་པས་རྔ་བ་ཀིརྟིའི་དགོན་གྱི་གྲྭ་ཤག་རེ་རེ་བཞིན་དུ་དགོན་པའི་གྱོད་དཔེ་ཀློག་དེབ་ཟེར་བའི་དེབ་ཆུང་ཞིག་སྤྲད་དེ་དགེ་འདུན་པ་ཚོས་དེར་སློབ་སྦྱོང་གཟབ་ནན་བྱེད་དགོས་པའི་བཙན་བཀའ་བཏང་འདུག རྒྱ་གཞུང་གིས་བཙན་བཤད་ཀྱིས་འདི་ལོའི་ཟླ་ ༧ ཚེས་ ༢༨ ཉིན་ཆེད་སྤྲད་བྱས་པའི་དགོན་པའི་གྱོད་དཔེ་ཀློག་དེབ་དེའི་ནང་དུ་གཞིས་བཞུགས་བོད་མི་ཚོས་རང་ལུས་མེར་སྲེག་གིས་ཞི་རྒོལ་སྐད་འབོད་གནང་པ་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཁའ་དབྱིངས་སུ་འཕྱར་ནས་ཞི་བའི་གོམ་བགྲོད་གནང་བ་སོགས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་ཡིན་པས་དེ་དག་ལ་ཉེས་ཆད་གཅོད་དགོས་པ་དང་། དེ་བཞིན་སྐད་འཕྲིན་གཙོས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་སྤྱོད་དེ་ཕྱི་ཕྱོགས་ལ་ས་གནས་ཀྱི་གནས་ཚུལ་སྐུར་བ་སོགས་རྒྱལ་ཁབ་ཀྱི་གསང་དོན་ཕྱི་ལ་བསྒྲགས་པའི་ཁྲིམས་འགལ་གྱི་ཉེས་ཆད་གཅོད་རྒྱུ་སོགས་དོན་ཚན་ལྔ་ཅན་འཁོད་པའི་བོད་རྒྱ་གཉིས་ཀྱི་ཡིག་རིགས་ཡོད་པ་ཞིག་ཆེད་སྤྲད་ཀྱིས་དགེ་འདུན་པ་ཚོས་དེར་སློབ་སྦྱོང་གཟབ་ནན་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བོད་གནས་མཁོ་སྤྲོད་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་འདི་ལོའི་ཟླ་བ་ ༧ ཚེས་ ༢༨ ཉིན་རྒྱ་གཞུང་གིས་རྔ་བ་རྫོང་གི་དགོན་པ་ཁག་ ༤༠ ལྷག་གི་འཐུས་མི་ཆེད་སྐོང་ཐོག་ཚོགས་འདུ་ཚོགས་ཤིང་བཅའ་ཁྲིམས་དགོན་པར་བསྐྱལ་བའི་ལས་དོན་དེ་ལེགས་གྲུབ་བྱུང་སོང་ཅེས་རྔ་བའི་གསར་འགྱུར་བརྒྱུད་ལམ་ཐོག་སྤྱི་བསྒྲགས་བྱས་ཡོད་པ་གསུངས་སོང་།    ད་དུང་ཁོང་གིས་བོད་ནང་བོད་མི་ཚོས་རྒྱ་གཞུང་གིས་བོད་ཐོག་ལ་གདུག་རྩུབ་ཆེ་བའི་བྱ་སྤྱོད་སྤེལ་བར་མ་བཟོད་ནས་དེ་འབྲེལ་ཞི་རྒོལ་སྐད་འབོད་གནང་པ་མཚོན་ལས་འགུལ་ཕྲན་བུ་སྤེལ་བར་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་དྲག་གནོན་བྱས་དང་བྱེད་བཞིན་པ་མ་ཟད། རྒྱ་གཞུང་རང་གིས་བོད་ཐོག་སྤེལ་བའི་ཁྲིམས་འགལ་གྱི་ལས་རིགས་གང་སྤེལ་ཡང་དེ་དག་ཐམས་ཅད་ཁྲིམས་མཐུན་ལུགས་ཡིན་སྐོར་བཤད་ཀྱི་ཡོད་པ་གསུངས་སོང་། དེ་བཞིན་རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བར་བརྟེན་རྒྱལ་གཅེས་པ་དེ་དག་གི་ནང་མི་ཉེ་འབྲེལ་གཙོས་དགེ་རྒན་སོགས་ལ་ཉེས་ཆད་བཏང་ཡོད་པ་རེད་ལ། དེ་སྔོན་རྒྱལ་གཅེས་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ཀྱི་ཨ་ཁུ་དང་ཤག་གི་དགེ་རྒན་ཡིན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་གྲྭ་བློ་བཟང་ཕུན་ཚོགས་ལགས་བཀྲོངས་པའི་ཉེས་མིང་འོག་ལོ་ ༡༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་ ༢༠༡༣ ལོར་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་གིས་རང་ལུས་མེར་སྲེག་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་བཙོན་འཇུག་ལོ་ ༢ ནར་འགྱང་གིས་སྲོག་ཐོག་གི་ཁྲིམས་ཆད་བཅད་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གཞན་ཡང་མཛོད་དགེ་རྫོང་ནས་དཀོན་མཆོག་དབང་མོས་རང་ལུས་མེར་སྲེག་གནང་བ་དེ་ཁོ་མོ་རང་གི་ཟླ་བོ་སྒྲོལ་མ་སྐྱབས་ལ་བཟའ་ཟླ་བཀྲོངས་པའི་ཉེས་མིང་གཡོག་ནས་སྲོག་ཐོག་གི་ཉེས་ཆད་བཅད་པ་སོགས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཤུལ་ལུས་ནང་མི་འབྲེལ་སྤུན་མཆེད་སོགས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་པ་རེད། རྩ་བའི་ཐེངས་འདིའི་དེབ་དེ་དགོན་པའི་གྲྭ་ཤག་རེ་རེ་བཞིན་ཆེད་སྤྲད་བྱེད་དོན་ནི་མ་འོངས་པར་དགོན་ཁག་གི་དགེ་འདུན་པ་ཚོས་ལས་འགུལ་དེ་རིགས་སྤེལ་ཚེ་ཁྲིམས་ཐག་ནན་པོ་གཅོད་རྒྱུ་ཡིན་པའི་དཔང་ཡིག་ལྟ་བུ་ཞིག་ཡིན་པ་རེད་འདུག

རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཉེས་མིང་འོག་ལོ་ ༨ རིང་བཙོན་འཇུག་བྱས་པའི་སངས་དགའ་ལགས་གློད་གྲོལ་བཏང་པ།

རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་ཟུར་སངས་དགའ་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཉེས་མིང་འོག་ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཆད་ཚང་ནས་ཟླ་འདིའི་ཚེས་ ༡༢ ཉིན་གློག་གྲོལ་བཏང་འདུག འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྡ་ས་བཅར་བཞུགས་མདོ་སྨད་ཆོལ་ཁའི་ཚོགས་གཞོན་རྔ་བ་ཆོས་འཛིན་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་སངས་དགའ་ལགས་ཟླ་འདིའི་ཚེས་ ༡༢ ཉིན་བོད་ནང་གི་ཞོགས་པའི་ཚོུད་ ༧།༠༠ ཐོག་ཁྲིའུ་ཏུའུ་མེན་ཡཱང་བཙོན་ཁང་ནས་གསང་སྟབས་ཀྱིས་བཙོན་གྲོལ་བཏང་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༣ ཉིན་རྔ་བ་ས་གནས་བོད་མི་མང་ཚོགས་ཚོས་དགའ་བསུ་དང་བཅས་ཏེ་སྣེ་ལེན་གཟབ་རྒྱས་ཀྱིས་ཐེའུ་ཆུང་སྡེ་བའི་རང་ཁྱིམ་དུ་བདེ་ལེགས་ངང་འབྱོར་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་དེ་མིན་གཟུགས་གཞིའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྐོར་གསུངས་སོང་། ད་དུང་ཁོང་གིས་སངས་དགའ་ལགས་ནི་དེ་སྔ་སྤྱི་ལོ་ ༢༠༠༡ ཟླ་ ༡༡ པའི་ནང་རྔ་བ་རྫོང་དུ་ཁོང་གིས་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་གནང་པར་བརྟེན་རྔ་བ་རྫོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་ཁྲིམས་ཁང་དུ་ལོ་ངོ་གསུམ་རིང་བཙོན་འཇུག་བྱས་མཐར་སྤྱི་ལོ་ ༢༠༠༤ ལོར་བཙོན་གྲོལ་བཏང་ཡོད་པ་དང་། དེ་རྗེས་རྒྱ་གཞུང་གིས་ཁོང་ཟླ་ ༨ ཚེས་ ༡༣ ཉིན་སླར་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་གནང་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་སོགས་གསུངས་ཀྱི་འདུག གཞི་རྩའི་ཆབ་སྲིད་བཙོན་ཟུར་སངས་དགའ་ལགས་ནི་དེ་སྔ་སྤྱི་ལོ་ ༢༠༠༡ ཟླ་ ༡༡ པའི་ནང་རྔ་བ་རྫོང་དུ་ཁོང་གིས་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་གནང་པར་བརྟེན་རྔ་བ་རྫོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་ཁྲིམས་ཁང་དུ་ལོ་ངོ་གསུམ་རིང་བཙོན་འཇུག་བྱས་མཐར་སྤྱི་ལོ་ ༢༠༠༤ ལོར་བཙོན་གྲོལ་བཏང་ཡོད་ཀྱང་། སྤྱི་ལོ་ ༢༠༠༨ ལོར་ཁོང་གིས་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་གནང་པའི་ཉེས་མིང་འོག་ཟླ་ ༨ ཚེས་ ༡༣ ཉིན་སླར་ཁུལ་དང་ཞིང་ཆེན་གྱི་ཉེན་རྟོག་རུ་ཁག་གིས་རྔ་བའི་ཇ་ཁང་ཞིག་ཏུ་གྲོགས་པོ་སྐོར་ཞིག་དང་ལྷན་འཛོམས་སྐབས་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེར་ཁོང་གི་སྲིང་མོའི་ཟླ་བོའི་ལག་ཏུ་ཉེན་རྟོག་པས་ཡི་གེ་ཞིག་བཞག་ཏེ་འདི་ཧོར་ཚང་ལ་སྤྲོད་རོགས་ཞེས་ཡི་གེ་ཞིག་བཞག་པ་ལས་དེ་མིན་ཁོང་གི་ཞིབ་ཕྲའི་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད། དེ་རྗེས་ཟླ་བ་གཉིས་ཀྱི་རྗེས་ནས་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་འོག་ལོ་བརྒྱད་ཀྱི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་གི་ཨ་མ་གཙོས་པའི་ནང་མི་གསུམ་ཙམ་ཐུག་འཕྲད་དུ་ཕྱིན་ཡོད་ཀྱང་ཁྲིམས་ཆད་ཀྱི་བརྒྱུད་རིམ་ཆ་ཚང་ཁ་གསལ་ཞིག་ཤེས་རྟོགས་བྱུང་མེད་པ་རེད། ཉེ་ཆར་ཟླ་འདིའི་ཚེས་ ༡༢ ཉིན་བོད་ནང་གི་ཞོགས་པའི་ཚོུད་ ༧།༠༠ ཐོག་ཁྲིའུ་ཏུའུ་མེན་ཡཱང་བཙོན་ཁང་ནས་གསང་སྟབས་ཀྱིས་བཙོན་གྲོལ་བཏང་ཡོད་པ་དང་། སང་ཉིན་ཏེ་ཕྱི་ཚེས་ ༡༣ ཉིན་རྔ་བ་ས་གནས་བོད་མི་མང་ཚོགས་ཚོས་དགའ་བསུ་དང་བཅས་ཏེ་སྣེ་ལེན་གཟབ་རྒྱས་ཀྱིས་ཐེའུ་ཆུང་སྡེ་བའི་རང་ཁྱིམ་དུ་བདེ་ལེགས་ངང་འབྱོར་ཡོད་པ་རེད། རྩ་བའི་ཆབ་སྲིད་བཙོན་ཟུར་སངས་དགའ་ལགས་ནི་རྔ་བ་རྫོང་བར་མ་ཤང་ཐེའུ་ཆུང་སྡེ་བའི་ཧོར་ཚང་གི་ཕ་ཀུན་ཁོ་དང་མ་ཕུན་ཚོགས་སྐྱིད་གཉིས་ལ་བུ་ཕྲུག་བཞི་ཡོད་པ་ལས་ཁོང་གསུམ་པ་དེ་ཡིན་ཞིང་། ཆུང་དུས་རྔ་བ་རྟོགས་ལྡན་དགོན་གྱི་ཆོས་སྒོར་ཞུགས་ཏེ་བསླབ་པ་སློབ་གཉེར་སོགས་གནང་མྱོང་ཡོད་པ་རེད། ལྷག་དོན་ཁོང་དགོན་པར་སློབ་ཞུགས་གནང་རིང་ལ་ལས་སྣེ་གང་ཅིའི་ཐད་ལ་འཇོན་ཐང་ཆེ་ཞིང་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀྱི་ཐོག་ལ་དགོན་པ་དེའི་ཚད་འཛིན་ཞུ་སའི་མི་སྤྱི་སེམས་ཅན་ཞིག་ཡིན་པ་རེད་འདུག

Latest news