Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་མི་ཞི་རྒོལ་བའི་ཐོབ་ཐང་སྲུང་སྐྱོབ་སླད་དྲྭ་ཐོག་ལས་འགུལ་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མི་ཞི་རྒོལ་གྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་སླད་དྲྭ་ཐོག་གི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཁ་སང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འོག བོད་མིས་རང་ལུས་མེར་བསྲེགས་གནང་བའི་ལས་འགུལ་དེ་ཡང་ཁྲིམས་འགལ་གྱོ་ངོ་བོར་ངོས་འཛིན་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འོག་བོད་ནང་གི་བོད་མི་ཚོར་ཞི་བའི་འདུ་འཛོམས་དང་མི་མང་གི་བསམ་འཆར་མི་འདྲ་བར་བརྗོད་ས་མེད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ལྟེ་གནས་ཁང་གིས་ཁ་སང་ནས་དབུ་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དུ་ #WhyProtest ཞེས་བོད་མི་ཞི་བའི་ལས་འགུལ་སྤེལ་ཆོག་པའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཞུ་ཕྱིར་དྲྭ་ཐོག་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ལྟེ་གནས་ཁང་གིས་ལས་འགུལ་དབུ་འཛུགས་དང་སྦྲགས། བཙན་བྱོལ་ནང་གི་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དོན་ལས་འགུལ་སྤེལ་བ་དང། དེའི་ཁྲོད་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བརྒྱུད་རིམ་ངོ་སྤྲོད་གནང་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བར་གཞིས་བྱེས་གཉིས་ཀྱི་ནང་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་ཁྱོན་མི་གྲངས་ ༣༠ ཡིས་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་གནང་བའི་གནས་ཚུལ་སྤེལ་གནང་རྒྱུ་རེད་འདུག ད་ལྟ་རྒྱ་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་ཁ་གཡར་ནས་བོད་ནང་གི་ཆེས་ཛ་དྲགས་ཀྱི་གནས་སྟངས་སྦས་བསྐུངས་བྱེད་བཞིན་པའི་དུས་སྐབས་འདིར་ལས་འགུལ་འདི་བརྒྱུད་ནས་བོད་མི་ཞི་རྒོལ་གྱི་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་ལོ་རྒྱུས་ཁྱབ་སྤེལ་གནང་སྟེ་བོད་ནང་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་པ་ཅི་འདྲ་ཞིག་བསྟན་ནའང་། དེ་དག་ལ་ཆེས་དྲག་གནོན་དང་མནར་གཅོད་གཏོང་བཞིན་པ་མངོན་གསལ་ཐུབ་པའི་རེ་བ་གནང་བཞིན་འདུག ལྟེ་གནས་ཁང་གིས་ད་དུང་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་བྱས་ནས་བོད་མི་ཞི་རྒོལ་བའི་ཐོག་ཉེན་རྟོག་པའི་དྲག་གནོན་དང་གང་བྱུང་འཛིན་བཟུང་བཀག་ཉར། དེ་བཞིན་གར་སོང་ཆ་མེད་གཏང་རྒྱུའི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་གིས་དེ་ལྟར་བྱེད་མཁན་དཔོན་རིགས་དང་ཉེན་རྟོག་པར་ཉེས་ཆད་གཏང་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འདུ་འཛོམས་རང་དབང་དང་འབྲེལ་བའི་སྐུ་ཚབ་ཕེབས་འཇུག་དགོས་པ། བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་གནང་འཇུག་དགོས་པའི་རེ་སྐུལ་ཞུས་འདུག

གཉན་རིམས་ཁྱབ་བརྡལ་ཁྲོད་གྱོང་གུད་གང་ཕོག་པའི་འགན་ཆ་ཚང་རྒྱ་ནག་ནས་འཁུར་དགོས།

སྔར་ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ད་ཆ་རྒྱལ་སྤྱི་ཁྱོན་ཡོངས་སུ་ཁྱབ་ཏེ་མི་སེར་སྟོང་ཚོ་མང་པོའི་ཚེ་སྲོག་ཕྲོག་པ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལ་གྱོང་གུད་ཤུགས་ཆེ་གཏོང་བཞིན་པའི་ཁྲོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་དང་། ལྷག་པར་དུ་ཁ་སང་ཕྱི་ཚེས་ ༣ ཉིན་ཁེ་ན་ཌའི་འི་ Maclean's ཞེས་པའི་གསར་ཤོག་ཐོག་ཡུལ་དེའི་ Ottawa གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་སློབ་དཔོན་ Errol Patrick Mendes ལགས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་ Marcus Kolga ལགས། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་ལས་པ་ Sarah Teich ལགས་བཅས་ཀྱིས་དཔྱད་ཞིབ་སྤེལ་བ་བརྒྱུད་དེ་ཏོག་དབྱིབས་རིམས་ནད་ཁྲོད་མི་རྒྱུ་གཉིས་ལ་གྱོང་གུད་ཕོག་པའི་འགན་ཆ་ཚང་རྒྱ་ནག་ནས་འཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུགཁོང་རྣམ་པ་གསུམ་གྱིས་རྒྱ་ནག་གིས་རྒྱལ་སྤྱིའི་འཕྲོན་བསྟེན་སྒྲིག་གཞི་དང་འགལ་བར་ང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད་ཅེས་པའི་བརྗོད་གཞིའི་ཐོག་སྤེལ་བའི་དཔྱད་གཏམ་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཛ་དྲག་རང་བཞིན་ཞིག་མ་ཆགས་པའི་སྔོན་ནས་རིམས་ནད་དང་འབྲེལ་བའི་གྲངས་ཐོ་སྦད་བསྐུངས་དང་། གནས་ཚུལ་རྫུན་མ་ཁྱབ་སྤེལ་སོགས་བྱས་པ་མ་ཟད་ཨ་རུ་སུ་དང་འབྲེལ་བ་བྱས་ཏེ་རིམས་ནད་དེ་ཨ་རིའི་སྐྱེ་ལྡན་རྫས་སྦྱོར་དཔྱད་ཞིབ་ཁང་ནས་ཁྱབ་བརྡལ་ཕྱིན་པ་ཞིག་ཡིན་སྐོར་གྱི་གཏམ་བརྒྱུད་གསར་པ་བཟོས་པ། ལྷག་པར་དུ་གཉན་རིམས་དེ་རྒྱལ་སྤྱིའི་ཐོབ་ཁྱབ་བརྡལ་ཕྱིན་ཟིན་པའི་རྗེས་སུ་རྒྱལ་ཁབ་མང་པོའི་ནང་རིམས་ནད་འགོག་སྲུང་གི་ཡོ་ཆས་ཚད་ལྡན་མེད་པ་མང་དག་ཅིག་ཚོང་འགྲེམས་བྱས་རིམ་ཁག་ཐེར་འདོན་དང་སྦྲགས། ད་ཆ་རྒྱལ་སྤྱིའི་རྒྱལ་ཐོག་རྒྱ་གཞུང་གི་ངོས་ནས་བྱེད་བབས་དེར་ཁ་གཏད་གཅོག་མཁན་མང་དུ་འགྲོ་བཞིན་པའི་སྐབས་དེར་ཁེ་ན་ཌ་གཞུང་ནས་ཀྱང་དེར་མཉམ་ཞུགས་གནང་ཏེ་ཏོག་དབྱིབས་རིམས་ནད་ཁྲོད་མི་རྒྱུ་གཉིས་ལ་གྱོང་གུད་ཕོག་པའི་འགན་ཆ་ཚང་རྒྱ་ནག་གིས་འཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུག ལྷག་པར་དུ་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་དཔལ་དབྱོར་གནས་སྟངས་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༤ ལྷག་གྱོང་གུད་བཏང་ཡོད་པ་དང་དེ་དག་ཁྲོད་ནས་ Canada གཞུང་གཅིག་པོ་ལ་ཨ་སྒོར་ཐེར་འབུམ་ ༡༤༦ ལྷག་གི་གྱོང་གུད་ཐེབས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁེ་ན་ཌ་གཞུང་ནས་གནད་དོན་དེའི་ཐད་རྒྱ་ནག་གཞུང་ལ་འགན་འཁྲི་འཁུར་དགོས་པ་བཟོ་རྒྱུའི་ཐབས་ལམ་མི་ཉུང་བ་ཞིག་ཡོད་པ་ལས། གཙོ་བོ་གཅིག་དེ་རྒྱལ་སྤྱིའི་རྒྱལ་ཁབ་དང་མཉམ་རུབ་ཐོག་རྒྱ་ནག་ནས་ཁྱབ་པའི་རིམས་ནད་དེར་ཞིབ་འཇུག་གནང་རྒྱུ་དང་། ལྷག་པར་དུ་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་ལུགས་དེ་ལག་བསྟར་བརྒྱུད་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་མཁན་གྱི་རྒྱ་ནག་འགོ་ཁྲིད་ཙམ་མ་ཟད། ད་རེས་རིམས་ནད་ཀྱི་ཛད་དྲག་གནས་སྟངས་ཁྲོད་གནས་ཚུལ་སྦས་བསྐུངས་དང་རྫུན་བཟོ་བྱེད་མཁན་གྱི་རྒྱ་ནག་འགོ་ཁྲིད་རྣམས་ཀྱང་ཁེ་ན་ཌ་ནང་ཕྱོགས་སྐྱོད་བྱེད་རྒྱུའི་མཐོང་མཆན་བཀག་པ་མ་ཟད། ཁེ་ན་ཌའི་བཟོ་གྲྭ་དང་དངུལ་ཁང་། དེ་བཞིན་ཚོང་ཟོག་གི་ཁྲོམ་ར་ཁག་བེད་སྤྱོད་བྱེད་རྒྱུར་བཀག་སྡོམ་བྱེད་དགོས་ཞེས་གསུངས་འདུགརྒྱ་ནག་གཞུང་གིས་རིམས་ནད་དང་འབྲེལ་བའི་གནས་ཚུལ་སྦས་པ་དེ་ནི་ International Health Regulations འམ་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་ཁྲིམས་ཀྱི་དོན་ཚན་དྲུག་པ་དང་བདུན་པ་གཉིས་དང་འགལ་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་ནས་ཁྲིམས་ཐོག་བརྒྱུད་དེ་རྒྱ་ནག་དེ་བཞིན་འགན་འཁུར་ལྡན་པ་ཞིག་བཟོ་རྒྱུའི་ཐབས་ལམ་ཡོད་པ་དང་། ཡང་ཐབས་ལམ་གཞན་ཞིག་ལ་རྒྱལ་སྤྱིའི་མཉམའབྲེལ་རྒྱལ་ཚོགས་ནས་ཆེས་མཐོའི་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ་རིམས་ནད་དང་འབྲེལ་བའི་རྒྱ་གཞུང་གྱི་བྱེད་བབས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་ནས་བདེན་པའི་གནས་ཚུལ་རྣམས་ཡོངས་གྲགས་གནང་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་བྱེད་བབས་དེར་ཉེས་ཅན་གྱི་བྱེད་ཚུལ་ཡིན་པས་རྒྱ་ནག་གཞུང་ནས་ཨ་ཕི་རི་ཀ་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་འཛུགས་སྐྲུན་གྱི་ལས་གཞི་ལ་དམིགས་ཏེ་བུ་ལོན་མང་པོ་གཡར་བ་རྣམས་ཕྱིར་ལེན་རྒྱུ་མེད་པར་ཐག་གཅོད་གནང་དགོས་ཞེས་གསུངས་འདུག དེ་བཞིན་དཔྱད་གཏན་དེའི་ནང་ད་རེས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་འདི་ཙམ་མ་ཟད་དུས་རྒྱུན་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱ་གཞུང་གི་འཇིགས་སྐུལ་ལ་མགོ་མ་སྒུར་པར་གདེང་ཚོད་ཆེན་པོའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་གླེང་སློང་གནང་དགོས་པའི་སྐུལ་མ་སོགས་ཀྱང་གནང་འདུག གཞི་རྩའི་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱིས་འགྲོ་བ་མིའི་ཚེ་སྲོག་དང་དཔལ་འབྱོར་གྱི་གནས་བབས་ལ་གྱོང་གུད་ཤུགས་ཆེ་གཏོང་བཞིན་ཡོད་སྟབས། རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་ནས་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་འདྲི་རྩེད་ནན་པོ་བྱེད་དགོས་པའི་ཞུ་སྐུལ་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཚོང་ལས་སྡེ་ཚན་ཆེ་ཁག་ཁག་གཅིག་གིས་རྒྱ་ནག་ནང་ཡོད་པའི་བཟོ་གྲྭ་དེ་དག་སྒོ་རྒྱག་རྒྱུའི་གསལ་བསྒྲགས་གནང་པའི་གནས་སྟངས་སོགས་ཀྱང་བྱུང་ཡོད།

༸གོང་ས་མཆོག་གིས་ནད་ཡམས་དང་འབྲེལ་བའི་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་གོ་ལ་ཧྲིལ་པོར་ཁྱབ་གདལ་ཆེས་ཆེར་འགྲོ་མུས་ཁྲོད་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད་ཅེས་ལམ་སྟོན་བཀའ་བསྩལ་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་དེའི་ནང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང། དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་ཁག་དཀའ་ངལ་ཤིན་ཏུ་ཆེན་པོའི་ནང་ལྷུང་བ་ཙམ་དུ་མ་ཟད། འགྲོ་བ་མི་ཧ་ཅང་མང་པོ་ཞིག་གི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་དུས་སྐབས་འདི་འདྲར་ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་ཞེས་ལམ་སྟོན་བསྩལ་བ་དང་། ཆབས་ཅིག་ཏུ་དེང་སྐབས་རང་རེས་འཇིགས་སྣང་དང་རེ་བ། ངེས་གཏན་མེད་པའི་ཚོར་བ་གཅིག་མཚུངས་སུ་མྱོང་བཞིན་ཡོད་མོད། འོན་ཀྱང་བདེ་སྐྱིད་འདོད་པའི་འདུན་པས་རང་རེ་ཀུན་གཅིག་ཏུ་བསྒྲིལ་ནས་གནས་ཡོད་པ་རེད། དེ་དེ་བཞིན་རང་རེ་འགྲོ་བ་མི་ལ་རྒྱུ་མཚན་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་དང་དངོས་ཡོད་གནས་ཚུལ་མཐོང་བའི་ནུས་པ་ཡོད་པ་དེས་རྐྱེན་ངན་གྲོགས་ལ་བསྒྱུར་བའི་གོ་སྐབས་བསྐྲུན་གྱི་ཡོད་ཅེས་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཐེངས་འདིའི་ནད་ཡམས་ཀྱི་འཇིགས་པ་དང་དེའི་མཇུག་འབྲས་ཀྱིས་དཀའ་ངལ་ཆེན་པོ་ཅི་འདྲ་ཞིག་དང་འཕྲད་ནའང་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་གཅིག་སྒྲིལ་ལ་དོ་སྣང་དགོས་པའི་རེ་སྨོན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་གནང་མཛད་འདུག གསུང་འཕྲིན་འདི་ The Call to Unite ཞེས་པའི་ཆིག་སྒྲིལ་ལ་འབོད་སྐུལ་གྱི་ཚོགས་པ་ཞིག་གིས་གསོལ་འདེབས་ཞུས་དོན་ལྟར་བཀའ་བསྩལ་བ་ཞིག་ཡིན་པ་རེད། ༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཁྲོད་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་རྒྱལ་ཁབ་ ༢༡༣ ཙམ་གྱི་ནང་ཁྱབ་བརྡལ་ཕྱིན་པའི་འོག་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་གཅིག་དང་སྟོང་ཕྲག་བརྒྱད་ཅུ་ལྷག་རྐྱེན་འདས་སུ་གྱུར་བ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད།དོན་རྐྱེན་འདི་འོག་ད་ལྟའི་ཆར་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡོ་རོབ་མཐུན་ཚོགས། དབྱིན་ཡུལ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་རྒྱ་གཞུང་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གཞུང་ཚོགས་དང་ཉམས་ཞིབ་པ་མང་པོས་ཏོག་དབྱིབས་ནད་དུག་གསར་པ་དེ་རྒྱ་ནག་གིས་ཆེད་བསྐྲུན་བྱས་པ་ཞིག་ཡིན་སྐོར་གསུང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོར་ནས་ཨ་རི་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་རྒྱལ་ཁབ་ནས་ཕྱིར་འཐེན་གནང་རྗེས་ཡོ་རོབ་མཐུན་ཚོགས་ནི་འཛམ་གླིང་ཁྲོད་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ཁྲིམས་ལུགས་དབང་འཛིན་བཅས་ཀྱི་ཐོག་རྒྱ་ནག་ཁ་གཏད་གཅོག་མཁན་གཙོ་བོ་ཆགས་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པ་རེད། ནད་ཡམས་འདིའི་རྐྱེན་པས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་མ་འོངས་པའི་འབྲེལ་ལམ་ལ་ཤུགས་རྐྱེན་དང་བོད་དོན་འཐབ་རྩོད་ལ་རེ་བ་ཞེས་པའི་བརྗོད་གཞི་ཐོག་རླུང་འཕྲིན་ཁང་གིས་སུད་སི་གནས་བཞུགས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐལ་བཟང་རྒྱལ་མཚན་ལགས་དང་དམིགས་བསལ་གླེང་མོལ་ཞུས་ཡོད།

ཏོག་དབྱིབས་གཉན་རིམས་རྐྱེན་པས་རྣ་ཐོས་ལ་བརྒྱུད་གངས་རིན་པོ་ཆེའི་གནས་སྐོར་བསྐྱོད་རྒྱུ་བཀག་སྡོམ།

རྒྱ་ནག་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་ཡོད་པའི་ཁྲོད་འདིར་རྒྱ་གར་རྒྱལ་ཡོངས་ནང་མང་ཚོགས་རྣམས་ཟླ་བ་གཅིག་ལྷག་རང་ཁྱིམ་དུ་བཞུགས་དགོས་པའི་ཐེམ་སྤང་གི་བཀག་རྒྱའི་དུས་སྐབས་འདིར་ཟླ་བ་འདིའི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྣ་ཐོས་ལ་བརྒྱུད་ནས་ད་ལོ་གངས་རིན་པོ་ཆེ་གཙོས་མ་ཕམ་གཡུ་མཚོར་གནས་སྐོར་དང་དེ་བཞིན་ཚོང་འབྲེལ་སོགས་ཀྱི་ཆེད་བསྐྱོད་མི་ཆོག་པའི་བཀག་སྡོམ་གནང་རྒྱུའི་ཐག་གཅོད་གནང་འདུགརྩ་བའི་མངའ་སྡེ་གཞུང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་དུ་ཚོང་འབྲེལ་གྱི་ལས་དོན་གཉེར་ཕྱིར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྣ་ཐོས་ལའི་བརྒྱུད་ལམ་སྒོ་ཕྱེ་གནང་རྒྱུ་དང་དེ་བཞིན་གངས་རིན་པོ་ཆེས་གཙོས་པའི་མ་ཕམ་གཙུ་མཚོར་གནས་མཇལ་དུ་བསྐྱོད་ཆེད་ས་མཚམས་ཀྱི་བརྒྱུད་ལམ་དེ་སྒོ་ཕྱེ་གནང་རྒྱུར་ཐག་གཅོད་གནང་ཡོད་པ་དེ་ལྟར་ཡང་། འབྲས་ལྗོངས་མངའ་སྡེའི་འགྲིམ་འགྲུལ་དང་མཁའ་ལམ་གཅིག་ལྕོགས་བློན་ཆེན་སྐུ་ཞབས་ B.S. Panth ལགས་ཀྱིས་ཏོག་དབྱིབས་གཉན་རིམས་དེ་རྒྱ་ནག་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་རྐྱེན་གྱིས་ད་ལན་བཀའ་སྡོམ་དེ་ལྟར་གནང་དགོས་བྱུང་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ལྷག་དོན་ཁོང་གིས་འདི་ལོ་ནང་རྣ་ཐོས་ལ་བརྒྱུད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་བསྐྱོད་ལམ་སྒོ་ཕྱེ་གནང་རྒྱུ་མིན་པ་གསུངས་འདུགདེ་བཞིན་སྐུ་ཞབས་པཱན་ཐ་ལགས་ཀྱིས་རིམ་པས་དེ་འབྲེལ་འཆར་གཞི་གང་སྒྲིག་པ་དང་ལག་བསྟར་གནང་གཏན་ཁེལ་ཁག་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུ་རྒྱུ་ཡིན་པ་གསུངས་འདུག་པ་མ་ཟད། འབྲས་ལྗོངས་མངའ་སྡེར་རྒྱ་གར་གྱི་འགྲིམ་འགྲུལ་བ་རྣམས་འདི་ལོའི་ཕྱི་ཟླ་ ༡༠ བར་ཡོང་མི་ཆོག་པ་དང་ལྷག་དོན་རྒྱལ་སྤྱིའི་འགྲིམ་འགྲུལ་བ་ཚོ་དེ་བས་ཀྱང་འབྲས་ལྗོངས་མངའ་སྡེར་ཡོང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྣ་ཐོས་ལའི་བརྒྱུད་ལམ་དེ་ནི་རྒྱ་གར་གྱི་ཚོང་པ་ཚོ་ཚད་གཞི་ངེས་ཅན་ཐོག་བོད་ནང་དུ་ཚོང་གཉེར་ཆེད་འགྲོ་ཆོག་པ་དང་དེ་བཞིན་རྒྱ་རིགས་ཚོང་གཉེར་བ་རྣམས་ཀྱང་ཚད་གཞི་ངེས་ཅན་ཐོག་རྒྱ་གར་གྱིི་ས་ཁུལ་དུ་ཡོང་གི་ཡོད་པ་རེད།འོན་ཀྱང་རྒྱ་དཀར་ནག་གཉིས་ཀྱི་དབར་ཕྱི་ལོ་ ༡༩༦༢ ལོར་ས་མཚམས་དང་འབྲེལ་བའི་དམག་འཐབ་བྱུང་ནས་ལོ་བཅུ་ཕྲག་བཞིའི་རྗེས་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༦ ཉིན་སླར་སྒོ་ཕྱེ་གནང་ཡོད་པ་དང་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ཐུགས་འགན་གཙོ་བཞེས་ཐོག་ལོ་བསྟར་རེ་བཞིན་གངས་དཀར་ཏེ་སེ་དང་མ་ཕམ་མཚོར་གནས་སྐོར་བསྐྱོད་རྒྱུའི་གོ་སྒྲིག་གནང་གི་ཡོད་པ་རེད། གངས་རིན་པོ་ཆེ་གཙོས་མ་ཕམ་གཡུ་མཚོར་གནས་མཇལ་དང་དེ་བཞིན་ཚོང་འབྲེལ་སོགས་ཀྱི་ཆེད་ཕེབས་མཁན་ཚོའི་བརྒྱུད་ལམ་རྣ་ཐོས་ལ་དེ་ནི་མངའ་སྡེ་ནང་དཔལ་འབྱོར་གྱི་ཡོང་འབབ་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་ནང་ད་བར་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་གཅིག་ཀྱང་བྱུང་མེད་པ་དང་། མངའ་སྡེ་ནང་དུ་རྒྱལ་ནང་གི་མང་ཚོགས་གཙོས་རྒྱལ་སྤྱིའི་མང་ཚོགས། དེ་བཞིན་ཉིན་གླ་གཉེར་མཁན་བཅས་འཛུགས་ཞུགས་གནང་རྒྱུར་བཀག་སྡོམ་གནང་མཁན་གྱི་མངའ་སྡེ་ཆེས་ཐོག་མ་དེ་ཡིན་པ་དང་མ་ཟད་དགག་སྒོ་ཡོངས་ལ་བཀག་ཡོད་པ་རེད།

རྒྱ་ནག་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ཐེངས་ ༢༡ པ་དེ་ཁ་སང་འདོན་སྤེལ་གནང་བ་དང་སྦྲགས་ཏེ་རྒྱ་ནག་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་འདུག ད་ལན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོ་ནང་ཆོས་དད་རང་དབང་རྡོག་རོལ་ཐད་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གཅིག་དང་དེ་བཞིན་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་བཅས་སྡེ་ཚན་གཉིས་ལ་འབྱེ་ཡོད་པ་རེད། སྙན་ཐོ་བརྒྱུད་ནས་ཨ་རི་ཕྱི་སྲིད་ལས་ཁུངས་ནས་བྷར་མ་དང་རྒྱ་ནག དེ་བཞིན་ཨི་རན། བྱང་ཀོ་རི་ཡ། ཨུ་རུ་སུ། པ་ཀིས་ཏན། སཱའུ་ཌན་ཨ་ར་བྷི་ཡ་སོགས་ཆོས་དད་རང་དབང་རྡོག་རོལ་ཐད་བྱེ་བྲག་ཏུ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་དང་། དེ་བཞིན་སུ་ཌན་དང་ཊར་ཀི། ཨི་རག ཁུ་བྷ། ཨུཛ་བྷེ་ཀིས་ཏན་སོགས་དམིགས་བསལ་དོ་སྣང་གནང་དགོས་པའི་རྒྱལ་ཁབ་ཀྱི་སྡེ་ཚན་ཁོངས་སུ་མིང་འདོན་དགོས་པ་བརྗོད་འདུག རྒྱལ་ཁབ་དེ་དག་ཁྲོད་རྒྱ་ནག་ལྟ་བུར་མཚོན་ན་འདས་ལོར་རྒྱ་གཞུང་གིས་དེས་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་ལ་གསང་མྱུལ་ལྟ་ཞིབ་དང་ངོ་གདོང་ངོས་འཛིན་གྱི་འཕྲུལ་ཆས་བེད་སྤྱོད་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད་ལྷག་པར་ཟླ་བ་ ༤ ཚེས་ ༡ ཉིན་ཁྲིམས་སྒྲིག་གསར་པ་ལག་བསྟར་འོག་ཆོས་ལུགས་ཀྱི་ལྟེ་གནས་ཁག་ཏུ་ཁྲིམས་ཐོག་ནས་སྐུ་ཚབ་དགོས་པ་སོགས་ཀྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག སྙན་ཐོ་ནང་རྒྱ་གཞུང་ནས་མུ་མཐུད་བོད་མི་ཚོར་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་ལག་བསྟར་ཐད་དམ་དྲག་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་འདེམས་ཕྱོགས་ལ་ཐེ་བྱུས་དང་སྟངས་འཛིན་བྱེད་པ་སྒོས་རྒྱ་གཞུང་གིས་སྲིད་བྱུས་ལ་དང་ལེན་མ་བྱེད་མཁན་གྱི་གྲྭ་བཙུན་ཚོར་དགོན་སྡེ་ནས་ཕྱིར་འབུད་དང་བཙོན་འཇུག་བྱས་ཡོད་པ་སོགས་གསལ་འདོན་བྱས་འདུག ཕྱི་ལོ་ ༢༠༡༩ ལོའི་དབྱར་དུས་སྐབས་ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཀྱི་ཤག་སྟོང་ཕྲག་མང་པོ་གཏོར་བཅོམ་བཏང་བ་དང་༸གོང་ས་མཆོག་གི་སྐུ་པར་ཉར་མཁན་ཚོར་འཛིན་བཟུང་སློབ་ཕྲུག་རྣམས་གུང་སེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་བྱས་པའི་གནས་ཚུལ་སོགས་ཐེར་འདོན་བྱས་འདུགཉེ་བའི་ལོ་ནང་རྒྱ་གཞུང་གིས་ཡེ་ཤུའི་ལྷ་ཁང་བཙན་དབང་གིས་སྒོ་བརྒྱབ་པ་དང་ཆོས་དཔོན་རྣམས་འཛིན་བཟུང་བྱས་པ། དེ་བཞིན་མཆོད་ཁང་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་སོགས་བཞག་དགོས་པ་སོགས་ཀྱི་གནད་དོན་དང་ལྷག་པར་ཧྥ་ལུན་གྷོང་ཉམས་ལེན་བྱེད་མཁན་ཚོར་གང་བྱུང་འཛིན་བཟུང་དང་དེ་བཞིན་ཡུ་གུར་དང་། ཀ་ཛཀ། ཀིར་གྷིཛ་དང་གཞན་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ཙམ་ཞིག་ཤིན་ཅང་གི་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ ༡༣༠༠ ལྷག་ནང་བཀག་ཉར་བྱས་ཡོད་པའི་གནད་དོན་སོགས་ཆེད་འདོན་གནང་འདུག རྒྱ་གཞུང་གིས་ཆོས་ལུགས་རང་དབང་ཐད་རྡོག་རོལ་མུ་མཐུད་གཏོང་བར་བརྟེན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་དེ་བྱེ་བྲག་ཏུ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཁོངས་སུ་བཞག་དགོས་པ་དང་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo དང་། Zhu Hailun སོགས་རྒྱ་གཞུང་གི་དཔོན་རིགས། གཞུང་ཚབ་ལས་ཁང་སོགས་ཨ་རི་ནང་འགྲུལ་བསྐྱོད་སླད་བཀག་སྡོམ་དང་རྒྱ་གཞུང་གིས་མུ་མཐུད་ཆོས་ལུགས་རང་དབང་ཐད་རྡོག་རོལ་གཏང་ཚེ་ཨ་རིའི་གཞུང་གི་ལས་བྱེད་ཚོས་ཨོ་རྩེད་འགྲན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མེད་པ་དང་དེ་འབྲེལ་གྱི་གནད་དོན་ཐད་ཡོངས་གྲགས་སྒོ་ནས་ཐུགས་འཚབ་གནང་དགོས་པ་བརྗོད་འདུགལྷག་པར་དུ་ཨ་རི་གྲོས་ཚོགས་ནས་ Tibetan Policy and Support Act of 2019 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དང་གཞན་ཆོས་ལུགས་རང་དབང་གོང་མཐོར་སླད་ཁྲིམས་འཆར་དེ་དག་དང་དེ་བཞིན་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་འདུག་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་ཟུར་དང་འགན་འཛིན་གྲས་སུ་ཡོད་པ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཉེ་ལམ་རང་དབང་ཁང་པའི་སྙན་ཐོ་ནང་བོད་དེ་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཆེས་ཞན་ཤོས་གཉིས་པའི་ཁོངས་སུ་ཆེད་འདོན་གནང་བ་དང་བོད་ནང་གི་གནས་སྟངས་དེ་བྱང་ཀོ་རི་ཡའི་གནས་སྟངས་ལས་ཆེས་ཞན་པ་ཡོད་པར་ལུང་འདྲེན་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་བྱ་སྤྱོད་ལ་དམ་དྲག་དང་སློབ་ཕྲུག་ཚོར་རང་གི་སྐད་ཡིག་དང་ཆོས་ཕྱོགས་སྐོར་སློབ་ཁྲིད་གནང་རྒྱུར་བཀག་སྡམ་བྱེད་བཞིན་ཡོད་སྟབས་ཨ་རི་སྲིད་གཞུང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ངེས་པར་དུ་ཕྱག་བསྟར་དང་ཨ་རིའི་ནང་བོད་གནས་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པར་འབོད་སྐུལ་ཞུས་གནང་འདུག གཞི་རྩའི་ཤོག་གྲངས་ ༡༠༤ ཡོད་པའི་སྙན་ཐོ་དེའི་ནང་འདས་ལོར་རྒྱལ་ཁབ་ ༢༩ ལྷག་གི་ནང་ཆོས་ལུགས་རང་དབང་རྡོག་རོལ་བཏང་བའི་གནད་དོན་ཞིབ་ཕྲ་འདོན་སྤེལ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་དེ་འབྲེལ་ཨ་རིའི་སྲིད་གཞུང་ལ་གནད་དོན་ཁག་གཅིག་ཀྱང་ཞུ་སྐུལ་གནང་འདུག རང་དབང་ཁང་པའི་སྙན་ཐོ་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་སྙན་ཐོ་ཁག་གི་ནང་མུ་མཐུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་ཤོས་ཁོངས་སུ་ཐོན་གྱི་ཡོད་པསའགྲོ་བ་མིའི་ཐོབ་ཐང་དཔྱད་ཞིབ་པ་ཚོས་དུས་ནས་དུས་སུ་དེ་འབྲེལ་གྱི་གནད་དོན་ཐད་ཐུགས་འཚབ་དང་སྦྲགས་ཏེ་ཞུ་གཏུག་གི་ལས་འགུལ་སོགས་སྤེལ་མུས་ཡིན་པ་རེད།

རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ནས་ཏོག་དབྱིབས་རིམས་ནད་ལ་ཞིབ་འཇུག་བྱ་རྒྱུར་འཇིགས་སྐུལ།

དེ་རིང་ཨ་རིར་རྟེན་གཞི་བྱས་པའི་ Dailywire གསར་ཁང་གིས་གནས་ཚུལ་སྤེལ་བར་ད་ཆ་རྒྱལ་སྤྱིའི་སྒང་དུ་ཨ་རི་དང་ཨོ་གླིང་གི་དབུ་ཁྲིད་པའི་ཐོག་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་པར་བརྟེན་རྒྱ་ནག་གིས་ཨོ་གླིང་གིས་ལས་གཞི་དེ་མཚམས་འཇོག་དགོས་པའི་འཇིགས་སྐུལ་བྱས་ཡོད་པར་འཁོད་འདུག ཨོ་གླིང་ནང་གི་རྒྱ་ནག་གི་གཞུང་ཚབ་པ་ Cheng Jingye ཡིས་ཨོ་གླིང་གི་རྒྱལ་ཁབ་ཀྱིས་ད་དུང་མུ་མཐུད་དུ་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་དེ་མཇུག་བསྐྱངས་བ་ཡིན་ཚེ་དེས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ལམ་སྤྱི་དང་སྒོས་སུ་ཨོ་གླིང་གི་དངོས་ཟོག་ཕྱིར་ཚོང་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་པ་ཨོ་གླིང་གི་ཁུལ་དུ་འགྲོ་རྒྱུ། དེ་བཞིན་རྒྱ་ནག་གི་སློབ་ཕྲུག་མང་པོ་ཨོ་གླིང་དུ་སློབ་སྦྱོང་བྱེད་དུ་གཏོང་རྒྱུ་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པར་བརྗོད་དེ་ཨོ་གླིང་གིས་ཨ་རི་དང་མཉམ་འབྲེལ་གྱིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་འདུག རྒྱ་ནག་གིས་ཨོ་གླིང་ལ་འཇིགས་སྐུལ་བྱེད་བཞིན་པའི་དུས་སྐབས་འདིར་ Sky News ཞེས་པའི་གསར་ཁང་གིས་ཨོ་གླིང་གི་ཆབ་སྲིད་པ་མང་པོས་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་རིམས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་བཞིན་གསར་ཁང་གིས་ Financial Review ཞེས་པའི་དཔལ་འབྱོར་བསྐྱར་ཞིབ་ཁང་གིས་ཨོ་གླིང་ནང་གི་རྒྱ་ནག་གི་སྐུ་ཚབ་ལ་བཅར་འདྲི་བྱས་པར་ཁོས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་ཕྱིར་བསྒྲགས་དེ་ཕྱོགས་ཡོངས་ནས་ཆ་ཚང་བ་ཞིག་མིན་པར་ཁས་ལེན་གྱིས་ཨོ་གླིང་གིས་རྒྱལ་སྤྱིའི་སྒང་ནས་རིམས་ནད་འདིའི་འབྱུང་ཁུངས་ལ་ཞིབ་འཇུག་དགོས་པའི་ལས་གཞི་དེ་ནི་རྒྱ་ནག་ལ་སྡང་སེམས་ཆེ་བའི་ཨ་རིའི་མི་ཁག་ཧཅིག་གིས་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་ལས་འགུལ་དེ་ནི་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཤིག་ཡིན་པར་བརྗོད་འདུག གཞན་ཡངཨོ་གླིང་ལས་གཞི་དེས་རྒྱ་ནག་གི་མི་སེར་མང་པོ་ཞིག་ལ་དངངས་འཚབ་དང་བློ་ཕམ་ཆེན་པོ་སྐྲུན་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་པ་དང་སྦྲགས། ཨོ་གླིང་གིས་ད་དུང་ལས་གཞི་དེ་མུ་མཐུད་དུ་མཇུག་སྐྱོང་གནང་བྱས་པ་ཡིན་ན་རྒྱ་ནག་གི་མི་སེར་རྣམས་ཀྱིས་རྗེས་སུ་ཨོ་གླིང་ལ་སྤྲོ་འཁྱམ་དུ་འགྲོ་རྒྱུར་དོ་ཕོག་འགྲོ་ངེས་ཡིན་པར་བརྗོད་པ་མ་ཟད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པར་བརྗོད་འདུག གསར་འགོད་པས་གཞི་རྩའི་ཨ་རིའི་སྲིད་འཛིན་གྱི་འཛིན་སྐྱོང་གིས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་ཀྱང་། རྒྱ་ནག་གི་གནོད་ཤུགས་འོག་ཡོ་རོབ་རྒྱལ་ཁབ་རྣམས་ཀྱིས་ཐད་ཀར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གླེང་གཞི་དེར་མངོན་གསལ་དོད་པོའི་ཐོག་ནས་གླེང་མོལ་གནང་ཐུབ་ཀྱི་མེད་པར་ཡོངས་གྲགས་གནང་སྟེ་རྒྱ་ནག་གིས་རྒྱལ་ནང་གི་སྨན་པ་དང་གསར་འགོད་པ་རྣམས་ཀྱི་ཁ་འགོག་ཐབས་སུ་ཏོག་དབྱིབས་རིམས་ནད་དེ་དང་ཐོག་ཨ་རིའི་དམག་མི་ལས་བྱུང་བར་བརྗོད་པ་དང་དེ་བཞིན་རིམས་ནད་ཀྱི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ཕྱིར་བསྒྲགས་ལ་གསང་རྒྱ་བྱེད་བཞིན་པ། གཞན་ཡང་རྒྱ་ནག་གི་ནང་དུ་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པ་ཡོངས་གྲངས་གནང་འདུག

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ཐུགས་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཡོ་རོབ་སྦེལ་ཇམ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Samuel Cogolati མཆོག་གིས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པར་མགྱོགས་མྱུར་གློད་བཀྲོལ་དགོས་པའི་བརྡ་ལན་གསལ་པོ་སྤྲོད་དགོས་པ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྦེལ་ཇམ་གཞུང་གི་འགན་འཁུར་གང་འདྲ་བཞེས་ཀྱི་ཡོད་མེད་སོགས་དང་འབྲེལ་བའི་འདྲི་རྩད་ཅན་གྱི་བསྒྲགས་གཏན་ཞིག་སྤེལ་ཡོད་པ་རེད། གྲོས་ཚོགས་འཐུས་མིའི་འདྲི་རྩད་ཅན་གྱི་བསྒྲགས་གཏན་དེའི་ཐད་ཕྱི་ཚེས་ ༢༥ སྟེ་༸ཀུན་གཟིགས་༸པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་སྦེལ་ཇམ་ཕྱི་སྲིད་བློན་ཆེན་སྐུ་ཞབས Philippe Goffin མཆོག་གིས་ལན་འདེབས་ཤིག་གནང་བ་བརྒྱུད་ནས་སྦེལ་ཇམ་གཞུང་ནས་དུས་རྟག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་ལོ་ངོ་ ༢༥ ལྷག་གི་རིང་ལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མའི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐོག་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག ཕྱི་སྲིད་བློན་ཆེན་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ནི་བོད་མིའི་ཆོས་ཕྱོགས་དང་འབྲེལ་བ་ཡོད་སྟབས། རྒྱ་ནག་གཞུང་ནས་དེ་ལ་ཐད་བྱུས་རིགས་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་ནན་པོ་གནང་འདུག་པ་མ་ཟད་འདས་པའི་ལོ་དུས་ནང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐབས་སུ་སྦེལ་ཇམ་གཞུང་གིས་རྒྱ་ནག་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་མོལ་མང་དག་ཅིག་གནང་བ་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་པ་མ་ཟད། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་རྒྱ་ནག་གྱི་སྐུ་ཚབ་ལ་དངོས་སུ་འདྲི་རྩད་སོགས་ཀྱང་བྱེད་ཡོད་པ་ལུང་འདྲེན་དང་སྦྲགས། བོད་ཀྱི་གནད་དོན་ཐོག་བློན་ཆེན་སྐུ་སྒེར་གྱི་ངོས་ནས་མུ་མཐུད་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡིན་སྐོར་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་གི་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཁག་ནས་གྲངས་ཉུང་མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐད་འདྲི་རྩད་བྱས་པ་ཁག་ལ་ལན་འདེབས་གནང་སྟངས་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་རྒྱ་ནག་དང་བོད་ཁུལ་དུ་ཕེབས་རྒྱུའི་རེ་སྐུལ་ཁག་ནར་འགྱངས་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། སྦེལ་ཇམ་གཞུང་ནས་ཡོ་རོབ་མཐུན་ཚོགས་དང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་ཟུང་འབྲེལ་ཐོག་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་གི་གནས་སྟངས་སོགས་ཀྱི་ཐད་མུ་མཐུད་ཐུགས་སྣང་གང་ཐུབ་གནང་གི་ཡིན་ཅེས་གསུངས་འདུག གཞི་རྩའི་ད་རེས་སྦེལ་ཇམ་ཕྱི་སྲིད་བློན་ཆེན་སྐུ་ཞབས Philippe Goffin མཆོག་གིས་ལན་འདེབས་འདི་མ་གནང་བའི་གོང་དུ་ཡོ་རོབ་གྲོས་ཚོགས་འཐུས་མི་ ༣༢ ཀྱིས་ཟུང་འབྲེལ་ཐོག་ཡོ་རོབ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ Josep Borrel མཆོག་ལ་ཡང་ཞུ་སྙན་ཞིག་ཕུལ་ནས་རྒྱ་ནག་གཞུང་གི་ངོས་ནས་ཆ་རྐྱེན་གང་ཡང་མེད་པར་༸པཎ་ཆེན་རིན་པོ་ཆེ་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་དགོས་པའི་ཤུགས་གནོན་སྤྲོད་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།

ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་འཛིན་བཟུང་བྱས་པའི་གསར་འགོད་པ་རྣམས་གློད་བཀྲོལ་དགོས།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ད་ཆ་ཏོག་དབྱིབས་ནད་ཡམས་གནས་སྟངས་ཀྱི་ཐད་ནས་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་རྣམས་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཀྱིས་ཉེ་ཆར་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གི་གནས་ཚུལ་དང་འབྲེལ་ཏེ་གསར་འགོད་པ་ Chen Qiushi དང་ Fang Bin སོགས་ཀྱི་མི་གསུམ་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག གནས་ཚུལ་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དུ་རྒྱ་ནག་ལ་ཞིབ་འཇུག་བྱེད་བཞིན་པའི་ Yaqiu Wang ཟེར་བ་ཞིག་གིས་ད་ཆ་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ནང་དུ་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱས་ནས་ལེགས་གྲུབ་བྱུང་ཡོད་པར་དྲིལ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་སྤེལ་མཁན་རྣམས་གང་བྱུང་དུ་འཛིན་བཟུང་བྱེད་ཀྱི་ཡོད་སྟབས། ཏོག་དབྱིབས་ནད་དུག་གི་དངོས་ཡོད་གནས་སྟངས་མང་པོ་ཞིག་ནམ་ཡང་ཤེས་ཐབས་མེད་པར་ལྷག་སྲིད་པར་བརྗོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ཟླ་བ་འདིའི་ ༡༩ ཉིན་མིང་ལ་ Cai དང་Tang ཟེར་བའི་མི་གཉིས་འཛིན་བཟུང་བྱས་ཡོད་པ་ཡོངས་གྲགས་ཀྱིས་རྒྱ་ནག་གིས་རྒྱལ་ནང་དུ་སྲིད་གཞུང་གིས་རྟོག་ཞིབ་བཀའ་རྒྱ་བཏང་ཡོད་པར་ཡ་ལན་སློག་པའི་ཉེས་འཛུགས་འོག་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་ཞིག་ཡིན་པར་བསྒྲགས་ཏེ་ད་ཆ་སྲིད་གཞུང་གིས་མི་སུ་ཞིག་གཞུང་གི་བཀའ་རྒྱའི་འོག་འཛིན་བཟུང་བྱས་པ་ཡིན་ཚེ་ཟླ་བ་དྲུག་གི་རིང་ལ་འཛིན་བཟུང་བྱས་པའི་མི་དེ་དག་གི་གནས་སྟངས་ཕྱིར་བསྒྲགས་བྱེད་མི་དགོས་པའི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱེད་ཀྱི་ཡོད་པར་འཁོད་འདུག རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལས་མི་མང་པོ་ཞིག་ནི་ཏོག་དབྱིབས་རིམས་ནད་ཐོག་ནས་གནས་ཚུལ་ཕྱིར་འདོན་བྱེད་ནཁན་གྱི་ཚོགས་པ་ Terminus 2049 ཞེས་པའི་གསང་ཚིག་བརྒྱུད་དེ་གནས་ཚུལ་མཁོ་འདོན་བྱེད་མཁན་གྱི་ཚོགས་པའི་ཚོགས་མི་ Cai Wei དང་ Chen Mei སོགས་ཡིན་ཞིང་། རྒྱ་ནག་གིས་ཚོགས་པ་དེའི་ཚོགས་མི་ཁག་ཅིག་འཛིན་བཟུང་བྱས་པར་བརྟེན་ད་ཆ་ཚོགས་པ་དེའི་གནས་ཚུལ་མཁོ་འདོན་བྱེད་ཐབས་མེད་པར་སྒོ་བརྒྱབ་ཡོད་པ་མངོན་གསལ་གནང་འདུག རྩ་བའི་རྒྱ་ནག་གིས་ཏོག་དབྱིབས་གནས་ཚུལ་ཕྱིར་བསྒྲགས་དང་འབྲེལ་ནས་མི་མང་པོ་འཛིན་བཟུང་བྱས་ཡོད་པ་ལས་གཙོ་བོ་ཁྲིམས་རྩོད་པ་དང་གསར་འགོད་པ། དེ་བཞིན་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་སྐབས་གྲོང་ཁྱེར་ཝུ་ཧན་གྱི་སྨན་ཁང་ཁག་གི་གནས་ཚུལ་བརྙན་ལམ་ནས་ཕྱིར་བསྒྲགས་བྱེད་མཁན་གྱི་མི་སེར་དཀྱུས་མ་སོགས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་ཐེར་འདོན་གྱིས་འགྲོ་བ་ཐོབ་ཐང་གི་ཞིབ་འཇུག་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་གི་ནང་དུ་གནས་ཚུལ་ཁྱབ་སྤེལ་འགྲོ་བར་རང་དབང་མེད་པར་བརྟེན་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་དུ་ཁྱབ་ཡོད་པར་ལུང་འདྲེན་གྱིས་ད་ཆ་ཕྱི་ལོག་གི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་གནོད་ཤུགས་སྤྲད་པ་བརྒྱུད་པ་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་ཉེས་མེད་ཀྱི་ཁྲིམས་རྩོད་པ་དང་གསར་འགོད་པ་མང་པོ་ཞིག་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་འདུག

Latest news