Tibetan Royal Year of 2151 | Year of the Wood Dragon

བོད།

བོད་ནང་བོད་མི་གསུམ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འཛིན་བཟུང་བྱས་འདུག

དེ་ཡང་ཁ་སང་ཟླ་ ༣ ཚེས་ ༣༠ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༡༠།༠༠ ཡས་མས་ཙམ་ལ་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ། རྨ་སྟོད་རྫོང་། མཚོ་སྐྱ་རེངས་ཡུལ་མཚོ། ཆུ་མགོ་སྡེ་གསར་གྱི་སྡེ་པའི་འགོ་ཁྲིད་གཞོན་པ་བསམ་གྲུབ་ལགས་དང་རོང་ཤེར་ལགས། དེ་བཞིན་ལྷ་སྒྲོན་ལགས་བཅས་བོད་མི་གསུམ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་བཞི་ཡོང་ནས་ཁོང་གསུམ་པོ་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་དྲ་ལམ་བརྒྱུད་ནས་འདྲ་པར་དང་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁ་སང་ཟླ་ ༣ ཚེས་ ༣༠ ཉིན་བོད་ནང་གི་ཚོུད་ ༡༠།༠༠ ཡས་མས་ཙམ་ལ་མཚོ་སྔོན་ཞེང་ཆེན་མགོ་ལོག་ཁུལ། རྨ་སྟོད་རྫོང་། མཚོ་སྐྱ་རེངས་ཡུལ་མཚོ། ཆུ་མགོ་སྡེ་གསར་གྱི་སྡེ་པའི་འགོ་ཁྲིད་གཞོན་པ་བསམ་གྲུབ་ལགས་དང་རོང་ཤེར་ལགས། ལྷ་སྒྲོན་ལགས་བཅས་བོད་མི་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་གཙོ་བོ་ནི་ཁོང་གསུམ་ནས་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་འདྲ་མིན་ནང་མཉམ་ཞུགས་བྱས་པ་མ་ཟད། ལྷག་དོན་འདི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་བཀའ་མོལ་གནང་པའི་དབང་གིས་ཡིན་པར་ས་གནས་བོད་མི་ཚོས་ཚོད་དཔག་གནང་གི་ཡོད་འདུག ད་ལྟའི་ཆར་ཁོང་གསུམ་པོ་འཛིན་བཟུང་ཟིན་རྗེས་རྫོང་མི་དམངས་ཁྲིམས་ཁང་དུ་བཀག་བསྐྱིལ་བྱས་འདུག་པ་དང། ད་ལྟ་བར་ཁོང་གསུམ་གྱི་ནང་མི་གཙོས་པའི་གཉེན་འབྲེལ་སུ་གང་ཡང་ཐུག་འཕྲད་དུ་གཏང་མེད་པ་རེད་འདུག གཞི་རྩའི་སྡེ་པའི་འགོ་ཁྲིད་བསམ་གྲུབ་ལགས་ནི་ད་ལྟ་རང་ལོ་ ༤༠ ཙམ་ཡིན་པ་དང་ལོ་མང་རིང་སྐྱ་རེངས་ཡུལ་མཚོའི་རུ་ཁག་དྲུག་པའི་འགོ་ཁྲིད་བྱས་པ་མ་ཟད། དེང་སྐབས་རུ་ཁག་དང་པོ་དང་གསུམ་པ། ལྔ་པ་བཅས་ཀྱི་རུ་སྤོས་དུད་ཁྱིམ་ ༡༥༠ ཡོད་པའི་ནང་གི་འགོ་ཁྲིད་གཞོན་པ་ཞིག་ཡིན་པ་རེད། དེ་བཞིན་ལྷ་སྒྲོན་ལགས་ནི་རྣམ་རྒྱལ་ཚང་གི་བུ་མོ་ཡིན་ཞིང་ཁོང་ལ་ལོ་ན་ ༨ སོན་པའི་བུ་ཚེ་རྒྱམ་དང་ལོ་ན་ ༡༡ སོན་པའི་བུ་མོ་དར་དཀར་བཅས་ཕྲུ་གུ་གཉིས་ཡོད་པ་རེད། གཞན་ཡང་རོང་ཤེར་ལགས་ནི་ད་ལྟ་རང་ལོ་ ༢༩ སོན་ཡོད་པ་དང་ཁོང་གི་བཟའ་ཟླའི་མིང་ལ་དབྱངས་སྐྱིད་ཟེར་བ་དང་ཁོང་གཉིས་ལ་བུ་ཕྲུག་སོགས་མེད་པ་རེད།

བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག

རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་ལྷ་ཁང་དང་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་ཚེ་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང་། ལྷག་དོན་ཚབས་ཆེན་ཡིན་རིགས་ལྷ་ཁང་འདུ་ཁང་སོགས་གང་ཡིན་དེ་སྒོ་རྒྱག་རྒྱུ་ཡིན་པར་བཀའ་རྒྱ་བཏང་འདུག རེབ་གོང་རོང་བོ་དགོན་ཆེན་གྱི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ལྷན་ཁང་ཟེར་བའི་འབྲེལ་ཡོད་ལས་བྱེད་ཚོར་དོན་ཚན་བཞི་ཅན་གྱི་བཀའ་རྒྱ་ཞིག་ཡོངས་བསྒྲགས་ཤིག་བཏང་ཡོད་པ་རེད། དེ་ཡང་བཀའ་རྒྱ་ནང་འཁོད་དོན། དགོན་པའི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་ནང་དུ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པ་དང་གལ་ཏེ་དེ་ལྟར་གནང་ཡོད་ཚེ་གང་ཟག་དེ་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་མ་ཟད། ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ཐག་གཅོད་བྱ་རྒྱུ་དང་། ལྷག་དོན་གནས་ཚུལ་ཚབས་ཆེན་ཡིན་ན་ལྷ་ཁང་དང་འདུ་ཁང་སྒོ་བརྒྱབ་ནས་དགོན་པའི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་ནན་པོ་བྱ་རྒྱུ་ཡིན་པ་བཅས་འཁོད་འདུག བརྡ་ཁྱབ་དེའི་ནང་གནད་དོན་གཞན་ཁག་ཅིག་འཁོད་དོན། དོ་དམ་མི་སྣས་དགོན་པའི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་སྟངས་འཛིན་འོག་བྱ་བ་སྤེལ་དགོས་པ་དང་། སྒྲིག་སྲོལ་ལམ་ལུགས་སོ་སོར་བརྩི་སྲུང་ནན་པོ་བྱ་དགོས་པ། དགོན་པའི་དོ་དམ་མི་སྣ་འཕོ་འགྱུར་སྐབས་རྒྱ་གཞུང་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་གི་ལམ་ནས་མིང་རྟགས་བཀོད་དེ་སྙན་གསེང་ཞུ་དགོས་པ་མ་ཟད། དོ་དམ་མི་སྣས་ལྷ་ཁང་དང་འདུ་ཁང་གི་བདེ་འཇགས་སོགས་ལ་གཟབ་ནན་གྱིས་ལེགས་སྲུང་བྱ་དགོས་པ་སོགས་དོན་ཚན་ཁག་ཅིག་འཁོད་འདུག རྩ་བའི་རྒྱ་གཞུང་གིས་རེབ་གོང་དགོན་ཆེན་ནང་དེ་ལྟ་བུའི་བཙན་གནོན་བྱ་འགུལ་སྤེལ་བ་དེ་ད་ལན་ཐེངས་དང་པོ་ཙམ་མ་ཡིན་པར། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་ ༣༠༠༠ ལྷག་བཙན་དབང་གིས་བསྐོང་འགུག་བྱས་ཏེ། དགོན་པར་དམངས་གཙོ་ཁྲིམས་སྐྱོང་དགོན་པ་འཛུགས་བསྐྲུན་དང་གཅེས་སྐྱོང་དག་ཐེར་བྱ་འགུལ་སྔར་ལས་གཏིང་ཟབ་སྤེལ་བའི་སྐུལ་སློང་ཚོགས་འདུ་ཞེས་པའི་མིང་བྱང་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྤེལ་དང་གཙོ་བོ་དགོན་པའི་ནང་གཙང་སེལ་ཡོང་བའི་ཆབ་སྲིད་ལས་འགུལ་ཞིག་རོང་བོ་གྲོང་སྡེའི་རྐང་རྩེད་སྦོ་ལོའི་རྩེད་ཐང་དུ་བཙན་དབང་གིས་སྤེལ་ཡོད་པ་རེད་འདུག

གྲྭ་བསམ་གྲུབ་ལགས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་གསུམ་དང་ཟླ་བ་གསུམ་ལྷག་ཙམ་རིང་བཙོན་ཁང་དུ་སུན་བཙིར་བཀག་སྐྱིལ་བྱས་རྗེས་ཟླ་འདིའི་ཚེས་ ༧ ཉིན་གྱི་ཕྱི་དྲོར་བོད་མདོ་སྨད་རྔ་བ་སྔོ་ཤུལ་ནས་ཡིན་པ་རང་ལོ་ ༡༦ སོན་པའི་གྲྭ་བསམ་གྲུབ་ལགས་གསང་སྟབས་ཐོག་བཙོན་གྲོལ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། གྲྭ་བསམ་གྲུབ་ལགས་ནི་ཟླ་འདིའི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཙམ་ལ་གསང་སྟབས་ཐོག་བཙོན་གྲོལ་བཏང་པ་ཤེས་པ་ཙམ་ལས་དེ་མིན་ནང་མི་གཙོས་པའི་ཉེ་འབྲེལ་ཚོས་ཚེས་དུས་གང་ཡིན་མ་ཤེས་པས་ཕེབས་བསུར་བཅར་ཐུབ་མེད་པ་རེད་ཅེས་གསུངས་པ་དང་སྦྲགས། ད་དུང་ཁོང་གིས་གྲྭ་བསམ་གྲུབ་ལགས་དང་ལྷན་དུ་གྲྭ་རྡོ་རྗེ་སྐྱབས་ལགས། རྡོ་རྗེ་བཅས་རྣམ་པ་གསུམ་གྱིས་དེ་སྔ་ ༢༠༡༢ ཟླ་ ༡༢ ཚེས་ ༧ ཉིན་ལ་བོད་མདོ་སྨད་རྔ་བ་སྔོ་ཤུལ་གྲོང་བརྡལ་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་སྟབས། དེ་མ་ཐག་གྲྭ་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་འདུག་པ་དང་། རྒྱ་གཞུང་གིས་གྲྭ་བསམ་གྲུབ་ལགས་དང་ལྷན་དུ་གྲྭ་རྡོ་རྗེ་སྐྱབས་ལགས་རྣམ་པ་གཉིས་འཛིན་བཟུང་བྱས་རྗེས་ཟླ་གསུམ་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་གསུངས་པ་མ་ཟད། ད་ལྟའི་ཆར་གྲྭ་བསམ་གྲུབ་ལགས་ནི་གློད་བཀྲོལ་ཐོབ་ཡོད་ཀྱང་དེ་སྔ་ཁོང་གིས་རང་ལུས་མེར་སྲེག་གནང་པས་གདོང་དང་ལག་པ་སོགས་ཀྱི་རྨ་ཁ་ཁྲོས་པ་མངོན་གསལ་ཡོད་པ་དང་བཙོན་ཁང་དུ་ཉི་འོད་མེད་པར་ཡུན་རིང་བཙོན་འཇུག་བྱས་པར་བརྟེན་ཁོང་གི་མིག་གཉིས་པོ་དེ་ཙམ་མཐོང་གི་མེད་པ་སོགས་གསུངས་ཡོད། གཞི་རྩའི་སྔོ་ཤུལ་དགོན་པའི་གྲྭ་བསམ་གྲུབ་ལགས་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༢  ཟླ་ ༡༢ ཚེས་ ༧ ཉིན་རྔ་པ་སྔོ་ཤུལ་གྲོང་བརྡལ་དུ་དགོན་པ་དེ་རང་གི་དགེ་འདུན་པ་རྡོ་རྗེ་སྐྱབས་ལགས་དང་གྲྭ་རྡོ་རྗེ་ལགས་རྣམ་གཉིས་ལྷན་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱ་དགོས་པ་དང་བོད་ལ་རང་དབང་དགོས་པ་བཅས་ཀྱི་འབོད་ཚིག་འཁོད་པའི་འཕྲད་དར་བསྣམས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ཁོངས་ནས་གཅིག་ཡིན་པ་དང་།  རང་ལོ་ ༡༥ སོན་པའི་གྲྭ་རྡོ་རྗེ་ལགས་ཉིན་དེར་རང་མེར་སྲེག་ཁྲོད་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེ་མིན་གྲྭ་རྡོ་རྗེ་སྐྱབས་དང་བསམ་གྲུབ་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་སྟབས།  གྲྭ་རྡོ་རྗེ་སྐྱབས་ལགས་སྔ་ལོ་ཕྱི་ཟླ་༡༢ཚེས་༧ཉིན་བཙོན་གྲོལ་བཏང་ཡོད་པ་དང་། གྲྭ་བསམ་གྲུབ་ལགས་ཉེ་ཆར་ཟླ་བ་འདིའི་ཚེས་༧ཉིན་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ངང་རང་ཁྱིམ་དུ་བསྐྱེལ་ཡོད་པ་རེད།

བོད་ཀྱི་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོས་ཀྱིས་འཚོ་རྟེན་མེད་པའི་ངལ་བ་འཕྲད་བཞིན་འདུག

རྒྱ་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་ཁོངས་སུ་ ༢༠༡༡ ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་དྭངས་ལག་སྡེ་བ་དང་དྭངས་གཞུང་སྡེ་བ་གཉིས་ནས་འབྲོག་པ་དུད་ཁྱིམ་ ༡༢༥ མགོ་ལོག་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོ་གྲོང་སྡེ་གསར་པར་གནས་སྤོས་བྱེད་བཅུག་འདུག འབྲོག་པ་དེ་དག་གྲོང་བརྡལ་དུ་གནས་སྤོས་བྱེད་བཅུག་རྗེས་འབྲོག་མི་དེ་རྣམས་གྲོང་བརྡལ་དང་མཐུན་པའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པའི་ཁར། རྒྱ་གཞུང་གིས་ཁོང་རྣམས་ལ་དེ་སྔོན་འབྲོག་པའི་ས་ཐོག་ཏུ་ཡོད་པའི་དབྱར་རྩ་དགུན་འབུ་གཙོས་པའི་ ཤེས་ཐང་སྨན་རྩ་འཛིམ་པ་ནག་རིང་སོགས་སྨན་རྩ་རིགས་བརྐོ་མི་ཆོག་པ་བཟོས་ཏེ་འཚོ་བའི་ཡོང་གཞི་ཁག་ཀྱང་མེད་པ་གྱུར་སྟབས། བོད་མི་དེ་དག་རང་གི་ཁྱིམ་ཚང་གི་འཚོ་བའི་རྟེན་གཞི་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། རྒྱ་གཞུང་གིས་གནས་སྤོས་ཟིན་པའི་བོད་མི་དེ་དག་ལ་ཟླ་རེར་འཚོ་སྣོན་རྒྱ་སྒོར་ ༣༥༠ དང་གྲོ་ཞིབ་རྒྱ་མ་ ༥༠ སྤྲོད་བཞིན་ཡོད་ཀྱང་འབྲོག་པ་མང་དག་ཞིག་ལ་འཚོ་སྣོན་སོགས་ཀྱི་ཐད་ལ་མ་གདང་པའི་ངལ་བ་ཆེས་འཕྲད་ཀྱི་ཡོད་སྟབས། འབྲོག་མི་རྣམས་ནས་གོང་རིམ་ལ་ལན་མང་ཞུ་གཏུགས་བྱས་ཀྱང་ཞུ་དོན་ལ་བདག་སྤྲོད་གང་ཡང་བྱས་མེད་པ་རེད་འདུག གནས་སྤོས་ཟིན་པའི་འབྲོག་པའི་གཞོན་སྐྱེས་ཕོ་མོ་ཚོས་ཀྱང་འཚོ་བའི་རྟེན་གཞི་སྲ་བརྟན་ཡོང་སླད་ལས་ཁུངས་དང་སྨན་ཁང་སོགས་ཀྱི་ནང་གད་པའི་ལས་སྣེར་གཉེར་བཞིན་ཡོད་པ་མ་ཟད། ལོ་ན་རྒན་པ་ཚོས་ཀྱང་གྲོང་ཁྱེར་དུ་བསྐྱོད་ནས་གད་ཕྱིས་བྱེད་པ་དང་འགྱིག་དམ་དང་ཤེལ་དམ། ལྕགས་རིགས་སོགས་སྒྲུག་ནས་ཁྱིམ་ཚང་གི་འཚོ་སྣོན་འཕར་ཐབས་བྱེད་ཀྱི་ཡོད་འདུག གཞི་རྩའི་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་ཚོ་གནས་སྤོས་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་འབྲོག་པ་མང་ཚོགས་ཚོར་འཚོ་བའི་རྟེན་གཞིའི་ཡོང་ཁུངས་མེད་པ་བཟོས་པ་མ་ཟད། དེ་བས་ཀྱང་ཁྲོམ་རའི་དངོས་ཟོག་གི་གོང་འཕར་བ། ཟས་རིགས་དང་ཡུལ་ཐང་འཕར་བ། དེ་བཞིན་བོད་མི་ཚོར་རྒྱ་རིགས་ལྟར་ལས་རིགས་ཀྱི་ཡོང་ཁུངས་ཞན་པ་བཅས་འཚོ་བའི་གཞི་རྟེན་ལ་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

བོད་མི་ཆབ་སྲིད་བཙོན་པ་གཉིས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གི་དར་དམར་མར་ཕབ་ཏེ་བོད་ཀྱི་དར་སེང་བསྒྲེངས་ནས་སྦྱར་ཡིག་དང་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་བཞི་ལྷག་རིང་བཙོན་ཁང་དུ་སུན་བཙིར་བཀག་སྐྱིལ་བྱས་རྗེས་ཟླ་འདིའི་ཚེས་ ༡༢ དགོང་མོར་བཙོན་གྲོལ་བཏང་ཡོད་པ་རེད། ཟླ་འདིའི་ཚེས་ ༡༢ དགོང་མོར་ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་དབོན་པོ་དགོན་གྱི་གྲྭ་བསོད་ནམས་མགོན་པོ་ལགས་རྒྱ་གཞུང་གིས་ཀློད་གྲོལ་བཏང་ཡོད་པ་ཤེས་པ་ཙམ་ལས། ཁོང་ཀློད་གྲོལ་བཏང་བའི་ཚེས་དུས་དང་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་དུ་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། གྲྭ་བསོད་ནམས་མགོན་པོ་ལགས་ནི་ཟླ་འདིའི་ཚེས་ ༡༢ དགོང་མོར་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་པ་ཤེས་པ་ཙམ་ལས་དེ་མིན་ཀློད་གྲོལ་བཏང་བའི་ཚེས་དུས་དང་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་གྲྭ་བསོད་ནམས་མགོན་པོ་ལགས་ནི་དེ་སྔ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༡༢ གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ཡས་མས་ཙམ་དུ་རྒྱ་མི་འབོར་ཆེན་ཞིག་སླེབས་ནས་དབོན་པོ་དགོན་ནང་ནས་འཛིན་བཟུང་བྱས་ འདུག་ལ། ཁོང་དང་མཉམ་དུ་དབོན་པོ་དགོན་རྨང་གཞིའི་རིག་གནས་སློབ་གླིང་གི་སློབ་མ་བསོད་ནམས་ཆོས་དར་དང་། བློ་བཟང་མཁས་གྲུབ། བློ་བཟང་ནོར་བུ། བློ་བཟང་དབྱིག་གཉེན། བསྟན་འཛིན་དགེ་འདུན། བཅས་འཛིན་བཟུང་བྱས་རྗེས་ཟླ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་འདུག་པ་དང། དེ་རྗེས་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་བསོད་ནམས་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་བཞི་རེའི་ཁྲིམས་ཆད་དང་གཞན་རྣམས་རིམ་པས་ཀློད་གྲོལ་བཏང་འདུག དེ་བཞིན་གྲྭ་བསོད་ནམས་མགོན་པོ་ལགས་ཉེ་ཆར་བཙོན་འཇུག་དུས་བཀག་གཙང་རྗེས་བཙོན་གྲོལ་བཏང་འདུག་ཀྱང་བསོད་ནམས་ཆོས་དར་ལགས་ལོ་བཞིའི་བཙོན་འཇུག་དུས་བཀག་གཙང་ཟིན་ཀྱང་ད་དུང་བཙོན་གྲོལ་གཏང་མེད་པ་རེད་འདུག དེའི་བར་ན་ས་གནས་ད་ག་རང་དུ་རང་ལོ་ ༦༡ སོན་པའི་དངོས་དགའ་ལགས་རྒྱ་གཞུང་གི་བཙོན་ཁང་ནང་ལོ་བརྒྱད་རིང་དུས་བཀག་བཙོན་འཇུག་བྱས་རྗེས་དུས་བཀག་གཙང་ནས་གཟུགས་གཞིའི་གནས་སྟངས་ཛ་དྲག་འོག་ཀློད་གྲོལ་བཏང་འདུག འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། བོད་མི་རྒན་གྲས་དངོས་དགའ་ལགས་ཉེ་ཆར་ཟླ་འདིའི་ཚེས་ ༢༠ ཉིན་བཙོན་གྲོལ་ཐོབ་འདུག་པ་དང་། བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་མྱངས་པས་ད་ལྟའི་ཆར་སྐེད་པའི་ནད་གཞི་དྲག་པོ་ཕོག་ཡོད་པའི་ཁར་མི་གཞན་གྱི་རོགས་རམ་བྱེད་ན་མ་གཏོགས་ཡར་མར་ཕེབས་ཐུབ་ཀྱི་མེད་པ་རེད་འདུག རྩ་བའི་ཁོང་ཁྲན་ཏུ་ཁུལ་གྱི་བཙོན་ཁང་ནང་བཞག་ཡོད་པ་དང་རྗེས་སུ་ཚེས་ ༢༠ ཉིན་རྒྱ་གཞུང་ཉེན་རྟོག་པས་གསང་སྟབས་ཀྱིས་བཙོན་གྲོལ་བཏང་སྟབས། ས་གནས་བོད་མི་ཚོས་ཕེབས་བསུ་ཞུ་ཐུན་མེད། ད་ལྟའི་ཆར་གཡས་ཡོན་གྱི་ས་ཁུལ་ཁག་ནས་བོད་མི་བརྒྱ་ཕྲག་མང་པོ་ཡོང་ནས་འཚམས་འདྲི་དང་དགའ་སུ་ཞུ་བཞིན་པ་རེད་འདུག རྩ་བའི་དངོས་དགའ་ལགས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་སྐབས་དཀར་མཛེས་ཁུལ་གྱི་ངོ་རྒོལ་སྣེ་ཁྲིད་གནང་བའི་ཉེས་འཛུགས་འོག་འཛིན་བཟུང་གིས་བདུན་ཕྲག་ཁ་ཤས་བཀག་ཉར་བྱས་རྗེས་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ལོ་ ༨ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད།

ཆབ་སྲིད་བཙོན་པ་ཇོ་ལེབ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བོད་མདོ་སྨད་རྔ་པ་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་པ་ཇོ་ལེབ་འཇིགས་མེད་ལགས་རྒྱ་གཞུང་གི་བཙོན་ཁང་ནས་མི་ལོ་བདུན་རིང་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་འདུག དེ་ཡང་ཇོ་ལེབ་འཇིགས་མེད་ལགས་ནི་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་རྔ་བ་ཁུལ་དུ་བོད་མིའི་ཞི་རྒོལ་རྔམ་སྟོན་དང་འབྲེལ་ནས་འཛིན་བཟུང་བྱས་པ་མ་ཟད།  སླར་ཡང་ཕྱི་ལོ་ ༢༠༠༩ ལོར་རྔ་བ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་གནང་པའི་ཉེས་འཛུགས་འོག་ལོ་ ༧ རིང་བཙོན་བཅུག་གི་ཁྲིམས་ཐག་བཅད་པ་ཞིག་རེད་འདུག གཞིས་རྩའི་ཇོ་ལེབ་འཇིགས་མེད་ལགས་ནི་ཁྲན་ཏུ་ཉེ་འདབས་ཀྱི་མིན་ཡང་བཙོན་ཁང་ནས་བཙོན་གྲོལ་བཏང་ཡོད་པ་རེད། ཁོང་རང་ཉིད་བཙོན་ཁང་ནང་བཞུགས་རིང་ལ་རྒྱ་གཞུང་གིས་ནང་མི་ཉེ་འབྲེལ་རྣམས་དང་ཐུག་འཕྲད་བྱ་མི་བཅུག་པ་དང་། ལྷག་དོན་ཁོང་གི་ནང་མི་གཙོས་ཉེ་འབྲེལ་ཚོ་ཕེབས་བསུ་བཅར་མི་བཅུག་པ་མ་ཟད། རྔ་བ་རྫོང་གི་ཉེན་རྟོག་པ་རང་གིས་ཁོང་ཕྱིར་ཕ་ཡུལ་དུ་སྐྱེལ་འདུག་ཀྱང། རང་ཁྱིམ་དུ་ཕེབས་རྗེས་བོད་མི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཐེའུ་རང་ལགས་དང་ཇོ་ལེབ་ཟླ་བ་གཙོས་ཡུལ་མི་དང་སློབ་གྲོགས་ཚོས་དགའ་བསུ་ཞུས་འདུག རྩ་བའི་ཇོ་ལེབ་འཇིགས་མེད་ལགས་ནི་ད་ལྟ་རང་ལོ་ ༤༠ ཙམ་ཡིན་པ་དང་།  དེ་སྔོན་ ༡༩༩༢ ལོར་ས་གནས་ཉེན་རྟོག་པས་ཆབ་སྲིད་དང་འབྲེལ་བ་བཏགས་ནས་བཙོན་འཇུག་བྱས་མྱོང་འདུག་ལ།  དེ་སྔོན་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་མྱོང་ཡོད་པ་ཞིག་རེད་འདུག དེའི་བར་ན་བོད་མདོ་སྨད་མཚོ་ལྷོ་ཁུལ་དུ་ཆབ་སྲིད་བཙོན་ཟུར་རྒྱ་ཡེ་ཕུན་ཚོགས་ལགས་ཟླ་འདིའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཚོུད་ ༡།༠༠ ཐོག་ལ་འདས་གྲོངས་སུ་གྱུར་འདུག     འདི་ག་རླུང་འཕྲིན་ཁང་ལ་ཁོང་གི་ཚ་བོ་ཨ་རིར་བཅའ་སྡོད་དར་རྒྱས་ཕུན་ཚོགས་ལགས་ཀྱིས་གསུངས་དོན།  ཁོང་གི་ཨ་ཁུ་རྒྱ་ཡེ་ཕུན་ཚོགས་ལགས་དེ་སྔོན་ ༡༩༩༢ ལོར་རྒྱ་གར་ལ་ཕེབས་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་འབྲེལ་བཏགས་ནས་ཕྱི་ལོ་ ༡༩༩༨ ལོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གཉིས་ཙམ་རིང་མི་སྤྱོད་ལས་འདས་པའི་མནར་གཅོད་འོག་སྐུ་གཟུགས་ནད་གཅོང་དུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གཞུང་ནས་སླར་ཡང་བོད་ནང་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་བརྗོད་འདུག

ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་མཇུག་བསྒྲིལ་ཟིན་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༢ ཐོག་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ས་ཁུལ་ཁག་ཏུ་ཚོང་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་རྒྱ་བསྐྱེད་གཏོང་རྒྱུར་དམིགས་ཏེ་ཁྲན་ཏུ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་།  དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ས་བབས་གནས་སྟངས་དང་རྒྱུག་ཆུའི་མཐུན་ཁུངས་སོགས་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་བརྗོད་འདུག དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་དེ་སྔ་སྤྱི་ལོ་ ༢༠༠༦ ལོར་རྒྱ་ནག་གཞུང་གིས་གོར་མོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་བྱས་པ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་མང་དུ་བཏང་སྟེ་བོད་རིགས་འདི་བཞིན་གྲངས་ཉུང་མི་རིགས་ཤིག་ཏུ་བཟོ་བཞིན་ཡོད་པའི་གནས་ཚུལ་ཁག་ལུང་འདྲེན་དང་སྦྲགས། སླར་ཡང་རྒྱ་ནག་གཞུང་གིས་ཁྲན་ཏུ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་མེ་འཁོར་ལྕགས་ལམ་གསར་བརྒྱག་བྱ་རྒྱུའི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་ཙམ་མིན་པར་རྒྱ་ནག་གཞུང་གིས་བོད་ཀྱི་ནགས་ཚལ་དང་རང་བྱུང་མཐུན་བསྐྱེད་རྣམས་རྩ་མེད་གཏོང་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་ཉེན་རྟོག་པ་དང་མི་རིགས་རྒྱ་བསྐྱེད་བཏང་རྒྱུའི་ཐབས་ལམ་ཞིག་རེད་ཅེས་གསལ་སྟོན་དང་སྐྱོན་བརྗོད་ནན་པོ་བྱས་འདུག ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་འཛུགས་བསྐྱུན་བྱ་འཆར་ཡོད་པའི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་ཡང་རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་པའི་བོད་ཀྱི་ས་ཁུལ་ཁག་བརྒྱུད་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ་མཐུད་འཆར་ཡོད་པ་ཞིག་རེད་ལ། དེ་ཡང་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་ཁོ་ན་མིན་པར་མ་འོངས་པར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་འཚམས་ཀྱི་དཀའ་རྙོག་གཙོས་པའི་ཧི་མཱ་ལ་ཡའི་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཆེན་པོ་ཐེབས་སྲིད་པའི་རང་བཞིན་ལྡན་སྐོར་བརྗོད་འདུག གཞི་རྩའི་རྒྱ་ནག་རྒྱལ་ཡོངས་མི་དམངས་མཐུས་མི་ཚོགས་ཆེན་གྱིས་ཐག་གཅོད་ཟིན་པའི་མེ་འཁོར་ལྕགས་ལམ་གསར་བརྒྱག་གི་ལས་གཞི་དེ་ནི་འདི་ལོ་ནས་འགོ་འཛུགས་ཀྱིས་སྤྱི་ལོ་ ༢༠༢༠ ནང་མཇུག་བསྒྲིལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད་འདུག  

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་བཀྲིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱས་འདུག

རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་བདག་དབང་ཆེད་ཞུ་གཏུགས་གནང་མཁན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་མི་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག ཁ་སང་ཚེས་ ༡༠ ཉིན་ཨ་མི་རིའི་ New York Times གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་གསར་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་མདོ་ཁམས་ཡུལ་ཤུལ་ཁུལ་ནས་ཡིན་པའི་རང་ལོ་ ༣༠ སོན་པའི་བོད་མི་ཚོང་གཉེར་བ་ན་གཞོན་བཀྲིས་དབང་ཕྱུག་ལགས་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ས་གནས་ཉེན་རྟོག་པས་ཁྲིམས་མཐུན་ལྟར་སྔོན་ཚོད་ནས་བརྡ་ལན་གང་ཡང་མེད་པར་བཙན་ཁྲིད་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ད་ལྟའི་ཆར་ཁོང་འཛིན་བཟུང་བྱས་ནས་ཉིན་གྲངས་ ༤༤ ལྷག་གི་འགྲོ་གྱི་ཡོད་པ་རེད་འདུག  ད་ལྟ་ཁོང་འཛིན་བཟུང་བྱ་དོན་གང་ཡིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་གོང་གནད་རྐྱེན་པས་ཡིན་ཚོད་ལ་ཚོད་དཔག་གནང་བཞིན་འདུག་ ཁོང་འཛིན་བཟུང་མ་བྱེད་པའི་སྔོན་ལ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཁོང་གིས་ Weibo སྤྱི་ཚོགས་བརྒྱུད་ལམ་ཐོག་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་བཞིན་ཡོད་པའི་རྩོམ་ཡིག་མང་པོ་ཞིག་འགྲེམས་སྤེལ་གནང་ཡོད་པ་མ་ཟད། དེ་བཞིན་ཁམས་བརྙན་འཕྲིན་ལས་ཁང་གི་སྐད་ཡིག་ལེ་ཚན་ཐོག་མང་ཚོགས་ནས་སྤེལ་བའི་སྐྱོན་བརྗོད་ཀྱི་མཆན་མང་དག་ཞིག་བསྐྱར་དུ་སྤེལ་བ་དང་། འདི་བཞིན་ཟླ་དེའི་ཚེས་ ༢༤ ཉིན་ཁོང་གིས་དེ་སྔོན་ཞུ་གཏུགས་གནང་པའི་གནས་ཚུལ་ཁག་སླར་ཡང་སྤེལ་འདུག གཞི་རྩའི་བོད་མི་བཀྲིས་དབང་ཕྱུག་ལགས་ནི་དེ་སྔའི་བོད་ཁམས་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་དང་སྒེར་གཉེར་སློབ་གྲྭ་ཁག་དང། དེ་བཞིན་ས་གནས་བྱིས་པ་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་གནང་མཁན་ཞིག་ཡིན་པ་དང།  ཕྱིས་སུ་ས་གནས་ལ་རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཁྲིད་བྱ་རྒྱུ་བཙན་དབང་གིས་བཀག་སྡོམ་དང་ས་གནས་སུ་རྒྱ་གཞུང་གི་སློབ་གྲྭ་ཁག་ཏུ་བོད་རྒྱ་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་བྱ་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ཉིན་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད་འདུག    འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིད་བྱེད་ལགས་སུ་གནད་དོན་དེའི་ཐོག་བཅར་འདྲི་ཞུས་པར་ཁོང་གི་བཀྲིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཞག་ཐོག་བོད་ཀྱི་སྐད་ཡིག་གི་བདག་དབང་རྩོད་ལེན་གནང་སྟངས་དེ་ནི་གསར་གཏོད་ཀྱི་རྣམ་པ་ཞིག་རེད་ཅེས་གསུངས་སོང་། རྩ་བའི་བོད་མི་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་ས་གནས་རྒྱ་གཞུང་གི་ལས་བྱེད་པས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པའི་གནད་དོན་ཐོག་དྲ་རྒྱར་མཆན་བཀོད་གནང་པ་དང་། དེ་བཞིན་རྒྱ་གར་དུ་གནས་སྐོར་དུ་བསྐྱོད་ཐབས་བྱས་པ་བཅས་རྒྱ་གཞུང་གིས་སྔ་རྗེས་སུ་ཐེངས་གཉིས་ཙམ་འཛིན་བཟུང་བྱས་འདུག འདིར་གནོན>>>The New York Time

གྲྭ་འཇིགས་མེད་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་ཉེ་སྐབས་རྒྱ་གཞུང་གིས་སྨན་ཁང་ལ་འཁྲིད་པ།

  ལོ་ལྔ་རིང་བཙོན་འཇུག་ཁྲིམས་བཅད་མྱོང་བཞིན་པའི་བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་ཉེ་ལམ་ཞིག་ནས་ནང་མིར་ཐུག་འཕྲད་བྱ་མི་བཅུག་པ་དང་། ཟླ་འདིའི་ཚེས་ཤར་ནས་གློ་བུར་དུ་ཁོང་སྨན་ཁང་དུ་འཁྲིད་ཡོད་པའི་གནས་ཚུལ་ཐོན་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་འམ་འཇིགས་མེད་མགོ་རིལ་ལགས་སུ་རྒྱ་གཞུང་གིས་ཁྲིམས་རྩོད་པ་གླ་མ་བཅུག་པར་ཕྱི་ལོ་ ༢༠༡༤  ཕྱི་ཟླ་ ༩ ནང་ལོ་༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་རྗེས།  ཟླ་རེ་མཚམས་སུ་ནང་མིར་ཐུག་འཕྲད་ཐེངས་གཅིག་རེ་བྱ་བཅུག་པ་ལས་སྐད་ཆ་སོགས་བཤད་མི་ཆོག་པ་མ་ཟད། ཟས་རིགས་སོགས་གང་ཡང་བསྐྱེལ་ཆོག་གི་མེད་པ་རེད་འདུག         ཉེ་ཆར་ཟླ་འདིའི་ཚེས་ཤར་ནས་རྒྱ་ནག་ཀན་སུ་ཞིང་ཆེན་ལན་ཀྲུ་གྲོང་ཁྱེར་གྱི་ཁྲིམས་ཁང་མི་སྣས་འཇིགས་མེད་ལགས་ད་ཆ་བཙོན་ཁང་དེའི་བཙོན་པའི་སྨན་ཁང་ཞིག་ཏུ་འཁྲིད་ཡོད་པའི་གནས་ཚུལ་ཞིག་ནང་མིར་ཁ་པར་བརྒྱུད་ནས་བརྡ་ལན་སྤྲད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གཞན་ཡང་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་དགེ་ཕྲུག་གྲྭ་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་དོན། འདི་ལོའོ་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཁོང་དང་ནང་མི་དབར་ཐུག་འཕྲད་མཐའ་མ་དེའི་སྐབས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ནང་མིར་རྒྱ་གཞུང་གིས་ཁོང་སྨན་ཁང་ཞིག་ཏུ་འཁྲིད་རྒྱུ་རེད་འདུག་པས་དེར་དོ་སྣང་གནང་དགོས་གལ་ཡིན་པ་གསུངས་སྐོར་འགྲེལ་བརྗོད་ཀྱང་གནང་སོང་། ད་ལྟའི་ཆར་ཁོང་གི་ནང་མི་གཙོས་པའི་གཉེན་ཉེ་ཚོ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག གཞི་རྩའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཐོག་མ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམྲ་བཱ་ཏིར་༸གོང་ས་མཆོག་གི་སྩལ་གནང་པའི་དུས་འཁོར་དབང་ཆེན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་པའི་སྒེར་ལངས་བརྒྱུད་བསྐུལ་བྱས་པའི་ཉེས་མིང་འོག་སླར་འཛིན་བཟུང་བྱས་འདུག     དེ་རྗེས་ཁོང་གིས་རྒྱ་གཞུང་གི་བཙོན་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་ཐུང་ཞིག་ཀྱང་འདོན་སྤེལ་གནང་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ཡོད་པ་རེད། ད་ལན་སླར་ཡང་ཁོང་བཙོན་འཇུག་བྱེད་པ་ཐེངས་ ༤ དེ་ཆགས་ཀྱི་ཡོད་འདུག

Latest news