Tibetan Royal Year of 2151 | Year of the Wood Dragon

ཡུ་གུར།

ཨ་རི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ཁང་འཕར་མ་ཁག་ཅིག་ལ་མ་འཛུགས་མཚམས་འཇོག

ཨ་རིའི་ཇཱོ་བྷ་ཊན་སྲིད་གཞུང་གིས་རྒྱ་དམག་དང་འབྲེལ་བའི་བཟོ་ལས་ཁང་འཕར་མ་ཁག་ཅིག་མིང་གཞུང་ནག་པོའི་ནང་དུ་བཀོད་དེ་འདི་ལོའི་ཟླ་བ་བརྒྱད་པའི་ཚེས་གཉིས་ཀྱི་སྔོན་ལ་ཨ་རི་བ་རྣམས་ཀྱིས་བཟོ་ཚོང་ཁང་དེ་དག་དང་འབྲེལ་བའི་མ་འཛུགས་དངོས་སུ་མཚམས་འཇོག་དགོས་བའི་བཀོད་ཁྱབ་བཏང་འདུགདེའང་སྲིད་འཛིན་ཇཱོ་བྷ་ཊན་མཆོག་གིས་ཚེས་གསུམ་ཉིན་རྒྱ་ནག་གི་འཕྲུལ་ལས་ཀྱི་གསང་མྱུལ་རིགས་ནི་རྒྱ་ནག་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་མཐའ་མཚམས་བརྒལ་ཏེ་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ཉེན་ཚབས་ཅན་དུ་འགྱུར་ཡོད་པར་ལུང་འདྲེན་དང་འབྲེལ། དེ་སྔ་སྲིད་འཛིན་ Trump སྐབས་ཐོ་གཞུང་ནག་པོའི་ནང་རྒྱ་ནག་གི་ཚོང་ལས་ཁང་ ༣༡ ཡོད་པ་དེར་བསྐྱར་ཞིབ་ཀྱིས་ད་ཆ་ཁྱོན་རྒྱ་ནག་དམར་ཤོག་དང་འབྲེལ་བའི་བཟོ་ཚོང་ཁང་ ༥༩ ལ་མ་འཛུགས་བྱེད་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་དང་། སྲིད་འཛིན་མཆོག་གི་ཐག་གཅོད་དེས་ཁོང་གིས་སྣེ་ཁྲིད་པའི་སྲིད་གཞུང་ནས་དེ་སྔ་སྲིད་འཛིན་ Trump སྐབས་རྒྱ་ནག་ཐོག་བཞེངས་པྱོགས་འཁྲེགས་པོ་ཞིག་འཛིན་པ་དེ་མུ་མཐུད་རྒྱུའི་ཚོད་དཔག་གནང་བཞིན་འདུག   ཐེངས་འདིར་ཨ་རིའི་ངོས་ནས་མ་འཛུགས་མཚམས་འཇོག་གི་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་པའི་བཟོ་ལས་ཁང་དེ་དག་མང་ཆེ་བ་རྒྱ་ནག་དམར་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་རིགས་སམ། ཡང་ན་རྒྱ་ནག་གཞུང་གིས་རོགས་དངུལ་གྱི་རིགས་ལ་བརྟེན་ཡོད་མཁན་སྟེ། རྒྱ་ནག་གི་བར་སྣང་གི་ཕྲ་གཟུགས་འདུ་ཆས་ཀྱི་བཟོ་ལས་ཁང་དང་བརྡ་འཕྲིན་འཕྲུལ་ལས་ཀྱི་བཟོ་གྲྭ་ཆེ་ཤོས་ཝ་བཱེ་སོགས་ཡིན་པར་འཁོད་འདུག གསར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིའི་ཇཱོ་བྷ་ཊན་སྲིད་གཞུང་གིས་རྒྱ་ནག་གི་བཟོ་ལས་ཁང་དེ་དག་ལ་མ་འཛུགས་མཚམས་འཇོག་གི་ཐག་གཅོད་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གི་སྲིད་བྱུས་ཁྱོན་ཡོངས་དང་། དེ་བཞིན་སྲིད་འཛིན་སྔོན་མ Trump ཡིས་རྒྱ་ནག་དང་འབྲེལ་བའི་ཁྲལ་བསྡུ་དང་ཚོང་ལས་ཀྱི་ཐག་གཅོད་ཡོངས་ལ་བསྐྱར་ཞིབ་བྱས་ཏེ་ཐག་གཅོད་གནང་བ་ཞིག་ཡིན་སྐོར་དང་འབྲེལ་ནས། ད་ལྟའི་བར་དུ་ཨ་རིའི་གཞུང་འཛིན་གསར་བའི་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཐག་གཅོད་ཁག་ཅིག་བླངས་ཡོད་པ་ལུང་འདྲེན་དང་སྦྲགས།  ཨ་རིའི་ངོས་ནས་ཉེ་སྔོན་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཅིག་དང་ལྷན་དུ་རྒྱ་ནག་གིས་ཤིན་ཅང་གི་ཁ་ཆེ་གྲངས་ཉུང་མི་རིགས་མང་པོ་བཙོན་འཇུག་བྱེད་བཞིན་པ་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཕྱི་རྒྱལ་དུ་ཡོང་རྒྱུར་བཀག་སྡོམ་བྱས་པའི་གནད་དོན་དེར་མཉམ་ཞུགས་བྱས་ཡོད་པར་བསྒྲགས་འདུག ཨ་རིའི་འཛིན་སྐྱོང་གི་ཆེས་མཐོ་དཔོན་རིགས་ཤིག་གིས་གསར་ལམ་ཁག་ཏུ་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་དུ། ཐེངས་འདིར་ཨ་རིའི་ངོས་ནས་རྒྱ་ནག་གི་བཟོ་ལས་ཁང་ཁག་ཅིག་ལ་མ་འཛུགས་མཚམས་འཇོག་གི་ཐག་གཅོད་གནང་བ་དེ་ནི་ཨ་རིའི་ངོས་ནས་སྟོབས་ཤུགས་རྒྱ་བསྐྱེད་ཀྱིས་རྒྱ་ནག་ལ་འགྲན་སློང་བྱས་པའི་གོམ་སྟབས་གསར་བ་ཞིག་ཡིན་པ་དང་། དེ་བཞིན་ཨ་རིའི་མངོན་འདོད་དང་རིན་ཐང་ལ་ཕྱོགས་འགལ་དུ་ལྟ་བ་རྣམས་ལ་ཁ་གཏད་བཅག་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། Wang Wenbin ཟེར་བས་ཐེངས་འདིའི་ཨ་རིའི་ཐག་གཅོད་དེ་དང་འབྲེལ་ནས་པེ་ཅིང་གི་གསར་འགོད་པ་རྣམས་ལ་ལན་འདེབས་བྱས་པའི་ནང་དུ། ཨ་རིའི་སྲིད་འཛིན་གོང་མའི་ཐག་གཅོད་དེ་ནི་དངོས་དོན་དང་ཆ་འཇོག་གང་ཡང་མེད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། བྱེད་བབ་དེ་ཡིས་ཚོང་རའི་གཞི་རྩའི་ཁྲིམས་སྒྲིག་དང་གོ་རིམ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པར་ལུང་འདྲེན་དང་འབྲེལ་ནས། ཨ་རིའི་ངོས་ནས་ཚོང་རའི་ཁྲིམས་སྒྲིག་ལ་བརྩི་བཀུར་གྱིས་ནོར་འཁྲུལ་ཁག་བསྐྱར་སྒྲིག་བྱེད་དགོས་བ་མ་ཟད། རྒྱ་སྤྱིའི་དཔལ་འབྱོར་གྱི་ཚོང་རའི་གོ་རིམ་དང་མ་འཛུགས་བྱེད་མཁན་རྣམས་ཀྱི་ཐོབ་ཐང་དང་མངོན་འདོད་ལ་དོ་ཕོག་གཏོང་རྒྱུའི་བྱ་བཞག་ཁག་མཚམས་འཇོག་དགོས་བའི་ཞུ་སྐུལ་གྱིས། རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་ཀྱི་ཚོང་ལས་ཀྱི་མངོན་འདོད་དང་ཐོབ་ཐང་སྲུང་སྐྱོབ་བྱེད་ཐབས་ལ་ཐབས་ཤེས་བྱ་རྒྱུ་ཡིན་པར་བསྒྲགས་འདུག རྩ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ། རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཚོང་ཁག་གིས་གསང་བའི་མྱུལ་ཞིབ་ཀྱིས་གནས་ཚུལ་རྐུ་འཁྱེར་གྱི་གླེང་སློང་མང་པོ་ཡོང་གི་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་སྲིད་གཞུང་གིས་མ་འཛུགས་བཀག་སྡོམ་གྱི་ཐོ་གཞུང་གི་ནང་དུ། རྒྱ་ནག་གི་བདེ་སྲུང་དང་དམག་མི་ལ་འབྲེལ་བ་ཡོད་པ་ཙམ་མ་ཟད། རྒྱ་ནག་སྲིད་གཞུང་གི་རོགས་དངུལ་གྱི་འོག་ཏུ་བཙུགས་པའི་བཟོ་ཚོང་ཁག་ཀྱང་ཚུལ་ཡོད་པ་མ་ཟད། ཉེ་སྔོན་སྲིད་འཛིན་གོང་མའི་མ་འཛུགས་བཀག་རྒྱའི་གནད་དོན་ཁག་ཅིག་ཁྲིམས་གཏུག་བྱས་ཡོད་པའི་གནད་དོན་དང་གཞིགས་ནས། ཐེངས་འདིའི་བཀག་རྒྱ་དེར་ཨ་རིའི་ཁྲིམས་ཀྱི་རྨང་གཞི་སྲ་བརྟན་བཟོས་ཡོད་པ་མ་ཟད། སྲིད་གཞུག་གི་བཀའ་རྒྱ་བཏང་བའི་གནད་དོན་དེ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་སྤྱི་ཡོངས་ནས་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུག

ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་ཉིན་བཅུའི་བོད་རང་བཙན་གོམ་བགྲོད་མཇུག་སྒྲིལ་བ།

རྒྱ་ནག་དམར་གཞུང་གིས་བོད་མིར་བཙན་དབང་གི་ཐོག་ནས་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཞག་ནས་འདི་ལོ་མི་ལོ་ ༧༠ བའི་ཉིན་མོ་དང་བསྟུན་ཨ་རིའི་ཁུལ་དུ་བོད་མི་དྭང་བླངས་བ་ཁག་གཅིག་གིས་འགོ་འཛུགས་བྱས་པའི་ཉིན་བཅུའི་རིང་གི་བོད་རང་བཙུན་གྱི་གོམ་བགྲོད་ལས་འགུལ་དེ་ཁ་སང་ཨ་རིའི་གྲོས་ཚོགས་ཚོགས་ཁང་གི་མདུན་ཐང་དུ་མཇུག་སྒྲིལ་གནང་འདུག གཞི་རྩའི་ཐེངས་འདིའི་ལས་འགུལ་དེ་ནི་ཟླ་བ་སྔོན་མའི་ཚེས་ཉེར་གསུམ་གྱི་ཉིན། བོད་རང་བཙན་འཐབ་རྩོད་བ་དོན་འགྲུབ་ལྷ་དར་ལགས་ཀྱི་གཙོ་བྱས་པའི་མི་དྲུག་གིས་ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་རང་བཙན་ཚོགས་ཁང་ནས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་རྒྱལ་ས་Washington DC ནང་དུ་ལས་འགུལ་མཇུག་སྒྲིལ་གནང་བའི་སྐབས་སུ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Chris Smith ལགས་ཀྱིས་རང་གི་སྐུ་ཚབ་ལས་བྱེད་ཅིག་ཆེད་གཏོང་གནང་ཡོད་འདུག ཁོང་གིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་དང་བོད་མིའི་གནད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ད་ལྟ་འཛམ་གླིང་གིས་དོ་སྣང་བྱ་ས་གཙོ་བོ་དེ་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དེ་ཡིན་ནའང་། ཤིན་ཅང་གི་སྔོན་ལ་རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་པ་དང་། དེ་བཞིན་ད་ལྟ་ང་ཚོས་ཧྥ་ལོང་ཀོང་ལ་དྲག་གནོན་བྱས་པའི་་སྐོར་བཤད་ཀྱི་ཡོད་ནའང། དེ་སྔོན་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་བྱས་ཡོད་སྐོར་དང་། ཨ་རིའི་ངོས་ནས་བོད་མིའི་དཀའ་སྡུག་དང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེས་ཞུ་ཡི་ཡོད་སྐོར་གསུངས་ཡོད་འདུགགཞན་ཡང་། མཛད་སྒོའི་སྟེང་གོམ་བགྲོད་ལས་འགུལ་བ་དང་བོད་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལགས་ཀྱིས་ཐེངས་འདིའི་གོམ་བགྲོད་དང་འབྲེལ་ནས་གསུངས་བཤད་གནང་བའི་ནང་དུ། གོམ་བགྲོད་པ་རྣམས་ཀྱིས་རང་དབང་རང་བཙན་སླར་གསོ་དེ་དགོས་འདུན་གྱི་གཙོ་བོར་བཞག་དགོས་དོན་ནི། རྒྱ་ནག་གིས་ཕྱི་ཟླ་ ༥ ཚེས་ ༢༣ ལ་བོད་དེ་ཞི་བས་བཅིངས་གྲོལ་བཏང་ཡིན་ཟེར་ནས་ཧམ་པ་དང་སྐྱག་རྫུན་བཤད་ནས་ལོ་ངོ་ ༧༠ འཁོར་བ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། སྐབས་དེ་ནས་བཟུང་ད་ལྟའི་བར་དུ་བཙན་འཛུལ་མནར་གཅོད་ཀྱི་འོག་བོད་ལ་ཁྲག་དང་མིག་ཆུའི་ལོ་རྒྱུས་མ་གཏོགས་གང་ཡང་རག་མེད་སྟབས། དགྲ་བོ་རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ཡིན་ཟེར་བ་དེ་ཡོངས་སུ་སྐྱག་རྫུན་ཡིན་པ་ར་སྤྲོད་བྱ་རྒྱུའི་ཆེད་དུ་ང་ཚོས་གོམ་བགྲོད་ལས་འགུལ་འདི་སྤེལ་བ་ཡིན་པར་གསུངས་འདུགཐེངས་འདིའི་བོད་མི་སྒེར་བ་ཅག་ཅིག་གི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེར། ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ལགས་ཀྱིས་ཀྱང་དངོས་སུ་མཉམ་ཞུགས་གནང་འདོད་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཨ་རིར་ཡོང་མ་ཐུབ་པར་བརྟེན་ཁོང་གིས་ཨ་རི་དང་ཁེ་ན་ཊའི་ས་མཚམས་ནས་ཊོ་རིན་ཊོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བར་དུ་ཁྱེར་རྐྱང་གོམ་བགྲོད་གནང་སྟེ་ཁ་སང་ལས་ཉིན་བཅུ་བའི་ཉིན་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེ་མཇུག་སྒྲིལ་གནང་འདུག གཞི་རྩའི་ཐེངས་འདིའི་གོམ་བགྲོད་པ་རྣམས་ཀྱིས་དགོས་འདུན་དོན་ཚན་དྲུག་ཕྱིར་བསྒྲགས་གནང་བའི་ནང་དུ། རྒྱ་ནད་ཀྱིས་འཛམ་གླིང་མི་མང་ས་ཡ་གཉིས་ལྷག་བསད་པའི་འགན་འཁྲི་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་། རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་ཀྱི་བཙོན་པ་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་ཅ་དངོས་བཟོ་སྐྲུན་བྱེད་ཀྱི་ཡོད་སྟབས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བ། དེ་བཞིན་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དོན་དང་།བོད་རང་བཙན་སླར་གསོ་ལ་ཨ་རིའི་གཞུང་དམངས་གཙོས་རྒྱལ་སྤྱིས་ངོས་ལེན་དང་བདེན་རྒྱབ་བྱེད་དགོས་བ་སོགས་ཀྱི་དོན་ཚན་དྲུག་གི་ཐོག་ནས་ཉིན་བཅུའི་རིང་གི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེ་དབུ་འཛུགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ཁང་གི་མདུན་དུ་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་བོད་མིར་མནར་གཅོད་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད།

ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས Josep Borrell ལགས་ཀྱི་མཚན་ཐོག་ལ་ཟླ་བ་སྔོན་མའི་ནང་དུ་ཡིག་ཐོག་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པའི་སྐོར་ལ་དྲི་བ་ཁག་ཅིག་ཕུལ་བ་ལྟར། ཁ་སང་སྐུ་ཞབས་ Josep Borrell ལགས་ཀྱིས་དྲི་བ་ཁག་ལ་ལན་འདེབས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ས་ཕྱོགས་གང་དུ་སྡུག་སྦྱོང་མནར་གཅོད་ཀྱི་ལས་ཅི་ཞིག་གཉེར་བཞིན་ཡོད་ནའང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་དང་མཉམ་དུ་བོད་ནང་གི་མི་སྤྱོད་ལས་འདས་བའི་གྱོད་དོན་རེ་རེ་གྲོས་མོལ་བྱེད་རྒྱུ་ཡིན་པར་གསུངས་འདུགདེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཕུལ་བའི་དྲི་བ་ཁག་གི་ནང་དུ། ཉེ་བའི་རིང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་ཨ་མ་ལྷ་མོ་ལགས་དང་གྲྭ་བསྟན་འཛིན་ཉི་མ་ལགས། དེ་བཞིན་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་སོགས་ཀྱི་མཚོན་པའི་ཆབ་སྲིད་བཙོན་པ་མང་པོ་ཞིག་རྒྱ་ནག་གི་བཀག་སྐྱིལ་ཁང་དུ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་འོག་ཚེ་སྲོག་ཤོར་ཡོད་པ་ལུང་འདྲེན་གྱིས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡོངས་ཁྱབ་རང་བཞིན་གྱི་ཐོག་ནས་རྒྱ་ནག་གིས་བོད་ནང་དུ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པ་དེར་སྐྱོན་བརྗོད་གནང་ཡོད་མེད་དང་། དེ་བཞིན་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས་སུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་གི་འགྲོ་མ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་མཚམས་འཇོག་ཡོང་ཐབས་སུ་ཐབས་ལམ་ཅི་ཞིག་སྤྱད་ཡོད་མིན་སོགས་ཀྱི་གནད་དོན་ཁག་ཅིག་འཁོད་འདུག གོང་གི་དོགས་འདྲི་དེ་དག་དང་འབྲེལ་ནས་སྐུ་ཞབས Josep Borrell ལགས་ཀྱིས་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བཀའ་ལན་གནང་བའི་ནང་དུ། ཡུ་རོབ་མཐུན་ཚོགས་ཀྱིས་གོ་སྐབས་ནམ་བྱུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་གིས་རྒྱ་ནག་གཞུང་དང་གཞུང་འབྲེལ་ཡིན་མིན་ཅི་རིགས་ཀྱིས་བོད་མི་རྣམས་ལ་མནར་གཅོད་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་དགག་ལན་གནང་གི་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡང་ནས་བསྐྱར་དུ་རྒྱ་ནག་ལ་འབོད་སྐུལ་རིམ་པ་གནང་སྟེ། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་འཇོག་གིས་བོད་དང་ཤིན་ཅང་གི་མཚོན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་བར་ནན་བརྗོད་ཀྱིས། སྔར་ནས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བར་འབྲེལ་བ་ནམ་བྱུང་ལ་བོད་དོན་གླེང་སློང་བྱས་ཡོད་པར་ལུང་འདྲེན་གནང་འདུག གཞན་ཡང་ཁོང་གིས། བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་ན་གཞོན་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡ པོའི་ཚེས་ ༢༩ ཉིན་བཙོན་གྲོལ་བཏང་མཚམས་སུ་ཡང་། ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོ་དཔོན་རིགས་ཀྱི་མགྲིན་ཚབ་པས་རྒྱ་ནག་ལ་ཞུ་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་ཡང་། རྒྱ་ནག་གིས་བཙན་དབང་གི་འོག་ཏུ་བོད་མི་མང་པོ་ཞིག་བཀག་སྐྱིལ་གྱིས་ཁྲིམས་ཐག་བཅད་པ་དང་། དེ་བཞིན་བཙོན་ཁང་ནས་འདས་གྲོངས་སུ་གྱུར་བ། གཞན་ཡང་གར་སོང་ཆ་མེད་དུ་བསྒྱུར་བཞིན་པ་སོགས་ཀྱི་གནད་དོན་མང་པོ་ཞིག་དང་འབྲེལ་ནས། བོད་མི་རྣམས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་དང་སྦྲགས། རྒྱ་ནག་གིས་བོད་མི་རྣམས་ཀྱི་ཁྲིམས་གཏུགས་ཀྱི་བྱ་རིམ་ལ་དྲང་བདེན་སྐྱོང་དགོས་བ་དང་། བཀག་སྐྱིལ་བྱས་པ་རྣམས་ལ་མནར་གཅོད་མི་གཏོང་བར་བདག་གཅེས་གང་ལེགས་བྱ་དགོས་བའི་འབོད་སྐུལ་གནང་ཡོད་པ་ཡང་ཡོངས་གྲགས་གནང་འདུག མ་ཟད་སྐུ་ཞབས་ Borrell ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ངོས་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་བསྒྱུར་བ། གཞན་ཡང་མི་སྤྱོད་ནས་འདས་བའི་མནར་གཅོད་བཏང་བ་སོགས་ཀྱི་གནད་དོན་རྣམས་ཕྱི་འབྲེལ་འཐབ་བྱུས་ཀྱི་ལམ་ནས་སེལ་རྒྱུ་དོན་གནད་དུ་འཛིན་བཞིན་ཡོད་པ་ལྟར། འདི་ལྟ་བུའི་མི་སྒེར་སོ་སོའི་གྱོད་དོན་མཐའ་དག་མུ་མཐུད་དུ་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་གླེང་སློང་བྱ་ངེས་བ་དང་། དེ་བཞིན་མི་མང་རང་བཞིན་དང་ཕྱོགས་ངོས་མང་པོ་ནས་མཚམས་མི་ཆད་པར་གླེང་སློང་རིམ་པ་གནང་རྒྱུ་ཡིན་པར་གསུངས་འདུག གཞི་རྩའི་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཡོ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་འགོ་ཁྲིད་ཁག་ཅིག་ཐོག་ཉེས་ཆད་བཏང་བར་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་སློག་པའི་གནད་དོན་དང་འབྲེལ་ཟླ་བ་བཞི་བའི་ཚེས་ ༢༨ ཉིན་ཡོ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་ཐོག་དམིགས་བསལ་གྱི་བགྲོ་གླེང་ལས་རིམ་སྐོང་ཚོགས་བྱས་ཡོད་པ་དང། སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་ Josep Borrell ལགས་གཙོས་གྲོས་ཚོགས་འཐུས་མི་ ༣༠ ལྷག་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་ཡོ་རོབ་ཀྱི་མང་གཙོ་དང་སྨྲ་བརྗོད་རང་དབང་གི་རིན་ཐང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་གོ་རིམ་སྒྲིག་ཐབས་བྱེད་བཞིན་ཡོད་པ་མངོན་གསལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་དེང་སྐབས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་རྒྱ་ནག་གིས་སྔར་ལས་དམ་དྲག་དང་བཙན་ཤུགས་ཐོག་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་གོ་རིམ་སྒྲིག་ཐབས་བྱེད་བཞིན་ཡོད་པ་གསུངས་འདུགདེ་ཡང་ཁ་སང་ CBS བརྒྱུད་ལམ་དུ་་སྐར་མ་ ༦༠ ཅན་གྱི་བཅར་འདྲིའི་ལས་རིམ་ཞིག་གི་ཁྲོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། རྒྱ་ནག་ནི་དམག་སྟོབས་དང་དཔལ་འབྱོར། དེ་བཞིན་ཆབ་སྲིད་ཀྱི་སྟོབས་ཤུགས་བཅས་ཀྱི་ཐོག་ནས་ང་ཚོའི་རྩ་ཆེར་བཟུང་སྟེ་སྲུང་སྐྱོབ་བྱེད་བཞིན་པའི་རྒྱལ་སྤྱིའི་ཁྲིམས་གི་གོ་རིམ་སྒྲིག་རྒྱུའི་ནུས་པ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྐོར་གསུངས་པ་དང་འབྲེལ། འདས་པའི་ལོ་ཤས་ནང་རྒྱ་ནག་གིས་རང་རྒྱལ་ཁབ་ནང་དུ་དམ་དྲག་ཤུགས་ཆེ་རུ་བཏང་བ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཁྲོད་བཙན་ཤུགས་ཆེ་རུ་བཏང་སྟེ་འཛམ་གླིང་གི་གོ་རིམ་དེ་སྒྲིག་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག ཁོང་གི་ད་དུང་ང་ཚོའི་དམིགས་ཡུལ་དེ་རྒྱ་ནག་ལ་བཀག་སྡོམ་བྱས་ཏེ་རྒྱབ་ལ་ཐོན་རྒྱུ་མ་ཡིན་པར། རྒྱ་ནག་གིས་སྒྲིག་ཐབས་བྱེད་བཞིན་པའི་འཛམ་གླིང་གི་ཁྲིམས་ཀྱི་གོ་རིམ་དེར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་གསུངས་འདུག རྩ་བའི་བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཊན་མཆོག་གིས་ཡུལ་དེའི་གྲོས་ཚོགས་སུ་གཏམ་བཤད་ཐོག་མ་དེ་གནང་བའི་སྐབས་སུ། ཁོང་གི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་་ཕིང་ལ། ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ནང་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་ཀྱི་འགྲན་བསྡུར་ནང་དུ་རྒྱ་ནག་སླེབས་པར་དགའ་བསུ་ཡོད་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་དང་མཉམ་དུ་འཁྲུག་རྩོད་འདོད་ཀྱི་མེད་པར་གསུངས་ཡོད་པ་རེད། སྤྱིར་འདས་པའི་ལོ་ཤས་ནང་དུ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཆགས་པའི་ཁྲོད། ཨ་རིས་རྒྱ་ནག་གི་བཙན་ཤུགས་བེད་སྤྱོད་གཏོང་ཕྱོགས་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་པ་མ་ཟད། རྒྱ་གཞུང་གི་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་པ་གསུངས་ཡོད་པ་རེད།ཡང་དེའི་བར་ན་ཁ་སང་ Guardian གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མའི་ནང་ New Zealand ནང་གི་གུ་ཡངས་ཆབ་སྲིད་ཚོགས་པས་ཡུལ་དེའི་གྲོས་ཚོགས་ནང་དུ་རྒྱ་ནག་གི་ཤིན་ཅང་་ཡུ་གུར་མང་ཚོགས་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་མིན་ཐོག་བགྲོ་གླེང་དགོས་པའི་གྲོས་ཆོད་ཁྱེར་ཕེབས་པ་དང་འབྲེལ། བདུན་ཕྲག་འདིའི་ནང་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། དེང་སྐབས་ New Zealand གཞུང་འཛིན་ཐོག་རྒྱ་ནག་གི་ཤིན་ཅང་ནང་དུ་ཡུ་གུར་མང་ཚོགས་ཐོག་དྲག་གནོན་བྱེད་བཞིན་པའི་ཐོག་ལ་ལངས་་ཕྱོགས་མཁྲེགས་ཙམ་འཛིན་དགོས་པའི་གནོན་ཤུགས་ཕྱོགས་ཡོངས་ནས་སླེབ་བཞིན་པའི་ཁྲོད་འདིར། ཉེ་ཆར་ཡུལ་དེའི་སྲིད་བློན་ Jacinda Ardern མཆོག་གིས་རྒྱ་ནག་དང་ཚོང་འབྲེལ་གྱི་ལྷན་ཚོགས་ཤིག་གི་ཐོག ཤིན་ཅང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། དེ་བཞིན་ཧོང་ཀོང་མང་ཚོགས་ཀྱི་ཐོབ་ཐང་དང་རང་དབང་། དེ་བཞིན་རང་སྐྱོང་གི་གནད་དོན་ཐོག་ New Zealand གཞུང་གི་ངོས་ནས་སེམས་འཚབ་ཇི་ཙམ་ཡོད་པ་གསལ་པོ་བཟོས་ཟིན་ཡོད་སྐོར་དང་འབྲེལ། ང་ཚོའི་ངོས་ནས རྒྱ་ནག་ལྷན་དུ་འབྲེལ་ལམ་ཁྲོད་གནད་དོན་ཁག་ཅིག་གི་ཐོག རྒྱབ་སྐྱོར་ནམ་ཡང་བྱེད་ཐབས་མེད་སྐོར་གསུངས་འདུག ཁོང་གི་ད་དུང་། ད་ལྟ་རྒྱལ་ཁབ་ཕྱོགས་གཉིས་ཀར་ཚོང་འབྲེལ་དང་གནམ་གཤིས་འགྱུར་ལྡོག   དེ་བཞིན་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཐོག་གནད་དོན་ཁག་ཅིག་གི་ཐོག་མཉམ་ལས་བྱེད་རྒྱུའི་གོ་སྐབས་ཡོད་སྐོར་དང་འབྲེལ། རྒྱ་ནག་དེ་བཞིན་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་འགྱུར་བཞིན་པ་ལྟར། སྟོབས་ཆེན་རྒྱལ་ཁབ་ཅིག་གིས་འོས་འགན་དང་འཚམ་པའི་བྱ་སྤྱོད་སྤེལ་དགོས་པའི་རེ་འདུན་བཏོན་འདུག རྩ་བའི་སྔར་ལོའི་ཕྱི་ཟླ་ ༡༡ ནས་ད་བར་ New Zealand ཁུལ་གྱི་ཕྱིར་ཚོང་ཁྲོད། རྒྱ་ནག་གཅིག་གི་ལྷན་དུ་ཕྱིར་ཚོང་གི་དངུལ་འབོར་སྡོམས་དེ་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཨིན་ཡུལ་བཅས་རྒྱལ་ཁབ་བཞིའི་མཉམ་དུ་ཕྱིར་ཚོང་ལས་མང་བ་ཡོད་པ་རེད་འདུག   སྔར་ལོ་ཨོ་གླིང་གཞུང་གི་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་རུ་བཏང་བའི་སྐབས་སུ་རྒྱ་ནག་གིས་ཁྲལ་སྤར་བ་དང་ཡུལ་དེ་ནས་དངོས་ཟོག་ནང་འདྲེན་གྱི་ཚོང་བཀག་སྡོམ་བྱས་པ། དེ་བཞིན་རྒྱ་ནག་མི་སེར་རྣམས་ཨོ་གླིང་་དུ་འགྲོ་རྒྱུར་དམ་དྲག་སོགས་མངོན་གསལ་དོད་པོ་ཡིན་མིན་ཅི་རིགས་ཀྱིས་འཁོན་ལན་རིམ་པ་སློག་པའི་ཁྲོད། ཨོ་གླིང་ལ་ཡུལ་དེའི་སྒོར་མོ་ཐེར་འབུམ་ ༤༨ ཙམ་གྱི་ཚོང་གི་གྱོང་གུད་ཕོག་ཡོད་པ་རེད། དེང་སྐབས་ New Zealand ཙམ་མ་ཟད། ཨིན་ཡུལ་དང་ཨོ་གླིང་དེ་བཞིན་ཁེ་ན་ཌ་བཅས་རྒྱལ་ཁབ་ཁ་ཤས་ཀྱིས་གྲོས་ཚོགས་ནང་དུ་ཤིན་ཅང་གི་གནད་དོན་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ཡིན་མིན་ཐོག་གླེང་གློང་གནང་བཞིན་པའི་ཁྲོད། ཨིན་ཡུལ་གྲོས་ཚོགས་ཀྱི་ངོས་ནས་གནད་དོན་དེ་མི་རིགས་རྩ་གཏོར་རང་ཡིན་པའི་གྲོས་ཆོས་བཞག་པ་མ་ཟད། ཨིན་ཡུལ་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ་དང་ལྷན་དུ། ཤིན་ཅང་ནང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་ཡང་བཅད་ཡོད་པ་རེད།

རྒྱ་ནག་གིས་བོད་ནང་དུ་དམག་སྒར་གྱི་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད།

ཁ་སང་། རྒྱ་གར་གྱི་ Hindustan Times གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་བར་དུ་སྔར་ལོ་ནས་བཟུང་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་རིམ་པ་བྱུང་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་དང་དེའི་ཉེ་འཁོར་ས་གནས་ཁག་ཏུ་དམག་གི་ལྟེ་གནས་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་ དང་སྦྲགས། མཐའ་མཚམས་ཀྱི་མི་སེར་རྣམས་ལ་དངུལ་དངོས་ཀྱི་འཚོ་བའི་མཐུན་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་འཕགས་བོད་མཐའ་མཚམས་ཁག་ཏུ་དེ་གའི་དམག་གི་སྟོབས་ཤུགས་སྲ་བརྟན་དུ་གཏོང་བཞིན་ཡོད་སྐོར་མངོན་གསལ་གནང་འདུག རྩ་བའི་ Stratfor ཞེས་ཨ་རིའི་བདེ་སྲུང་དང་གསང་ལས་ཀྱི་ཆེད་མཁས་ལྟེ་གནས་ཁང་གིས་སྔ་ལོ་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་གི་ནང་དུ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་༢༠༢༠ བར་དུ་རྒྱ་གར་བྱང་རྒྱུད་དུ་འཁེལ་བའི་འཕགས་བོད་ས་མཚམས་ཁག་ཏུ་གནམ་ཐང་དང་ཐད་འཕུར་གནམ་གྲུ་སོགས་མཁའ་དམག་དང་འབྲེལ་བའི་ལས་གཞི་ལྡབ་གཉིས་ཀྱི་ཤུགས་ཆེ་རུ་བཏང་ཡོད་པ་ཡོངས་གྲགས་གནང་ཡོད་པ་རེད། གསར་ཁང་གིས་སྤེལ་བའི་ཐེངས་འདིའི་གནས་ཚུལ་གྱི་ནང་དུ། རྒྱ་ནག་གིས་རྙོག་གླེང་ཆེ་བའི་འཕགས་བོད་ས་མཚམས་གང་སར་དམག་མིའི་རྟེན་གཞི་རྒྱ་བསྐྱེད་བྱེད་ཀྱི་ཡོད་པའི་ཁྲོད་དུ། རྒྱ་གར་བྱང་ཕྱོགས་ལ་དྭགས་ཙམ་མ་ཡིན་པར། བྱང་ཤར་ཨ་རུ་ན་ཅལ་དང་འབྲུག་གི་ས་མཚམས་སོགས་སུ་འཛུགས་སྐྲུན་གྱི་ལས་གཞིར་ཤུགས་སྣོན་བྱེད་བཞིན་པ་མ་ཟད། ད་ཆ་མི་མེད་ལུང་སྟོང་གི་མཐའ་མཚམས་སུ་ཆེད་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་གཉེར་ནས་མི་མང་ཁུལ་སོ་སོར་གནས་སྤོར་གྱིས་གཞིས་ཆགས་གསར་འཛུགས་བྱེད་བཞིན་ཡོད་སྐོར་ཡང་མངོན་གསལ་གནང་འདུག ད་དུང་སྲུང་སྐར་བརྒྱུད་ནས་བླངས་བའི་འདྲ་པར་ལས་ཤེས་རྟོགས་བྱུང་བ་ཞིག་ནི། རྒྱ་ནག་གིས་ད་ཆ་བོད་ནང་གི་གྲོང་ཁྱེར་ཆེ་ཁག་དང་དམག་སྒར་སོགས་ཀྱི་འགྲུལ་ལམ་ཇེ་ལེགས་དང་འབྲེལ་མཐུད་སྟབས་བདེར་བསྒྱུར་ནས། མཐའ་མཚམས་ཁག་ཏུ་རྒྱ་ནག་གི་དམག་མི་དང་དམག་གི་ཡོ་ཆས་འབོར་འདྲེན་གྱི་ཆུ་ཚོད་ཇེ་ཉུང་དུ་བཏང་ཡོད་པར་ལུང་འདྲེན་དང་སྦྲགས། ལྷ་སའི་ནང་གི་གོང་དཀར་གནམ་ཐང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རྒྱ་ནག་གི་དམག་མིར་མཐུན་རྐྱེན་སྐྲུན་བཞིན་ཡོད་པ་མ་ཟད། གྱེན་འཕུར་གནམ་གྲུ་སོགས་ཀྱི་མཚོན་པའི་མཁའ་དམག་གི་བདེ་སྲུང་ལམ་ལུགས་ལ་ཤུགས་སྣོན་བྱེད་བཞིན་པར་ཡོངས་གྲགས་གནང་འདུག དེ་དང་ཆབས་ཅིག འདས་བའི་ཟླ་ངོ་ཁ་ཤས་ཀྱི་ནང་དུ་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་རྟེན་གཞི་བྱས་པའི་མཁའ་དམག་གི་ས་ཚིགས། Hotan ཞེས་པ་དེ་མགྱོགས་མྱུར་གྱི་ངང་ནས་རིམ་སྤོར་བྱས་ཡོད་པ་དང་། དེ་ནི་ཛ་དྲག་གི་དུས་སྐབས་སུ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་དམག་མིའི་འཐབ་ཇུས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སྟེ། སྔར་ལོ་ནས་རྒྱ་ནག་གིས་མཁའ་དམག་གི་ལྟེ་གནས་དེ་རུ་གྱེན་འཕུར་གནམ་གྲུ་དང་དམག་ཆས་མང་དུ་བཏང་ཡོད་པ་མ་ཟད། ལྟེ་གནས་ཁང་དེ་བོད་མཐོ་སྒང་གི་མེ་འཁོར་ལྕགས་ལམ་དང་སྦྲེལ་བཞིན་ཡོད་སྐོར་གསལ་འགྲེལ་གནང་འདུག དེ་བཞིན་རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལུང་འདྲེན་གནང་བའི་ནང་དུ། རྒྱ་ནག་གིས་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་རྩོད་རྙོག་རིམ་པའི་ཁྲོད་དུ། རྒྱ་ནག་གི་དམག་སྒར་ལྟེ་གནས་ཁང་མང་པོ་བོད་མཐོ་སྒང་དང་ཤིན་ཅང་གི་བྱེ་ཐང་བརྒལ་ནས་མེ་འཁོར་ལྕགས་ལམ་དང་སྦྲེལ་བཞིན་པ་དེ་ནི། མཐའ་མཚམས་ཁག་ཏུ་དམག་འཐབ་དང་འབྲེལ་བའི་གོ་མཚོན་གྱི་རིགས་འབོར་འདྲེན་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པར་བརྗོད་པ་ལུང་འདྲེན་གནང་འདུག རྒྱ་གར་གྱི་འཐབ་ཇུས་ཆེད་མཁས་བ། སྐུ་ཞབས་ Brahma Chellaney ལགས་ཀྱིས་གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གིས་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་དེ་དག་ནི་ཕྱི་ལོ་ ༢༠༡༧ ལོའི་འབྲོག་ལམ་གྱི་དོན་རྐྱེན་དང་བསྟུན་ནས་རིམ་སྤར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་ནས་ལས་གཞི་དེ་དག་སྔར་ལྷག་རྒྱ་བསྐྱེད་བྱེད་བཞིན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་རྙོག་གླེང་རིམ་པའི་ཁྲོད་དུ། རྒྱ་ནག་གིས་དུས་འདའ་བར་བྱས་ཏེ་ག་ལེར་མཐའ་མཚམས་ཁག་སོ་སོར་དམག་མི་སྤར་ཤུགས་ཆེ་རུ་བཏང་ནས། རྒྱ་དཀར་རྒྱ་ནག་གི་དམག་མིའི་གནོན་ཤུགས་ཀྱི་འོག་ཏུ་འཇུག་ཐབས་བྱེད་བཞིན་པ་ཞིག་ཡིན་སྐོར་གསུངས་འདུག གཞི་རྩའི་སྔར་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་དུག་ཁྱབ་བརྡལ་དང་འབྲེལ་ནས། རྒྱ་ནག་གིས་མཐའ་མཚམས་རྒྱ་སྐྱེད་ཀྱི་སྲིད་ཇུས་ཇེ་དོམ་དུ་བཏང་སྟེ། རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་ཡུལ་སོགས་ཀྱི་མཐའ་མཚམས་ཁག་ཏུ་སིམ་འཛུལ་བྱས་པའི་དོན་རྐྱེན་རིམ་པ་བྱུང་བའི་ཁྲོད་དུ། རྒྱལ་སྤྱིའི་དཔྱད་བརྗོད་པ་མང་པོས། རྒྱ་ནག་གི་མཐའ་མཐའ་མཚམས་རྒྱ་བསྐྱེད་ཀྱི་ལས་གཞི་དེ་ནི་སྔར་ལོ་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱིས་མང་ཚོགས་ཀྱི་འཚོ་བ་དང་རྒྱུ་དངོས་ལ་དོ་ཕོག་ཆེན་པོ་ཐེབས་པ་དང་བསྟུན་ནས་སྲིད་གཞུང་ལ་སྡང་སྡུག་ཆེ་རུ་འགྲོ་བཞིན་པར་བརྟེན་ནས། རྒྱ་ནག་གིས་ཆེད་དུ་མང་ཚོགས་ཀྱི་མིག་སྔར་གྱི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐབས་དང་། རྒྱ་ནག་གི་སྟོབས་ཤུགས་ཕྱི་ལ་ངོམས་པའི་སླད་དུ་མཐའ་མཚམས་ཁག་སོ་སོར་ཆེད་དམིགས་ཀྱིས་རྙོག་གླེང་གི་རིགས་བཟོ་བཞིན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། ཁ་སང་དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སྔར་ལོའི་རྒྱ་ནད་ཀྱི་རྐྱེན་གྱིས། རྒྱ་ནག་གི་ནང་གི་བཟོ་ལས་དང་ཚོང་ལས་ཁང་སོ་སོའི་ཆེད་གཉེར་གྱི་གཏན་འཇགས་ཀྱི་ལས་བྱེད་མང་པོ་ཞིག་གི་ལས་ཀ་ཤོར་ཡོད་པར་བརྟེན་ནས་མང་ཚོགས་ཀྱི་ཁྲོད་དུ་སེམས་འཚབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གི་ནང་དུ་རང་ལོ་ ༣༥ འོག་ཏུ་ཡོད་པའི་ན་གཞོན་གྱི་ལྟེ་ཁག་ལ་མ་གཏོགས་ལས་ཀའི་གོ་སྐབས་རག་གི་མེད་པར་ཡོངས་གྲགས། མང་ཚོགས་ཀྱི་ཁྲོད་དུ་མིག་སྔར་གྱི་འཚོ་བའི་དགོས་འདུན་ལ་གྱོང་གུད་ཆེན་པོ་ཐེབས་ཏེ། རྒན་རབས་པའི་ཁྲོད་དུ་ལས་ཀར་གསར་ཞུགས་ཀྱི་གོ་སྐབས་ཧ་ཅང་གིས་ཉུང་དུ་ཕྱིན་ཡོད་པར་སེམས་འཚབ་འཕར་མ་ཞིག་ཡོང་གི་ཡོད་པའི་གནས་ཚུལ་རིམ་པ་ཐོན་འདུག

པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུལ་ཞུགས་བྱ་རྒྱུ་མེད་པའི་རེ་འབོད།

ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་འཚོགས་པར་ལོ་གཅིག་ཏག་ཏག་ལྷག་ཡོད་པའི་དུས་སྐབས་དང་བསྟུན། དེ་རིང་བོད་མི་དང་ནང་སོག ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ ༡༨༠ ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སང་ལོའི་དགུན་དུས་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་འབོད་གནང་བཞིན་པའི་ཁྲོད།་དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་གི་འོག  རྒྱ་ནག་གི་ནང་གི་སང་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུལ་ཞུགས་མི་བྱེད་རྒྱུའི་རེ་ཞུ་རང་བཞིན་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་མ་ཟད། མེག་གྷན་བཞི་མདོ་རུ་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རྟགས་ཀྱི་སྟེང་དུ་མི་རོ་བཀལ་ནས་ཡོད་པའི་འདྲ་གཟུགས་བཤམ་སྟོན་གྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།   དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་དེའི་སྐབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས།  ད་ལྟའི་རྒྱ་ནག་དམར་ཤོག་གི་སྲིད་གཞུང་གི་གདུག་རྩུབ་འོག་ཏུ། བོད་དང་ཡུ་གུར་མི་རིགས། དེ་བཞིན་ལྷོ་ནང་སོག་སོགས་ཀྱི་གྲངས་ཉུང་མི་རིགས་རྣམས་ཀྱི་གཙོ་བྱས་པའི་ཐེ་ཝན་དང་ཧོང་ཀོང་སོགས་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཀྱི་ཡོད་སྟབས།  དེ་རིང་གི་གསར་འགོད་བསྒྲགས་གཏམ་གྱི་ལས་འགུལ་དེ་བརྒྱུད་ནས་རྒྱ་ནག་དང་ཨོ་རྩལ་མཐུན་ཚོགས་གཉིས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཡོངས་དང་། སྒོས་སུ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་བྱེད་མཁན་གྱི་རྩེད་འགྲན་པ་ཡོངས་ལ་རེ་ཞུ་བྱས་ཏེ། རྒྱ་ནག་ནང་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་གནང་སོང་།དེ་བཞིན་སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་དེ་རིང་གི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་པའི་ནང་དུ།  རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟོས་མེད་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་འཚོགས་རྒྱུར་ཐག་གཅོད་བྱས་པ་ནི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྩ་གཏོར་དང་མི་མང་སྡེབ་གསོད་ཀྱི་བྱ་སྤྱོད་ལ་བསམ་ཤེས་མ་བྱས་པ་ཞིག་དང་། བཙན་གནོན་གྱི་རྒྱ་ནག་དམར་པོའི་རྒྱལ་ཁབ་སྲིད་གཞུང་དེ་ཁྲིམས་མཐུན་ཡིན་པར་ངོས་འཛིན་བྱས་པའི་གནས་བབ་ཅིག་ཡིིན་སྐོར་གསུངས་སོང་།འདི་གའི་གསར་འགོད་པས་སྐབས་དེར་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་་ཨོ་རྩལ་འགྲན་ཚོགས་དེར་བོད་མིའི་གཙོ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བརྒྱ་དང་བརྒྱད་ཅུ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་ད་བར་ལས་འགུལ་རབས་དང་རིམ་པ་སྤེལ་བར་གྲུབ་འབྲས་ག་རེ་ཐོན་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་འགན་འཛིན།  བོད་མི་མང་སྤྱི་འཐུས་ལས་ཐོག་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐོག་མའི་དམིགས་ཡུལ་ལྟར་ན་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་བའི་ཐོག་ནས་ལས་འགུལ་ཤུགས་ཆེར་སྤེལ་བ་ལྟར་རྒྱ་ནག་སྲིད་གཞུང་དང་ཨོ་རྩལ་མཐུན་ཚོགས་གཉིས་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་པ་མངོན་གསལ་བྱུང་ཡོད་པར་ལུང་འདྲེན་དང་སྦྲགས། ཨོ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་དངོས་སུ་ཨོ་རྩལ་མཐུན་ཚོགས་འདིར་ངོ་རྒོལ་སྤེལ་ན་ཡག་པོ་མེད་ལུགས་ཀྱི་རྩོམ་ཡིག་བྲིས་ཡོད་པ་མ་ཟད། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པར་གསུངས་སོང་།གསར་འགོད་ལྷན་ཚོགས་རྗེས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་མེག་གྷན་བཞི་མདོ་རུ་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རྟགས་མཚོན་པའི་ཨ་ལོང་རེ་རེའི་ཐོག་བོད་མི་དང་ཡུ་གུར། ནང་སོག ཧོང་ཀོང་། དེ་བཞིན་ཐའེ་ཝན་སོགས་ཀྱི་མི་རོ་རྣམ་པ་བཀལ་བའི་ཁྲོད། ཨོ་ལིམ་སྤིག་རྩེད་འགྲན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་སྲིད་འཛིན་གཉིས་ལག་པར་མདར་རྟགས་སྐྱོན་ཏེ། རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་དེ་མི་མང་སྡེབ་གསོད་ཀྱི་འགྲན་ཚོགས་ཡིན་པའི་སྦྱར་ཡིག་འགྲེམས་སྟོན་གྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་སོང་། གཞི་རྩའི་རྒྱ་ནག་གི་ནང་དུ་སང་ལོའི་དགུན་དུས་སུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཐག་གཅོད་དེར། བོད་མི་རྣམས་ཀྱི་སྣེ་ཁྲིད་པའི་ཐོག  ཡུ་གུར་ཁ་ཆེ་མི་རིགས་དང་ནང་སོག་མི་རིགས། དེ་བཞིན་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་༡༨༠ ལྷག་གིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་རྒྱུའི་ཐོབ་ཐང་སྤྲོད་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ནའང་། ད་ལྟའི་བར་དུ་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ནག་གི་སང་ལོའི་ཨོ་རྩལ་དེ་ཕྱིར་བསྡུ་བྱས་མེད་སྟབས།  ད་ཆ་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། རྩེད་འགྲན་པ་རྣམས་པར་ཞུ་སྐུལ་གྱིས་རྒྱ་ནག་ནང་གི་ལས་འགུལ་དེར་འཛུལ་ཞུགས་མི་བྱེད་པར་ངོ་རྒོལ་བྱེད་དགོས་བའི་ཞུ་སྐུལ་གནང་བཞིན་པ་རེད་འདུག

རྒྱ་ནག་གིས་ཨ་རིའི་ཆེས་མཐོ་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཅད་འདུག

ཁ་སང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་ཨ་རིའི་གཞུང་འཛིན་གྱི་ཁྲི་སྟོན་མཛད་སྒོ་ཚོགས་མ་ཐག  རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་སྲིད་འཛིན་ཊྲམ་ཕུའི་གཞུང་འཛིན་སྐབས་ཀྱི་ཆེས་མཐོའི་དཔོན་རིགས་ ༢༨ མིང་འདོན་གྱིས། ཁོང་རྣམས་རྒྱ་ནག་གི་གཙོ་བྱས་པའི་ཧོང་ཀོང་དང་མ་ཀའོ་སོགས་སུ་འགྲོ་སྐྱོད་བྱེད་རྒྱུ་བཀག་སྡོམ་བྱས་འདུགདེ་རིང་སྔ་དྲོ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་བསྒྲགས་གཏམ་ཞིག་གི་ནང་དུ། ཐེངས་འདིར་རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་ཆེས་མཐོ་དཔོན་རིགས་ཀྱི་ཁྲོད་དུ། སྲིད་འཛིན་ཊྲམ་ཕུ་མཆོག་གི་གཞུང་འཛིན་སྐབས་ཀྱི་ཕྱི་སྲིད་དྲུང་ཆེ་Michael R. Pompeo ལགས་དང་། ཨ་རིའི་བདེ་སྲུང་གི་སློབ་སྟོན་པ། Robert C. O'Brien ལགས་དང་སློབ་སྟོན་པ་གཞོན་པ། Matthew Pottinger ལགས། གཞན་ཡང་ཨ་རིའི་ཚོང་ལས་ཀྱི་སློབ་སྟོན་པ།  Peter K. Navarro ལགས་སོགས་ཀྱི་གཙོ་བྱས་པའི་དཔོན་རིགས་ཉེར་བརྒྱད་ལ་མིང་འདོན་བྱས་ཏེ། ཁངོ་རྣམས་རྒྱ་ནག་ནང་དང་ཧོང་ཀོང་སོགས་ལ་འགྲོ་སྐྱོད་བྱེད་རྒྱུ་བཀག་འགོག་བྱས་པ་མ་ཟད། ཁོང་རྣམས་དང་འབྲེལ་བའི་བཟོ་ཚོང་ཁང་རྣམས་ཀྱིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་རྒྱུ་ཡང་བཀག་སྡོམ་བྱས་འདུག རྒྱ་ནག་གིས་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་དེའི་ནང་དུ་འདས་བའི་ལོ་འགའི་རིང་ལ། ཨ་རིའི་ནང་གི་རང་ལྟ་མཆོག་འཛིན་དང་རྒྱ་ནག་ལ་སྡང་སྡུག་ཆེ་བའི་ཆབ་སྲིད་པ་འགའ་ཤས་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་བྱེད་སྒོ་འདྲ་མིན་བརྩམས་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ཡོད་ལུགས་ལུང་འདྲེན་གྱིས། ཁོང་ཚོས་བྱེད་བབ་ཀྱིས་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེར་བཏང་ཡོད་ལུགས་བསྒྲགས་འདུགགནས་ཚུལ་དེ་དང་འབྲེལ་ནས། ཨ་རིའི་ཚོང་ལས་ཀྱི་སློབ་སྟོན་པ།  Peter K. Navarro ལགས་ཀྱིས་་CNN གསར་ཁང་ལ་རྒྱ་ནག་གི་རིམས་ནད་ཀྱིས་མི་གྲངས་ས་ཡ་མང་པོ་སྡེབ་གསོད་བཏང་ཡོད་པའི་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གིས་ཐེངས་འདིར་ཨ་རིའི་དཔོན་རིགས་ལ་ཉེས་ཆད་བཅད་པ་དེ་ནི་ཁོང་ལ་མཚོན་ན་གཟི་བརྗོད་ཅིག་ཏུ་མཐོང་གི་ཡོད་པར་ངོ་སྤྲོད་གནང་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་ཊྲམ་ཕུ་མཆོག་གི་གཞུང་འཛིན་གྱི་སྐབས་སུ། ཨ་རིས་རྒྱ་ནག་དང་འབྲེལ་བའི་ཕྱིར་ཚོང་རིགས་མང་པོ་ཞིག་ལ་ཁྲལ་ཆེན་པོ་བརྒྱབས་ནས་ཚོང་ལས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་མ་ཟད། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱས་པ། དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་འཆར་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་གི་འགྲོ་འདུག་བཀག་སྡོམ། གཞན་ཡང་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་གཏོང་གི་ཡོད་པ་སོགས་གཞུང་འབྲེལ་གྱིས་འདོན་སྤེལ་གནང་བ་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ལ་རྒོལ་ལན་སྤྲད་ཡོད་སྟབས། ད་ལྟའི་ཆར་ཨ་རྒྱ་གཉིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དང་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་གཏོང་གི་ཡོད་པར་བརྗོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཏེ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་སྐྱོན་བརྗོད་གནང་འདུག

ཨ་རིའི་གཞུང་འཛིན་གསར་བར་བོད་དོན་རྒྱབ་སྐྱོར་དགོས་བའི་ཞུ་སྐུལ།

ཨ་རིའི་Washington Post གསར་ཤོག་ཐོག་དེ་རིང་བོད་དོན་དང་འབྲེལ་བའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་བོད་ནང་དུ་རྩུབ་སྤྱོད་ཅི་རིགས་ཀྱི་སྒོ་ནས་བོད་མིའི་ཆོས་དང་རིག་གནས་རྒྱ་བསྒྱུར་བྱེད་བཞིན་པ་དེ་ཨ་རིའི་གཞུང་གསར་པའི་ངོས་ནས་སྣང་མེད་དུ་གཏོང་ཐབས་མེད་པའི་ཞུ་སྐུལ་གནང་འདུགདེའང་ཨ་རིའི་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་ Josh Rogin ལགས་ཀྱིས་བྲིས་པའི་དཔྱད་རྩོམ་དེའི་ནང་དུ། རྒྱ་ནག་གིས་ཤིན་ཅང་ནང་ཡུ་གུར་མང་ཚོགས་ས་ཡ་བརྒལ་བར་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པའི་གནད་དོན་ལ་དེང་སྐབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གཞི་ནས་ཐུགས་ཁུར་བཞེས་འགོ་ཚུགས་ཡོད་པ་དེ་ལྟར་ཡང་། ཐུགས་སྣང་དགོས་པའི་གནད་དོན་གཞན་ཞིག་ནི་ད་ཆ་རྒྱ་ནག་གིས་ལས་གཞི་དེ་བོད་ནང་དུའང་ལག་བསྟར་བྱེད་འགོ་ཚུགས་ཏེ། དབུལ་ཕོང་མཐོར་འདེགས་ཀྱི་མིང་ཐོག་ནས་བོད་མི་སྟོང་ཕྲག་མང་པོ་དམག་གི་སྒྲིག་འཛུགས་ཀྱི་ངོ་བོ་ལྟར་བཙན་དབང་གི་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་ད་དུང་རྒྱ་གཞུང་གིས་འདས་བའི་ཟླ་བ་དྲུག་གི་ནང་དུ། བོད་མི་ཁྲི་ལྔ་ལྷག་བཀག་སྐྱིལ་གྱིས་རྒྱ་ནག་གི་བཟོ་ལས་ཁང་འདྲ་མིན་གྱི་ནང་དུ་ངལ་རྩོལ་ལས་ཀར་བཀོལ་བཞིན་ཡོད་ལུགས་དང་འབྲེལ། སྤྱིར་རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་ཆབ་སྲིད་བཙོན་པ་དང་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་ངལ་རྩོལ་བསྒྱུར་བཀོལ་བྱེད་སྲོལ་ཡོད་ཀྱང་། ད་ཆ་བོད་མི་ཞིང་འབྲོག་སྟོང་ཁྲག་བརྒལ་བར་དམག་མིའི་རང་བཞིན་ལྡན་པའི་སྦྱོང་བརྡར་སྤྲོད་བཞིན་པ་དེ་ནི་འདས་པའི་ལོ་མང་ནས་བོད་མི་ཞིང་འབྲོག་མང་ཚོགས་བཙན་དབང་གི་གཞིས་སྤོར་བྱེད་བཞིན་པའི་འཆར་གཞི་རྒྱ་བསྐྱེད་བྱས་པ་ཞིག་ཡིན་ སྐོར་གསུང་འདུག ཁོང་གིས་ད་དུང་དཔྱད་རྩོམ་དེའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་དྲི་ཞུས་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ལས་གཞི་དེར་ཕུགས་ཀྱི་དམིགས་ཡུལ་གསུམ་ཡོད་པ་ནི། རྒྱ་ནག་གིས་བོད་མིའི་ས་ཆ་བཙན་འཕྲོག་གིས་རང་བྱུང་གི་གཏེར་ཁ་སྔོག་འདོན་དང་། བོད་མི་རྣམས་ལ་འདི་ལྟ་བུའི་སྦྱོང་བརྡར་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་གཏོར་གཏོང་རྒྱུ་མ་ཟད། བོད་མི་རྣམས་གླ་དངུལ་ཉུང་ངུའི་ཐོག་ངལ་རྩོལ་སླད་བེད་སྤྱོད་བྱེད་རྒྱུ་ཡིན་སྐོར་གསུང་འདུག སྐུ་ཞབས་ Josh Rogin ལགས་ཀྱིས་གཞན་ཡང་ཐེངས་འདིར་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་བ་ཞིག་གཏན་འབེབས་གནང་བ་དེའི་གལ་གནད་གསལ་སྟོན་གནང་བ་དང་འབྲེལ།  རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ལ་རྒྱ་ནག་གི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་དེ་ནི། དེ་སྔ་ཨ་རིའི་སྲིད་འཛིན་གོང་མ་Barack Obama སྐབས་སུ་ལོ་གཅིག་གི་རིང་ལ་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་མེད་པ་དང་། ཕྱིས་སུ་༸གོང་ས་མཆོག་ལ་མཇལ་འཕྲད་གནང་བའི་་གནད་དོན་དེ་ཡང་མངོན་གསལ་དོད་པོ་བྱས་ནས་ཡོངས་གྲགས་མ་གནང་བར་རྒྱ་ནག་དང་བསྟུན་མཁས་བྱས་ཡོད་ཀྱང་། རྒྱ་ནག་གིས་སྐབས་དེར་བོད་ནང་དུ་སྲིད་བྱུས་གུ་ཡངས་གཏོང་རྒྱུའི་ཚབ་ཏུ་དྲག་གནོན་ཇེ་ཆེར་བཏང་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཨ་རིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མི་བྱེད་རྒྱུའི་ཐབས་ཤེས་སྣ་མང་བྱེད་བཞིན་ཡོད་པ་ལུང་འདྲེན་གྱིས། སྲིད་འཛིན་ Biden གྱི་སྣེ་ཁྲིད་པའི་ཨ་རིའི་གཞུང་གསར་བ་རྒྱ་ནག་གི་མགོ་སྐོར་གྱི་འོག་ཏུ་མི་ཚུལ་བ་བྱེད་རྒྱུ་གལ་ཆེན་པོ་ཡིན་ལུགས་ངོ་སྤྲོད་གནང་བ་དང་སྦྲགས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཁྲོད་ནས། ཨ་རིའི་ངོས་ནས་རྒྱ་ནག་གི་བཙན་གནོན་འོག་གི་བོད་དོན་དེ་སྣང་མེད་དུ་གཏོང་མི་འོས་པ་ཞིག་ཡིན་པར་ནན་བརྗོད་གནང་འདུག  

Latest news