Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

གོ་ལའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་བ་ Greta Thunberg ལགས་ལ་བསྔགས་བརྗོད་མཛད་པ།

ཕྱི་ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་གོ་རྟོགས་དང་། ཞུ་སྐུལ་སོགས་ཀྱི་ལས་འགུལ་སྤེལ་མཁན་བུ་མོ་ན་ཆུང་ Greta Thunberg ལགས་ཀྱི་ལས་དོན་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ཀྱང་རྣམ་ཀུན་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་འདི་གཏོར་བཤིག་གཏོང་རྒྱུའི་ནུས་པ་དེ་འགྲོ་བ་མི་གཅིག་པོར་ཡོད་པ་བཞིན། འཛམས་གླིང་འདི་སྲུང་སྐྱོབ་གནང་རྒྱུའི་ནུ་པ་དེ་འགྲོ་བ་མི་གཅིག་པོར་ཡོད་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་བཀའ་འགྲེལ་དང་འབྲེལ་ཏེ་ན་ཆུང་བུ་མོ་ Greta Thunberg ལགས་ཀྱིས་ཚན་རིག་མཁས་པའི་གྲུབ་དོན་དང་མཐུན་པོའི་ཆེས་ཛ་དྲག་གི་གནས་སུ་འགྱུར་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཕྱག་ལས་གནང་མུས་ཡིན་པར་ཡི་རང་བསྔགས་བརྗོད་ཡོད་ཅེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ Greta Thunberg ལགས་ཀྱིས་ད་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བ་དེས་རྒྱལ་སྤྱིའི་མང་ཚོགས་ཁྲོད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གལ་ཆེའི་རང་བཞིན་རྣམས་ཆེས་མངོན་གསལ་གནང་ཐུབ་ཡོད་པ་མ་ཟད། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་གོ་ལའི་གནམ་གཤིས་འགྱུར་ལྡོག་གྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་རྒྱུར་སེམས་འགུལ་ཐེབས་འཇུག་པར་ཆེ་བསྟོད་དང་སྦྲགས། མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་སླད་མར་ལས་འགུལ་རྣམས་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུགགཞི་རྩའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་བ་ Greta Thunberg ལགས་ནི་ཡོ་རོབ་ Sweden རྒྱབ་ཁབ་ཀྱི་མི་སེར་དང་ད་ལྟའི་ཆར་རང་ལོ་ ༡༦ ཡིན་པ་རེད།  ཁོང་གིས་དེ་སྔ་ ༢༠༡༨ ལོར་ Sweden རྒྱབ་ཁབ་ཀྱི་གྲོས་ཚོགས་མདུན་དུ་འགོ་ཁྲིད་རྣམས་ཁོར་ཡུག་གྱི་གནད་དོན་ལ་དོ་སྣང་དགོས་པ་སོགས་ཀྱི་ཤོག་བྱང་བསྣམས་ཏེ་ཁེར་རྐྱང་གིས་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ལོ་དེར་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་འདོད་པ་ཡོད་མེད་ལ་ལྟོས་མེད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་ནི་དངོས་འབྲེལ་ཡིན་སྟབས། ཞལ་ཞེ་གཉིས་མེད་ངང་ནས་ལས་འགུལ་སྤེལ་དགོས་པ་སོགས་ཞུ་སྐུལ་གསུང་བཤད་གནང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པ་དང་ལྔ་པའི་ནང་ལ་ཁོང་གིས་དབུ་འཛུགས་གནང་བའི་ School strike for the climate ཞེས་ཁོར་ཡུལ་དོན་དུ་ངོ་རྒོལ་གྱི་ལས་འགུལ་དེར་རྒྱལ་སྤྱིའི་རྒྱལ་ཁབ་ ༡༢༥ འི་མང་ཚོགས་དང་སློབ་གྲྭར་སློབ་གཉེར་གནང་བཞིན་པའི་སློབ་མ་ས་ཡ་གཅིག་ལྷག་ནས་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་ཡོད་པ་རེད། ལྷག་དོན་རྒྱལ་སྤྱིའི་མང་ཚོགས་མང་དུ་མས་ཁོང་གི་ལས་འགུལ་དེར་ཡི་རང་བསྔགས་བརྗོད་ཞུ་མུས་ཡིན་པ་མ་ཟད། ནོར་ཝེ་གྲོས་ཚོགས་ནས་ཀྱད་ Greta Thunberg ལགས་ལ་ཆེ་བསྟོད་དང་སྦྲགས་ཏེ་འདི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་ཁོངས་སུ་མཚན་འདོན་གནང་ཡོད།

བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ ༢༠༡༩ ལོའི་མང་གཙོའི་གཟེངས་རྟགས་གནང་གཏན་ཁེལ་བ།

National Endowment for Democracy འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་འདི་ལོའི་མང་གཙོའི་གཟེངས་རྟགས་བོད་དོན་ལས་འགུལ་བསྟི་གནས་ཁང་གཙོས་མང་གཙོའི་ཚོགས་པ་གསུམ་ལ་གནང་གཏན་ཁེལ་འདུག ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ NED འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༠༣ ནས་དབུ་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་མང་གཙོ་གོང་འཕེལ་གནང་ཐབས་ཐོག་ཕྱག་ལས་གཟེངས་སུ་ཐོན་པར་གནང་མཁན་ཚོགས་སྒེར་ཁག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། Democracy Award ཞེས་མང་གཙོའི་གཟེངས་རྟགས་ཤིག་གནང་སྲོལ་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་དེ་ Tibet Action Institute ཞེས་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ World Uygur Congress ཞེས་རྒྱལ་སྤྱིའི་ཡུ་གུར་ཚོགས་པ། དེ་བཞིན་ China Aid ཞེས་ཡི་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གསུམ་ལ་གནང་རྒྱུ་རེད་འདུགགཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ནི་ཕྱི་ཟླ་ ༦ ཚེས་ ༤ ཉིན་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་རྒྱ་གཞུང་གིས་གོ་མཚོན་དམག་མི་ཆེད་གཏོང་གིས་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་གནད་དོན་བྱུང་ནས་ལོ་ངོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཕྱི་དྲོ་ཚོུད་ ༥ ནས་ ༧ བར་འཚོགས་རྒྱུ་ཡིན་པ་དང་། དེའི་ཐོག་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གསུང་བཤད་གནང་མཁན་ཁོངས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཆེད་ཕེབས་གནང་གི་ཡོད་པ་རེད། སྐབས་དེར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་ལྷག་སྒྲོན་བཀྲས་མཐོང་ལགས་དང་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་གཙོ་འཛིན་ Dolkun Isa ལགས། དེ་བཞིན་ཡུ་ཤུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Bob Fu ལགས་བཅས་གསུམ་ནས་རང་ཉིད་ཀྱི་ཚོགས་པའི་སྐུ་ཚབ་གནང་ནས་མང་གཙོའི་གཟེངས་རྟགས་དེ་བཞེས་རྒྱུ་ཡིན་པ་རེད། ཐེངས་འདིའི་གཟིེངས་རྟགས་དང་འབྲེལ་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲྭ་རྒྱའི་བདེ་འཇགས་ཀྱི་ལས་འཆར་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་ཀྱིས་ད་རེས་ཀྱི་གཟེངས་རྟགས་བརྒྱུད་ནས་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་པ་དང་ཆབས་ཅིག བོད་དང་རྒྱ་ནག་གཉིས་ནང་དུས་ད་ལྟརའང་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པ་མ་ཟད། མང་ཚོགས་རྣམས་རྒྱའི་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པར་ཁས་ལེན་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་སོང་།གཞི་རྩའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནི་རྒྱལ་སྤྱིའི་ཐོག་མང་གཙོ་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ་ཐོག་མར་ཕྱི་ལོ་ ༡༩༨༣ ལོར་ཨ་རི་ནང་ཆེད་འཛུགས་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེས་རྒྱལ་སྤྱིའི་ཡུལ་གྲུ་དུ་མའི་ནང་མང་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་བསྟི་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་མ་ཟད། དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་ཞུས་ནས་ཕུལ་ཡོད་པ་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་དེ་ཚད་ལྡན་མང་གཙོ་ལམ་ལུགས་སུ་ཤར་བསྐྱོད་གནང་བཞིན་པ་མ་ཟད། མང་གཙོའི་ལམ་སྲོལ་སྲ་བརྟན་ཡོད་བཞིན་པ་དེར་ངོས་འཛིན་དང་ཆེད་བསྟོད་ཞུ་ཆེད་དུ་གཟེངས་རྟགས་དེ་ཕུལ་མྱོང་ཡོད་པ་རེད།  

བོད་རིགས་ཚོས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པར་སྣེ་ལེན།

ཁ་ཉིན་ཕྱི་ཚེས་ ༢༩ ཉིད་ཡོ་རོབ་ Netherlands རྒྱལ་ས་ Hague  ཁུལ་དུ་རྒྱ་ནག་གྱི་སྲིད་འཛིན་གཞོན་པ་ Wang Qishan ཚོང་འབྲེལ་ཆེད་དུ་ཁུལ་དེར་འབྱོར་བ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་རིགས། ཡུ་གུར་བ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་ཡུལ་དེར་རྟེན་གཞིར་བྱས་པའི་སྲིད་འཛིན་གྱི་གཞུང་འབྲེལ་བཞུགས་གནས་ཀྱི་ཉེ་འདབས་སུ་ཡོད་པའི་རྒྱ་ལམ་གྱི་ཟུར་ནས་ངོ་རྒོལ་སྐད་འབོད་གནང་འདུགརྒྱ་རིགས་རུ་ཁག་ཞིག་གིས་ལམ་ཟུར་དེ་ནས་རྒྱའི་རྒྱལ་དར་དང་སྦྱར་ཡིག་ཁྱེར་ནས་སྣེ་ལེན་ཞུ་བཞིན་པའི་ཁ་སྤྲོད་དུ་བོད་རིགས་ཚོས་ཕྱག་ལ་བོད་ཀྱི་རྒྱལ་དར་བསྣམས་ནས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་དགོས། བོད་ནང་དྲག་གནོན་མཚམས་འཇོག་བྱེད་དགོས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་ཞེས་འཁོད་པའི་སྦྱར་ཡིག་འཕྱར་བཞིན་ཞལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་ཞེས་འབོད་ཚིག་སྒྲོག་ནས་ངོ་རྒོལ་གྱི་ལམ་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པར་སྣེ་ལེན་གནང་འདུགསྐབས་དེར་ཁུལ་དེའི་ Boeddhistisch dabnlad ཞེས་པའི་གསར་ཁང་ལ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཚེ་རིང་བྱམས་པ་ལགས་ཀྱིས་ Netherlands སྲིད་བློན་ Ruttem མཆོག་ནས་ངེས་པར་དུ་རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་བྱེད་དགོས་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་གཏང་རྒྱུ་མེད་སྐོར་ཐོག་ལ་སྐུལ་མ་གནང་དགོས་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་སྲིད་བྱུས་དང་འབྲེལ་བའི་འཆར་གཞི་དང་ལས་འགུལ་སྤེལ་བར་ས་གནས་བོད་རིགས་གཙོ་གྱུར་ས་གནས་ཁོར་ཡུག་ཚན་པའི་ཚོགས་མི་རྣམས་མཉམ་ཞུགས་གནང་འཇུག་དགོས་པ་སོགས་ངེས་པར་དུ་གླེང་སློང་གནང་་དགོས་པའི་དགོས་འདུན་ཁག་གཅིག་ཆེད་འདོན་གནང་འདུགརྩ་བའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཟླ་ ༥ ཚེས་ ༢༦ ནས་ཉིན་གསུམ་གྱི་རིང་ Pakistan ཁུལ་དུ་འབྱོར་ཡོད་པ་དང་སྐབས་དེར་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་གྱི་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། དེ་ནས་ཡོ་རོབ་ Netherlands ཁུལ་དུ་ཡུལ་དེའི་སྲིད་བློན་དང་ལྷན་དུ་ཚོང་འབྲེལ་སླད་གྲོས་བསྡུར་བྱས་ཡོད་པ་མ་ཟད་ཁ་སང་ཚེས་ ༣༠ ཉིན་ Germany ཁུལ་དུ་འབྱོར་ནས་ཕྱི་ཚེས་ ༢ གྱི་བར་དུ་འཇར་མ་ནིའི་དཔོན་རིགས་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཚོང་འབྲེལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཨ་རིའི་གཞུང་ཚབ་པས་བོད་ཀྱི་གནད་དོན་ཐོག་གང་གསུངས་བར་ཕྱག་ལེན་དོན་འཁྱོལ་གནང་དགོས།

ཨ་རིར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Terry Branstad ལགས་ཀྱིས་བོད་ནང་གཞུང་འབྲེལ་འཚམས་གཟིགས་བརྒྱུད་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་གཞི་རྩའི་བཞེངས་ཕྱོགས་བསྐྱར་ནན་གནང་བར་སྔགས་བརྗོད་དང་འབྲེལ། གཞུང་ཚབ་པ་མཆོག་གིས་ད་ཆ་བོད་ཀྱི་གནད་དོན་ཐོག་གང་གསུངས་པ་དེའི་ཐོག་དོན་དམ་པས་ཕྱག་ལེན་དོན་འཁྱོལ་གནང་དགོས་ཞེས་གསུངས་འདུགལས་འགུལ་ཁང་གིས་ཁ་སང་སྐུ་ཞབས་ Terry Branstad ལགས་ནས་ཐེངས་འདིའི་བོད་ནང་གི་འཚམས་གཟིགས་བརྒྱུད་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གྲོས་མོལ་བརྒྱུད་ནས་སེལ་རྒྱུ་དང་། བོད་མི་རྣམས་ལ་ཆོས་ལུགས་རང་དབང་སྤྲོད་དགོས་པ། ཕྱི་མི་བོད་ནང་རང་དབང་ཐོག་ནས་འགྲུལ་སྐྱོད་ཆོག་པ་བཅས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་གཞི་རྩའི་བཞེངས་ཕྱོགས་གསུམ་ནན་གསུངས་ཀྱིས་བསྐྱར་ནན་གནང་ཡོད་སྟབས། ཁོང་གི་འཚམས་གཟིགས་དེ་ནི་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད་པར་གསུངས་འདུག རྩ་བའི་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lu Kang ཡིས་སྐུ་ཞབས་ Branstad ལགས་ནས་བོད་ནང་གི་འཚམས་གཟིགས་ཁྲོད་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ སོང་བའི་ཁྲོད་བོད་མིའི་འཚོ་བ་དང་དཔལ་འབྱོར། སྤྱི་ཚོགས་སོགས་འཕེལ་རྒྱས་འགྲོ་བར་གཟིགས་རྒྱུ་དང་། དེའི་བརྒྱུད་ཁོང་ནས་དེ་འབྲེལ་ཕྱོགས་ལྷུང་མེད་པར་བོད་ཀྱི་དངོས་ཡོད་གནས་སྟངས་ལ་མཐའ་སྡོམ་གནང་བའི་རེ་བ་ཡོད་པར་བརྗོད་ཀྱང་། སྐུ་ཞབས་ Branstad ལགས་ཀྱིས་འཚམས་གཟིགས་ལེགས་གྲུབ་རྗེས་སུ་སྤྱི་བསྒྲགས་ཤིག་སྤེལ་བ་དང་སྦྲགས། རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ཡང་ན་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་སླད་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་ལྷག་པར་དུ་བོད་ནང་ཕྱི་མི་རང་དབང་སྒོ་ནས་འདྲ་མཉམ་གྱི་འགྲུལ་སྐྱོད་ཆོག་པའི་གནད་དོན་བཅས་གླེང་སློང་གནང་ཡོད།   ཁ་སང་པེ་ཅིང་དུ་ཚོགས་པའི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་སྐབས་ Lu Kang ལ་ཨ་རིའི་གཞུང་ཚབ་མཆོག་གིས་གསུངས་པའི་བཀའ་མོལ་སྐོར་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་ཨ་རིའི་གཞུང་ཚབ་མཆོག་ནས་བོད་རང་སྐྱོང་ལྗོངས་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་བཟང་ཕྱོགས་ཀྱི་བཀའ་མོལ་གནང་ཡོད་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་ནས་ཡུལ་དེའི་ནང་སྲིད་ཀྱི་གནད་དོན་དང་ལྷག་པར་དུ་བོད་དོན་ཐད་ཀྱི་གནད་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་རིགས་བྱེད་པར་མཐའ་གཅིག་ཏུ་དགག་པ་ཡོད་པར་བསྐྱར་ནན་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ Branstad ལགས་ནས་སྤྱིར་བསྒྲགས་ནང་འཚམས་གཟིགས་ཁྲོད་རྒྱ་གཞུང་ནས་ཁོང་ལ་ས་ཁུལ་གང་དུ་ཕེབས་རྒྱུ་དང་མི་སྣ་སུ་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་རང་དབང་ཇི་ཙམ་སྤྲོད་ཡོད་མེད་ཐད་ལ་གང་ཡང་གསུངས་མེད་པ་དང་། བརྒྱུད་ལམ་ཁག་གཅིག་གིས་ཨ་རི་གཞུང་ཚབ་པ་བོད་ནང་འཚམས་གཟིགས་གནང་སྐབས་བོད་མི་མང་ཚོགས་ནས་དེ་འབྲེལ་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་དང་། རྒྱ་གཞུང་ནས་ཁོང་གི་འཚམས་གཟིགས་ཀྱི་གནད་དོན་དེ་ཡང་ཆེས་དམ་དྲག་གི་གསང་བ་བྱས་སྟབས། སྐུ་ཞབས་ Branstad ལགས་སུ་འཚམས་གཟིགས་དེ་འབྲེལ་ཕྱོགས་ལྷུང་མེད་པར་ཞིབ་རྟོགས་གནང་རྒྱུའི་གོ་སྐབས་བྱུང་མེད་པར་གསུངས་འདུག ད་དུང་དེ་ལས་ནས་སྐུ་ཞབས་ Branstad ལགས་ཀྱིས་ཨ་རི་གཞུང་གི་བོད་ཐོག་འཛིན་པའི་བཞེངས་ཕྱོགས་རྣམས་བསྐྱར་ནན་གནང་བར་བསྔགས་བརྗོད་དང་ཆབས་ཅིག་ཏུ་ཨ་རི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་གཞུང་ལ་བོད་རྒྱ་གྲོས་མོལ་གནང་བར་སྐུལ་མ་དང་། བོད་ནང་ཕྱི་མི་རང་དབང་ཐོག་ནས་འགྲུལ་སྐྱོད་ཆོག་པའི་སྲིད་བྱུས་ཡོངས་ནས་ཕྱག་བསྟར། དེ་བཞིན་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འབྲུ་དོན་ལས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་ལ་རྒྱ་གཞུང་གི་མི་སྣ་ཨ་རི་ནང་དམ་དྲག་མེད་པར་འགྲུལ་སྐྱོད་ཆོག་པ་བཞིན་ཕྱི་མི་སྲིད་དོན་པ་དང་། གསར་འགོད་པ།  དེ་བཞིན་ཨ་རི་མི་སེར་རྣམས་བོད་ནང་འགོག་རྐྱེན་མེད་པར་འགྲུལ་སྐྱོད་ཆོག་དགོས་པ་དང་སྒོས་སུ་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་ཐད་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་མ་ཟད། རྒྱ་གཞུང་ནས་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མིའི་གུས་བརྩི་དང་ཡིད་ཆེས་ཉོ་ཐུབ་ཀྱི་མེད་པས་དམར་ཤོག་ཚོགས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ལམ་ལྷོང་བྱུང་མེད་པ་ཤེས་དགོས་པ་དང་། བོད་རྒྱ་གཉིས་ཞི་འགྲིག་ཡོང་བར་རྒྱ་གཞུང་ནས་ཡིན་གཅིག་༸གོང་ས་མཆོག་གམ་མགོན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གནང་དགོས་སྐོར་གསུངས་ཡོད།

༸གོང་ས་མཆོག་གིས་སྲིད་བློན་མོ་དི་མཆོག་ལ་འཚམས་འདྲི་མཛད་པ།

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་ནས་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ BJP ལ་རྒྱལ་ཁ་ཤུགས་ཆེ་ཐོབ་པར་བརྟེན་སྲིད་བློན་མོ་དི་མཆོག་སླར་ཡང་ལོ་ལྔའི་རིང་རྒྱ་གར་གྱི་སྲིད་བློན་གནང་གཏན་ཁེལ་བ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་མཛད་འདུག འཚམས་འདྲི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་འདི་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་པར་ཐུགས་ལ་དགྱེས་སྤོབས་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་རྒྱ་གར་འདི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཞིག་ཡིན་པ་མ་ཟད་བྱམས་པ་དང་སྙིང་རྗེ་གཞི་རྩར་འཛིན་པའི་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་ཅེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མི་གཅིག་གྱུར་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་མཛད་འགན་ཐོག་རྒྱ་གར་གྱི་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་ལེགས་བཤད་དེ་དག་ད་ཆ་རྒྱ་གར་ནང་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་པ་དང་། དེར་རྒྱ་གར་བ་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཁྲོད་ནས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་ཐོབ་བཞིན་པ་དེས་མགོན་པོ་༸གང་ཉིད་མཆོག་ནས་རེ་བ་བཟང་པོ་ཞིག་གཟིགས་སྐོར་བཀའ་བསྩལ་བ་དང་སྦྲགས། དེང་སྐབས་རྒྱ་གར་འདི་བཞིན་འཛམ་གླིང་ཁྱོན་ཡོངས་སུ་གནའ་དེང་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་ཐོག་ནས་འགྲོ་བ་མིའི་སེམས་ནང་དོན་དམ་གྱི་ཞི་བདེ་སྐྲུན་རྒྱུ་སླད་རེ་བ་རྒྱག་ས་གཅིག་པོ་དེ་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་བཅུ་བཞི་པའི་ནང་བོད་ཀྱི་མཁས་པ་ཞིག་གིས་ཁ་བ་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་མ་དར་བར་དུ་སྨག་རུམ་མུན་པས་འཐིབ་ཀྱི་རེད་ཅེས་གསུངས་པ་ལུང་འདྲེན་གྱིས་བོད་མི་ཚོས་རྒྱ་གར་འཕགས་ཡུལ་འདི་ཉིད་ནང་ཆོས་ཀྱི་འབྱུང་གནས་སུ་ངོས་འཛིན་ཞུས་ཏེ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་དང་། དུས་རབས་བརྒྱད་པའི་ནང་བོད་དུ་དཔལ་ནཱ་ལེནྡཱའི་ལེགས་བཤད་དར་འཕེལ་བྱུང་བར་བརྟེན་བོད་ཀྱི་རིག་གནས་ཡར་རྒྱས་ཐོག་ཕན་རླབས་ཤུགས་ཆེ་བྱུང་ཡོད་པར་བཀའ་བསྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་ཟླ་བ་སྔོན་མའི་ནང་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་། རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་བར་བོད་མི་ཚོས་བཙན་བྱོལ་ནང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་གནང་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་དང་། སྲིད་བློན་མོ་དི་མཆོག་གི་འབྱུང་འགྱུར་ལས་དོན་རྣམས་བྱ་བ་ལམ་ལྷོངས་ཡོང་བ་དང་།  ལས་དོན་ཁྲོད་ཀྱི་ངལ་བ་ལས་རྣམ་པར་རྒྱལ་ཏེ་རྒྱ་གར་མི་མང་གི་བསམ་དོན་འགྲུབ་པའི་ཐུགས་སྨོན་མཛད་འདུག གཞི་རྩའི་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཟླ་ ༤ ཚེས་ ༡༡ ནས་ཟླ་ ༥ ཚེས་ ༡༩ བར་གནང་ཡོད་པ་དང་། འོས་བསྡུའི་ཁྲོད་སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ BJP དང་དེའི་མཐུན་ཕྱོགས་ཆབ་སྲིད་ཚོགས་པ་བཅས་ལ་གྲོས་ཚོགས་འོག་མའི་གདན་གྲངས་ ༥༤༢ ཡོད་པ་ལས་གདན་གྲངས་ ༣༥༣ ཐོབ་སྟེ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། སྲོད་བློན་མོ་དི་མཆོག་ནས་ཟླ་ ༥ ཚེས་ ༢༨ དང་ ༢༩ གང་རུང་ཞིག་ཏུ་སྐབས་གཉིས་པའི་སྲིད་བློན་གྱི་དམ་འབུལ་བཞེས་རྒྱུ་རེད་འདུག

བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས།

ཁ་སང་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཨ་རི་ New York ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཕྱི་ལོ་ ༢༠༠༨ གྱི་ས་བྱི་ཞི་རྒོལ་ཆེན་མོའི་གནད་དོན་དང་འབྲེལ་ནས་བོད་མི་འཛིན་བཟུང་བྱས་པའི་ཁ་མཆུ་ ༨༠ ཙམ་ཆེད་སྒྲིག་གནང་བའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༠༨ ནས་ད་བར་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་བརྗོད་འདུག ཞིབ་འཇུག་གི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་བཙོན་འཇུག་བྱས་པའི་གང་ཟག་དེའི་ནང་མི་ལ་དྲག་གནོན་འདྲ་མིན་བརྒྱུད་ཐུག་འཕྲད་དང་འབྲེལ་བ་གནང་མི་ཆོག་པ་མ་ཟད། བཙོན་འཇུག་བྱས་པའི་མི་སྣ་དེའི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་སྤྲོད་ཀྱི་མེད་པ་དང་། བཙོན་ཁང་གི་ནང་བཟོད་གླགས་མེད་པའི་དྲག་པོའི་མནར་གཅོད་བཏང་རྐྱེན་འཕྲོད་བསྟེན་ལ་ཛ་དྲག་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་ད་བར་བོད་མི་ཆབ་སྲིད་བཙོན་པ་མང་དག་ཅིག་བཙོན་ཁང་ནས་ཛ་དྲག་འོག་སྨན་བཅོས་གནང་དགོས་པའི་གནད་དོན་ཡང་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུགརྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཞི་བའི་ལས་འགུལ་སྤེལ་མཁན་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་ཁོང་རྣམས་ཀྱི་གནས་བབས་རྣམས་ཁ་གསལ་བཟོ་དགོས་པ་མ་ཟད། ནང་མི་དང་ཁྲིམས་རྩོད་པ། སྨན་པ་སོགས་དང་ལྷན་དུ་ཐུག་འཕྲད་དང་བསྟེན་གཏུག་གནང་འཇུག་དགོས་པར་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ལྟ་ཞིབ་ཁང་གི་འགན་འཛིན་ Sophie Richardson ལགས་ཀྱིས་བོད་མི་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་དུ་ཞི་བའི་ལས་འགུལ་ཆུང་ཚགས་ཤིག་སྤེལ་རྐྱེན་དུས་ཡུན་རིང་པོའི་རིང་ལ་བཙོན་འཇུག་ཁྲིམས་ཆད་མྱོང་དགོས་ཀྱི་ཡོད་སྟབས། རྒྱ་གཞུང་ནས་ཁྲིམས་འགལ་ཐོག་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་མ་ཟད། ནག་ཉེས་ཡོད་མཁན་གྱི་མི་སྣ་ཚོར་ཁྲིམས་ཆད་གཏོང་དགོས་པ་སོགས་བརྗོད་འདུག  སྙན་ཐོའི་ནང་ད་དུང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་དུས་བཀག་བསྐྱར་ཞིབ་ཚོགས་སྐབས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་སོགས་ཀྱི་གནད་དོན་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་དུས་ད་ལྟའང་དེ་འབྲེལ་བརྩི་འཇོག་གང་ཡང་བྱས་མེད་སྟབས། རྒྱ་གཞུང་ནས་དེ་སྔ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་ཆེན་སྐབས་ཁས་ལེན་ཞུས་པ་ལྟར་བོད་ནང་གི་དོགས་གཞི་ཅན་གྱི་གནད་དོན་ཁག་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་སླད་རྒྱལ་ཚོགས་ཀྱི་ཁྱད་ལས་མི་སྣ་བོད་ནང་རང་དབང་ཐོག་ནས་འགྲུལ་སྐྱོད་དང་ཉམས་ཞིབ་གནང་འཇུག་དགོས་པར་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱིར་གྱར་མི་ཡོང་བའི་སླད་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་ནང་གསལ་བར་གཞིགས་ཚེ་བོད་མི་སུ་རུང་ཞིག་གིས་དེ་འབྲེལ་གནད་དོན་ཕྱིར་གྱར་གནང་བ་ཤེས་རྟོགས་བྱུང་ཚེ་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཆད་ནན་པོ་བཏང་རྐྱེན་ཕྱི་ལོ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས་བོད་མི་གང་བྱུང་འཛིན་བཟུང་བྱས་པའི་གནད་དོན་ལ་ཞིབ་དཔྱད་གནང་དཀའ་བའི་གནས་སུ་གྱུར་ཡོད་པར་གསུངས་དང་ཆབས་ཅིག ཚོགས་པས་ད་རེས་འདོན་སྤེལ་གནང་བའི་སྙན་ཐོ་དེ་ནི་གཙོ་བོ་ས་གནས་མང་ཚོགས་ནས་རྒྱ་གཞུང་གི་འཇིགས་སྐུལ་ལ་ལྟོས་མེད་ཀྱིས་ཚོགས་པ་དེར་མཁོ་སྤྲོད་གནང་བའི་སྙན་ཐོར་གཞི་བཅོལ་བ་ཞིག་ཡིན་པ་རེད།

བྷེལ་འཇམ་ཆབ་སྲིད་ཚོགས་པར་བོད་དོན་དང་འབྲེལ་ནས་འདྲི་རྩད།

ཟླ་བ་འདིའི་ཚེས་ ༢༦ ཉིན་ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་ནང་སྤྱི་མཐུན་སྲིད་གཞུང་དང་མངའ་ཁུལ་གྱི་འོས་བསྡུ་དང་བསྟུན་བྷེལ་འཇམ་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཆབ་སྲིད་ཚོགས་པ་བདུན་ལ་བོད་ཐོག་འཛིན་པའི་བཞེངས་ཕྱོགས་དང་འབྲེལ་འདྲི་རྩད་གནང་འདུག ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་ Brussels ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ The Reformist Movement དང་།   The Socialist Party Differently དེ་བཞིན་  New Flemish Alliance སོགས་ཀྱིས་གཙོས་པའི་བྷལེ་འཇམ་གྱི་ཆབ་སྲིད་ཚོགས་པ་བདུན་ལ་ཡིག་ཐོག་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་དང་། བོད་ཀྱི་ཁོར་ཡུག་སྐོར།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་། བོད་དོན་གནད་དོན་གླེང་རྒྱུ། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་སྲིད་དོན་པ་སོགས་རང་དབང་གི་སྒོ་ནས་འགྲུལ་སྐྱོད་ཆོག་པའི་གནད་དོན་སོགས་ཀྱི་ཐད་བཞེངས་ཕྱོགས་གང་ཡིན་པར་འདྲི་རྩད་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་འདྲི་རྩད་གནང་བར་ཆབ་སྲིད་ཚོགས་པ་དེ་དག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་དེ་བོད་མིར་ཡོད་པ་བརྗོད་པ་ལྟར། རྒྱ་གཞུང་ནས་བོད་མིའི་རིག་གཞུང་དང་ཆོས་ཕྱོགས་ཀྱི་རྒྱུན་སྲོལ་དེར་གུས་བརྩི་བྱེད་དགོས་པ་དང་ཆོས་ཕྱོགས་ཀྱི་གནང་སྒོར་ཆབ་སྲིད་ཀྱི་ཐེ་བྱུས་བྱེད་རྒྱུ་མེད་པར་གསུངས་འདུག དེ་བཞིན་ཆབ་སྲིད་ཚོགས་པ་རྣམས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་དབང་ཤུགས་དྲག་པོའི་འོག་བོད་ནང་གི་བོད་མིའི་རིག་གཞུང་དང་གཞི་རྩའི་འགྲོ་བ་མི་འི་ཐོབ་ཐང་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་པར་ཐུགས་འཚབ་དང་། བོད་མི་གཙོས་ཡུ་གུར་བ་རྣམས་རང་རང་སོ་སོའི་རྒྱལ་ཁབ་ནང་གྲངས་ཉུང་མི་རིགས་ལྟ་བུར་གྱུར་བར་བརྟེན།  རྒྱ་གཞུང་ནས་ཡུལ་མི་དེ་དག་གི་རིག་གཞུང་དང་ཆོས་ལུགས་རྩ་མེད་བཟོས་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་ཡོད་པ་གསུངས་འདུག བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་དང་ལྷན་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གྲོས་གཞི་བརྗེ་ལེན་གྱི་དོན་ཚན་ནང་འཇོག་རྒྱུ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་སྤྱིའི་སྡིངས་ཆ་གཞན་ཁག་ནང་གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་སློང་གནང་རྒྱུ་ཁས་ལེན་གནང་འདུག ཆབ་སྲིད་ཚོགས་པ་དེ་དག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་དབང་གིས་བོད་མཐོ་སྒང་གི་འཁྱགས་རོམ་གཞུར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས། རྒྱ་ནག་གི་བོད་ནང་འཛུགས་སྐྲུན་གསར་རྒྱག་བྱས་པ་དེ་དག་ཁྲོད་བོད་མི་ནས་ངེས་པར་དུ་མཉམ་ཞུགས་བྱེད་འཇུག་དགོས་པ་དང་། གལ་ཏེ་དེ་ལྟར་གནང་བ་ཡིན་ན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བར་ཐུགས་ཕན་གསོས་ངེས་ཡིན་པར་གསུངས་འདུག འདས་ལོར་ཨ་རིའི་གཞུང་གིས་བོད་ནང་འདྲ་མཉམ་གྱི་འགྲུལ་སྐྱོད་སླད་ཁྲིམས་གཞི་གཏན་འབེབས་གནང་བ་དང་འབྲེལ་འདྲི་རྩད་གནང་བར་ཚོགས་པ་དེ་དག་གིས་ང་ཚོས་འཆར་གཞི་ལྡན་པའི་སྒོ་ནས་གཞུང་གི་མི་སྣའི་གཙོས་པའི་གསར་འགོད་པ་དང་། ཡོ་རོབ་མི་སེར་རྣམས་བོད་ཀྱི་མངའ་ཁུལ་ཁག་ཏུ་སྐྱོད་ཆོག་པའི་ཐད་ཞུ་གཏུག་གནང་རྒྱུ་ཡིན་པ་མ་ཟད་དེ་འབྲེལ་གྲོས་གཞིར་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག

རྒྱ་གར་གཞུང་གིས་དགོས་པ་རྒྱུ་མཚན་ཞིག་ལ་གཟིགས་ནས་༸གོང་ས་མཆོག་དང་ཞི་ཅིན་ཕིང་རྣམ་གཉིས་ཀྱི་མཇལ་འཕྲད་ལ་དགག་པ་གནང་ཡོད་སྲིད་པ་རེད།

ཉེ་ཆར་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་གྱི་ NDTV གསར་ཁང་གི་དྲྭ་གནས་ཐོག་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་ Sonia Singh ལགས་ཀྱིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་པ་ Defining India: Through Their Eyes ཞེས་པ་ལས་ཟུར་འདོན་གྱིས་གནས་ཚུལ་སྤེལ་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ Sonia Singh ལགས་ཀྱི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་རྒྱ་གར་གྱི་སྲིད་བློན་རྣམ་པ། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་དང་དེའི་བར་གྱི་བོད་བཅས་ཀྱི་ཐོག་བཀའ་ལན་མཛད་པའི་ཁྲོད་དུ་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་ཞུ་རྒྱུར་མོས་མཐུན་གནང་ཡོད་ཀྱང་། རྒྱ་གར་གཞུང་གིས་དེར་དོགས་ཟོན་གནང་སྟབས་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་ཅེས་བཀའ་ལན་བསྩལ་སྐོར་བཀོད་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་ཁ་སང་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ The Guardian ཞེས་པའི་དྲྭ་གནས་ཐོག་གསར་ཁང་གི་ལྷོ་ཨེ་ཤ་ཡ་མངའ་ཁུལ་གྱི་གསར་འགོད་པ་ Michael Safi ལགས་དང་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ Lily Kuo ལགས་གཉིས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ནང་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་ལ་བོད་ཀྱི་གནད་དོན་ཐོག་སློབ་སྟོན་ཞུ་མཁན་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་གནང་འདོད་ཡོད་སྐོར་གྱི་གནས་ཚུལ་གང་འཚམ་ཞིག་གོ་ཐོས་བྱུང་ཡང་། ཕྱོགས་གཉིས་དབར་གྱི་མཇལ་འཕྲད་དེ་མོས་མཐུན་བྱུང་ཡོད་མེད་དང་དེར་རྒྱ་གར་གཞུང་ནས་ཐེ་བྱུས་གནང་ཡོད་མེད་ཀྱི་ཐད་ལ་ཤེས་རྟོགས་གང་ཡང་མ་བྱུང་ཞེས་གསུངས་པ་དང་ཆབས་ཅིག གལ་སྲིད་རྒྱ་གར་གཞུང་ནས་སྐབས་དེའི་མཇལ་འཕྲད་ལ་དགག་པ་གནང་བའི་དབང་དུ་བཏང་ཚེ་རྒྱ་གར་གཞུང་གིས་དགོས་པ་རྒྱུ་མཚན་ཞིག་ལ་གཟིགས་ནས་༸གོང་ས་མཆོག་དང་ཞི་ཅིན་ཕིང་རྣམ་གཉིས་ཀྱི་མཇལ་འཕྲད་ལ་དགག་པ་གནང་ཡོད་སྲིད་པ་རེད་ཅེས་གསུངས་འདུག ཁོང་གིས་ད་དུང་ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་ Narendra Modi མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་དེ་ཡང་གཞུང་འཛིན་གསར་པ་ཞིག་ཡིན་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་ཡང་རྒྱ་གར་ནང་ལ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་ཕེབས་ཀྱི་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་མི་འགྲོ་བའི་སླད་དུ་རྒྱ་གར་གྱིས་དགག་པ་གནང་བ་ཞིག་ཡིན་སྲིད་པ་དང་། སྐབས་དེར་རྒྱ་ནག་ཕྱོགས་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་མོས་མཐུན་གནང་བ་དེ་ནི་རྒྱ་ནག་གི་སྔོན་ཚུད་ནས་རྒྱ་གར་གཞུང་ནས་མཇལ་འཕྲད་དེར་དགག་པ་གནང་རྒྱུ་ཡིན་པ་ཤེས་པའི་ཐོག་ནས་མོས་མཐུན་གནང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་ཐབས་སུ་རྒྱ་གར་གཞུང་དང་བོད་མིའི་དབུ་ཁྲིད་དབར་གྱི་འབྲེལ་བ་ལ་དོ་ཕོག་གཏོང་རྒྱུར་དམིགས་ཡོད་སྲིད་པ་རེད་ཅེས་ཀྱང་གསུངས་འདུག དེ་བཞིན་ཨ་རིའི་ Columbia གཙུག་ལག་སློབ་གཉེར་ཁང་གི་བོད་གནས་མཁས་དབང་སྐུ་ཞབས་ Robbie Barnett ལགས་ནས་སྤྱི་ཡོངས་ནས་རྒྱ་ནག་གྱི་མགོ་འཁྲིད་ཁྲོད་ལ་༸གོང་ས་མཆོག་དང་མཇལ་འཕྲད་གནང་འདོད་ཀྱི་རྣམ་པ་དང་བཀའ་མོལ་གང་ཡང་མཐོང་ཐོས་མ་བྱུང་ཡང་། གལ་སྲིད་གསར་འགོད་པ་ Sonia Singh ལགས་ཀྱིས་ལུང་འདྲེན་གནང་བའི་བཀའ་མོལ་དེ་ངོ་མ་ཡིན་ཚེ་བོད་རྒྱའི་གནད་དོན་ཐད་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་པ་དང་དེ་ཡང་གཙོ་བོ་ད་བར་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། གོ་སྐབས་ནམ་བྱུང་ཐོག་༸གོང་ས་མཆོག་ལ་མཚན་དམད་ཞུ་བཞིན་པའི་ལས་དོན་བཅས་ལ་འགྱུར་བ་ངེས་ཅན་ཞིག་ཐེབས་རྒྱུ་རེད་ཅེས་གསུངས་འདུག༸གོང་ས་མཆོག་གིས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་སྐོར་གསུངས་པ་དེ་ནི་བོད་རྒྱའི་དབར་གྱི་འབྲེལ་མོལ་གྱི་བརྒྱུད་རིམ་ཆད་བཞིན་ཡོད་ཀྱང་རེ་བ་ཅིག་ད་ལྟའང་ཟད་མེད་པའི་རྣམ་པ་མངོན་གསལ་གནང་ཕྱིར་གསུངས་ཡོད་པ་ཞིག་ཡིན་སྲིད་པར་གསུངས་ཡོད།གཞི་རྩའི་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ Sonia Singh ལགས་ཀྱི་བཅར་འདྲིར་བཀའ་ལན་བསྩལ་བའི་ཆ་ཤས་ཤིག་ཞིག་ཡིན་པ་དང་། གནད་དོན་དེའི་ཐད་ད་ལྟའི་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བཤད་གང་ཡང་གནང་མེད་ཀྱང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ The Guardian གསར་ཁང་གི་བཅར་འདྲིར་ལན་འདེབས་བྱས་པར་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི་གཞི་རྩ་མེད་པའི་གནས་ཚུལ་ཞིག་རེད་ཅེས་ཁས་ལེན་གནང་མེད་པ་རེད། འོན་ཀྱང་གསར་འགོད་པ་ Sonia Singh ལགས་ཀྱིས་སྐབས་དེར་༸གོང་ས་མཆོག་གི་བཀའ་ལན་དེ་ལྟར་མཛད་ཡོད་པ་མ་ཟད། ད་རེས་ཁོང་གི་དཔེ་དེབ་ནང་བཀོད་པའི་བཀའ་ལན་གྱི་ཆ་ཤས་དེ་༸གོང་ས་མཆོག་གི་༸སྐུ་སྒེར་ཡིག་ཚང་ནས་བཀའ་ཁྲོལ་ཡོད་པའི་ཐོག་ནས་ཆེད་བཀོད་གནང་བ་ཞིག་ཡིན་ཞེས་གསུངས་འདུག དེ་བཞིན་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་སྐོར་གྱི་གནས་ཚུལ་དང་འབྲེལ། འཇར་མན་གནས་ཞུགས་རྒྱ་ནག་གི་བོད་དང་ཤིན་ཅང་གཙོ་གྱུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་དཔྱད་ཞིབ་གནང་མཁན་སྐུ་ཞབས་ Adrian Zenz ལགས་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མོས་མཐུན་གནང་ཡོད་ཚེ་དེ་ནི་གཙོ་བོ་རྒྱ་ནག་རང་ཉིད་ལ་༸གོང་ས་མཆོག་གི་མཚན་མཐོང་བརྒྱུད་རྒྱལ་སྤྱིའི་ཐོག་ལ་འཇམ་པོའི་སྟོབས་ཤུགས་ཐོབ་ཐབས་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཙམ་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོངས་བསྒྲགས་གནང་བའི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་དེར་མང་ཚོགས་ནས་སེམས་གསོའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་དགེ་མཚན་སོགས་ལ་ཆེད་དམིགས་གནང་བ་ཞིག་རེད་ཅེས་གསུངས་འདུགསྔར་ལོ་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་གཞུང་གྱི་གནད་ཡོད་མི་ན་མཉམ་ཞུགས་གནང་མི་ཆོག་པའི་བཀའ་རྒྱ་གནང་བ་སོགས་ལུང་འདྲེན་དང་འབྲེལ་ཏེ་སྤྱིར་རྒྱ་གར་གཞུང་ནས་༸གོང་ས་མཆོག་དང་བོད་མིར་བསྐྱབ་བཅོལ་གནང་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་འཛེམ་ཟོན་མེད་པར་གསུང་ཕོད་མཁན་ཞིག་མིན་པ་མ་ཟད་བོད་དང་རྒྱ་ནག་གཉིས་ལས་རྒྱ་ནག་དེ་གནད་ཆེ་བར་འཛིན་མཁན་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་གསར་འགོད་པ་ Sonia Singh ལགས་ཀྱིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་པ་ Defining India ཞེས་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནེཧརུ་ནས་གཙོས་པའི་གཞུང་རིམ་པས་བོད་མིར་གཟིགས་རྟོག་གནང་སྐོར་བཀའ་ལན་མཛད་པ་སོགས་ཀྱང་བཀོད་ཡོད་པ་རེད།

སུད་ཌེན་ནང་འཚོགས་གཏན་ཁེལ་བའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་ཕྱིར་འཐེན།

ཉེ་ཆར་ Sweden གྱི་རྒྱལ་ས་ Stockholm ནང་འཚོགས་གཏན་ཁེལ་བའི་ Stand Up for Human Rights ཞེས་པའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་པར་རིས་འགྲེམས་སྟོན་གནང་འདུག་པ་དང་། ནོ་སྦེལ་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཆེན་ Ai Wei Wei ལགས་རྣམ་གཉིས་ཀྱི་སྐུ་པར་འགྲེམས་སྟོན་གནང་འཆར་ཡོད་སྟབས། ས་གནས་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོན་བྱས་ཡོད་རྐྱེན་རྒྱལ་ཚོགས་ཀྱི་ལས་རིམ་དེ་ཚོགས་ལ་ཉེ་བའི་ཆུ་ཚོད་གཉིས་ཀྱི་སྔོན་ལ་ཕྱིར་འཐེན་གནང་བའི་གནས་ཚུལ་ཐོན་འདུགཉེ་ཆར་ཕྱི་ཚེས་ ༡༧ ཉིན་ SVT Nyheter ཞེས་པའི་ Sweden རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་གྱི་དྲྭ་གནས་ཐོག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་ Stockholm ནང་ UNDP ཞེས་པའི་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པས་གོ་སྒྲིག་འོག་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ལོངས་ཤོག་ཞེས་པའི་མིང་བྱང་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་གཏན་ཁེལ་ཡོད་པ་དང། མཛད་སྒོའི་ལས་རིམ་ཁྲོད་ལམ་ལྷོང་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་བ་མཚོན་ཆེད་དུ་པར་རིས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་དང། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱིས་གཙོས་པའི་འཛམ་གླིང་མི་སྣ་ ༩༠ ཡི་ཚོན་ཁྲ་མེད་པའི་པར་རིས་བཤམ་སྟོན་གནང་གཏན་ཁེལ་ཡོད་པ་རེད། འོན་ཏང་མཛད་སྒོ་མ་ཚོགས་པའི་ཆུ་ཚོད་གཉིས་ཙམ་གྱི་སྔོན་ཚུད་ནས་ཚོགས་བཅར་བ་ཡོངས་ལ་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་བརྡ་འཕྲིན་གནང་ཡོད་ འདུག གནས་ཚུལ་ཡོང་ཁག་གཉིས་ཀྱིས་ Swedish བརྙན་འཕྲིན་བརྒྱུད་ལམ་ལ་བརྗོད་པར་གཞིགས་ན་ Sweden ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣས་འགྲེམ་སྟོན་ནང་༸གོང་ས་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱི་༸སྐུ་པར་སྒྲིག་གཤོམ་ལ་སྐྱོན་བརྗོད་བྱས་རྐྱེན་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པར་གསུངས་འདུག དེ་བཞིན་མཛད་སྒོ་གོ་སྒྲིག་གནང་མཁན་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པའི་ Nordic ས་ཁུལ་གྱི་ངེས་སྟོན་པ་ལྕམ་ Camilla Bruckner ལགས་ཀྱིས་འགྲེམས་སྟོན་ཐོག་པར་རིས་འདེམས་ཕྱོགས་ཐད་ལ་གསལ་ཁ་མེད་རྐྱེན་དང། པར་རིས་སྒྱུ་རྩལ་བ་དེ་དག་གི་རང་དབང་སྲུང་སྐྱོབ་ཆེད་དུ་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པ་དང། དེའི་ཐོག་དགོངས་ཚུལ་གནང་མཁན་མང་པོ་བྱུང་ཡོད་ཀྱང། ཁོང་རྣམས་ཀྱི་ངོས་ནས་མཛད་སྒོ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གི་བརྡ་ལན་གྱི་གནད་འགག་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་དེ་ལྟར་གནང་ཡིན་སྐོར་གསུངས་འདུག འོན་ཀྱང་ཁོང་གིས་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་རྒྱབ་ཏུ་རྒྱ་གཞུང་གི་མི་སྣ་ཡོད་མེད་སྐོར་འགྲེལ་བརྗོད་གང་ཡང་གནང་མི་འདུག དེ་བཞིན་པར་རིས་སྒྱུ་རྩལ་བ་ Albert Wiking དང་ Oscar Edlund གཉིས་ཀྱིས་གླེང་མོལ་གྱི་ལས་རིམ་ཐོག་ཁོང་གཉིས་ཀྱི་པར་རིས་འགྲེམས་སྟོན་དེ་ཕྱི་ལོ་ ༢༠༡༦ ལོ་ནས་དབུ་འཛུགས་གནང་བ་ལྟར་ད་བར་ སུད་ཌེན་གྱི་ས་གནས་འདྲ་མིན་བརྒྱད་ནང་གཟིགས་འབུལ་ཞུས་ཡོད་པ་དང། འགྲེམས་སྟོན་ཐོག་པར་གང་དང་གང་གཟིགས་འབུལ་དགོས་མིན་གྱི་ཐག་གཅོད་གནང་རྒྱུའི་ཐོབ་ཐང་དེ་ཁོང་རྣམ་གཉིས་ལ་ཡོད་པ་མ་གཏོགས་གཞན་སུ་ལའང་མེད་ཅེས་གསུངས་འདུག

Latest news