Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དུ་བསྐྱོད་རྒྱུར་བཀག་སྡོམ།

ཕྱི་ལོ་ ༢༠༠༨ ལོ་ནས་རྒྱ་ནག་གཞུང་གི་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་བོད་དུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ། དེ་བཞིན་གཞུང་འབྲེལ་མི་སྣ་སོགས་འགྲོ་སྐྱོད་གནང་བར་དམིགས་བསལ་གྱི་དམ་དྲག་དང་སྒོ་རྒྱག་བཞིན་ཡོད་པ་ལྟར། འདི་ལོ་རྒྱ་གཞུང་ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༤ ཚེས་ ༡ བར་ཁྱོན་ཟླ་བ་གཉིས་ལྷག་གི་རིང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་འདུག གཞི་རྩའི་རྒྱ་གཞུང་ནས་ལོ་ལྟར་ལོ་དུས་སོགས་ཀྱི་ཁྱད་པར་མེད་པར་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གཞུང་འབྲེལ་མི་སྣ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་སོགས་བོད་ནང་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲག་ཤུག་ཆེ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་ཁག་གཅིག་ལ་འགྲོ་སྐྱོད་གནང་རྒྱུའི་ཆོག་མཆན་ཐོབ་ཀྱང་རྒྱ་གཞུང་རང་གིས་གོ་སྒྲིག་བྱས་པའི་སྣེ་ཤན་པ་དང་མཉམ་དུ་འགྲོ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༩ འདི་བཞིན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རང་དབང་སྒེར་ལངས་གནང་ནས་མི་ལོ་ ༦༠ འཁོར་བ་དང་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་ ༧༠ འཁོར་བ་སོགས་ཆབ་སྲིད་ཀྱི་དུས་ཚིགས་གནད་འགག་ཅན་ཁག་གཅིག་ཁེལ་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་དམིགས་བསལ་གྱི་དམ་དྲག་རིགས་བྱ་སྲིད་པར་ཚོད་དཔག་གནང་མཁན་ཡང་འདུག རྒྱ་གཞུང་གིས་བོད་འདི་རྒྱལ་སྤྱིའི་མི་སྣ་ཚོར་སྒོ་རྒྱབ་པ་དང་འབྲེལ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་གཞུང་གིས་སླར་ཡང་བོད་སྒོ་རྒྱབ་ཡོད་པ་ནི་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐད་འདུན་པ་རྩ་བ་ནས་མེད་པའི་རྣམ་པ་མངོན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག བོད་ནང་ཕྱིའི་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བཀག་ཐབས་སུ་སྒོ་རྒྱབ་རྒྱུ་ངེས་པར་དུ་མཚམས་འཇོགས་བྱེད་དགོས་པ་དང་བོད་ནང་རང་དབང་ཐོག་འགྲོ་སྐྱོད་ཐུབ་ཐབས་སུ་ཨ་རིའི་སྲིད་གཞུང་ནས་ Reciprocal Access to Tibet Act ཞེས་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་གཞི་ལག་བསྟར་བརྒྱུད་རྒྱ་ནག་གི་འགོ་འཁྲིད་ཚོ་འགན་ཁུར་ལྡན་པ་ཞིག་བཟོ་དགོས་སྐོར་ནན་གསུངས་གནང་འདུག

ཐེ་ཝན་སྲིད་འཛིན་ལས་ཐོག་ནས་༸གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་མི་གནང་བར་སྐྱོན་བརྗོད།

ཆེས་ཐོག་མའི་ཐེ་ཝན་མང་གཙོ་ཡར་ཐོན་པའི་སྲིད་འཛིན་ཟུར་པས་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་ནས་རྒྱ་གཞུང་གི་གནོན་ཤུགས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་གདན་ཞུ་མི་གནང་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཉེ་ལམ་ཐེ་ཝན་སྲིད་འཛིན་ཟུར་པ་སྐུ་ཞབས་ Chen Shui bian མཆོག་གིས་རང་ཉིད་ཀྱི་ངོ་དེབ་ཐོག་བརྙན་ཐུང་ཞིག་སྤེལ་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་རྒྱ་གཞུང་ལ་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་པར་བསྐྱར་ནན་མཛད་ཡོད་ཀྱང་རྒྱ་གཞུང་གིས་ད་བར་དེར་བརྩིེ་འཇོག་རྩ་བ་ནས་མེད་པའི་ཁྲོད་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་ཀྱིས་སྲིད་འཛིན་ཟུར་པ་སྐུ་ཞབས་ Ma Ying jeou ལགས་ཀྱིས་གནང་ཕྱོགས་ལྟར་རྒྱ་གཞུང་གི་ཁེ་ཕན་སླད་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བཀྲིན་བསྐྱང་བར་གདན་ཞུ་གསོལ་འདེབས་ཕུལ་མེད་པ་མ་ཟད་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་བཞིན་ Chen Shui bian ལགས་ཀྱིས་འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་  ༦༠ འཁོར་བ་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་དེ་སྔ་ཕྱི་ལོ་ ༡༩༩༧ དང་། ༢༠༠༡ དེ་བཞིན་ ༢༠༠༩ བཅས་ལོ་སོ་སོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་ཕྱིར་དྲན་གནང་བ་དང་འབྲེལ་ཏེ། ཆིབས་བསྒྱུར་གསུམ་པོ་དེ་དག་ལ་ཡུལ་དེའི་སྲིད་འཛིན་རིམ་པས་སྣེ་ལེན་ཞུ་ཕྱོགས་ལ་ཧེ་བག་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོའི་ཆིབས་བསྒྱུར་སྐབས་ཐེ་ཝན་གྱི་སྲིད་འཛིན་མ་ཡོན་ཅུག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་ཁས་ལེན་གནང་མེད་སྐོར་གསུངས་འདུག སྐུ་ཞབས་ཁོང་གིས་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་དང་སྲིད་འཛིན་ཟུར་པ་སྐུ་ཞབས་མ་ཡོན་ཅུག་གཉིས་ལ་དཀའ་ངལ་གཅིག་མཚུངས་ཡོད་པ་དེ་ནི་རྒྱ་གཞུང་གི་ཤུགས་རྐྱེན་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་༸གང་ཉིད་མཆོག་ཐེ་ཝན་ནང་གདན་འདྲེན་ཞུ་རྒྱུར་འཛེམས་ཟོན་གནང་བཞིན་ཡོད་པ་དེ་ཡིན་པ་གསལ་བཏོན་གནང་བ་མ་ཟད། གལ་ཏེ་ཐེ་ཝན་ནས་རྒྱ་གཞུང་གི་སྟོབས་ཤུགས་ལ་ཞེད་རྐྱེན་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུ་ཚེ་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་བློན་ཆེན་རྣམས་ནས་རྒྱ་གཞུང་གི་སྟོབས་ཤུགས་ལ་ལྟོས་མེད་མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་དེ་དག་ནང་མཇལ་འཕྲད་གནང་དགོས་དོན་དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ་ཞེས་ཟུར་ཟའི་ཐོག་ནས་དྲི་བ་གནང་ཡོད་པ་རེད། ལྷག་དོན་༸གོང་ས་མཆོག་གིས་ཡང་ནས་ཡང་དུ་ཐེ་ཝན་ནང་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་ཀྱང་བློ་འགྱོད་གནང་དགོས་པ་ཞིག་ལ་ཐེ་ཝན་སྲིད་འཛིན་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་༸གང་ཉིད་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་བའི་གསོལ་འདེབས་ཞུས་མེད་ཅེས་གསུངས་ཡོད་པ་མ་ཟད། སྐུ་ཞབས་ཁོང་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་གང་ཡིན་གསལ་པོ་རྟོགས་ཐུབ་ཀྱང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་བྱུང་བའི་གྲོས་མོལ་མཐའ་དག་ལ་དོན་འབྲས་གང་ཡང་སོན་མེད་པ་ནི་ཡིད་སྐྱོ་བའི་གནས་ལས་མ་འདས། ཁྱད་པར་དུ་བོད་མིའི་ངོས་ནས་རྒྱ་གཞུང་ལ་བསྟུན་མཁས་ཇི་ཙམ་གནང་ཡང་རྒྱ་གཞུང་ནས་དེ་ལྟར་བྱ་སྲིད་མིན་ཐེ་ཚོམ་ཡིན་པ་མ་ཟད། དེ་སྔོན་ཕྱི་ལོ་ ༡༩༥༡ ལོར་བོད་མི་རྣམས་ནས་དྲག་དཔུང་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་བརྩི་མེད་ཀྱིས་བོད་མིར་དྲག་གནོན་བྱས་ཡོད་ཅེས་འབུར་བཏོན་གནང་འདུག  

གསུམ་བཅུའི་དུས་དྲན་ཉིན་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་རྒྱལ་ས་ལྡི་ལིར་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གཏན་ཁེལ་བ་ཡོངས་བསྒྲགས་གནང་སོང་།གསལ་འགོད་གསལ་བསྒྲགས་དེའི་སྐབས་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ Chalo Delhi འམ་ལྡི་ལིར་འགྲོ་ཞེས་པའི་འབོད་ཚིག་འོག་ད་ལོའི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་གྱི་ཡོད་སྟབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཐོག་ནས་རྒྱལ་ས་ལྡི་ལིར་ཟླ་ ༣ ཚེས་ ༡༠ ནས་ཚེས་ ༡༢ བར་བཅས་ཉིན་གྲངས་གསུམ་གྱི་རིང་གཞི་རྒྱ་ཆེ་བའི་བོད་དོན་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པར་བརྟེན་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོས་ལས་འགུལ་དེར་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད། རྩ་བའི་འདི་ལོ་ནི་རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་ཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་འདུས་སྡོད་ཀྱི་སྤྱི་ཚོགས་གང་སར་ནམ་རྒྱུན་དང་མི་འདྲ་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་བསྐྱར་བཏོན།  

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Marco rubio ལགས་དང་མང་གཙོ་ཚོགས་པའི་ལྕམ་ Catherine Cortez Masto ལགས་རྣམ་གཉིས་ནས་ཨ་རིའི་གྲོས་ཚོགས་སུ་ཨ་རི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་བསྐྱར་བཏོན་གནང་འདུགཁ་ཉིན་ཕྱི་ཚེས་ ༡༣ ཉིན་སྐུ་ཞབས་ Marco rubio ལགས་ནས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་དེ་གཏན་འབེབས་བྱུང་ཚེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་གཉིས་ཐུན་མོང་ནས་ཞིབ་འཇུག་གི་སྡེ་ཚན་ཟུར་འཛུགས་གནང་ཐོག་ཨ་རི་གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཏུ་རྒྱ་ནག་གི་ཁུངས་ལྡན་མིན་པའི་གནས་ཚུལ་དྲིལ་བསྒྲགས་དང། རྒྱ་གཞུང་གིས་གསར་འགྱུར་འཁྱོག་བཤད་བྱས་པ། དེ་བཞིན་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཤུགས་རྐྱེན་སྤྲད་ཁག་གི་སྙན་ཐོ་བསྡུ་རུབ་གནང་རྒྱུ་ཡིན་པ་མ་ཟད་ལྷག་དོན་གྲོས་འཆར་དེ་བརྒྱུད་ནས་ཨ་རིའི་མི་སེར་ཡིན་པའི་རྒྱ་རིགས་དང་ཡུ་གུར་དེ་བཞིན་བོད་མི་བཅས་ལ་རྒྱ་གཞུང་གི་འཇིགས་སྐུལ་དང་སྡིགས་ར་ལས་སྲུང་སྐྱོབ་བྱེད་རྒྱུའི་ཐབས་བྱུས་ཀྱང་འདོན་གནང་རྒྱུ་རེད་འདུག སྐུ་ཞབས་ Marco ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་བཀོལ་སྤྱོད་ཀྱི་ལས་གཞིར་འཐབ་རྒོལ་སླད་ང་ཚོས་རྒྱ་གཞུང་གི་ཤུགས་རྐྱེན་དེའི་ངན་འབྲས་གང་བྱུང་མིན་ངེས་པར་དུ་ཤེས་དགོས་ཞེས་དང་། དེ་རེས་ཁོང་གིས་གནད་ཆེའི་གྲོས་འཆར་དེ་བསྐྱར་དུ་གྲོས་ཚོགས་སུ་ཆེད་བཏོན་ཐུབ་པར་དགའ་སྤོབས་དང། གལ་ཏེ་གྲོས་འཆར་དེ་གཏན་འབེབས་བྱུང་ཚེ་སྲིད་དོན་པ་ཙམ་མིན་པར་ཨ་མི་རི་ཀའི་མི་སེར་དང། གསར་ཁང། དེ་བཞིན་རྒྱ་གཞུང་གི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་ཁག་ལའང་དགེ་མཚན་ཡོང་ངེས་ཡིན་སྐོར་གསུངས་འདུག དེ་བཞིན་ལྕམ་ Catherine Cortez Masto ལགས་ཀྱིས་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་རྒྱ་གཞུང་གི་དབང་ཚད་ཇེ་ཆེར་འགྲོ་ཡི་ཡོད་པ་དང་། རྒྱ་ནག་གི་ཤུགས་རྐྱེན་འགོོག་ཐབས་སླད་ང་ཚོས་སོ་སོར་ཉེན་ཁ་གང་ཡོང་གི་ཡོད་པ་དེ་དག་ཤེས་དགོས་པ་དང་། གྲོས་འཆར་དེ་བརྒྱུད་ནས་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་ཚོར་དེ་འབྲེལ་གོ་རྟོགས་སྤེལ་རྒྱུ་གཙོས་པའི་ཨ་རི་གཞུང་ནས་ཀྱང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཆེད་རང་གི་སྲིད་བྱུས་གོང་འཕེལ་གནང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་དགོས་པ་སོགས་གསུངས་ཡོད།  ཐེངས་འདིའི་གྲོས་འཆར་ཐོག་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Cory Gardner ལགས་དང། Ed Markey ལགས།  John Cornyn ལགས། དེ་བཞིན་ Tom Cotton ལགས་ནས་རྒྱབ་སྐྱོར་གནང་ཡོད་པ་རེད།

རྒྱའི་སྦྱོང་བརྡར་ཁང་ཆེད་འཛུགས་བྱས་པ་ནི་སྲིད་བྱུས་མཁྲེགས་སུ་གཏང་རྒྱུའི་མངོན་རྟགས་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱི་ཆེད་དུ་ཆབ་སྲིད་སློབ་གསོ་སྤྲད་རྒྱུའི་སྦྱོང་བརྡར་བསྟི་གནས་ཁང་ཞིག་ཆེད་འཛུགས་བྱས་པ་ནི་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་མཁྲེགས་སུ་གཏང་རྒྱུའི་མངོན་རྟགས་ཤིག་ཡིན་པར་ཐེར་བཏོན་གནང་འདུག ཁ་སང་ཟླ་ ༢ ཚེས་ ༡༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་ཐོག་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་གཞིས་ཀ་རྩེ་ཁུལ་དུ་དམར་ཤོག་ཚོགས་པའི་དཔུང་དམག་རྣསམ་ནས་དམར་ཤོག་ཚོགས་པའི་འབོད་ཚིགས་ཁ་ནས་འདོན་རྒྱུ་ཙམ་མིན་པར་ཚོགས་པའི་ལྟ་བ་ལ་མ་འཁྲུལ་བའི་ཆེད་གཞོགས་འདེགས་དཔུང་དམག་གིས་ལྟ་རྟོག་འོག་ཆབ་སྲིད་སློབ་གསོ་དང་སྦྱོང་བརྡར་བསྟི་གནས་ཁང་ཞིག་ཆེད་འཛུགས་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གཞུང་གིས་རྒྱལ་ཞེན་སློབ་གསོ་སྤེལ་ཐབས་ལ་དམིགས་ཏེ་བོད་རིགས་གཞོན་སྐྱེས་ཚོའི་ཆེད་བོད་ཀྱི་གཞོན་སྐྱེས་ཕོ་བྲང་ཞེས་པ་ལྷ་ས་ཁུལ་དུ་སྒོ་འབྱེད་བྱ་འཆར་ཡོད་སྐོར་གནས་ཚུལ་སྤེལ་བ་ལུང་འདྲེན་གནང་བ་དང་སྦྲགས། དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ལྟ་བའི་འོག་མང་ཚོགས་ལ་སུན་གཙེར་དང་དྲག་གནོན་ཤུགས་ཆེ་རུ་གཏང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྲིད་བྱུས་མཁྲེགས་སུ་གཏང་རྒྱུའི་མངོན་རྟགས་ཤིག་ཡིན་པར་ཐེར་བཏོན་གནང་འདུག རྒྱ་གཞུང་གིས་བོད་ཁུལ་དུ་དེ་ལྟ་བུའི་སྦྱོང་བརྡར་ཁང་ཞིག་ཆེད་འཛུགས་བྱས་པ་ནི་རྒྱ་ནག་གཞུང་གིས་དམ་དྲག་དང་བཙན་དབང་གི་ཐབས་བྱུས་འོག་རྒྱ་གཞུང་གི་ད་ལྟའི་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཐབས་གཙོས་པའི་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གི་ཁ་ཕྱོགས་བསྒྱུར་ཐབས་ལ་དམིགས་པ་དང་ལྷག་དོན་བོད་ནང་གི་བོད་མི་རྣམས་ནས་༸གོང་ས་མཆོག་ལ་བློ་གཏད་བཅོལ་རྒྱུའི་ཀུན་སློང་རྩ་མེད་བཟོ་ཐབས་དང་། རྒྱ་གཞུང་ལ་ཤ་ཞེན་ཡོང་ཐབས། དེ་བཞིན་བོད་བརྒྱུད་ནང་བསྟན་དེ་རྒྱའི་རིག་གཞུང་གི་ནང་དུ་སིམ་ཐབས་སོགས་ལ་དམིགས་པ་ཞིག་ཡིན་པར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་དུས་རྟག་ཏུ་སྨྲ་བརྗོད་རང་དབང་ལ་རྡོག་རོལ་དང་བོད་བརྒྱུད་ནང་བསྟན་དེ་རྒྱའི་རིག་གཞུང་གི་ནང་དུ་སིམ་ཐབས་བྱས་དང་བྱེད་མུས་ཡིན་པ་མངོན་གསལ་གནང་ཡོད།

འཆི་མེད་ལྷ་མོ་ལགས་ཊོ་རོན་ཊོ་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན།

ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་བཞིན་པའི་བོད་པའི་བུ་མོ་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་འདུག གཞི་རྩའི་འཆི་མེད་ལྷ་མོ་ལགས་ཀྱིས་སྔ་ལོའི་འོས་བསྡུ་སྐབས་མཉམ་ཞུགས་གནང་དོན་ལྟར་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཡོད་པ་དང་། འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོས་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་ཟིན་རྗེས་འཆི་མེད་ལྷ་མོ་ལགས་ཀྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་རྒྱ་ Instagram ཐོག་སྐྱོན་བརྗོད་དང་ཟུར་ཟའི་མཆན་མང་དག་ཅིག་བཀོད་པ་མ་ཟད། Change.org ཞེས་པའི་དྲྭ་ལམ་ཐོག་འཆི་མེད་ལྷ་མོ་ལགས་ནི་བོད་རང་བཙན་དོན་དུ་ཕྱག་ལས་གནང་མཁན་ཞིག་དང་། རྣམ་ཀུན་ནས་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་སྐོར་སོགས་ཀྱི་འགྲེལ་བརྗོད་བྱས་ནས་འཆི་མེད་ལྷ་མོ་ལགས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་རྒྱུ་མེད་པའི་དྲིལ་བསྒྲགས་སོགས་ཀྱང་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་རིགས་སློབ་མའི་སྐྱོན་བརྗོད་དང་འགག་པ་བྱས་པར་ལྟོས་མེད་ཐོག་འཆི་མེད་ལྷ་མོ་ལགས་ Toronto གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་ཡོད་པ་ལྟར། དེ་རིང་རླུང་འཕྲིན་ཁང་གིས་ཁོང་ལ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཐོག་མར་རྒྱ་རིགས་སློབ་ཚོས་ངོ་རྒོལ་བྱེད་སྐབས་སེམས་འཚབ་ཕྲན་བུ་བྱུང་ཡང་། འདས་པའི་ལས་དོན་གྱི་ཉམས་མྱོང་དང་ལྷག་པར་དུ་༸གོང་ས་མཆོག་གིས་བཟོད་སྒོམ་དང་སྙིང་རྗེ་ཐོག་བསྩལ་བའི་བཀའ་སློབ་དེ་དག་ཉམས་ལེན་ཞུ་རྒྱུའི་གོ་སྐབས་བཟང་པོར་ངོས་འཛིན་ཞུས་ནས་རྒྱ་རིགས་སློབ་མའི་ཚིག་རྩུབ་དང་སྐྱོན་བརྗོད་དེ་དག་ལ་བཟོད་སྒོམ་གནང་ཡོད་པ་དང་ཆབས་ཅིག ཊོ་རོན་ཊོ་གཙུག་ལག་ཁང་དེ་ནི་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་ཡོད་སྟབས་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་བོད་པའི་བུ་མོ་ཞིག་བདམས་ཐོན་བྱུང་ཐུབ་པ་ནི་དགའ་སྤོབས་བྱ་འོས་ཤིག་དང་སླད་མར་བོད་པའི་ན་གཞོན་ཚོར་དམིགས་དཔེ་དང་སེམས་ཤུགས་འཕར་མ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་ཡོད། འཆི་མེད་ལྷ་མོ་ལགས་ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མུས་ཡིན་པ་དང་། རིང་མིན་ཕྱི་ཟླ་ ༥ ཚེས་ ༡ ནས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་དངོས་སུ་བཞེས་གནང་གི་ཡོད་པ་རེད། ད་རེས་འཆི་མེད་ལྷ་མོ་ལགས་ཚོགས་གཙོའི་རྒྱལ་ཁ་ཐོབ་པར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་། Canada Tibet Committee ཞེས་ཁེ་ན་ཌ་བོད་རིགས་ཚོགས་པ། དེ་བཞིན་སྤྱི་ཚོགས་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་བོད་པའི་གཞོན་སྐྱེས་སོགས་ནས་ངོ་དེབ་བརྒྱུད་ཁོ་མོར་དགའ་བསུའི་འཚམས་འདྲི་ཞུ་བཞིན་འདུག

བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཚོར་དམ་དྲག་ཇེ་ཆར་བཏང་བ།

བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གིས་དྲྭ་ལམ་དུ་བརྙན་ཞིག་འདོན་སྤེལ་བྱས་ཏེ་ས་ཁུལ་དེའི་ལས་བྱེད་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་དང་ཁ་བྲལ་བ། དེ་བཞིན་རུལ་སུངས་ལ་འགོག་རྒོལ་སོགས་རྒྱ་ནག་དམར་ཤོག་གི་སྒྲིག་ཡིག་གྲངས་ ༤༦ ཙམ་འགལ་ཡོད་པར་ཕྱིར་བསྒྲགས་བྱས་འདུག དེ་རིང་ Global times ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཟླ་ ༡ ཚེས་ ༢༨ ནས་ ༣༡ བར་རྒྱ་ནག་མི་དམངས་ལྷན་ཁང་གིས་ལེའུ་བཞི་ཅན་གྱི་བརྙན་ཞིག་ཆེད་གཏོང་གིས་དམར་ཤོག་སྲིད་གཞུང་དོ་དམ་གྱི་ཕྱིར་རྒྱལ་ཡོངས་ལ་དྲིལ་བསྒྲགས་སྤེལ་བ་མ་ཟད་ས་གནས་དཔོན་རིགས་ཚོ་རྒྱ་ནག་གི་སྒྲིག་ཡིག་ ༤༦ ཙམ་འགལ་ཡོད་པར་ཕྱིར་བསྒྲགས་བྱས་པ་བཀོད་འདུག རྒྱ་ནག་ཞཱོང་ཟེར་བའི་དཔོན་རིགས་ཤིག་གིས་བོད་ནང་དཔོན་རིགས་མགོ་གཉིས་མ་རེ་འགའ་ཡོད་པ་དང་། ཁོང་ཚོས་ཕྱོགས་གཅིག་ནས་སྲིད་གཞུང་ལ་བློ་དཀར་མདོག་སྟོན་བཞིན་པ་དང་། གསང་བའི་སྒོ་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གིས་དེ་ལྟ་བུའི་མི་ཁག་ཅིག་ངོས་འཛིན་བྱས་ཡོད་པ་ལྟར་ཕྱིར་ཕུད་གཏང་ངེས་ཡིན་པ་བརྗོད་འདུག དེ་བཞིན་མིང་མི་གསལ་བའི་རྒྱ་ནག་གི་ས་གནས་སྒྲིག་ཁྲིམས་རྟོག་ཞིབ་པ་ཞིག་གིས་རྒྱ་གཞུང་གིས་བོད་དུ་སྲིད་གཞུང་གི་སྒྲིག་ཡིག་དང་མཐུན་པའི་ལངས་ཕྱོགས་བརྟན་པོ་ཞིག་འཛིན་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ང་ཚོས་ཏཱ་ལའི་བླ་མ་དང་ཁོང་གི་ཕྱོགས་གཏོགས་ཚོར་ཁྱོད་ཤི་ང་གསོན་གྱི་གཡུལ་འཐབ་བྱེད་དགོས། དམར་ཕྱོགས་སྲིད་གཞུང་གི་ཚོགས་མི་སུ་ཞིག་ལ་འདིའི་ཐད་ནས་ལྟ་བ་ལོག་ཚེ་མ་འོངས་པར་ཉེན་འཚབ་ཆེ་བའི་དཀའ་ངལ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད། བོད་ཀྱི་བརྙན་འཕྲིན་ཁང་གི་ལས་བྱེད་སྒྲོལ་མ་ཟེར་བ་ཞིག་གིས་གསར་ཁང་ལ་དམར་ཤོག་གཞུང་གི་ལས་བྱེད་ཚོའི་ཆབ་སྲིད་ཀྱི་བསམ་བློར་རུལ་སུངས་ཅན་དུ་གྱུར་སོང་ཡང་དེའི་མཇུག་འབྲས་ལ་ཤན་ཤུགས་ཆེན་པོ་ཐེབས་སྲིད་པས་ང་ཚོས་གནད་དོན་གང་གཙོ་གནད་ཡིན་པར་བློ་རིག་སྒྲིམ་དགོས་ཞེས་བཤད་འདུག འདི་གའི་གསར་འགོད་པས་ཨོ་སི་ཊོ་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་གནས་ཚུལ་དེ་གསར་པ་གང་ཡང་མིན་པ་དང་། ན་ནིང་ནས་རྒྱ་ནག་དམར་ཤོག་གཞུང་གི་སྒྲིག་གཞི་ལ་འགྱུར་བ་བཏང་ནས་དམར་ཤོག་གཞུང་གི་ཚོགས་མི་ཞིག་ཡིན་ན་ཆོས་ལུགས་ལ་དད་པ་གནང་མི་ཆོག་པ་བཟོས་ཡོད་པ་བཞིན། འདི་ལོ་ནི་རྒྱ་ནག་ནག་ཏུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོར་བ་རྣོ་བའི་དུས་དྲན་མང་པོ་ཞིག་ཁེལ་ཡོད་སྟབས། རྒྱ་ནག་གིས་བོད་དུ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་གསུངས་སོང་། བརྙན་དེའི་ནང་ཕྱི་ལོ་ ༢༠༡༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་གཉའ་ལམ་དང་གཞིས་རྩེའི་ཆོས་ལུགས་དད་མོས། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཡང་ས་གནས་ཀྱི་དཔོན་རིགས་ཚོས་བྲག་ཕུག་ཅིག་ཏུ་སྐུ་འདྲ་ཞིག་སྦས་བསྐུངས་ཀྱིས་ཆོས་བྱེད་བཞིན་པར་བརྟེན་ས་གནས་དེའི་དམར་ཕྱོགས་ཀྱི་དཔོན་རིགས་མང་པོ་ཕྱིར་ཕུད་བཏང་བ་དང་དེ་བཞིན་ལས་བྱེད་ ༡༠ ལ་ཉེན་བརྡ་བཏང་ཡོད་པ་བཀོད་འདུག

ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་གཞུང་དང་ལག་སྦྲེལ་གྱིས་མཉེན་ཆས་དུ་མ་བཀག་སྡོམ།

ཨ་རིའི་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་ནག་གཞུང་དང་ལག་སྦྲེལ་གྱིས་ཡུལ་དེའི་ནང་ནུབ་ཕྱོགས་པའི་གསར་འགྱུར་གཙོ་གྱུར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ཟད། རྒྱ་གཞུང་གི་དམ་དྲག་ལ་གདོང་ལེན་གྱིས་སྒེར་གྱི་གནད་དོན་སྦས་བསྐུངས་བྱེད་ཐུབ་པའི་མཉེན་ཆས་མང་དག་ཅིག་ཕབ་ལེན་གནང་རྒྱུ་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ The Intercept གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གི་དྲྭ་གནས་བཀག་སྡོམ་གྱི་ལྟ་རྟོག་བྱེད་མཁན་ GreatFire. ཚོགས་པའི་ཉམས་ཞིབ་པ་རྣམས་ནས་  AppleCensorship.com ཞེས་པའི་དྲྭ་གནས་ཤིག་བཟོ་སྐྲུན་བྱས་ནས་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་ནས་རྒྱ་ནག་ནང་མཉེན་ཆས་གང་དང་གང་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་པའི་མིང་གཞུང་བཀོད་ཡོད་པ་དང་། དེའི་ཁྲོད་ཨ་རིའི་ New York གསར་ཁང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། གྷུ་གྷལ་གྱི་འཚོལ་བཤེར་མ་ལག བོད་མིའི་སྒྲིག་འཛུགས་ཀྱི་མཉེན་ཆས་སོགས་མིང་མངོན་གསལ་གནང་བ་མ་ཟད། TOR དང་ Psiphon ལ་སོགས་པའི་ཉེན་གཡོལ་མཉེན་ཆས་ཕབ་ལེན་མང་དག་ཅིག་བཀག་སྡོམ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག གནད་དོན་དེའི་ཐད་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་ Rohit Mahajan ལགས་ཀྱིས་ཀུ་ཤུ་རྟགས་ཅན་ནས་ཕྱི་ཟླ་ ༡༢ ནང་དེ་གའི་གསར་ཁང་ལ་གསར་ཁང་དེའི་མཉེན་ཆས་ཁག་ཅིག་རྒྱ་ནག་གི་ཁྲིམས་སྒྲིག་དང་མཚུངས་ཀྱི་མེད་པས་ཕྱིར་འཐེན་གནང་དགོས་སྐོར་བཤད་པ་ལུང་འདྲེན་གནང་འདུག རླུང་འཕྲིན་ཁང་གི་ཚོགས་གཙོ་ libby Liu ལགས་ཀྱིས་ཀུ་ཤུ་རྟགས་ཅན་ནས་ང་ཚོའི་མཉེན་ཆས་ཁག་ཅིག་ཕྱིར་འཐེན་བྱས་པ་དེས་ང་ཚོ་ཙམ་མ་ཟད་ང་ཚོའི་གསར་འགྱུར་ལ་གསན་གཟིགས་གནང་མཁན་མང་དག་ཅིག་ལ་གྱོང་གུད་ཕོག་ངེས་ཡིན་པ་སོགས་གསུངས་འདུག ལྷག་དོན་ནུབ་ཕྱོགས་པའི་ཚོང་ལས་ཁང་ནས་སོ་སོའི་ལངས་ཕྱོགས་བརྟན་པོ་བཟུང་ཐོག་ཐུགས་ཐག་བཅད་དགོས་གནད་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་ GreatFire.org ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་ Charlie Smith ལགས་ཀྱིས་ང་ཚོས་ད་རེས་རྒྱ་ནག་ནང་མཉེན་ཆས་གང་བཀག་སྡོམ་བྱེད་ཡོད་མེད་སོགས་ཤེས་རྟོགས་སླད་དྲྭ་གནས་བཟོ་སྐྲུན་ཞུས་པ་དེའི་བརྒྱུད་མང་ཚོགས་ལ་ཕྱི་གསལ་ནང་གསལ་གནང་གི་ཡིན་ཞེས་གསུངས་པ་མ་ཟད། ཨ་རིའི་ནང་མང་ཚོགས་ཀྱི་བཀོལ་སྤྱོད་ཐུབ་པའི་ VPN མཉེན་ཆས་གྲགས་གྲས་ ༡༠༠ ལྷག་ཙམ་ཞིག་རྒྱ་ནག་ནང་བཀོལ་སྤྱོད་བྱ་རྒྱུ་མེད་པ་གསལ་པོ་མཐོང་རྒྱུ་ཡོད་སྐོར་གསུངས་འདུག ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གི་མགྲིན་ཚབ་པས་ད་ལྟའི་ཆར་རྒྱ་ནག་ཏུ་མཉེན་ཆས་མང་དག་ཅིག་བཀག་སྡོམས་བྱས་པའི་གནད་དོན་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་པ་རེད།

གྲྭ་ཆོས་ཀྱིས་ལགས་ཀྱི་འཕྲོད་བསྟེན་གྱི་གནས་བབས་ཛ་དྲག་ཆགས་པ།

བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་གློད་བཀྲོལ་ཐོབ་ཡོད་ནའང་ཁོང་གི་འཕྲོད་བསྟེན་གྱི་གནས་བབས་ཛ་དྲག་ཆགས་ཡོད་པར་བརྟེན་ཁོང་གི་གནས་བབས་དེར་བློ་འཚབ་གནང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། གྲྭ་ཆོས་ཀྱིས་ལགས་ནི་རྒྱ་ནག་དམར་ཤོག་ཚོགས་པར་ངོ་ལོག་གནང་མཁན་གྱི་ཕྱོགས་གཏོགས་ཡིན་པར་བསྙད་ནས་ཕྱི་ལོ་ ༢༠༡༥ ལོར་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་འདི་ལོའི་ཟླ་ ༡ ཚེས་ ༡༨ དགུང་མོར་ཉེན་རྟོག་རུ་ཁག་གི་ལྟ་སྲུང་ནན་པོའི་ངང་བཙོན་གྲོལ་བཏང་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ཁོང་གི་འཕྲོད་བསྟེན་གྱི་གནས་སྟངས་ཤིན་ཏུ་ཞན་པོ་ཆགས་ཡོད་སྟབས་བཙོན་ཁང་དུ་འཆི་མ་དགོས་པར་ཟླ་བ་ལྔ་ཙམ་གོང་སྔ་སྣུར་གྱིས་བཙོན་གྲོལ་བཏང་ཡོད་པ་རེད་ཅེས་བཀོད་འདུག གྲྭ་ཆོས་ཀྱིས་ལགས་འཛིན་བཟུང་མ་གནང་སྔོན་ནས་མཁལ་མའི་ནད་གཞི་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཁོང་ཁེར་རྐྱང་བཙོན་འཇུག་གི་གནས་བབས་སུ་བསྐྱལ་ནས་མནར་གཅོད་བཏང་ཡོད་པ་མ་ཟད། ཕྱིས་སུ་ས་རྐོ་རྡོ་སློག་སོགས་ཀྱིས་མཚོན་པའི་ལམ་བཟོའི་ངལ་རྩོལ་ཤུགས་ཆེན་པོ་གནང་བཅུག་ཡོད་སྟབས།  ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་ད་ཆ་སྐུ་གཟུགས་ཧ་ཅང་ཞན་པས་འཕྲོད་བསྟེན་གྱི་གནས་བབས་ཛ་དྲག་ཆགས་ཡོད་པ་རེད།རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཆོས་ཀྱིས་ལགས་ཀྱིས་གཙོས་པའི་བཙོན་ཁང་དུ་མནར་གཅོད་རིགས་དུ་མ་མྱོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐོག་བཀའ་འདྲི་ཞུས་པར་འདྲི་གཅོད་ཀྱི་གོ་རིམ་བརྒྱུད་ནས་ཚད་ལས་བརྒལ་བའི་མནར་གཅོད་གཏོང་བཞིན་པ་མ་ཟད་ངལ་རྩོལ་གྱི་ལས་ཀ་ཤིན་ཏུ་ལྗིད་པའི་ཁར་བཙོན་ཁང་དུ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མེད་སྐོར་ངོ་སྤྲོད་གནང་ཡོད། ཆོས་ཀྱིས་ལགས་གནས་སྐབས་སུ་ཁོང་གི་ཡུལ་ཚོ་གསེར་རྟར་བཞུགས་ཡོད་ནའང་། འཕྲོད་བསྟེན་གྱི་གནས་བབས་ཛ་དྲག་ཆགས་ཏེ་སྒལ་གཞུང་དང་རྐང་པ་སོགས་ན་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཁོང་གིས་སྨན་བཅོས་གནང་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་ཀྱང་། རྒྱལ་ནག་གཞུང་གིས་གོང་རིམ་ནས་ཆོག་མཆན་མེད་པར་སྨན་ཁང་དུ་སྨན་བཅོས་གནང་བཅུག་མེད་པ་མ་ཟད་ཐ་ན་ཁོང་གི་དགོན་པ་རུ་ཕེབས་མ་བཅུག་པར་བརྙན་མིག་གི་ལྟ་སྲུང་འོག་བཀག་ཉར་བྱས་ཡོད་པ་རེད།

Latest news