Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གིས་དམ་དྲག་འོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་མེད་པ་ཐེར་འདོན།

རྒྱ་གཞུང་གིས་དམ་དྲག་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་གནང་རྒྱུར་དམ་དྲག་བྱེད་བཞིན་པའི་དཀའ་ངལ་འཕྲད་མུས་ལ་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནང་འདོན་སྤེལ་གནང་འདུག ཁ་སང་ཟླ་ ༣ ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་མིན་པར་སི་ཁྲོན་དང་། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ས་ཁུལ་ཁག་ཏུའང་རྒྱའི་བཙན་ཁྲིད་འོག་བོད་མི་གང་བྱུང་དུ་འཛིན་བཟུང་གྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་དང་། རྒྱའི་དཔོན་རིགས་ཚོས་བོད་མིར་མནར་གཅོད་ཚད་མེད་བཏང་ཡོད་པའི་གནས་ཚུལ་བཀག་སྡོམ་དང་འབྲེལ་ཏེ་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་གནང་སླད་དྲྭ་རྒྱར་བཀག་འགོག་དང་དོ་དམ་ཤུགས་ཆེན་པོ་བྱས་པ་མ་ཟད། ཞི་བའི་འདུ་འཛོམས་ཁག་ལ་སྟངས་འཛིན་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལ་སུན་གཙེར་གྱིས་བཀག་སྡོམ་བྱེད་མུས་ཡིན་པ་ཐེར་འདོན་གནང་འདུགབོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་ས་ཁུལ་ཁག་ཏུ་དམ་དྲག་སོགས་ཤུགས་ཆེན་པོ་བྱས་པ་མ་ཟད། བོད་རིགས་ཚོས་ཕྱི་རྒྱལ་མི་སྣ་དང་ལྷན་དུ་སྐད་ཆ་བཤད་པའམ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་ཚེ་འཛིན་བཟུང་གིས་ཁྲིམས་ཆད་གཏོང་བཞིན་ཡོད་པ་ལས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་བའི་དབང་ཆ་ལོག་པར་སྤྱོད་མཁན་རྒྱ་རིགས་དཔོན་པོ་ཚོར་རྒྱ་ནག་གཞུང་ནས་ཉེས་ཆད་བཏང་དང་གཏོང་མུས་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མེད་སྐོར་བཀོད་གནང་ཡོད། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བྱས་ཡོད་སྐོར་དང་འབྲེལ་ཏེ་ ༡༩༥༩ ལོར་དགུང་ལོ་ ༦ ལ་ཕེབས་པའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་༸སྐུ་འཁོར་ལྷན་རྒྱས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་གནད་དོན་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་བཞིན་བོད་ནང་གི་གྲྭ་བཙུན་ཚོར་དགོན་པའི་ཕྱི་ཕྱོགས་ལ་འགྲིམ་འགྲུལ་གནང་སྐབས་ལུས་ལ་གྲྭ་ཆས་གྱོན་ཚེ་བསུན་གཙེར་བཟོ་མུས་ཡིན་པར་བརྟེན་གྲྭ་ཆས་གྱོན་གྱི་མེད་པ་དང་། རྒྱའི་ས་ཁུལ་ཁག་ཏུ་འགྲིམ་འགྲུལ་གནང་ཚེ་བོད་རིགས་ཚོར་རྒྱའི་གླ་འཁོར་ནང་འཇུག་གི་མེད་པའི་ཁར་བོད་རིགས་ཚོར་མགྲོན་ཁང་གཡར་གྱི་མེད་པ་བརྗོད་འདུགརྒྱ་ནག་གཞུང་གིས་དམ་དྲག་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་ནང་གི་བོད་མི་ ༡༥༥ ནས་རང་བསྲེགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དངོས་སུ་ཤེས་རྟོགས་བྱུང་བར་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་གནང་སྐོར་ངོ་སྤྲོད་དང་སྦྲགས། ཁོང་རྣམ་པས་བོད་དོན་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བས་ཁྲིམས་ཆད་དེ་ནང་མིས་གཙོས་པའི་འབྲེལ་ཡོད་ཀུན་ལ་བཏང་དང་གཏོང་བཞིན་ཡོད་པ་ལྟར། ཨ་མདོ་ལྔ་བ་ཁུལ་དུ་ད་བར་རང་ལུས་མེར་སྲེག་གནང་མཁན་གྱི་འབྲེལ་ཡོད་ཕ་མ་དང་། གྲོགས་པོ། སྤུན་མཆེད་རྣམས་དུས་རྟག་ཏུ་རྒྱ་ནག་གཞུང་གིས་ལྟ་སྲུང་ནན་པོ་བྱེད་མུས་ཡིན་པ་དང་། ལྷག་པར་དུ་མི་སྣ་དེ་རྣམས་ཀྱིས་ས་ཁུལ་དེ་དག་ལ་འབྱོར་བའི་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་དང་ལྷན་དུ་ཐུག་འཕྲད་གནང་རྒྱུ་དང་སྐད་ཆ་བཤད་རྒྱུར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་བ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྒྱ་གཞུང་བཙན་གནོན་འོག་བོད་མིས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་རྣམས་སླར་འདོན་སྤེལ་གནང་སྐོར་ངོ་སྤྲོད་དང་འབྲེལ། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ཆོལ་གསུམ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་མ་ཟད། ༸གོང་ས་མཆོག་རྒྱ་གར་དུ་ཕེབས་ནས་མི་ལོ་ ༦༠ འཁོར་ཡང་བོད་ནང་དུས་ད་ལྟའང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་དྲག་པོའི་སྲིད་བྱུས་འོག་མནར་གཅོད་མྱངས་དང་མྱོང་མུས་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་དཀག་སྡོམ་ནན་པོ་གནང་དགོས་ཞེས་གསུངས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་གསུང་བཤད་གནང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ པ་འཚོགས་བཞིན་པ་དང་བསྟུན། ཁ་སང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་ཚོ་བཙོན་ཁང་དུ་བཙོན་འཇུག་བྱས་པའི་ཉིན་མོ་དེ་ནས་བཟུང་རང་དབང་དང་ཐོབ་ཐང་ཡོངས་རྫོགས་མེད་པ་བཟོས་ནས་མི་ཚེ་གང་བོ་ནག་པོ་བཟོ་ཡི་ཡོད་ཅེས་གསུངས་སོང་།རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threatened people ཞེས་པས་གོ་སྒྲིག་འོག་ཉིན་རྒྱབ་ཏུ་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་ཟུར་ཚོགས་ཤིག་ཚོགས་སོང་བ་དང་། སྐབས་དེར་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་པའི་དངོས་བྱུང་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་གནང་རྐྱེན་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་ལྷག་བཙོན་འཇུག་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་ལྷག་དོན་ཁོང་རང་ཉིད་རྒྱའི་བཙོན་ཁང་དུ་དངོས་སུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་པའི་ངལ་བ་ཇི་འཕྲད་ཁག་སྙན་སེང་ཞུས་ཡོད་པ་རེད།ཁོང་གིས་བོད་མི་ཆབ་སྲིད་བཙོན་པ་ཚོར་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད། ཟས་བཅུད་དང་འཕྲོད་བསྟེན་གྱི་ཆ་རྐྱེན་ཧ་ཅང་ཞན་པའི་ཐོག་བཙོན་པ་ཚོ་རྒྱ་གཞུང་གི་དཔལ་འབྱོར་བཟོ་རྒྱུའི་ལག་ཆ་ལྟ་བུར་ངོས་འཛིན་གྱིས་ཞག་མ་ ༣༦༠ རིང་ངལ་རྩོལ་ཚད་མེད་སྐུལ་བཞིན་ཡོད་པ་དང། དེ་བཞིན་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཀྱང་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་དང་སྨན་པ་བསྟེན་གཏུགས་ཀྱི་ཐོབ་ཐང་མ་སྤྲད་པར་བཙོན་པ་ཁག་གཅིག་དབང་པོ་སྐྱོན་ཅན་དང་འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་ཡོད་པ་རེད། མདོར་ན་རྒྱ་གཞུང་གིས་བོད་མི་གང་ཞིག་བཙོན་འཇུག་བྱས་རྗེས་དུས་དེ་ནས་བཟུང་བོད་མི་དེའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་མེད་པ་བཟོས་ནས་མི་ཚེ་གང་བོ་ནག་པོ་བཟོ་ཡི་ཡོད་ཅེས་ནན་བརྗོད་གནང་ཡོད།ལྷག་པར་དུ་ཁོང་གིས་རྒྱལ་ཚོགས་ཀྱི་ཟུར་ཚོགས་སྡིངས་ཆ་བརྒྱུད་ནས་ད་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་དང་དྲིལ་བསྒྲགས་གནང་བར་བརྟེན་ཁོང་རང་ཉིད་ཀྱིས་གཙོས་པའི་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་པ་དང་འབྲེལ། རྒྱལ་ཚོགས་དང་འབྲེལ་ཡོད་ཚོགས་སྡེ་ཁག་ནས་སྔར་ལྷག་མུ་མཐུད་རྒྱབ་སྐྱོོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་དང། ང་དང་ང་འདྲ་བའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་དང་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་མི་ཚོའི་རེ་བ་ཡིན་ཞེས་གསུངས་ཡོད།དེ་བཞིན་རྒྱལ་ཚོགས་ནང་ཚོགས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་ཀྱིས་བོད་ནང་ཆབ་སྲིད་བཙོན་པའི་གནས་སྟངས་དང་བོད་མིའི་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་གནས་བབས་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་དུ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་ན་འཛུགས་སྐྲུན་ཟེར་བ་དེ་སྟོང་བཤད་ཁོ་ན་རེད་ཅེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་དང། དེ་བཞིན་དེ་སྔ་ ༡༩༩༤ ལོ་ནས་བཟུང་ད་བར་ལོ་ངོ་ ༢༥ འི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མི་སྣ་བོད་ནང་ཕེབས་ཐུབ་མེད་པ་ལུང་འདྲེན་དང་འབྲེལ་ནས་རྒྱ་གཞུང་ལ་ངེས་པར་དུ་བོད་ནང་འགྲོ་སྐྱོད་གནང་འཇུག་དགོས་པའི་རེ་སྐུལ་ཆེད་བཏོན་དང། རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཡོད་ལུགས་བརྗོད་པ་དེ་ངོས་ལེན་བྱས་ནས་རྟོག་ཞིབ་ནན་ཏན་མ་གནང་ཚེ་མ་འོངས་པར་མང་ཚོགས་ཀྱིས་རྒྱལ་ཚོགས་ལ་བཅངས་པའི་ཡིད་ཆེས་དང་རེ་བར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་རེད་ཅེས་གསུངས་ཡོད།རྩ་བའི་ཁ་སང་རྒྱལ་ཚོགས་ཀྱི་ཟུར་ཚོགས་ལས་རིམ་ཐོག་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་མི་དང་གཞུང་ཚབ་མི་སྣ་སོགས་ཚོགས་བཅར་བ་མང་དག་ཅིག་ཕེབས་འདུག ལྷག་པར་དུ་ཁ་སང་གི་རྒྱལ་ཚོགས་ཟུར་ཚོགས་ལས་རིམ་ཐོག་བོད་མི་ཚོས་གཏམ་བཤད་གནང་སྐབས་སུ་ཚོགས་འདུའི་ཐོག་བསླེབས་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་བྱེད་ཅིག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་སྐད་ཅོར་བརྒྱབ་ནས་ཅོག་རྩེའི་སྟེང་ཐལ་མོ་རྡེབ་ནས་ཚོགས་འདུར་བར་ཆད་གཏོང་ཐབས་ཀྱི་གནས་ཚུལ་བྱུང་སྟབས། ཚོགས་འདུ་གཙོ་སྐྱོང་བ་དང་ཚོགས་བཅར་བ་ཁག་གཅིག་གིས་རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་ལུགས་བཞིན་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་ཀྱང་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཉན་འཇོག་མ་བྱས་པར་བརྟེན་རྒྱལ་ཚོགས་ཀྱིས་བདེ་སྲུང་མི་སྣ་ཆེད་འབོད་གནང་བའི་བརྒྱུད་ནས་སུན་གཙེར་གྱི་གནས་ཚུལ་དེ་ཞི་འཇམ་ཆགས་རྗེས་ལས་རིམ་མུ་མཐུད་ཚོགས་ཡོད་པ་རེད།རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཟུར་ཚོགས་ལས་རིམ་འཚོགས་བཞིན་པའི་ཁྲོད་རྒྱལ་ཚོགས་ཕྱི་ཕྱོགས་ཐང་ཆེན་དུ་སུད་སི་ཁྱིམ་གསུམ་གྱིས་བོད་ནང་གི་རང་ལུས་མེར་སྲེག་དང་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་སོགས་རྒྱལ་ཚོགས་ལ་ཞུ་གཏུགས་དང་མང་ཚོགས་ལ་གོ་རྟོགས་ལས་འགུལ་ཐེངས་ ༨༨ པ་དེ་སྤེལ་ཡོད་པ་རེད། ལས་འགུལ་དེ་ནི་བོད་མི་ཁྱིམ་ཚང་གསུམ་གྱིས་ཕྱི་ལོ་ ༢༠༡༢ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་དབུ་འཛུགས་གནང་དོན་ལྟར་ད་བར་འདས་པའི་ལོ་ངོ་ ༧ རིང་ལ་སྤེལ་མུས་ཡིན་པ་རེད།

ཨ་རིའི་གྲོས་ཚོགས་སུ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚེའི་མཛད་རྗེས་ལ་དྲན་གསོ་ཞུས་པ།

ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཨ་རིའི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚེའི་མཛད་རྗེས་ལ་དྲན་གསོ་ཞུས་འདུགམཛད་རྗེས་དྲན་གསོའི་མཛད་རིམ་ཐོག་རིན་པོ་ཆེ་དམ་པའི་སྐུ་ཟླ་རྒྱ་རི་ཟླ་བ་ལགས་དང་བུ་མོ་བསྟན་འཛིན་ཚེ་རིང་ལགས་གཉིས་གཙོས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས། ལྕམ་ Dianne Feinstein ལགས་བཅས་ཀྱིས་དབུས་པའི་འཐུས་མི་གཞན་ཁག་གཅིག དེ་བཞིན་ཨ་རི་གཞུང་གི་ཕྱི་འབྲེལ་མི་སྣ་ལས་ཟུར་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་གཙོས་པའི་ལས་བྱེད་རྣམ་པ། གཞན་ཡང་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Carl Gershman ལགས་སོགས་རིན་པོ་ཆེ་མཆོག་དང་བོད་དོན་ལ་ཐུགས་ཉེ་ཡོད་པའི་གནད་ཡོད་མི་སྣ། དེ་བཞིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ས་གནས་བོད་མི་སོགས་ནས་མཉམ་ཞུགས་གནང་འདུགསྐབས་དེར་ལྕམ་ Nancy Pelosi མཆོག་གིས་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་ཁོང་གིས་ཨ་རི་ནང་བོད་ཀྱི་ཆབ་སྲིད་ལས་དོན་ཙམ་མ་ཟད་རྣམ་ཀུན་ཏུ་ས་གནས་བོད་ཕྲུག་ཚོ་ལ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དོ་སྣང་དགོས་པའི་སློབ་གསོ་གནང་མཁན་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་ནི་མ་འོངས་བོད་ཀྱི་བདེ་དོན་ཐོག་སློབ་གསོ་ལེན་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་ཆེ་བསྟོད་གནང་འདུག དེ་སྔ་རིན་པོ་ཆེ་མཆོག་དང་ལྷན་དུ་ཕྱག་ལས་གནང་བའི་གནད་དོན་ཁག་གཅིག་དྲན་གསོ་གནང་བ་དང་ཆབས་ཅིག དམ་པ་ཁོང་སྐུ་ཚེ་མ་ཟིན་པ་དེ་ནི་བོད་ཀྱི་གནད་དོན་ཙམ་མིན་པར་རྒྱལ་སྤྱིའི་རང་དབང་འཐབ་རྩོད་སྤྱི་ལ་གྱོང་གུད་ཆེན་པོ་ཕོག་ཡོད་སྟབས། ང་ཚོས་དམ་པ་ཁོང་གི་མཛད་རྗེས་དེ་དག་མུ་མཐུད་རྒྱུན་འཁྱོངས་གནང་དགོས་ཞེས་གསུངས་ཡོད།དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་ Dianne Feinstein ལགས་ནས་རྒྱ་རི་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གི་བྱང་ཨ་རིའི་དམིགས་བསལ་སྐུ་ཚབ་ཏུ་ཕེབས་པ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གསལ་བཤད་དང་། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་བོད་མིའི་ངོས་ནས་གཡོ་བ་མེད་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་བཞིན་པ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་གསལ་པོ་བཟོས་ཡོད་པ་སོགས་གསུངས་འདུགགཞན་ཡང་མཛད་རིམ་དེའི་ཐོག་བཅར་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ Paula Dobriansky ལགས་ཀྱིས་དེ་སྔ་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་དོན་ཐོག་ཕྱག་ལས་གནང་བའི་བརྒྱུད་རིམ་ཁག་དྲན་གསོ་དང་སྦྲགས། རིན་པོ་ཆེའི་སྐབས་སུ་བོད་རྒྱའི་དབར་འབྲེལ་མོལ་ཐེངས་དགུ་བྱུང་བ་དེས་ཕྱོགས་གཉིས་ཀྱི་དཀའ་རྙོག་གསལ་རྒྱུའི་རྨང་གཞི་འཛུགས་ཐུབ་ཡོད་ཅེས་གསུངས་འདུགདེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George W Bush མཆོག་གིས་རིན་པོ་ཆེའི་སྐུ་ཟླ་རྒྱ་རི་ཟླ་བ་ལགས་དང་བུ་མོར་གནང་བའི་ཐུགས་གསོའི་ཕྱག་བྲིས་དེ་སྒྲོག་སྦྱང་གནང་ཡོད་པ་དང་། ཕྱག་བྲིས་ནང་སྲིད་འཛིན་ཟུར་པ་སྐུ་ཞབས་ Bush མཆོག་གིས་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་གོ་སྐབས་དམ་འཛིན་གྱིས་བོད་དོན་ཐོག་ཕྱག་ལས་རྒྱ་ཆེ་གནང་བ་མ་ཟད། འཛིན་སྐྱོང་ཀྱི་ལས་དོན་ཐོག་གསར་གཏོད་ཅན་གྱི་འཆར་གཞི་ལམ་སྟོན་སོགས་གནང་བར་ཆེ་བསྟོད་གནང་འདུགསྐབས་དེར་རིན་པོ་ཆེ་དམ་པ་མཆོག་དང་འབྲེལ་བ་དམ་ཟབ་ཡོད་པ་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Carl Gershman ལགས་དང་སྐུ་ཞབས་ Richard Gere ལགས། དེ་བཞིན་སྐུ་ཞབས་ Richard Blum ལགས། སྐུ་ཞབས་ John Ackerly ལགས་སོགས་ནས་རིན་པོ་དམ་པའི་སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གསུང་བཤད་གནང་ཡོད་པ་རེད།གཞི་རྩའི་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་གྲོང་ཁྱེར་ San Francisco ནང་དགུང་ལོ་ ༦༩ ཐོག་མཆིན་སྐྲན་དབང་གིས་དགོངས་པ་རྫོགས་པ་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེའི་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འོག་མིན་སྨིན་སྒྲོལ་གླིང་དགོན་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད།

ཕ་ལྷའི་འཁྲབ་སྟོན་ནང་བོད་མི་གཅིག་ཀྱང་མེད་པར་སྐྱོན་བརྗོད།

སྤྱི་ཚོགས་དྲྭ་རྒྱ་འཕྲུལ་སྒྲ་ཐོག་བོད་མི་ཁག་གཅིག་གིས་རྒྱ་གར་གྱི་གཏམ་བརྗོད་སྒྱུ་རྩལ་བ་ Abhishek Majumdar ལགས་ཀྱིས་བཀོད་སྒྲིག་གནང་བའི་བོད་དོན་དང་འབྲེལ་བའི་ཕ་ལྷ་ཞེས་པའི་གློག་བརྙན་ནང་འཁྲབ་སྟོན་པ་བོད་མི་གཅིག་ཀྱང་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག གཞི་རྩའི་བོད་དོན་དང་འབྲེལ་བའི་ཕ་ལྷ་ཞེས་པའི་འཁྲབ་གཞུང་དེ་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་བ་དང་འབྲེལ་བོད་ས་ཁྱོན་ཡོངས་སུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཞི་བའི་སྒེར་ལངས་ཁྱབ་ཆེ་གནང་བའི་གནད་དོན་གཞིར་བཞག་ཐོག་བཟོས་པའི་འཁྲབ་གཞུང་ཞིག་ཡིན་པ་རེད། འཁྲབ་གཞུང་དེའི་སླད་སྒྱུ་རྩལ་བ་ Abhishek ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དང་།  བོད་དང་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཁག་གི་གི་གནས་སྟངས་སོགས་ལ་ཉམས་ཞིབ་དང་རྒྱུས་མངའ་གནང་ཐོག་བཟོ་སྐྲུན་གནང་བའི་འཁྲབ་གཞུང་ཞིག་ཆགས་ཀྱི་ཡོད་ཀྱང། འཁྲབ་གཞུང་དངོས་ཀྱི་ནང་བོད་མི་གཅིག་ཀྱང་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག འཁྲབ་གཞུང་དེའང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བའི་སྤྱི་ཚོགས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གློག་བརྙན་དང་འཁྲབ་གཞུང་རིགས་གཟིགས་འབུལ་གནང་ཡུལ་ Royal Court Theatre ཞེས་པའི་ནང་སྔ་ལོར་མང་ཚོགས་ལ་གཟིགས་འབུལ་གནང་གཏན་ཁེལ་ཡོད་ཀྱང་དབྱིན་ཡུལ་རིག་གཞུང་ལྷན་ཁང་གིས་འཁྲབ་སྟོན་དེས་དབྱིན་ཡུལ་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་གཏང་སྲིད་པར་ཞེད་སྣང་གིས་གཟིགས་འབུལ་ཞུ་རྒྱུ་ཕྱིར་འགྱངས་བྱས་ཡོད་པ་རེད། Royal Court ནས་འཁྲབ་སྟོན་དེ་འདི་ལོའི་ཟླ་ ༤ པའི་ནང་གཟིགས་འབུལ་ཞུ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དེ་ལྟར་ཡང་སྤྱི་ཚོགས་དྲྭ་རྒྱ་ Twitter ཐོག་རི་མཐོ་ས་གཙང་དྲྭ་ཚིགས་ཀྱི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ཀྱིས་གཙོས་པའི་བོད་རིགས་མང་པོས་ཕ་ལྷ་འཁྲབ་གཞུང་ནང་འཁྲབ་སྟོན་པ་བོད་མི་གཅིག་ཀྱང་མེད་པར་སྐྱོན་བརྗོད་དང་འབྲེལ་དབྱིན་ཡུལ་དང་ཡོ་རོབ་ནང་བོད་མི་འཁྲབ་སྟོན་པ་ཁག་གཅིག་གིས་མཚན་གསལ་འདོན་དང། བོད་དོན་དང་འབྲེལ་བའི་འཁྲབ་གཞུང་ནང་བོད་པའི་སྐུ་ཚབ་ངེས་པར་དུ་དགོས་པ་དང་ལྷག་པར་དུ་འཁྲབ་གཞུང་དེ་འབྲེལ་ནང་བོད་མིའི་འཁྲབ་སྟོན་པའི་ཚབ་ཏུ་ཨེ་ཤ་ཡ་མི་རིགས་གཞན་གྱིས་འཁྲབ་སྟོན་གནང་བ་དེས་ཨེ་ཤ་ཡ་མི་རིགས་རྣམས་གཅིག་མཚུངས་ཤིག་ཏུ་ངོས་འཛིན་དང་སྒོས་ཨེ་ཤ་ཡ་མི་རིགས་དག་གི་ཐུན་མིན་རིག་གཞུང་ལ་བརྩི་འཇོག་གནང་གི་མེད་པ་སོགས་བརྗོད་འདུག བདེ་ཆེན་ལགས་ཀྱིས་འཁྲབ་གཞུང་དེ་འབྲེལ་བཀོད་སྒྲིག་པ་ཚོས་འཁྲབ་གཞུང་དེའི་ཆེད་བོད་མི་འཁྲབ་སྟོན་པ་འཚོལ་རྐྱང་མ་རྙེད་ཚུལ་བརྗོད་པ་དེ་ནི་བདེན་པ་མིན་པ་དང་། མ་འོངས་པར་དེ་འབྲེལ་དཀའ་ངལ་མི་ཡོང་བའི་ཕྱིར་ཁོང་དང་བོད་རིགས་ཁག་གཅིག་ནས་བོད་དོནདང་འབྲེལ་བའི་གློག་བརྙན་དང་འཁྲབ་གཞུང་ནང་བོད་མི་འཁྲབ་སྟོན་པ་ཡོང་སླད་གློག་བརྙན་བཀོད་སྒྲིག་པ་དང་འཁྲབ་སྟོན་པའི་འབྲེལ་ལམ་ལ་ཆེད་དམིགས་ཀྱིས་ལས་འཆར་ཞིག་དབུ་འཛུགས་གནང་རྒྱུ་ཡིན་པ་གསུངས་སོང་།

རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་ནན་བརྗོད།

ཁ་སང་བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་དང་བསྟུན། ཨ་ཕི་རི་ཀ་རྒྱལ་ཁབ་ Botswana སྲིད་འཛིན་ཟུར་པ་མཆོག་གིས་དབུས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༡༠ འི་གྲོས་ཚོགས་འཐུས་མི་རྣམས་དང། ཕྱི་བསྡོད་རྒྱ་རིག་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་གསུམ་གྱི་སྐུ་ཚབ་འཐུས་མི་བཅས་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ་བོད་མིའི་ཆེས་གནད་འགག་ཆེ་བའི་དུས་ཚིགས་ཐོག་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་རིང་རྒྱ་རིགས་ཚོགས་ཁག་གི་སྐུ་ཚབ་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་གནང་བའི་བརྒྱུད་བོད་མིའི་བོད་མིའི་འཐབ་རྩོད་དང་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་ནན་བརྗོད་གནང་སོང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིགས་འོག་སྔ་དྲོ་ཚོུད་ ༩༌༣༠ ཐོག་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་གནང་བའི་ཐོག་ཨོ་སི་ཊོ་ལི་ཡ་དང་ཨ་རི། དེ་བཞིན་ཁེ་ན་ཌ་སོགས་ཀྱི་ནང་དུ་གནས་པའི་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པ་དང། བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་སོགས་སྐུ་ཚབ་མི་སྣ་ལྔས་དབུས་པའི་བོད་མི་དང་རྒྱ་གར། དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ཡས་མས་ཤིག་འདུ་འཛོམས་གནང་འདུགསྐབས་དེར་བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Qi Xue We ལགས་ཀྱིས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སྒྲིག་འཛུགས་ཇི་འདྲ་ཞིག་གི་འོག་ལ་རང་གི་མ་འོངས་མདུན་ལམ་གདམ་རྒྱུའི་ཐོབ་ཐང་ཡོད་པ་བཞིན་ང་ཚོས་ཀྱང་དེར་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།དེ་བཞིན་ཨོ་སི་ཊོ་ལི་ཡ་ནང་རྟེན་གཞི་བྱས་པའི་ Qi རིག་གཞུང་ཐེབས་རྩ་ཁང་གསར་འཛུགས་གནང་མཁན་ལྕམ་ Qi Jia Zhen ལགས་ཀྱིས་འདི་ལོ་༸གོང་ས་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་ཕེབས་ནས་ལོ་ ༦༠ འཁོར་བ་དང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༧༠ འཁོར་གྱི་ཡོད་པ་རེད། རྣམ་ཀུན་ནས་ཁྱེད་ཚོས་བཙན་དབང་གིས་མི་ཞིག་གི་མིག་བཙུམ་འཇུག་ཐུབ་ཀྱི་ཡོད་ཀྱང་བཙན་དབང་ཐོག་གཉིད་ཁུག་འཇུག་ཐུབ་རྒྱུ་མེད་ཅེས་བཤད་སྲོལ་ཡོད་པ་ལྟར། བོད་མི་རྣམས་བློ་སེམས་བརྟན་པོས་རང་ཉིད་ཀྱི་འཐབ་རྩོད་ཐོག་གནས་པར་བསྔགས་བརྗོད་དང་རྒྱ་རིགས་ཚོས་བོད་མིའི་ཁྲོད་ནས་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་སྐོར་སོགས་གསུངས་ཡོད།དེ་བཞིན་ཁེ་ན་ཌ་ནང་གནས་བཞུགས་རྒྱ་ནག་མང་གཙོ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཞོན་པ་ལྕམ་ Sheng Xue ལགས་ཀྱིས་བོད་མིས་རང་གི་རང་དབང་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་བདག་པོ་བོད་མི་ཡིན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང། དེང་སྐབས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དེ་ཡོངས་གྲགས་ཆགས་ཡོད་པ་དེ་ནི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་རྣམས་ཀྱི་བྱས་རྗེས་ཡིན་པར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ང་རང་ཕྱི་བསྡོད་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པའི་འགོ་ཁྲིད་ཡིན་པའི་ཆ་ནས་བོད་ལ་རང་དབང་མ་ཐོབ་བར་དུ་བོད་མིར་རྒྱབ་སྐྱོར་གནང་རྒྱུར་འབད་ངེས་ཡིན་ངེས་ཞེས་གསུངས་ཡོད། དེ་བཞིན་བོད་དང་རྒྱ་ནག་ཉམས་ཞིབ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Wang Xueli ལགས་ཀྱིས་མ་འོངས་པར་རྒྱ་ནག་ནང་མང་གཙོའི་འགྱུར་བ་ཞིག་ཡོང་ངེས་ཡིན་པ་ལྟར། བོད་མི་དང་རྒྱ་རིག་མང་གཙོ་དོན་གཉེར་ཚོགས་པ་གཉིས་མཉམ་ལས་ཐོག་རྒྱ་ནག་ནང་མང་གཙོའི་བཅོས་སྒྱུར་དང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཆེད་ཕྱག་ལས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད། གཞི་རྩའི་ཁ་སང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་ཚོགས་སྡེ་གསུམ་གྱི་སྐུ་ཚབ་མི་གྲངས་ ༦༠ ཡོད་པ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།

ཨ་རིའི་མགྲིན་ཚབ་པས་རྒྱ་ནག་ནང་གི་ཆོས་དད་རང་དབང་ཐོག་སྐྱོན་བརྗོད།

ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་ཀྱིས་ཟླ་ ༣ ཚེས་ ༧ ནས་བཟུང་ཧོང་ཀོང་དང་ཐེ་ཝན་ནང་གཞུང་འབྲེལ་གྱི་ཕྱོགས་སྐྱོད་གནང་ཡོད་པ་ལྟར། དེ་རིང་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་སྐུ་ཞབས་ Sam Brownback ལགས་ཀྱིས་རྒྱ་ནག་གིས་བོད་དུ་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་ནས་སྐྱོན་བརྗོད་གནང་འདུག སྐུ་ཞབས་ Sam Brownback ལགས་ཀྱིས་དེ་རིང་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ཐེངས་དང་པོར་ཚོགས་པའི་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཆོས་དད་རང་དབང་སྐོར་གྱི་གླེང་མོལ་ཞེས་པའི་གླེང་སྟེགས་ཐོག་ཨ་རིའི་ངོས་ནས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུའི་ཐུགས་རེ་ཡོད་པ་བཞིན་ཨ་རིས་མགོན་པོ་མཆོག་བོད་དུ་ཕེབས་ཐུབ་པར་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དང་བསྦྲགས། རྒྱ་ནག་གི་ངོས་ནས་གང་མགྱོགས་༸གོང་ས་མཆོག་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་དགོས་པར་འབོད་སྐུལ་གནང་ཡོད་པ་རེད། ཁོང་གིས་རྒྱ་ནག་ནང་ཆོལ་ལུགས་སྤྱི་ཡོངས་ཀྱི་རང་དབང་མེད་སྐོར་གསུངས་པ་དང་། ལྷག་དོན་བོད་དང་ཡུ་གུར་མི་རིགས་ཀྱིས་གཙོས་པའི་ཧྥ་ལོང་གྷོང་སོགས་ཀྱི་གནས་བབས་གླེང་ཡོད་མ་ཟད། རྒྱ་ནག་སྲིད་གཞུང་ཅི་ལྟར་ཆོས་ལུགས་རང་དབང་ལ་ཞེད་ཀྱི་ཡོད་པའི་ཐད་ནས་དོགས་འདྲི་བྱས་ཏེ། སྲིད་གཞུང་གི་ངོས་ནས་ཆོས་ལུགས་ཚང་མར་སྤྱི་སྙོམས་ཀྱིས་ལྟ་རྟོག་དགོས་པ་ནི་སྤྱི་ཚོགས་བརྟན་བརླིང་གི་གཞི་རྩ་རེད་ཅེས་རྒྱ་ནག་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག གཞི་རྩའི་ཐེ་ཝན་ནང་གི་ལྷན་ཚོགས་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྔ་ལོ་ཡུལ་དེའི་རྒྱལ་སའི་ནང་ཆོས་དད་རང་དབང་དང་འབྲེལ་བའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དེའི་རྗེས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། ཐེ་ཝན་དུ་ཚོགས་པའི་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༡༥ ཙམ་གྱི་འབྲེལ་ཡོད་དབུ་ཁྲིད་དང་ལས་འགུལ་བ་སོགས་མཉམ་ཞུགས་གནང་གི་ཡོད་པ་རེད། སྐུ་ཞབས་ Sam Brownback ལགས་ཀྱིས་ལྷན་ཚོགས་དེའི་ཐོག་ཐེ་ཝན་ནི་ཆོས་དད་རང་དབང་ཡོད་པའི་ས་ཁུལ་ཞིག་ཆགས་ཡོད་སྟབས་ཐེ་ཝན་གྱིས་རྒྱ་ནག་ནང་གི་ཆོས་དད་རང་དངབང་གི་སྐོར་ལ་རོགས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་པར་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ནང་ཆོས་ལུགས་རང་དབང་ལ་ལྟ་རྟོག་གི་ལས་ཁུངས་ཤིག་འཛུགས་དགོས་གལ་ཡིན་པ་བརྗོད་འདུག དེ་བཞིན་ཁོང་གིས་ཆོས་དད་རང་དབང་ནི་ཕྱི་ལོ ༡༩༤༨ ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་གཏན་ལ་ཕབས་པའི་རྒྱལ་སྤྱིའི་ཁྲིམས་ཡིག་ཅིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་དུ་འཁོད་པའི་ཁེ་དབང་ཞིག་ཀྱང་ཡིན་པར་བརྗོད་འདུག  ནང་མི་དང་འབྲེལ་བ་ཆད་སོང་བའི་ཡུ་གུར་མི་ཁག་གཅིག་མིང་ཐོ་སྒྲོག་སྦྱང་གནང་སྟེ་རྒྱ་ནག་སྲིད་གཞུང་ལ་མི་དེ་དག་གང་དུ་ཡོད་མེད་ཀྱི་དྲི་བ་བཏང་འདུག རྩ་བའི་སྐུ་ཞབས་ Sam Brownback མཆོག་གིས་ཟླ་བ་འདིའི་ཚེས་བདུན་ནས་བཟུང་གཞུང་འབྲེལ་གྱི་ཕྱོགས་སྐྱོད་དབུ་འཛུགས་གནང་ཡོད་པ་ལྟར། ཧོང་ཀོང་གི་དུའང་ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་ཐོག་གླེང་སློང་གནང་ནས་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་བྱེད་བཞིན་པ་མ་ཟད། ལྷག་པར་དུ་བླ་སྤྲུལ་ངོས་འཛིན་བྱེད་པའི་སྲོལ་རྒྱུན་ལ་དམ་དྲག་བྱེད་བཞིན་པར་ཨ་རིའི་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ངོས་ནས་སྐྱོན་བརྗོད་བྱེད་བཞིན་པའི་གཏམ་བཤད་སྤེལ་ཡོད་པ་རེད། ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་ཁ་སང་ཡུལ་དེའི་ནང་གི་ཨ་རིའི་གཞུང་ཚབ་པ་ཆེད་དུ་བསྐོང་སྟེ་སྐུ་ཞབས་ Sam Brownback མཆོག་གི་གཏམ་བཤད་དེ་ནི་གཞི་རྩ་མེད་པ་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་ཁྱོན་དུ་རྣམ་པ་འདྲ་མིན་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི།

རྒྱལ་སྤྱིའི་ས་གནས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གོམ་བགྲོད་དང་སྐད་འབོད། བོད་ཀྱི་ཉིན་མོ་སྲུང་བརྩི། དེ་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩི་ཞུས་འདུགབྱང་ཨ་རིར་ཆ་མཚོན་ན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་མངའ་ཁུལ་གྱི་བོད་མི་རྣམས་སྔ་དྲོ་ཚོུད་ ༨ སྟེང་  Brooklyn ས་གནས་སུ་ལྷན་འཛོམས་ཀྱིས་ཁུལ་དེར་ཆགས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གནང་བ་དང་དེ་རྗེས་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་སྐད་འབོད་དང་གོམ་བགྲོད་གནང་འདུགསྐབས་དེར་ཉེ་སྔོན་ཨ་རིའི་ Philadelphia རང་བཙན་ཚོགས་ཁང་ནས་དབུ་འཛུགས་གནང་བའི་བོད་རང་བཙན་གྱི་གོམ་བགྲོད་པ་རྣམས་ཁུལ་དེར་འབྱོར་བ་དང་བསྟུན། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་གཙོས་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་དང་མང་ཚོགས་ཚོས་རང་བཙན་དོན་གཉེར་བ་རྣམས་ལ་ཕེབས་བསུ་དང་འབྲེལ་ཏེ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།ཨ་རིའི་རྒྱ་ས་མངའ་ཁུལ་གྱི་བོད་མི་རྣམས་ཁུལ་དེར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་དྲུག་ཅུ་ཐོག་སྤེལ་བའི་བསྒྲགས་གཏམ་སྒྲོག་སྦྱང་དང་། དེ་ནས་རིམ་པས་རྒྱ་ནག་གཞུང་ལས་ཁུངས་དང་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་སོགས་གནང་ཡོད།ལྕམ་སྐུ་ Nancy Pelosi མཆོག་གི་བསྒྲགས་གཏམ་ནང་དེ་སྔ་གསུམ་བཅུའི་དུས་དྲན་སྐབས་སུ་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་ཚོར་རྗེས་དྲན་དང་སྦྲགས། ཨ་རིའི་གྲོས་ཚོགས་ནས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོབ་ཐབས་སླད་ལས་དོན་སྔར་ལྷག་གནང་རྒྱུ་ཡིན་པ་བཀོད་འདུགཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ས་གནས་བོད་མི་དང་ལྷག་པར་དུ་གཞོན་སྐྱེས་ཚོ་ལ་བོད་མིའི་གསུམ་བཅུའི་སྒེར་ལངས་ཀྱིས་གཙོས་པའི་འཐབ་རྩོད་ཀྱི་གལ་ཆེའི་ལོ་ཚིགས་ཁག་ཤེས་རྟོགས་ཐུབ་ཐབས་སོགས་ལ་དམིགས་ཏེ་བོད་མིའི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་གནད་དོན་ཐད་ཀྱི་དཔྱད་ཞིབ་པ་དང་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲིས་ལགས་གཉིས་གདན་ཞུས་ཀྱིས་བོད་དོན་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་སུ་ཆེ་བསྟོད་མཚོན་ཆེད་མུན་སེལ་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུགཉིན་མོ་དེར་ས་གནས་མི་མང་ནས་ངོ་རྒོལ་སྐད་འབོད་ཙམ་མིན་པར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མཆོད་འབུལ་སྨོན་ལམ་གནང་འདུག ལྷག་པར་དུ་མི་ནི་སོ་ཊ་མངའ་སྡེའི་གྲོང་ཁྱེར་ New Baden དང་། Richfield Edina Rochester Columbia Heights དེ་བཞིན་ Minneapolis  དང་། Saint Paul བཅས་སུ་བོད་མིའི་སྒེར་ལངས་ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་རེད།དེ་བཞིན་ California ལྷོ་བྱང་གཉིས་སུ་ས་གནས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མིར་དྲང་བདེན་དགོས་པ་དང་། བོད་ནང་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས། རྒྱ་ནག་གི་རྫུན་གཏམ་འོག་བོད་མིའི་ཚེ་སྲོད་ཤོར་བཞིན་ཡོད་པ་སོགས་ཀྱི་འབོད་ཚིག་སྒྲོག་ཐོག་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུགདེ་དང་ཕྱོགས་མཚུངས་ Canada གྲོང་ཁྱེར་ Toronto དང་། Victoria སོགས་སུ་བོད་མི་རྣམས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་སྲུང་བརྩིའི་ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་སྐུ་ཞབས་ Randall Garrison ལགས་དངོས་སུ་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་སྐུ་ཞབས་ Thanh Hai Ngo ལགས་ནས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་ཡང་སྤེལ་འདུགགཞན་ཡང་ཡུ་རོབ་ Sweden ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཡུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་སོགས་གནང་ཡོད་སྟབས། རྒྱ་ནག་གཞུང་ཚབ་ཁང་ནས་བོད་མིའི་འབོད་སྒྲ་ལ་ཉན་འཇོག་མེད་པའི་ཁར་འབོད་སྒྲ་རྣམས་གོ་རྒྱུ་མེད་པ་བཟོ་ཐབས་སུ་རྒྱ་ནག་གི་གཞས་སྐད་སྒྲ་ཆེན་པོས་བཏང་པ་མ་ཟད། drones འཕྲུལ་པར་བརྒྱུད་སྐད་འབོད་ལ་ཕེབས་པའི་མི་མང་རྣམས་ཀྱི་འདྲ་པར་བླངས་པའི་གནས་སྟངས་སོགས་བྱུང་འདུགཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་དུའང་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་དང་བསྟུན། ཀེན་བི་ར་དང་ཁུལ་དེའི་གཡས་གཡོན་དུ་གནས་བཞུགས་བོད་མི་ ༣༠༠ མན་ཙམ་མཉམ་འཛོམས་ཐོག་རྒྱལ་ས་ནས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་བར་དུ་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས་པའི་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བསྣམས་ཐོག་གོམ་བགྲོད་གནང་འདུགསྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Danby མཆོག་དང་ཨོ་སི་ཊོ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། དེ་བཞིན་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་སྐུ་ཚབ། ཆབ་སྲིད་བཙོན་པ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་རྣམས་ནས་གསུང་བཤད་གནང་འདུག་པ་དང་། རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མི་རྣམས་ནས་བདེན་ཚིག་སྨོན་ལམ་དང་། རྒྱ་སྐད་ཐོག་ནས་ཡང་གསུང་བཤད་སྙན་སྒྲོན་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney དང།  Melbourne དེ་བཞིན་  Queensland ནང་གནས་བཞུགས་བོད་མི་རྣམས་ནས་ས་གནས་སོ་སོར་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་མི་སྐུ་ཞབས་ Shane Rattenbury མཆོག་གིས་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་དང། དེའི་ནང་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་དང། རིག་གཞུང་། ཆོས་དད་རང་དབང་སོགས་རྩོད་པར་ཐོབ་ཐང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་མ་ཟད་འདས་པའི་མི་ལོ་ ༦༠ ནང་རྒྱ་ནག་གི་དྲག་གནོོན་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཐོག་རྒྱལ་སྤྱིའི་གཞུང་དང་ལྷག་དོན་ཨོ་སི་ཊོ་ལི་ཡ་གཞུང་ནས་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་གསུངས་པ་དང་ཆབས་ཅིག་ཏུ་བོད་མིའི་རང་སྲིད་རང་སྐྱོང་གི་གནས་བབས་ཐོག་ནས་ཀེན་བྷེ་རི་གནས་བཞུགས་བོད་མི་རྣམས་ནམ་ཞིག་རང་གི་ཕ་ཡུལ་སླར་མཇལ་ཐུབ་རྒྱུའི་རེ་བ་ཡོད་པ་གསུངས་འདུགད་དུང་ནིའུ་ཛ་ལན་ཌིའི་གྲོང་ཁྱེར་ཨོཀ་ལན་ཌི་ནང་གནས་བཞུགས་བོད་མི་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཀྱང་ཨོཀ་ལན་ཌིའི་དྲན་རྟེན་རྡོ་རིང་མདུན་དུ་འདས་པའི་མི་ལོ་ ༦༠ ནང་འདས་གྲོངས་སུ་གྱུར་བའི་བོད་མི་དང། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་བ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུས་པའི་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག ཉི་ཧོང་དུའང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ཉི་ཧོང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རྒྱལ་ཀྱི་རྒྱལ་དར་དང་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བསྣམས་ནས་གོམ་བགྲོད་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་འདུགགོམ་བགྲོད་དེའི་ཁྲོད་ཡུ་གུར་བ་ཁག་གཅིག་ནས་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བྱེས་བཞུགས་བོད་མིའི་གནས་ཡུལ་རྒྱ་གར་གཙོ་གྱུར་ཨེ་ཤ་ཡ་དང།  ནུབ་ཕྱོགས་རྒྱལ་ཁབ་བཅས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་འཐབ་རྩོད་སླད་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཆེས་མི་འདོད་པའི་ངོ་རྒོལ་སྐད་འབོད་སོགས་གནང་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།    

རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུ་དང་རྒྱ་ནག་ཏུ་བཟང་སྤྱོང་ཀྱི་རིན་ཐང་སྤེལ་རྒྱུར་ལྷག་བསམ་རྣམ་དག་ཡིན།

ཁ་སང་ཕྱི་ཟླ་ ༣ ཚེས་ ༧ ཉིན་ཨ་རིའི་དུས་དེབ་གྲགས་ཅན་ TIME ཡིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་པར་ཞིག་འདོན་སྤེལ་གནང་བའི་ནང་༸གོང་ས་མཆོག་གིས་མ་འོངས་པའི་ལོ་གཉིས་གསུམ་ནང་བོད་ཀྱི་གནད་དོན་ལ་འགྱུར་བ་ཞིག་འགྲོ་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་དང་། སྤྱིར་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུ་དང་རྒྱ་ནག་ཏུ་བཟང་སྤྱོད་ཀྱི་རིན་ཐང་སྤེལ་རྒྱུར་ལྷག་བསམ་རྣམ་དག་ཡིན་ཞེས་བཀའ་བསྩལ་འདུགརྩ་བའི་ Time དུས་དེབ་ཀྱིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ནོར་གླིང་ཕོ་བྲང་ནས་ཞལ་གྱེས་ཏེ་བཙན་བྱོལ་དུ་ཆིབས་བསྒྱུར་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་པར་སྐབས་དེའི་དུས་དེབ་ཀྱི་མདུན་ཤོག་ཏུ་ཆེད་བཀོད་གནང་བའི་གནས་ཚུལ་རྒྱ་ཆེ་སྤེལ་ཡོད་པ་དང་། ད་ཆ་ལོ་ངོ་དྲུག་ཅུའི་རྗེས་སླར་ཡང་དགུང་གྲངས་ ༨༤ ལ་ཕེབས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དུས་དེབ་དེའི་མདུན་ཤོག་ཏུ་བཀོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་བརྙན་པར་དང་དཔྱད་རྩོམ་ཞིག་ཀྱང་འདོན་སྤེལ་གནང་འདུགདུས་དེབ་དེས་༸གོང་ས་མཆོག་ད་ཆ་དགུང་ལོ་བགྲེས་པོར་ཕེབས་པ་དང་བསྟུན་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་རྒྱ་གཞུང་གིས་དབང་ཤུགས་འོག་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ཇེ་ཆེར་འཕེལ་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་དུ་མ་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་མཇལ་འཕྲད་བྱུང་མེད་སྐོར་བརྗོད་དེ་འདས་པའི་མི་ལོ་ ༦༠ ལྷག་གི་རིང་༸གོང་ས་མཆོག་འཛམ་གླིང་ཁྱོན་དུ་ནང་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ཀྱང་རྒྱ་གཞུང་གིས་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུགདུས་དེབ་དེས་ཐེངས་འདིའི་བཅར་འདྲིའི་ཐོག་༸གོང་ས་མཆོག་ལ་བོད་རྒྱའི་འབྲེལ་ལམ་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན། ནང་སེམས་ཀྱི་ཞི་བདེ། དེ་བཞིན་ཨ་རིའི་སྲིད་འཛིན་དང་གོ་ལའི་ཚ་དྲོད་འཕེལ་རྐྱེན་སོགས་བརྗོད་གཞི་འདྲ་མིན་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་པ་ལྟར། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ནས་ནང་ཆོས་དང་ལྷག་པར་དུ་བོད་ཀྱི་ས་ཁུལ་ཁག་ཅིག་ལ་གུ་ཡངས་ཀྱི་རྣམ་པ་མངོན་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་༸གོང་ས་མཆོག་༸སྐུ་སྒེར་གྱི་གོ་རྟོགས་ཟབ་ཏུ་འགྲོ་བཞིན་པ་མངོན་རྒྱུ་ཡོད་པ་དང་། མ་འོངས་པའི་ལོ་གཉིས་དང་གསུམ་གྱི་ནང་དུ་འགྱུར་བ་ངེས་ཅན་ཞིག་ཡོང་བར་ཐུགས་རེ་གནང་བཞིན་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ཀྱང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྒྱ་རིགས་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུའི་དགོངས་བཞེས་ཡོད་པ་དང་དེ་བཞིན་སླད་མར་རྒྱ་རིགས་སྤྱི་ཚོགས་ནང་བཟང་སྤྱོད་ཀྱི་རིན་ཐང་སྤེལ་རྒྱུའི་ལྷག་བསམ་རྣམ་དག་ཡིན་ཞེས་བཀའ་ལན་བསྩལ་འདུགགསར་ཁང་དེས་༸སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་བཅར་འདྲི་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་རྒྱ་ནག་གཞུང་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཅིག་ངོས་འཛིན་བྱས་ཡོད་པ་དེ་ལྟར་ཡང་། བོད་རིགས་ཚོས་ངོས་ལེན་གནང་གི་མེད་པ་མ་ཟད་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཁག་ཅིག་ནས་ཀྱང་ཡང་སྲིད་རྫུན་མ་ཡིན་པ་བརྗོད་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཅིག་ངོས་འཛིན་བྱེད་སྲིད་ཀྱང་བོད་མི་རིགས་ཀྱིས་དེ་ངོས་ལེན་གནང་གི་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།དེ་བཞིན་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་ནས་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་གནས་པའི་མི་ཐེར་འབུམ་བདུན་པོ་ཚང་མས་བདེ་བ་འདོད་ཀྱི་ཡོད་པ་བཀའ་བསྩལ་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་དུ་ཤེས་ཡོན་ལམ་ལུགས་དེས་རྒྱུ་ནོར་ལོངས་སྤྱོད་ལ་ཧ་ཅང་གི་བློ་ཐག་ཉེ་པོ་བཟོས་ཡོད་པ་མ་ཟད། སློབ་གསོ་དེའི་རྐྱེན་པས་སེམས་མི་བདེ་བ་དང་། སེམས་ཁྲལ། ཕྲག་དོག་སོགས་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ང་ཚོ་དུད་འགྲོ་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཀྱི་ནུས་པ་དམིགས་བསལ་བ་ཞིག་ཡོད་སྟབས་དེར་བློ་སྦྱོང་དགོས་པ་དང་བློ་སྦྱོང་བ་དེས་མ་རུང་བའི་བློ་རྣམས་ཡོངས་སུ་ཞི་ཐབས་ལ་སྤྱོད་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུགགསར་ཁང་དེས་མགོན་པོ་༸གང་ཉིད་མཆོག་ལ་ཨ་རིའི་སྲིད་འཛིན་ལས་ཐོག་ Donald trump དང་གོ་ལའི་ཚ་དྲོད་འཕེལ་རྐྱེན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར་༸གོང་ས་མཆོག་གིས་སྲིད་འཛིན་ Trump མཆོག་ནས་ཆེས་ཐོག་མར་མང་ཚོགས་ལ་གཏམ་བཤད་གནང་སྐབས་༸གང་ཉིད་མཆོག་དེར་ཐུགས་ཅུང་ཙམ་བདེ་པོ་བྱུང་མེད་སྐོར་བཀའ་བསྩལ་བ་དང་སྦྲགས། ཨ་རི་ནི་འཛམ་གླིང་རྒྱལ་ཁབ་གཞན་ཀུན་གྱི་སྣེ་ཁྲིད་པ་ཞིག་ཆགས་ཡོད་སྟབས་འཛམ་གླིང་སྤྱིའི་འགན་བཞེས་དགོས་པར་བཀའ་བསྩལ་འདུགདེ་བཞིན་གོ་ལ་སྤྱིའི་ཚ་དྲོད་འཕེལ་རྐྱེན་གྱིས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་བཞིན་པ་ནི་རང་ཉིད་ཀྱི་བཟོས་པ་ཞིག་ཡིན་པ་དང་། དེ་ཡང་ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་རིམ་པ་གཉིས་པའི་བསམ་བློ་ལས་བྱུང་བ་ཞིག་ཡིན་སྟབས། གོ་ལ་སྤྱིའི་ཚ་དྲོད་འཕེལ་བའི་ངལ་བ་དེ་འཛམ་གླིང་གཅིག་གྱུར་གྱི་བློ་ཁོ་ནས་སེལ་ཐུབ་ངེས་ཡིན་ཞེས་བཀའ་ལན་བཀྲིན་ཆེ་བ་བསྩལ་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བཅུའི་དུས་དྲན་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་གྲོས་འཐུས་ཚོར་སྣེ་ལེན་ཞུས་པ།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣༌༣༠ ཐོག་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་ལས་རྣམས་ལྷན་འཛོམས་ཀྱིས་བསླེབ་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ཐོག་ཆེད་ཕེབས་གནང་བའི་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་གཞུང་འབྲེལ་ཕེབས་བསུ་ཞུས་སོང་།ཐེངས་འདིའི་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མིའི་ཁོངས་སུ་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Micheal Brand ལགས་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་དང་ལྕམ་ Linda Duncan ལགས། དེ་བཞིན་ Slovakia འི་གྲོས་ཚོགས་འཐུས་མི་སྕམ་ Lucia Duris ལགས་དང་ Martin Poliacik ལགས། ཐེ་ཝན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Mei nu Yu ལགས་བཅས་ཁྱོན་གྲོས་ཚོགས་འཐུས་མི་དྲུག་ཆེད་ཕེབས་གནང་ཡོད་པ་རེད།ཕེབས་བསུའི་མཛད་རིམ་གྱི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་ཡང་དག་པའི་ཐོག་ཕྱག་ལས་གནང་བཞིན་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས་ཏེ། གྲོས་ཚོགས་འཐུས་མི་རྣམས་ད་རེས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་གནང་སླད་བཞུགས་སྒར་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་པ་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་རྣམ་པས་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བརྟེན་ནས་ད་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་བསྒྲུབ་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་སོང་། དེ་རྗེས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Micheal Brand ལགས་ནས་ཆོས་དད་རང་དབང་གྱི་གནད་དོན་དེ་ནི་གལ་ཆེན་པོ་ཡིན་པ་དང་། ཇར་མ་ནིའི་གྲོས་ཚོགས་ནང་ལ་བོད་ནང་གི་རང་དབང་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་ཐོག་གླེང་སློང་ཡང་ཡང་གནང་གི་ཡོད་པ་གསུངས་ཡོད། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ལྕམ་ Linda Duncan ལགས་ཀྱིས་ཁོང་ནས་རྣམ་ཀུན་བོད་ཀྱི་གནས་ཚུལ་ལ་དོ་སྣང་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་ཁག་ཅིག་ནས་རང་ཉིད་ཀྱི་སྐད་དང་རིག་གཞུང་ལོངས་སུ་སྤྱོད་པ་ཙམ་གྱིས་འཛིན་བཟུང་བཀག་ཉར་འོག་བཀའ་སྡུག་མྱོང་བཞིན་པ་དེ་ནི་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་པ་གསུངས་སོང་བ་མ་ཟད། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་ཀྱིས་ཁོང་དེ་སྔ་ལོ་གསུམ་གྱི་གོང་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཏེ་བོད་དོན་རྒྱུས་ལོན་གནང་བ་སོགས་ངོ་སྤྲོད་དང་འབྲེལ། ཁོང་གིས་རྒྱུན་དུ་བོད་དོན་གླེང་རྒྱུ་དེ་ཁོང་རང་ཉིད་ཀྱི་ལས་འགན་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་གསུངས་ཡོད།  ཁོང་གིས་ཉེ་བའི་ལོ་ཤས་ནས་རྒྱ་ནག་གིས་ Canada གཙོས་པའི་རྒྱལ་ཁབ་མང་པོའི་ནང་དབང་ཤུགས་རྒྱ་སྐྱེད་དང་སློབ་གྲྭ་དང་ཚོགས་པའི་ལས་དོན་ལ་ཐེ་བྱུས་སོགས་བྱེད་བཞིན་ཡོད་སྟབས་ང་ཚོ་ཚང་མས་གནད་དོན་དེར་གདོང་ལེན་གནང་དགོས་པ་སོགས་གསུངས་ཡོད།དེ་བཞིན་ Slovakia འི་གྲོས་ཚོགས་འཐུས་མི་སྕམ་ Lucia Duris ལགས་དང་ Martin Poliacik ལགས། ཐེ་ཝན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Mei nu Yu ལགས་བཅས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་བོད་མི་ཚོས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་བསྐྱོད་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད།གཞི་རྩའི་དེ་རིང་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་གྲོས་ཚོགས་འཐུས་མི་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གདན་འདྲེན་ཞུས་དོན་ལྟར་གཞུང་འབྲེལ་གྱི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་ཐེངས་ ༦༠ པའི་མཛད་སྒོར་སྐུ་མགྲོན་དུ་ཕེབས་པ་ཆགས་ཀྱི་ཡོད་པ་རེད།

Latest news