Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་རི་བོ་རྩེ་ལྔར་ནང་པའི་དགོན་པ་བཙན་དབང་གིས་གཏོར་བཤིག

འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་སྲུང་བརྩི་གནང་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཐོག་དམ་དྲག་སྔར་ལྷག་བྱེད་བཞིན་པའི་ཁྲོད་བོད་བརྒྱུད་ནང་བསྟན་ཁྲོད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་ལ་ངོས་འཛིན་གནང་བའི་ Wutai འམ་གནས་ཆེན་རི་བོ་རྩེ་ལྔ་ཁུལ་དུ་འདི་ལོའི་མགོ་སྟོད་ནས་བཟུང་རྒྱ་ནག་གིས་དེར་ཆགས་པའི་ནང་པའི་དགོན་པ་གཉིས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པའི་ཁྲོད་ Jixiang ཞེས་པའི་དགོན་པའི་བཏང་འཛིན་ཆ་ཚང་རྒྱ་གཞུང་མི་སྣས་བླངས་ཏེ་དགོན་པར་ཕྱི་མི་མཆོད་མཇལ་ལ་འགྲོ་མ་བཅུག་པར་དམ་དྲག་བྱས་པ་དང། དེ་མིན་དགོན་པ་གཞན་ཞིག་རྩ་མེད་གཏོར་བཤིག་བཏང་བ་མ་ཟད། དེར་བཅའ་སྡོད་བྱེད་མཁན་བོད་ཁམས་དཀར་མཛེས་ནས་ཡིན་པའི་དགེ་འདུན་པ་ Kapga ཞུ་བ་ཞིག་འཛིན་བཟུང་བཙོན་འཇུག་གིས་གར་སོང་ཆ་མེད་དུ་གྱུར་འདུག ཁ་ཉིན་ BitterWinter ཞེས་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་དེབ་ཀྱི་དྲྭ་གནས་ཐོག་རྒྱ་ནག་བྱང་ཕྱོགས་ཀྱི་ Shanxi མངའ་ཁུལ་གྱི་ Wutai འམ་རི་བོ་རྩེ་ལྔའི་རི་རྒྱུད་ལས་ Qingliang ལ་ཆགས་པའི་ Jixiang དགོན་པར་འདི་ལོའི་ཕྱི་ཟླ་ ༣ པ་ནས་རྒྱ་གཞུང་མི་སྣས་དགོན་པའི་གྲྭ་མང་རྣམས་ཀྱི་འགྲུལ་སྐྱོད་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་པ་མ་ཟད། དགོན་པའི་ཕྱིར་ཡོད་པའི་ནང་པ་གཞན་ཚོ་དང་ལྷན་དུ་འབྲེལ་བ་གནང་རྒྱུར་བཀག་སྡོམ་བྱས་པ་དང། དགོན་པར་ལྟ་སྲུང་པར་ཆས་ ༧༠ ཙམ་གསར་འཛུགས། དེ་བཞིན་དགོན་པར་བཅར་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཡོངས་གི་ལག་འཁྱེར་ཞིབ་བཤེར་དང་ཉེན་རྟོག་པས་འདྲི་རྩད་སོགས་བྱས་འདུག ལྷག་དོན་དགོན་པར་ཉམས་གསོ་སོགས་ཀྱི་ལས་གཞི་མཚམས་འཇོག་བྱས་ཟིན་ཡང་དགོན་པའི་རྒྱལ་སྒོའི་ཉམས་གསོའི་ལས་དོན་སྤེལ་མུས་ཡིན་པ་དང་། ཕྱི་མི་ནང་དུ་སྐྱོད་མི་ཆོག་ཞེས་པའི་སྦྱར་ཡིག་ཆེད་སྦྱར་གྱིས་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུག དེ་བཞིན་ Wutai ཁུལ་གྱི་ནང་པའི་དགོན་པ་གཞན་ཞིག་འདི་ལོའི་དགུན་ཁར་རྩ་མེད་བཏང་བ་མ་ཟད། དགོན་པ་དེར་ལོ་ ༢༠ ཙམ་ནས་བཅའ་སྡོད་བྱེད་བཞིན་པའི་བོད་དཀར་མཛེས་ཁུལ་ནས་ཡིན་པའི་བོད་པའི་དགེ་འདུན་པ་ Kapga ཞུ་བ་ཞིག་འཛིན་བཟུང་བྱས་པ་དང། དགོན་པ་དེར་བཞུགས་མཁན་གཞན་རྣམས་ཕྱིར་ཕུད་བཏང་འདུག ས་གནས་ཡུལ་མི་ཞིག་གིས་གསར་ཁང་ལ་འབྲེལ་བརྗོད་གནང་བར་གཞིགས་ན་དགེ་འདུན་པ་དེ་འཛིན་བཟུང་བྱས་ནས་ཉིན་གྲངས་གསུམ་གྱི་རྗེས་སུ་དགོན་པ་དེར་ཉེན་རྟོག་པ་དང་མེ་གསོད་རུ་ཁག་མི་སྣ་བཅས་ཁྱོན་མི་གྲངས་ ༢༠༠ སྐོར་ཞིག་སླེབས་ཏེ་དགོན་པའི་ཁང་མི་ ༡༦ ཙམ་ཡོད་པ་ཆ་ཚང་གཏོར་བཤིག་བཏང་ཡོད་པ་མ་ཟད། སྐབས་དེར་དགེ་འདུན་པའི་རྐང་ལག་ཆ་ཚང་ལྕགས་སྒྲོག་བརྒྱབས་ནས་དགོན་པ་གཏོར་བཤིག་གཏོང་བཞིན་པའི་ཡུལ་དངོས་ལ་ཁྲིད་འདུག དགེ་འདུན་པ་ཁོང་དགོན་པ་གཏོར་བཤིག་གི་ལས་དོན་ཚར་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་འདུག ད་ལྟའི་ཆར་དགོན་པ་གཏོར་བཤིག་བཏང་བའི་ས་ཆར་ཤིང་སྣ་སོགས་འདེབས་འཛུགས་བྱས་ནས་བཞག་ཡོད་པའི་འདྲ་པར་དང་བཅས་པ་ཕྱིར་གྱར་བྱུང་ཡོད་པ་རེད། ས་གནས་ཡུལ་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༥ ཙམ་ནས་ས་ཁུལ་དེར་ཉེན་རྟོག་མི་སྣ་སླེབས་ཡོད་པ་དང་སྤྱི་ཚོགས་བརྟན་ལྷིང་ཆེད་དུ་ཡིན་ཁུལ་ཙམ་ལས་དོན་དངོས་སུ་ཕྱི་ཕྱོགས་ནས་སླེབས་པའི་དགེ་འདུན་པ་རྣམས་ལ་མྱུལ་ཞིབ་བྱེད་ཕྱིར་སླེབས་ཡོད་པ་དང་། སྐབས་འགར་ཉེན་རྟོག་མི་སྣ་རྣམས་མེ་མདའ་དང་གོ་མཚོན་ཕོན་ཆེ་དང་ཁྱི་སོགས་ཁྲིད་ནས་སླེབས་ཡོད་པ་དང་ཕྱི་ཕྱོགས་ཀྱི་དགེ་འདུན་པ་ཡོད་པ་ཤེས་རྟོགས་བྱུང་ཚེ་དེ་དག་འཕྲལ་དུ་རང་སར་ཕྱིར་ལོག་བཏང་བ་མ་ཟད་ཁོང་ཚོས་སྡོད་གནས་རྣམས་གཞུང་བཞེས་བཏང་ནས་ས་ཁང་བདག་པོར་དངུལ་གྱི་ཉེས་ཆད་བཏང་འདུག དེ་བཞིན་མིང་བརྗོད་འདོད་མེད་པའི་ས་གནས་མི་གཞན་ཞིག་གིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་བཞིན་པའི་ཁྲོད། ས་གནས་སྲིད་གཞུང་ནས་དགོན་སྡེ་ཁག་ལ་ཕྱི་ཕྱོགས་ས་ཁུལ་ནས་སླེབས་མཁན་གྲྭ་བཙུན་ཚོ་དགོན་པར་འཇོག་རྒྱུ་མེད་པ་དང། དེ་ལྟར་སླེབས་ཚེ་དེ་དག་རྫོང་ཆོས་དོན་ལས་ཁུངས་སུ་ཞིབ་བཤེར་ཆེད་ཁྲིད་དགོས་པའི་བཀོད་ཁྱབ་རིམ་པ་བཏང་ཡོད་པ་དང། ཚུལ་མིན་གྱི་གནས་ཚུལ་བྱུང་ཚེ་དགོན་པའི་བདག་དབང་ཡིག་ཆ་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། སྲིད་གཞུང་གི་ངོས་ནས་བོད་རང་བཙན་གྱི་ལས་འགུལ་དང་༸གོང་ས་མཆོག་གི་ཤུགས་རྐྱེན་ལ་དམ་གནོན་དང་འབྲེལ། ས་གནས་དེར་བོད་ནས་སླེབས་མཁན་དགེ་འདུན་པ་ཡོངས་ལ་ཞིབ་བཤེར་བྱེད་བཞིན་པ་མངོན་གསལ་གནང་འདུག

ཨ་རིའི་སྲིད་འཛིན་མཆོག་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་འབོད་སྐུལ།

ཁ་ཉིན་ཕྱི་ཚེས་ ༡༦ ནས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་ཡུལ་དེར་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། ཁ་སང་ལྷན་ཚོགས་ཉིན་གཉིས་པའི་སྐབས་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག ཉི་མ་ལྷ་མོ་ལགས་ནི་ཐེངས་འདིའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་པའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཆེད་ཕེབས་གནང་ཡོད་པ་དང་། ཁ་སང་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་པའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དངོས་སུ་དཀའ་སྡུག་ཚད་མེད་མྱངས་པའི་རྒྱལ་སྤྱིའི་སྐུ་ཚབ་ཁག་གཅིག་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌ་ཊམ་མཆོག་དང་མཇལ་འཕྲད་བརྒྱུད་ནས་བཀའ་མོལ་གྱི་གོ་སྐབས་བྱུང་ཡོད་པ་ལྟར། ཁོང་གིས་དང་ཐོག་དེར་སྲིད་འཛིན་མཆོག་དང་མཇལ་འཕྲད་ཀྱི་བདེ་སྡུག་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་ཡོད་པའི་བོད་མི་ཚོར་ཨ་རིའི་ངོས་ནས་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་ཐུབ་རྒྱུ། དེ་བཞིན་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་ཚོར་ཤུགས་ཆེན་པོས་འབོད་སྐུལ་ཞུས་འདུག འབོད་སྐུལ་དེའི་ཁྲོད་ཉི་མ་ལྷ་མོ་ལགས་ནས་ངའི་དབྱིན་སྐད་དེ་ཡག་པོ་དེ་ཙམ་མེད་ཅེས་དགོངས་སེལ་ཞུས་པར་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ནས་གང་ཡང་གནང་གི་མ་རེད། ཁྱེད་ཀྱི་དབྱིན་སྐད་ཡག་པོ་འདུག་ཅེས་གསུངས་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་བཀའ་ལན་གནང་འདུག གཞི་རྩའི་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌ་ཊམ་མཆོག་དང་མཇལ་འཕྲད་ཀྱི་བོད་དོན་ཞུ་སྐུལ་གནང་མཁན་བོད་པ་ཆེས་ཐོག་མ་དེ་ཡིན་པ་རེད། ཁ་སང་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་མི་རི་ཀའི་སྲིད་འཛིན་མཆོག་དང་མཇལ་འཕྲད་མ་གནང་གོང་དུ་ཡི་ཤུ་རྣམ་དག་གི་གནད་ས་ཝ་ཊི་ཀན་གྱི་ཨ་རི་གཞུང་ཚབ་ལྕམ་སྐུ་ Callista Gingrich ལགས་ནས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཚོམས་ཁང་ Burns ཞེས་པར་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་བཅར་བ་དང་གནད་ཡོད་མི་སྣ་ཚོར་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཐོག་ཆོས་དད་རང་དབང་ལ་བརྩི་བཀུར་མི་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་། དེ་ཡང་རྒྱ་ནག་གཞུང་ནས་ཆོས་ལུགས་ཀྱི་མི་སྣར་སུན་གཙེར་དང་། སྡང་ཟུག བཙོན་འཇུག་སོགས་ཀྱི་ལས་དོན་རྣམས་གོ་རིམ་ལྡན་པའི་ཐོག་ནས་ལག་བསྟར་བྱས་པ་མ་ཟད། ཁ་ཆེ་དང་ཡི་ཤུ། ནང་པ་བཅས་གྲངས་ཉུང་མི་རིགས་ཐོག་དམིགས་བསལ་གྱི་དམ་དྲག་དང་གཉའ་གནོན་གཏོང་བཞིན་ཡོད་པ་ཐེར་འདོན་གནང་འདུག ལྷག་པར་དུ་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྕམ་སྐུ་ Callista Gingrich ལགས་ནས་ཉེ་དུས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། ༸གོང་ས་མཆོག་ནི་བོད་མིའི་སེམས་ཁུངས་ནས་བརྩི་བཀུར་དང་དད་མོས་ཞུ་ཡུལ་ཞིག་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་དེ་རྒྱ་གཞུང་ནས་ཐེ་བྱུས་གང་ཡང་བྱེད་དབང་མེད་པར་དད་མོས་དང་བརྩི་བཀུར་ཅན་གྱི་བོད་མི་རང་ངོས་ནས་ངོས་འཛིན་ཞུ་རྒྱུ་ཞིག་རེད་ཅེས་ནན་པོ་གསུངས་འདུག དེ་བཞིན་སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་༸གོང་ས་མཆོག་གི་བཀའ་དགོངས་ཇི་བསྩལ་ལྟར་སྒྲུབ་མཁན་ཞིག་ཡིན་པ་དང་། རིན་པོ་ཆེ་དམ་པས་བོད་ནང་གི་ཆོས་ཕྱོགས་ཀྱི་ལས་དོན་ཙམ་མ་ཟད། སྤྱི་ཚོགས་ཀྱི་ཞབས་ཞུ་མང་དག་ཅིག་སྒྲུབ་བཞིན་ཡོད་སྟབས་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་འཛིན་བཟུང་གིས་སྲོག་ཐོག་དང་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་རིམ་པ་བཅད་དེ་མཐར་བཙོན་ཁང་དུ་དགོངས་པ་རྫོགས་པའི་གནས་སྟངས་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་གིས་གཙོས་པའི་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སོགས་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་བབས་གང་འདྲ་ཡོད་མེད་མཚོན་ཐུབ་སྐོར་གསུངས་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ཀྱི་གསུང་བཤད་དེ་དག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་དབྱིན་སྒྱུར་གནང་ཡོད་པ་དང་། གསུང་བཤད་ཀྱི་མཐའ་མ་དེར་ཉི་མ་ལྷ་མོ་ལགས་ནས་ཨ་རི་སྲིད་གཞུང་དང་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་བཙོན་ཁང་ནང་སྐུ་གྲོངས་པའི་གནད་དོན་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་ནན་པོ་གནང་དགོས་པ་དང་། རྒྱལ་སྤྱིའི་གཞུང་དང་ཉམས་ཞིབ་པ། དེ་བཞིན་གསར་འགོད་པ་རྣམས་ནས་རྒྱ་གཞུང་གིས་བོད་ནང་ཆོད་དད་རང་དབང་ཡོད་ལུགས་བརྗོད་བཞིན་པ་དེ་བདེན་པ་ཡིན་མིན་དཔྱད་ཞིབ་སླད་བོད་ནང་ཕེབས་དགོས་པ། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་ནང་ཆོས་ལ་སློབ་གཉེར་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པ་ཆེ་མཆོག་གཙོ་གྱུར་བོད་པའི་ཚབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་མ་ཟད། ཁོང་རྣམ་པའི་མ་འོངས་ཀྱི་གནས་སྟངས་ཇི་ཆགས་འགན་དེ་རྒྱ་ནག་གཞུང་ལ་ཡོད་ཅེས་འབོད་སྐུལ་དོན་ཚན་ལྔ་སྟོན་འདུག རྩ་བའི་ཁ་ཉིན་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཆིག་སྟོང་ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དང་ཚོགས་དུས་དང་པོའི་ཐོག་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Frank Wolf ལགས་སོགས་ནས་རྒྱ་ནག་གི་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་བཅས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་ས་གནས་མི་མང་གི་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་པ་སོགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད།

རྒྱ་ནག་ནི་གསར་འགོད་པ་མང་ཤོས་བཙོན་དུ་འཇུག་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བསྐྱར་ནན།

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ནོ་སྦེལ་ཞི་བདེ་ཡི་གཟེགས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་རྒྱ་ནག་དམར་ཤོག་གི་བཙོན་ཁང་དུ་སྐུ་གྲོངས་ནས་ལོ་ངོ་གཉིས་ཕྱིན་པའི་རྗེས་སུའང་། རྒྱ་ནག་ནི་མུ་མཐུད་གསར་འགོད་པ་ཆེས་མང་ཤོས་བཙོན་དུ་འཇུག་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པར་བསྐྱར་ནན་གནང་འདུག སྐུ་ཞབས་ Liu Xiaobo ལགས་དགོངས་པ་རྫོགས་ནས་ལོ་གཉིས་འཁོར་བའི་དུས་དྲན་གྱི་སྔ་ནུབ་ཏུ་ཕ་རན་སི་རྒྱལ་ས་ Paris དུ་རྟེན་གཞི་བྱས་པའི་  Reporters Without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཤར་ཨེ་ཤ་ཡ་ཁུལ་གྱི་ཚོགས་གཙོ་སྐུ་ཞབས་ Cédric Alviani ལགས་ཀྱིས་ཡོངས་གྲགས་བསྒྲགས་གཏམ་གནང་སྟེ། རྒྱ་ནག་གིས་སྐུ་ཞབས་ Liu Xiaobo ལགས་ལྐོག་གསོད་བྱས་པ་དེས་རྒྱལ་སྤྱིའི་སྟེང་རྩོད་རྙོག་ཆེན་པོ་བཟོས་ཡོད་ནའང་། རྒྱ་ནག་གིས་ད་དུང་ལམ་ལུགས་ཚགས་ཚུད་ཡོད་པའི་ཐོག་ནས་གསར་འགོད་པ་རྣམས་བཙོན་ལ་བཅུག་ནས་མུ་མཐུད་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་བརྒྱུད་བཙོན་དུ་ཡོད་པའི་གསར་འགོད་རང་དབང་གི་འཐབ་རྩོད་པ་རྣམས་མྱུར་དུ་གློད་ཐབས་བྱེད་དགོས་པའི་སྐུལ་མ་གནང་འདུག རྩ་བའི་སྐུ་ཞབས་ Liu Xiaobo ལགས་ཕྱི་ལོ་ ༢༠༠༩ ལོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བཙོན་འཇུག་ཁྲིམ་ཐག་བཅད་པ་དང་། ཕྱི་ལོ་ ༢༠༡༠ ལོར་རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་། བཙོན་དུ་ལོ་ ༨ བཞུགས་རྗེས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་བ་དང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་ Shenyang གྲོང་ཁྱེར་ནང་མཆིན་པའི་འབྲས་ནད་ཀྱི་སྨན་བཅོས་དྲག་སྐྱེད་མ་བྱུང་སྟབས་འདས་གྲོངས་སུ་གྱུར་ཡོད་པ་རེད། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ ༢༠༡༧ ལོར་སྐུ་ཞབས་ཞའོ་པའོ་གཅིག་པོ་བཙོན་དུ་སྐུ་གྲོངས་བ་ཙམ་མ་ཡིན་པར་རྒྱ་ནག་གི་རྩོམ་པ་པོ་དང་དྲྭ་རྒྱའི་ཟིན་བྲིས་པ་སྐུ་ཞབས་ཡཱང་ཐོན་ཡོན་ལགས་ཀྱང་བཙོན་ཁང་དུ་སྨན་བཅོས་མ་བྱས་པར་གྲོངས་ཡོད་པ་མ་ཟད། རྒྱ་ནག་གི་གསར་འགོད་པ་ཆིན་ཡོང་མེན་ལགས་དང་སྐུ་ཞབས་ཧོང་ཆཱི་ལགས་དེ་བཞིན་ Sweden རྒྱལ་ཁབ་ཀྱི་དཔེ་དེབ་པར་སྐྲུན་པ་སྐུ་ཞབས་གོའི་མཱེན་ཧེ་ལགས་ཀྱང་ཚེ་སྲོག་ལ་ཉེན་འཚབ་ཆེ་བའི་གནས་སྟངས་འོག་མུ་མཐུད་བཅོན་ཁང་ནང་ལྷུང་ཡོད་པ་ལུང་འདྲེན་གནང་འདུག གཞི་རྩའི་འདི་ལོའི་ཟླ་བ་བཞི་པའི་ནང་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འཛམ་གླིང་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ཕྱི་ལོ་ ༢༠༡༩ ལོའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དེང་སྐབས་རྒྱ་ནག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག་དེང་དུས་ཀྱི་ཚད་མཐོའི་འཕྲུལ་ཆས་སྤྱོད་ཐོག་གསར་འགྱུར་དང་གསར་འགོད་པར་དམ་དྲག་ནན་པོ་བྱས་པ་མ་ཟད། མང་ཚོགས་ཐོག་ལྟ་སྲུང་སོགས་སྔར་ལྷག་བྱས་ནས་རྒྱལ་སྤྱིའི་ཁྱོན་ལ་རྒྱ་ནག་གི་ཤུགས་རྐྱེན་ཡོད་པའི་བརྒྱུད་ལམ་གྱི་འགྲོ་ལུགས་སྤེལ་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག ལྷག་དོན་འཛམ་གླིང་ནང་གི་རྒྱལ་ཁབ་ ༡༨༠ ཁྲོད་དུ་རྒྱ་ནག་ནི་གསར་འགོད་ཀྱི་རང་དབང་ཆེས་ཞན་པའི་མཐའ་མའི་ཨང་གྲངས་གསུམ་པ་དེ་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད།

རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐོག་ལ་ཁུ་སིམ་པོ་བཞུགས་རྒྱུ་མེད།

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཐོག་ཡུལ་དེར་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག དེ་བཞིན་བགྲེས་ཡོལ་དུ་ཕེབས་ཟིན་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Frank Wolf ལགས་གཙོ་གྱུར་གནད་ཡོད་མི་སྣ་དང་། རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཆིག་སྟོང་ལྷག་གི་ཁྲོད་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་གཙོས་པའི་ལས་བྱེད་ཁག་གཅིག་མཉམ་ཞུགས་གནང་ཡོད་པ་རེད། ལྷན་ཚོགས་ཉིན་དང་པོའི་ཉིན་རྒྱབ་ཏུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་གཙོ་སྐྱོང་གནང་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Frank Wolf ལགས་རྣམ་གཉིས་ནས་རྒྱ་ནག་ནང་གདོང་ལེན་གནང་དགོས་པའི་ཆོས་དད་རང་དབང་གི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་གྲོས་བསྡུར་གྱི་ལས་རིམ་ཞིག་གནང་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནས་དེང་གི་འཛམ་བུ་གླིང་འདིའི་ཐོག་ཆོས་དད་རང་དབང་གི་གནད་དོན་ཐད་ཚང་མས་དོན་སྣང་ཆེན་པོ་གནང་དགོས་ས་དེ་རྒྱ་ནག་ཆགས་ཡོད་པ་དང་། དེ་ཡང་རྒྱ་ནག་གིས་ས་གནས་མི་མང་གི་ཆོས་དད་རང་དབང་སྔར་ལྷག་རྡོག་རོལ་གཏོང་བཞིན་པའི་སྐབས་འདིར་དཔལ་འབྱོར་ཁེ་ཕན་སོགས་ལ་མ་གཟིགས་པར་རྒྱ་ནག་ལ་ཐད་ཀར་གསུངས་དགོས་ཞེས་དང་། ལྷག་པར་དུ་ཨ་རིའི་ངོས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་ཁ་ཁུ་སིམ་པོར་བཞུགས་ཚེ་རྒྱ་ནག་ཕུད་པའི་རྒྱལ་ཁབ་གཞན་གྱི་གནད་དོན་ཐོག་གསུང་བཤད་གནང་རྒྱུའི་གཞི་རྩའི་ཐོབ་ཐང་ཁག་བརླག་གི་རེད་ཅེས་ནན་པོ་གསུངས་འདུག ལྕམ་སྐུ་མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་ཁོང་གིས་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་ནང་ཕེབས་སྐབས་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ཆོས་དད་ཀྱི་རང་དབང་གཙོས་པའི་རིག་གཞུང་དང་སྐད་ཡིག་ཐོག་དམ་དྲག་བྱེད་བཞིན་པ་དངོས་སུ་གཟིགས་ཚུལ་བྱུང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཞེས་པ་དེ་ཡིན་པ་དང་། ད་ཆ་ཁོང་ཤིན་ཅང་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མུས་ཐོག་དེ་སྔ་ཁོང་གིས་བོད་ཐོག་ལག་བསྟར་བྱས་ཡོད་པའི་དྲག་པོའི་སྲིད་བྱུས་རྣམས་ཤིན་ཅང་ནང་ལག་བསྟར་བྱས་ནས་ས་གནས་མི་མང་གི་ཆོས་དད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཁག་རྡོག་རོལ་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ལ་ Global Magnitsky Act ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་ཐོག་ནས་ཉེས་ཆད་གཏོང་དགོས་པ་གསུངས་འདུག དེ་བཞིན་སྐབས་དེར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Frank Wolf ལགས་ཀྱིས་ད་ལྟའི་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ལོ་ངོ་སུམ་ཅུའི་གོང་དང་བསྡུར་ན་སྡུག་ཏུ་ཕྱིན་ཡོད་པས་འཛམས་གླིང་མང་ཚོགས་ནས་ཁ་ཁུ་སིམ་པོ་བཞུགས་རྒྱུ་ཡོད་མ་རེད་ཅེས་ནན་པོ་གསུངས་འདུག ད་དུང་ཁོང་གིས་དེང་སྐབས་རྒྱ་ནག་གིས་བོད་དང་ཤིན་ཅང་གཙོ་གྱུར་རྒྱ་ནག་གི་ས་གནས་ཁག་ཏུ་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་བརྒྱུད་མང་ཚོགས་ཀྱི་ལས་དོན་ལ་ཚོད་འཛིན་དང་། ལྟ་སྲུང་ཀྱི་ལས་གཞི་སོགས་སྤེལ་བཞིན་པ་ཐེར་འདོན་དང་སྦྲགས། ཕྱིའི་རྒྱལ་ཁག་ཁག་ཏུ་ལྟ་སྲུང་གི་འཕྲུལ་ཆས་རིགས་བཟོ་མཁན་གྱི་ཚོང་ལས་ཁང་རྣམས་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གནང་རྒྱུ་མེད་པ་དང་། ལྷག་པར་དུ་ཨ་རི་ནང་ཡོད་པའི་དེ་འབྲེལ་གྱི་ཚང་ལས་ཁང་རྣམས་མུ་མཐུད་རྒྱ་ནག་དང་འབྲེལ་བ་གནང་ཚེ་ཁྲིམས་གཏུག་གནང་བ་དང་། གལ་སྲིད་ཁྲིམས་ཐོག་ནས་དོན་འབྲེས་མ་སོན་ཚེ་ཨ་རིའི་གྲོས་ཚོགས་ནས་ཁྲིམས་གསར་པ་གཏན་འབེབས་གནང་གནད་ཡིན་པར་སྐུལ་མ་གནང་ཡོད། ཁ་སང་གི་གྲོས་བསྡུར་གྱི་ལས་རིམ་དེ་དབུ་འཛུགས་མ་གནང་གོང་དུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་རྒྱ་གཞུང་གི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ལ་ཆེ་བསྟོད་དང་སྦྲགས་ཁོང་གི་བུ་མོ་ Jewher Ilham ལགས་ཀྱིས་ད་ལྟའི་ཡུ་གུར་གྱི་ཛ་དྲག་གནས་སྟངས་འགྲེལ་བརྗོད་གནང་བ་དང་། རྒྱ་ནག་གཞུང་ནས་བཀག་སྐྱིལ་ཁང་དུ་བཀག་ཉར་བྱེད་བཞིན་པའི་ཡུ་གུར་བ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ Olympic དེ་རྒྱ་ནག་ལ་འཚོགས་རྒྱུའི་འོས་ཆོས་ཚང་ཡོད་མེད་ཐོག་དཔྱད་ཞིབ་གནང་དགོས་པ་སོགས་ཀྱི་དགོས་འདུན་ཁག་གཅིག་སྟོན་འདུག གཞི་རྩའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པ་འདི་བཞིན་ཁ་སང་ནས་དབུ་འཛུགས་ཀྱིས་སང་ཉིན་བར་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐབས་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་ནས་ཐེངས་འདིའི་ལྷན་ཚོགས་བརྒྱུད་འཛམ་གླིང་སྤྱི་ཡོངས་ལ་ཆོས་དད་རང་དབང་གོང་སྤེལ་གནང་རྒྱུའི་ཐད་ཤུགས་གནོན་རྒྱག་གི་ཡིན་ཞེས་ནན་པོ་གསུངས་ཡོད་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་ལྷན་ཚོགས་འདི་ནི་ཨ་རི་གཞུང་ནས་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་གོང་སྤེལ་གནང་རྒྱུར་དམིགས་པ་ཞིག་ཡིན་པ་དང་ལས་དོན་འདིའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་འདུག སང་ཉིན་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གིས་མཇུག་སྡོམ་གསུང་བཤད་དང་སྤྱིའི་ཆོས་དད་རང་དབང་གི་ལས་དོན་ཐོག་བྱས་རྗེས་ཆེན་པོ་འཇོག་མཁན་ཚོར་བྱ་དགའ་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད།

རྒྱ་གར་གྱི་ས་ཐོག་ཏུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་་རྒྱུར་བཀག་འགོག

འདིའི་ལོའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆགས་པའི་བོད་དང་རྒྱ་གར་གྱི་ས་མཚམས་རྡོ་ལྷ་ཞེས་པའི་ཁུལ་དུ་རྒྱ་ནག་གི་དམག་མི་རུ་ཁག་གཅིག་ནས་རྒྱལ་མཚམས་བརྒལ་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུར་བཀག་འགོག་བྱས་ཏེ་ཁུལ་དེའི་ཉེ་འཁྲིས་སུ་རྒྱའི་རྒྱལ་དར་དང་འཕྲེད་དར་སོགས་སྒྲེང་འཛུགས་བྱས་པའི་གནས་ཚུལ་ཐོན་འདུག ཟླ་བ་འདིའི་ཚེས་ ༡༡ ཉིན་སྤྱི་ཚོགས་དྲྭ་ལམ་ཐོག་ལ་དྭགས་བྱང་ཐང་ཀོ་ཡུལ་འབྲོག་སྡེའི་མགོ་བ་ཨོ་རྒྱན་ཆོས་སྒྲོན་ལགས་ཀྱིས་རྒྱལ་ཁབ་འཇིགས་སྐུལ་གྱི་འོག་ཏུ་འགྲོ་བཞིན་འདུག་ཅེས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། ཁོང་གིས་གནས་ཚུལ་སྤེལ་བའི་ནང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ས་མཚམས་ཀྱི་ཉེ་འདབས་སུ་ཆགས་པའི་བདེ་མཆོག་དང་། ཀོ་ཡུལ། དེ་བཞིན་སྡུམ་རྩེ་བཅས་ཀྱི་ས་ཁུལ་ཁག་ཏུ་ཆགས་པའི་ལ་དྭགས་ཡུལ་མི་དང་བོད་རིགས་རྣམས་རྡོ་ལྷ་ཞེས་པའི་ས་ཁུལ་དུ་ལྷན་འཛོམས་ཐོག་རྒྱ་གར་གྱི་རྒྱལ་དར་དང་བོད་ཀྱི་རྒྱལ་དར། དེ་བཞིན་ནང་པའི་ཆོས་དར་སོགས་སྒྲེང་འཛུགས་གནང་སྟེ། ༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་ཀྱང་། འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐབས་རྒྱ་གར་གྱི་ས་མཚམས་ནས་སྤྱི་ ༦ ལྷག་ཙམ་གྱི་ས་ཐོག་ཏུ་རྒྱའི་དམག་མི་རུ་ཁག་ཞིག་ནས་རྒྱལ་མཚམས་བརྒལ་ཏེ་དེར་རྟོག་ཞིབ་བྱ་བར་ཡོང་བ་ཡིན་ཚུལ་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མི་ཆོག་པ་བརྗོད་དེ་ཁུལ་དེའི་ཉེ་འཁྲིས་སུ་རྒྱ་ནག་གི་རྒྱལ་དར་དང་འཕྲེད་བར་བཅས་སྒྲེང་འཛུགས་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག དེ་བཞིན་པར་རིས་ཁག་གཅིག་མཉམ་སྤེལ་གནང་བའི་ཁྲོད་ཁུལ་དེའི་འབྲོག་པའི་རྩྭ་ཐང་གི་སྟེང་དུ་རྒྱ་རིགས་ཁག་གཅིག་དང་ལྷན་དུ་སྣུམ་འཁོར་གསུམ་དང་། རྒྱ་ནག་གི་རྒྱལ་དར་གཉིས་དང་འཕྲེད་དར་བཅས་སྒྲེང་འཛུགས་བྱས་པ་མངོན་རྒྱུ་འདུག རྒྱ་གར་གི་གསར་ཁང་ the economic times ཡིས་གནད་དོན་དེ་དང་འབྲེལ་ཨོ་རྒྱན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཁུལ་དེར་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་ནི་ཐེངས་དང་པོ་ཞིག་མིན་པ་དང་ད་རེས་རྒྱ་ནག་གི་རུ་ཁག་གཅིག་ཁུལ་དེར་རྟོག་ཞིབ་བྱ་བར་ཡོང་དོན་གང་ཡིན་དང་། རྒྱ་ནག་ལ་འབྲེལ་ལམ་བྱ་རྒྱུའི་འཕྲུལ་ལས་ཡོད་བཞིན་དུ་རྒྱ་གར་གྱི་ས་སྲུང་དམག་མིར་བརྡ་ལན་ཙམ་ཡང་མ་བྱས་པར་རྒྱ་གར་གྱི་ས་ཐོག་ཏུ་ཡོང་དོན་གང་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་བརྗོད་དེ། རྒྱ་གར་གྱི་ས་ཐོག་ཏུ་རྒྱལ་ཁབ་གཞན་ཞིག་གིས་རྒྱལ་དར་སྒྲེང་འཛུགས་བྱས་པ་ནི་གསང་བའི་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་དང་། ལྷག་པར་དུ་འབྲོག་པ་རྣམས་ཀྱི་དགུན་ཁའི་རྩྭ་ཐང་དེ་དག་ཧམ་བཟུང་བྱ་རྒྱུར་དམིགས་པ་ཞིག་ཡིན་པར་བརྗོད་འདུག རྩ་བའི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཁུལ་དེར་གནས་པའི་ཡུལ་མི་དང་བོད་རིགས་ཚོས་བོད་རང་གི་ཐུན་མིན་གཟབ་ཆས་ལེགས་པར་སྤྲས་ནས་༸གོང་ས་མཆོག་གི་༸སྐུ་པར་གདན་ཞུ་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་བརྙན་པར་ཡང་མངོན་རྒྱུ་ཡོད་ནའང་། མིང་མངོན་གསལ་མེད་པའི་རྒྱ་གར་གཞུང་གི་ལས་བྱེད་པ་ཞིག་ནས་རྒྱ་གར་གྱི་གསར་ཁང་ the economic times ཞེས་པར་སྐབས་དེར་རྒྱ་མི་སྐྱ་ཆས་སྤྲས་པའི་མི་གྲངས་བཅུ་གཅིག་ནས་བོད་དང་ཁ་བྲལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་ཞེས་པའི་འཕྲེད་དར་འཕྱར་བ་ལས་ས་མཚམས་བརྒལ་ནས་རྒྱ་གར་གྱི་ས་ཐོག་ཏུ་སླེབས་མེད་པར་བརྗོད་འདུག

བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལས་དོན་འགོ་འཛུགས་ཀྱི་མཛད་སྒོ།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་རྒྱལ་ནང་གི་ཁྲིམས་རྩོད་པ་རུ་ཁག་ཞིག་འདུ་འཛོམས་ཀྱིས་ཡུལ་དེའི་མང་ཚོགས་ལ་ཁྲིམས་ཀྱི་རོགས་སྐྱོར་དང་ཞབས་ཞུ་གནང་ཆེད་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལས་དོན་འགོ་འཛུགས་ཀྱི་མཛད་སྒོ་ཚོགས་འདུག རྒྱ་ནག་གི་ Global Times གསར་ཁང་གིས་གནས་ཚུལ་སྤེལ་བར་ཁ་སང་ལྷ་སར་རྒྱ་ནག་རྒྱ་ནང་གི་ཁྲིམས་རྩོད་པ་ ༡༣༠ ཙམ་འདུ་འཛོམས་ཀྱིས་བོད་སྐྱོར་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་ལས་དོན་འགོ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཛིན་བསྟན་པ་ལགས་ཀྱིས་ཐེངས་འདིའི་ཁྲིམས་རྩོད་ཞབས་ཞུ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཁྲིམས་རྩོད་པ་མི་འདང་བའི་དཀའ་ངལ་ཁག་ཉུང་དུ་གཏོང་རྒྱུ་གཙོས་གྲངས་ཉུང་མི་རིགས་ཁྲོད་ཁྲིམས་ཀྱི་གོ་རྟོགས་སྤེལ་ནས་ཁོང་རྣམ་པའི་ཁྲིམས་ལུགས་ཀྱི་དགོས་མཁོ་བསྐོང་རྒྱུ་ཡིན་པར་འགྲེལ་བརྗོད་དང་སྦྲགས། ལས་གཞི་དེས་རྒྱ་ནག་སྤྱི་ཡོངས་ཀྱི་ཁྲིམས་ལུགས་གོང་འཕེལ་དང་གྲངས་ཉུང་མི་རིགས་དབར་མཐུན་སྒྲིལ། དེ་བཞིན་སྤྱི་ཚོགས་བརྟན་ལྷིང་དང་ཡར་རྒྱས་གོང་འཕེལ་སོགས་ཡོང་བར་ཕན་ཐོགས་ངེས་ཅན་ཡོད་སྐོར་བརྗོད་འདུག ལྷག་པར་དུ་རྒྱ་ནག་ཁྲིམས་འཛིན་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཞོང་ཞོན་གོའུ་ཡིས་འདས་པའི་ལོ་ལྔའི་ནང་རྒྱ་ནག་རྒྱལ་ནང་གི་ཁྲིམས་རྩོད་པ་ ༡༥༢ ལྷག་ནས་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་དེའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། དང་བླངས་ཁྲིམས་རྩོད་པ་དེ་དག་ནས་དཀའ་ངལ་བྱུང་བའི་སྡེ་ཁག་རྣམས་ཀྱི་གྱོད་གཞི་ ༨༣༠༠ ལྷག་ལ་ཁྲིམས་ཐོག་ནས་རོགས་སྐྱོར་གནང་བ་དང་དེ་བཞིན་མི་མང་ ༡༥༠༠༠༠ ལྷག་ལ་སློབ་སྟོན་དང་ཁྲིམས་ཀྱི་ཡིག་ཆ་ ༢༠༠༠༠ ཙམ་ཟིན་བྲིས་བཀོད་ཡོད་ཚུལ་སོགས་བཤད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ལྷ་སའི་ནང་ཚོགས་འདུ་དེ་ནི་གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་མཛུབ་ཁྲིད་དུ་བྱེད་བཞིན་པ་དང་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དུ་ཡོང་རྒྱུར་དམིགས་པ་ཞིག་མ་གཏོགས། གཞི་རིམ་མང་ཚོགས་ཀྱི་ཁྲིམས་སྐྱོང་ཐོབ་ཐང་དང་ཁྲིམས་སྐྱོང་ཁེ་དབང་ལ་འབྲེལ་བ་གཏན་ནས་མེད་པ་མ་ཟད། ད་ལྟའི་རྒྱ་གཞུང་གི་ཁྲིམས་ཁང་ཁག་དང་ཁྲིམས་རྩོད་པ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་མི་དང་དབང་འཛིན་དཔོན་རིགས་ཡིན་སྟབས། དེས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་དབང་སྒྱུར་ཁྲིམས་སྒྲིག་ཁྱབ་བརྡལ་དང་སྲ་བརྟན་གཏོང་རྒྱུ་མ་གཏོགས་མང་ཚོགས་ཀྱི་རང་དབང་ཐོབ་ཐང་དང་འབྲེལ་བ་ཡོད་པ་མ་རེད་ཅེས་ནན་བརྗོད་གནང་སོང་། དེ་བཞིན་བོད་གོ་འཇོ་ནང་ལོ་གཅིག་རིང་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་མཁན་ Sun Zhonghai ལགས་ཀྱིས་ Global Times ལ་བརྗོད་པར་གཞིགས་ན་ཁྲིམས་རྩོད་ཞབས་ཞུ་ཚོགས་པའི་དགོས་དོན་གཙོ་བོ་ནི་བོད་ནང་གི་སློབ་ཕྲུག་དང་གྲྭ་བཙུན། དེ་བཞིན་ལས་རྩོལ་བ་དང་ཕྱུགས་རྫི་རྣམས་ཀྱི་ཁྲོད་དུ་ཁྲིམས་ཀྱི་གོ་རྟོགས་ཁྱབ་སྤེལ་གནང་ཆེད་ཡིན་པ་དང་། ལྷག་པར་དུ་ས་གནས་མང་ཚོགས་ལ་ཁྲིམས་ཀྱི་ཐོག་ནས་དཀའ་ངལ་སེལ་ཐབས་སྐོར་གོ་རྟོགས་དེ་ཙམ་མེད་པར་བརྟེན་ཁོང་རྣམ་པར་ངེས་པར་དུ་ཁྲིམས་ཀྱི་རོགས་སྐྱོར་གནང་གལ་དུ་གཟིགས་ཀྱི་ཡོད་པ་མ་ཟད། ད་ཆ་རྒྱ་ནག་ནང་རྒྱ་མིའི་སྤྱི་སྐད་ Putonghua དང་བོད་སྐད་གཉིས་ཤེས་མཁན་ཁྲིམས་ཀྱི་མཁས་པ་ཁག་ཆེད་འབོད་ཀྱིས་ཁྲིམས་ཐོག་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་བརྗོད་འདུག རྒྱ་ནག་ཁྲིམས་འཛིན་ལས་ཁུངས་ཀྱི་གྲངས་ཐོ་གཞིར་བཟུང་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཁྲིམས་རྩོད་པ་ ༣༤༣ དང་ཁྲིམས་ལུགས་ཚོགས་པ་ ༤༩ ཡོད་ཀྱང་། ད་ཆ་རྒྱ་ནག་རྒྱལ་ནང་གི་རྒྱལ་ཁབ་ ༧༤ ནང་ཁྲིམས་རྩོད་པ་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད་འདུག

ཤིན་ཅང་གི་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ལྟར་བོད་དུའང་ལག་བསྟར་བྱེད་བཞིན་པ།

རྒྱ་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་ཡུལ་མི་གཞན་ས་ཡ་བརྒལ་བ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་དོ་དམ་བཀག་ཉར་བྱེད་མུས་ལྟར་ད་ཆ་བོད་ནང་དུའང་དེ་ལྟར་བསྟི་གནས་ཁང་ལག་བསྟར་བྱེད་བཞིན་འདུག  འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་གནས་ཚུལ་འབྱོར་བར་གཞིགས་ཚེ་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེན་ཀོན་ཆུས་གཙོས་པའི་ལྷུན་གྲུབ་རྫོང་།  འདམ་གཞུང་རྫོང་།  སྙེ་མོ་རྫོང་།  ཆུ་ཤུར་རྫོང་། སྟག་རྩེ་རྫོང་།  མལ་གྲོ་གུང་དཀར་རྫོང་བཅས་ཀྱི་ས་གནས་སྲིད་གཞུང་ལ་འབྲེལ་བ་བྱས་ཏེ། ས་ཁུལ་དེ་དག་ནང་གི་བོད་ཕྲུག་ལ་རྒྱ་གཞུང་གི་ལོ་དགུའི་འོས་འགན་སློབ་གསོ་མ་ཐོབ་མཁན་ལོ་ན་ ༡༠ ནས་ ༢༥ བར་ཙམ་གྱི་བོད་ཕྲུག་གི་ཐོ་གཞུང་བསྡུ་རུབ་ཀྱིས་ཁོང་ཚོ་ཆུ་ཤུར་རྫོང་ཁུལ་དུ་ཡོད་པའི་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་དོ་དམ་བཀག་ཉར་བྱེད་བཞིན་ཡོད་པ་རེད་འདུག འོས་འགན་གྱི་སློབ་གསོ་མ་ཐོབ་པའི་བོད་ཕྲུག་ཚོའི་ཕ་མ་ནས་རང་ཉིད་ཀྱི་ཕྲུ་གུ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་མ་བཞག་ཚེ་ས་ཞིང་འདེབས་ལས་དང་གཞུང་ནས་སྐྱོབ་གསོ་ཐོབ་རྒྱུ་ཡོངས་རྫོགས་བཅད་ཀྱི་ཡོད་པ་དང་། ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དེ་ལྷ་ས་ཙམ་མ་ཟད་གཞིས་ཀ་རྩེ་དང་ལྷོ་ཁ་ཁུལ་བཅས་ས་གནས་སོ་སོར་དེ་འབྲེལ་བསྟི་གནས་ཁང་ཡོད་པ་རེད་འདུག གཞི་རྩའི་རྒྱ་གཞུང་གིས་བསྟི་གནས་ཁང་དེ་ཕྱི་ལོ་ ༢༠༡༧ ལོར་གསར་རྒྱག་བྱས་པ་དང་ཕྱི་ལོ་ ༢༠༡༨ ལོར་དངོས་སུ་ལག་བསྟར་འགོ་ཚུགས་འདུག  སྤྱིར་རྒྱ་གཞུང་གིས་བསྟི་གནས་ཁང་དེ་ཤིན་ཅང་གི་བསྟི་གནས་ཁང་ལྟར་ལག་རྩལ་སྦྱོང་བརྡར་ལ་ཁ་གཡར་བཞིན་ཡོད་ནའང་། དོན་དངོས་སུ་མི་རིགས་ཀྱི་རིག་གཞུང་དང་། ལ་རྒྱ་སོགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བཅང་ཐོག་བསྟི་གནས་ཁང་ལག་བསྟར་བྱེད་བཞིན་ཡོད་པ་གསུང་མཁན་ཡོད་པ་རེད།  རྩ་བའི་ཁ་སྔོན་བཞུགས་སྒར་དཔེ་མཛོད་ཁང་དུ་ཨོ་སི་ཊོ་ལི་ཡའི་གློག་བརྙན་བཟོ་སྐྲུན་པ་ Mark Gould ལགས་དང་ཁོང་གི་གྲོགས་པོ་གསར་འགོད་པ་དང་ལོ་རྒྱུས་སྨྲ་བ་ Charles Dodgson ལགས་གཉིས་ཉེ་ལམ་བོད་ཀྱི་ས་གནས་ཁག་གཅིག་ཏུ་ཕེབས་ཏེ་ས་གནས་ཀྱི་གནས་སྟངས་ཐོག་གཟིགས་ཚུལ་པར་རིས་དང་བརྙན་ཐུང་གི་ལམ་ནས་འགྲེལ་བརྗོད་གནང་བ་དང་སྦྲགས།   ཁོང་རྣམ་གཉིས་ནས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་དགོན་པ་ཁག་ཏུ་དགེ་འདུན་པ་ལོ་ན་རྒན་པ་མ་གཏོགས་ལོ་ན་གཞོན་པ་ཉུང་ཤས་ལས་མཐོང་རྒྱུ་མེད་པ་དང་། དེ་བཞིན་བོད་པའི་གཞོན་སྐྱེས་རྣམས་ལ་ནང་མིའི་དཀའ་ངལ་དང་ས་གནས་གཞུང་གི་དམ་དྲག་སོགས་ཀྱི་རྐྱེན་པས་སོ་སོའི་འདོད་མོས་ལྟར་ཤེས་ཡོན་དང་ལས་ཀའི་གོ་སྐབས་སོགས་རག་གི་མེད་པའི་དཀའ་ངལ་འཕྲད་བཞིན་པ་མངོན་རྒྱུ་ཡོད་པ་གསུངས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་དགོངས་རྫོགས་ཉིན་མོར་སྦྱིན་གཏོང་གི་ལས་འགུལ་སྤེལ་བ།

དེ་རིང་བཞུགས་སྒར་ཁུལ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པ་དང་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་བཅས་ཀྱིས་གོ་སྒྲིག་གནང་ཐོག་རིན་པོ་ཆེ་གང་ཉིད་དགོངས་པ་རྫོགས་ནས་མི་ལོ་ཧྲིལ་བོ་བཞི་འཁོར་བའི་ཉིན་མོ་དང་བསྟུན་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྣེ་ཁྲིད་དེ་དྷ་སའི་ཉེ་འགྲམ་དུ་སྦྱིན་གཏོང་གི་ལས་འགུལ་ཞིག་སྤེལ་སོང་། སྦྱིན་གཏོང་གི་ལས་འགུལ་དེ་ཁྲོད་དུ་སྔ་དྲོ་ནོར་གླིང་གི་དབང་པོ་སྐྱོན་ཅན་གྱི་སྡོད་གནས་སྙིང་སྟོབས་གླིང་དུ་ཟས་སྦྱིན་གྱི་ལས་འགུལ་སྤེལ་ཞིང་། ཕྱི་དྲོ་ཕྱག་ཚོད་གསུམ་པ་ཡོལ་ཙམ་ལ་དྷ་སའི་བྱམས་པ་གླིང་རྒས་གསོ་ཁང་དུ་རྒན་རྒོན་ཚོར་དངུལ་སྦྱིན་གནང་སྟེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཉིན་མོ་དེ་རྗེས་དྲན་དང་སྲུང་བརྩི་ཞུས་སོང་།  སྐབས་དེར་གསར་འགོད་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ཁོང་གི་དངོས་སློབ་ཚེ་རིང་རྡོ་རྗེ་ལགས་སུ་དམ་པ་གང་གི་དགོངས་རྫོགས་ཀྱི་ཉིན་མོ་དེ་སྦྱིན་གཏོང་གི་ལམ་ནས་རྗེས་དྲན་དང་སྲུང་བརྩི་གནང་དོན་གང་ཡིན་ཐད་བཀའ་འདྲི་ཞུས་པར་རྒྱ་ནག་གིས་རིན་པོ་ཆེ་མཆོག་བཙོན་དུ་དམར་བསད་བཏང་སྟེ་རིན་པོ་ཆེས་མི་རིགས་ལ་བཅངས་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་དགོངས་པ་ཇི་ཡོད་དག་མེད་པ་བཟོས་པར་བརྟེན། ཁོང་གི་དགོངས་རྫོགས་ཀྱི་ཉིན་མོ་དེ་རང་ཉིད་རིན་པོ་ཆེ་མཆོག་གི་དངོས་སློབ་ཅིག་ཡིན་པའི་ཆ་ནས་རིན་པོ་ཆེ་མཆོག་གི་དགོངས་པ་དེ་མཇུག་སྐྱོང་ཞུ་གི་ཡོད་པ་གསུངས་སོང་། དེ་བཞིན་རིན་པོ་ཆེ་མཆོག་ནི་གཞན་དང་མི་འདྲ་བའི་དམིགས་བསལ་རླབས་ཆེན་རང་བཞིན་གྱི་རིན་པོ་ཆེ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས་བོད་ཁུལ་དུ་ཆོས་རིག་འཛིན་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དྭ་ཕྲུག་སློབ་གྲྭ་དང་རྒས་གསོ་ཁང་གསར་འཛུགས་གནང་མཁན་གྱི་བླ་ན་མེད་པའི་མཛད་རྗེས་ཅན་གྱི་བླ་མ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད། རྩ་བའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏོ་རུ་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་སྔ་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲེན་ཏུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་དང་། དུས་ད་ལྟའང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཤུལ་ལུས་ནང་མི་ཚོར་རྒྱ་ནག་གིས་དམ་དྲག་གི་ཁྲོད་དུ་ལྷུང་ཡོད་པ་རེད།

བོད་ཀྱི་རྒྱལ་ས་ལྷ་ས་ཚོང་དང་དངུལ་གྱིས་ཁ་ལོ་སྒྱུར་བཞིན་པའི་རྒྱ་ནག་གི་རྒྱལ་ས་ཆེ་ཁག་གཞན་ལྟར་ཆགས་འདུག

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཨོ་སི་ཊོ་ལི་ཡའི་གློག་བརྙན་བཟོ་སྐྲུན་པ་ Mark Gould ལགས་དང་ཁོང་གི་གྲོགས་པོ་གསར་འགོད་པ་དང་ལོ་རྒྱུས་སྨྲ་བ་ Charles Dodgson ལགས་གཉིས་ནས་ཉེ་ཆར་བོད་ཀྱི་ས་གནས་ཁག་གཅིག་ཏུ་ཕེབས་ཏེ་ས་གནས་ཀྱི་གནས་སྟངས་ཐོག་གཟིགས་ཚུལ་བྱུང་ཁག་བརྙན་ཐུང་དང་པར་རིས་ལམ་ནས་འགྲེལ་བརྗོད་གནང་སོང་།    ཁོང་རྣམ་གཉིས་ཟླ་བ་སྔོན་མའི་ཕྱི་ཚེས་ ༨ ནས་ ༢༨ བར་ཁྱོན་ཟླ་བ་གཅིག་མན་ཙམ་རིང་བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་རྩེ་ཕོ་བྲང་པོ་ཏ་ལ་དང་། དེའི་ཉེ་འཁྲིས་སུ་ཡོད་པའི་ཇོ་ཁང་དང་བསམ་ཡས་དགོན་པ། དེ་བཞིན་གངས་རིན་པོ་ཆེ་བཅས་སུ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་རྣམ་པའི་རུ་ཁག་ནང་ལ་ཁྱོན་མི་གྲངས་བརྒྱད་ཡོད་པ་རྣམས་ས་གནས་ཁག་ཏུ་ཕེབས་སྐབས་ལམ་ཁྲིད་པ་ཞིག་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་པ་མ་ཟད། མགྲོན་ཁང་ཁག་ཀྱང་རང་ངོས་ནས་གདམ་རྒྱུའི་ཐོབ་ཐང་མེད་པར་སྔོན་ཚོད་ནས་འབྲེལ་ཡོད་ལས་བྱེད་ཀྱིས་གྲ་སྒྲིག་བྱས་ཡོད་པ་གསུངས་སོང་། ཁོང་རྣམ་གཉིས་རྒྱལ་ས་ལྷ་ས་དང་དེའི་ཉེ་འཁོར་གྱི་དགོན་པ་ཁག་གཅིག་ཏུ་འགྲོ་སྐབས་དགོན་པའི་ནང་གྲྭ་བ་ཉུང་ཉུང་ཡིན་ཁར། གྲྭ་བ་མང་ཆེ་བ་ལོ་རྒན་པ་དང་། ལོ་ན་གཞོན་པ་ཉུང་ཤས་ལས་མེད་པའི་ཁྲོད་རྒྱ་རིགས་གྲྭ་བ་ཉི་ཉུང་བ་ཞིག་ཡོད་པ། དེ་བཞིན་དགོན་པ་ཁག་གཅིག་ལ་རྒྱ་ནག་གཞུང་གི་མ་དངུལ་ཕོན་ཆེ་བཏང་ནས་བསྐྱར་གསོའི་ལས་གཞི་ཚད་མཐོ་པོ་བྱེད་བཞིན་པ་མཐོང་སྐབས། བོད་པའི་ནང་ཆོས་ཀྱི་ལྟེ་གནས་རྣམས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་འགྱུར་བཞིན་པའི་ཚོར་བ་བྱུང་ཞེས་གསུངས་སོང་།   དེ་བཞིན་ཁོང་རྣམ་གཉིས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་ཇོ་ཁང་དུ་སྐོར་བ་དང་སྦྲགས་ས་གནས་བོད་ཕྲུག་ཁག་གཅིག་དང་ཨིན་སྐད་ཐོག་གླེང་མོལ་ཞུས་པའི་བརྙན་ཐུང་ཞིག་གཟིགས་འབུལ་དང་འབྲེལ། ས་གནས་བོད་པའི་གཞོན་སྐྱེས་ཚོ་ལ་ནང་མིའི་དཀའ་ངལ་དང་། ས་གནས་གཞུང་གི་དམ་དྲག་སོགས་ཀྱི་རྐྱེན་པས་སོ་སོའི་འདོད་མོས་ལྟར་ཤེས་ཡོན་དང་ལས་ཀའི་གོ་སྐབས་སོགས་རག་གི་མེད་པའི་དཀའ་ངལ་འཕྲད་བཞིན་པའི་ཚོར་བ་མངོན་རྒྱུ་འདུག་ཅེས་གསུངས་སོང་། ཁོང་རྣམ་གཉིས་ཀྱིས་མྱོང་ཚོར་ཁག་གསུངས་གྲུབ་མཚམས་སུ་གསར་འགོད་པས་སྐུ་ཞབས་ Mark Gould ལགས་སུ་དེ་སྔ་ལོ་ངོ་བཅུའི་གོང་ལ་ཁོང་བོད་དུ་ཕྱིན་པའི་དུས་དང་ད་ལྟའི་དབར་ཁྱད་པར་ཆེ་ཤོས་གང་གཟིགས་སྐོར་སོགས་བཅར་འདྲི་ཞུས་པར་ཁོང་གིས་འདས་པའི་ལོ་བཅུ་ནང་ལ་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་དང་རྒྱ་ནག་གི་ཚོང་པ་ཆེ་ཁག་ཚོས་རྩེ་ཕོ་བྲང་པོ་ཏ་ལ་ལས་ཆེ་བའི་མགྲོན་ཁང་དང་། ཚོང་གི་ལྟེ་གནས། དེ་བཞིན་གཡས་གཡོན་དུ་ཁྲ་ཟིང་ཆེ་བའི་གྱང་སྦྱར་རིགས་འདྲ་མིན་སྦྱར་ཏེ་ལྷ་ས་དེ་བཞིན་ཚོང་དང་དངུལ་གྱིས་ཁ་ལོ་སྒྱུར་བཞིན་པའི་རྒྱ་ནག་གི་རྒྱལ་ས་ཆེ་ཁག་གཞན་ལྟར་ཆགས་འདུག་ཅེས་ནན་བརྗོད་གནང་ཡོད། འདས་ལོ་དེ་དག་ཁྲོད་དུ་ལྷ་སའི་ནང་གནས་སྡོད་བྱེད་མཁན་གྱི་མིའི་གྲངས་འབོར་དེ་ལྡབ་ལྔ་ཡིས་འཕར་ཡོད་པ་དང་། གཙོ་བོ་རྒྱ་ནག་གཞུང་ནས་རྒྱ་རིགས་ཚོང་པ་ཚོས་བོད་ནང་ཚོང་རིགས་གཉེར་ཚེ་དཔྱ་ཁྲལ་གུ་ཡངས་གཏོང་གི་ཡོད་སྟབས་རྒྱ་རིགས་ཚོང་པ་མང་པོ་ལྷ་སར་གཞིས་སྤོས་བྱས་ཡོད་པ་དང་། ལྷ་སའི་ཕྱོགས་སུ་ཐོན་སྐབས་གཞུང་ལམ་ཁག་ཆེན་པོ་བཟོས་འདུག་ཀྱང་། རྒྱ་ལམ་གྱི་རྒྱང་ཐག་ཀི་ལོ་མི་ཊར་ ༥ ནས་ ༡༠ བར་མཚམས་སུ་ལྟ་སྲུང་པར་ཆས་མང་པོ་སྒྲིག་འཇོག་བྱས་ཡོད་པ་མ་ཟད། ལམ་བར་དུ་ཞིབ་བཤེར་ཁང་མི་ཉུང་བ་ཞིག་ཆེད་འཛུགས་བྱས་ཡོད་པ་མཐོང་ཚེ་སེམས་ལ་ས་གནས་སུ་དོ་དམ་བཏང་འཛིན་ནན་པོ་བྱེད་ཀྱི་ཡོད་པའི་ཚོར་བ་བྱུང་ཞེས་གསུངས་སོང་། ཨོ་སི་ཊོ་ལི་ཡའི་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ Mark Gould ལགས་དང་ཁོང་གི་གྲོགས་པོ་ཁག་གཅིག་དེ་སྔ་ལོ་ངོ་བཅུ་ཙམ་གྱི་གོང་ལ་བོད་དུ་ཐེངས་དང་པོ་ཕེབས་ཡོད་པ་དང་། སྐུ་ཞབས་ Mark ལགས་ནས་ད་བར་བོད་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ ༤ བཟོས་པ་མ་ཟད། ད་རེས་བོད་ཀྱི་ས་གནས་ཁག་ཏུ་བླངས་པའི་པར་དང་བརྙན་ཐུང་རྣམས་ཕྱོགས་སྒྲིག་གིས་བོད་ནང་སྐྱོད་པའི་མྱོང་ཚོར་སྐོར་གྱི་ལས་འཆར་ཞིག་བང་སྒྲིག་བཞིན་འདུག གཞི་རྩའི་ཁ་སང་ལས་རིམ་དེ་རྐང་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་ཡོད་པ་དང་། ལས་རིམ་དེའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁག་གི་ཉམས་ཞིབ་པ། དོ་སྣང་ཅན་གྱི་མི་མང་སོགས་ཆེད་ཕེབས་གནང་འདུག

Latest news