Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

Richmond གྲོང་སྡེ་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་སླད་བསྒྲགས་གཏམ་སྤེལ་བ།

ཨ་རི་ཁེལ་ཕོ་ནི་ཡའི་བྱང་ཕྱོགས་སུ་ཆགས་པའི་ Richmond གྲོང་སྡེ་ལྷན་ཚོགས་ནས་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུགབསྒྲགས་གཏམ་དེ་ཁ་སང་ཕྱི་དྲོ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ EDUARDO MARTINEZ ལགས་རྣམ་པ་གཙོས། ཁེལ་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཁག་གཅིག་བཅས་ལྷན་ཞུགས་གནང་ནས་སྤེལ་འདུག                                སྐབས་དེར་སྐུ་ཞབས་ MARTINEZ ལགས་ཀྱིས་བསྒྲགས་གཏམ་སྒྲོག་སྦྱང་གནང་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། རྒྱ་གཞུང་གིས་ Richmond དང་California མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་བསྐྱོད་རྒྱུར་མུ་མཐུད་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་ཡོད་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་གིས་བོད་ནང་རང་དབང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་གྲོད་ཆོད་གཏན་འབེབས་གནང་བ་དེ་འཕྲད་མར་ལག་བསྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་ཞུས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པའི་རྣམ་པ་ཆེད་བཏོན་གནང་ཡོད་པ་རེད། ལྷག་དོན་ཐེངས་འདིའི་བསྒྲགས་གཏམ་བརྒྱུད་ཕྱི་ཟླ་ ༣ ཚེས་ ༨ ཉིན་ Richmond གྲོང་སྡེ་ལྷན་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་མ་ཟད། གསུམ་བཅུའི་དུས་དྲན་ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད།རྩ་བའི་ Richmond ནང་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་རྒྱུ་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ལས་འགུལ་དེ་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་ཀྱིས་ཕྱི་ལོ་ ༢༠༡༧ ནས་དབུ་འཛུགས་གནང་བ་ལྟར་ད་ལན་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་དཔེ་སྐྲུན་ལ་ཐེ་གཏོགས་བྱེད་བཞིན་པ།

རྒྱ་ནག་གིས་ Australia པར་སྐྲུན་ཁང་གི་དཔེ་དེབ་མང་པོ་ཞིག་རྒྱ་ནག་ནང་དུ་པར་སྐྲུན་བྱེད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་།  རྒྱ་ནག་གིས་དཔེ་དེབ་པར་སྐྲུན་གྱི་ཐད་ནས་སྒྲིག་གཞི་མང་པོ་ཞིག་གསར་འཛུགས་ཀྱིས་བོད་ཀྱི་གནད་དོན་དང་རྒྱ་ནག་གི་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སོགས་ཀྱིས་མཚོན་པའི་རྒྱ་རིགས་ཁ་བྲལ་བའི་མིང་གཞུང་ནང་ཡོད་པའི་མི་དང་འབྲེལ་བ་ཡོད་རིགས་ཀྱི་དཔེ་དེབ་གཅིག་ཀྱང་རྒྱ་ནག་ནང་པར་སྐྲུན་བྱེད་ཐབས་མེད་པར་བཀག་འགོག་བྱས་འདུག དེ་རིང་ཨོ་སི་ཊོ་ལི་ཡའི་གསར་ཤོག Sydney Morning Herald ཐོག་གནས་ཚུལ་ཐོན་པར་རྒྱ་ནག་གི་ནང་དཔེ་དེབ་པར་སྐྲུན་གྱི་རིན་གོང་ལྟོས་བཅས་ཀྱི་ཆུང་བ་ཡོད་སྟབས། ཕྱི་ཕྱོགས་ཀྱི་དཔེ་དེབ་མང་པོ་ཞིག་རྒྱ་ནག་གི་པར་སྐྲུན་ཁང་བརྒྱུད་ནས་པར་སྐྲུན་བྱེད་བཞིན་ཡོད་པ་ལྟར། ད་ཆ་རྒྱ་ནག་སྲིད་གཞུང་གིས་ཨོ་སི་ཊོ་ལིའི་ཡའི་རྩོམ་པ་པོ་ཁག་གིས་རང་གིས་མི་མང་ལ་དམིགས་པའི་དཔེ་དེབ་སོགས་ལ་བཀག་སྡོམ་གྱི་སྒྲིག་གཞི་ཆེད་བཟོས་ཀྱིས་རྒྱ་ནག་ནང་ཆབ་སྲིད་ཐད་ཁ་བྲལ་བ་དང་། རྔམ་སྟོན། དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་སོགས་ཀྱི་ཆབ་སྲིད་དཔོན་རིགས་ཀྱི་མིང་ཙམ་བཏོན་པ་ཙམ་གྱིས་དཔེ་དེབ་པར་སྐྲུན་བྱེད་ཐབས་མེད་པར་ཡོངས་བསྒྲགས་གནང་འདུག Sandy Grant ཞེས་པའི་ཨོ་སི་ཊོ་ལི་ཡའི་རྩོམ་པ་པོ་ཞིག་གིས་བྱིས་པའི་ས་ཁྲའི་དཔེ་དེབ་ཅིག་རྒྱ་ནག་ཏུ་པར་སྐྲུན་བྱེད་ཐབས་གནང་ཡོད་ཀྱང་། རྒྱ་ནག་གིས་དཔེ་དེབ་དེ་པར་སྐྲུན་མ་བྱས་པར་འགྲེལ་བརྗོད་བྱས་པ་དང་སྦྲགས། རྒྱ་ནག་དཔོན་རིགས་ནི་དུས་རྒྱུན་ནས་ས་ཁྲའི་རིགས་ལ་ཚོར་བ་རྣོན་པོ་ཡོད་པ་བཞིན་དཔེ་དེབ་ནང་དུ་ས་ཁྲ་རིགས་ཅི་ཞིག་ཡོད་ཀྱང་། དེ་དག་ཡོད་ཚད་རྒྱ་ནག་དམར་གཞུང་གིས་འཛམ་གླིང་ལ་བལྟ་བའི་བསམ་ཚུལ་དང་མཐུན་དགོས་པར་བརྟེན། ཁོང་གི་དཔེ་དེབ་དེའི་ནང་དུ་བོད་ཀྱི་ས་ཁྲ་ཡོད་སྟབས་པར་སྐྲུན་བྱེད་ཐབས་མ་བྱུང་བར་བརྗོད་འདུག རྩ་བའི་རྒྱ་ནག་གི་པར་སྐྲུན་ཁང་ཞིག་གིས་ཨོ་སི་ཊོ་ལི་ཡའི་པར་སྐྲུན་ཁང་ཞིག་ལ་དཔེ་དེབ་དུ་གླེང་སློང་བྱེད་མི་ཆོག་པའི་བཀག་སྡོམ་གྱི་རིའུ་མིག་ཅིག་ཕུལ་བའི་ནང་དྲུག་བཞིའི་དོན་རྐྱེན་དང་ཕྱི་ལོ་ ༢༠༡༡ ལོའི་མང་གཙོའི་དགོས་འདུན་གྱི་ཡར་ལངས། དེ་བཞིན་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀུང་གི་ཉི་གཏུགས་གསར་བརྗེའི་ལས་འགུལ། བོད་རང་བཙན་དང་འབྲེལ་བའི་ལས་འགུལ་དང་ཡུ་གུར་གྱི་གནད་དོན། དེ་བཞིན་རྒྱ་ནག་ནང་གི་ཧྥ་ལུང་ཀོང་་སོགས་ཀྱིས་མཚོན་པའི་བཀག་སྡོམ་རང་བཞིན་གྱི་བརྗོད་གཞི་མང་པོ་ཞིག་གསལ་ཡོད་པ་ཡང་ཕྱིར་བསྒྲགས་འདུག རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགོ་ཁྲིད་མང་པོ་དང་དམིགས་བསལ་གྱི་མོའོ་ཙེ་ཏུང་དང་ཞི་ཞིན་ཕིང་གཉིས་གཙོས་པའི་ད་ཡོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་སུ་ཞིག་གི་མིང་ཡང་དཔེ་དེབ་དུ་འཁོད་མི་ཆོག་པའི་རྒྱ་ནག་གིས་ཁ་བྲལ་དུ་བསྙད་ཡོད་པའི་མི་ ༡༡༨ གྱི་མིང་གཞུང་གསལ་འདོན་གྱིས་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་སོགས་ཀྱི་མིང་དཔེ་དེབ་དུ་འཁོད་ཡོད་ཚེ་རྒྱ་ནག་ཏུ་དཔེ་དེབ་དེའི་རིགས་པར་སྐྲུན་བྱེད་ཐབས་མེད་པའི་བཀའ་རྒྱ་བཏང་འདུག རྒྱ་རིགས་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་ཚན་རིག་ཆེད་སྦྱོང་བ་ Wu Lebao ཡིས་བརྗོད་པར་ཁོང་ཡང་རྒྱ་ནག་གིས་བཀག་སྡོམ་བྱེད་བཞིན་པའི་མིང་གཞུང་ནག་པོའི་ནང་བླུགས་ཡོད་པ་དང་། ཁོང་ནི་རྒྱ་ནག་གིས་ཕྱི་ལོ་ ༢༠༡༡ ལོའི་མེ་ཏོག་གསར་བརྗེ་རྔམ་སྟོན་ཁྲོད་སྒྱུ་རྩལ་བ་ Ai Weiwei ལགས་དང་མཉམ་འབྲེལ་གྱིས་གསར་བརྗེ་སློང་མཁན་ཡིན་པར་དོགས་གཞི་བྱེད་བཞིན་ཡོད་སྐོར་བཤད་ནས་ཨོ་སི་ཊོ་ལིའི་ཡར་རང་གི་ཚན་རིག་གི་བྱ་གཞག་ལ་དོ་སྣང་གནང་ཏེ་བཞུགས་ཡོད་སྟབས་ཐོ་གཞུང་དེའི་ཁོང་གི་མིང་མཐོང་བས་ཧང་སང་སོང་ཞེས་འགྲེལ་བརྗོད་གནང་འདུག མིང་གཞུང་ནག་པོའི་ནང་ཡོད་པའི་སྐུ་ཞབས་ Wu Lebao ཡིས་ཨོ་སི་ཊོ་ལི་ཡའི་གསར་ཁང་ལ་རྒྱ་ནག་སྲིད་གཞུང་གིས་རྒྱལ་ནང་དུ་པར་སྐྲུན་གྱི་བཀག་སྡོམ་སྔར་ལས་ཤུགས་ཆེར་བྱེད་བཞིན་ཡོད་ནའང་། དེ་ཙམ་གྱིས་སྲིད་གཞུང་གི་བློ་ཡུལ་མ་ཚིམ་པར་ད་ཆ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡང་རྒྱ་ནག་གི་པར་སྐྲུན་བཀག་སྡོམ་གྱི་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་རྒྱ་ནག་གིི་མི་འབོར་གང་འཚམས་ཤིག་ཡོད་པར་བརྟེན་རྒྱ་ནག་གིས་ཁྱོན་ཡོངས་ནས་ཨོ་སི་ཊོ་ལི་ཡའི་བརྒྱུད་ལམ་ཡོངས་སུ་བཀག་སྡོམ་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་སྐོར་ནན་བརྗོད་གནང་འདུག རྒྱ་ནག་གི་པར་སྐྲུན་ཁང་དང་མཉམ་དུ་ཕྱག་ལས་གནང་ཡོད་པའི་དཔེ་སྐྲུན་ཁང་ཞིག་གིས་བཤད་པར་རྒྱ་ནག་གི་ནང་དུ་སྲོལ་ཡིག་དེའི་གཞུང་ལུགས་དེ་སྔ་མོ་ཞིག་ནས་ཡོད་ནའང་། ད་ཆ་རྒྱ་ནག་གིས་གློ་བུར་དུ་མངོན་གསལ་གྱིས་པར་སྐྲུན་བཀག་སྡོམ་གྱི་སྒྲིག་གཞི་དེ་ཇེ་དམ་དུ་བཏང་སོང་ཞེས་བརྗོད་པ་མ་ཟད། རྒྱ་ནག་གིས་དཔེ་དེབ་ཡོད་ཚད་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་ང་ཚོས་རྒྱ་ནག་གིས་དཔེ་དེབ་ཡོད་ཚད་རེ་རེ་བཞིན་ཅི་ལྟར་ཀློག་བཞིན་ཡོད་ཚུལ་དེ་ཤེས་དཀའ་ནའང་ཁོང་ཚོས་ཡོད་ཚད་ཀློག་བཞིན་ཡོད་པ་ཁག་ཐེག་བྱེད་ཐུབ་ཅེས་འགྲེལ་བརྗོད་བྱས་ཡོད་པ་ཡང་འཁོད་འདུག

ཨ་རི་གཞུང་གིས་བོད་མིར་མུ་མཐུད་རོགས་དངུལ་གནང་གཏན་ཁེལ་བ།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་འདས་པའི་མི་ལོ་ ༣༠ ལྷག་གི་གོང་ནས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་བཅས་ཀྱི་ཐོག་རོགས་དངུལ་གནང་བཞིན་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་སྔོན་རྩིས་ཁོངས་ནས་མུ་མཐུད་བོད་ཕྱི་ནང་གཉིས་ཀྱི་བདེ་དོན་ཐོག་མ་དངུལ་རོགས་རམ་གནང་རྒྱུའི་ཐག་གཅོད་བྱུང་འདུག ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམ་པས་གཏན་འབེབས་གནང་བའི་བོད་མིར་རོགས་དངུལ་དང་འབྲེལ་བའི་གྲོས་ཆོད་ལ་མཚན་རྟགས་གནང་བའི་བརྒྱུད་འདི་ལོ་ ༢༠༡༩ ལོའི་ཨ་རིའི་ཕྱོགས་བསྡོམས་ཀྱི་སྔོན་རྩིས་ཁྲོད་ནས་བོད་མིར་ཨ་སྒོར་ས་ཡ་བཅུ་བདུན་གནང་གཏན་ཁེལ་འདུག ཨ་རིའི་སྲིད་གཞུང་གི་རོགས་སྐྱོར་ཨ་སྒོར་ས་ཡ་བཅུ་བདུན་དེ་བོད་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་སྤྱིད་དང་། ལྷག་པར་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། དེ་བཞིན་མི་རབས་རྗེས་མའི་འགོ་ཁྲིད་ཀྱི་ནུས་པ་གསོ་སྐྱོང་བཅས་ཀྱི་ཆེད་ཨ་སྒོར་ས་ཡ་དྲུག དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་འཛིན་སྐྱོང་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཨ་སྒོར་ས་ཡ་གསུམ་བཅས་སྡེ་ཚན་གསུམ་དུ་ཆ་བགོས་གནང་ཡོད་པ་རེད། ཐེངས་འདིའི་ཨ་རི་གཞུང་ནས་བོད་མིར་མུ་མཐུད་མ་དངུལ་རོགས་རམ་གནང་པ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་གཉིས་ཀར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Donald Trump མཆོག་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཨ་མི་རི་ཀའི་ལོ་འཁོར་སྔོན་རྩིས་ཁྲོད་ནས་ཨ་རིས་བོད་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་གཏོང་བཞིན་པའི་མ་དངུལ་རོགས་རམ་ཁག་གཅིག་འཕྲི་ཆ་དང་ཁག་གཅིག་མཚམས་འཇོག་གནང་རྒྱུ་སོགས་ཀྱི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་གཏན་འབེབས་ཁྲོད་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་མིར་མུ་མཐུད་མ་དངུལ་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཞུ་འབོད་གནང་དོན་ལྟར་བོད་གཞིས་བྱེས་གཉིས་ཀྱི་བོད་མིར་མ་དངུལ་རོགས་རམ་མུ་མཐུད་ཐོབ་ཡོད་པ་རེད།

ཐེ་ཝན་སྲིད་འཛིན་ལས་ཐོག་ནས་༸གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་མི་གནང་བར་སྐྱོན་བརྗོད།

ཆེས་ཐོག་མའི་ཐེ་ཝན་མང་གཙོ་ཡར་ཐོན་པའི་སྲིད་འཛིན་ཟུར་པས་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་ནས་རྒྱ་གཞུང་གི་གནོན་ཤུགས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་གདན་ཞུ་མི་གནང་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཉེ་ལམ་ཐེ་ཝན་སྲིད་འཛིན་ཟུར་པ་སྐུ་ཞབས་ Chen Shui bian མཆོག་གིས་རང་ཉིད་ཀྱི་ངོ་དེབ་ཐོག་བརྙན་ཐུང་ཞིག་སྤེལ་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་རྒྱ་གཞུང་ལ་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་པར་བསྐྱར་ནན་མཛད་ཡོད་ཀྱང་རྒྱ་གཞུང་གིས་ད་བར་དེར་བརྩིེ་འཇོག་རྩ་བ་ནས་མེད་པའི་ཁྲོད་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་ཀྱིས་སྲིད་འཛིན་ཟུར་པ་སྐུ་ཞབས་ Ma Ying jeou ལགས་ཀྱིས་གནང་ཕྱོགས་ལྟར་རྒྱ་གཞུང་གི་ཁེ་ཕན་སླད་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བཀྲིན་བསྐྱང་བར་གདན་ཞུ་གསོལ་འདེབས་ཕུལ་མེད་པ་མ་ཟད་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་བཞིན་ Chen Shui bian ལགས་ཀྱིས་འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་  ༦༠ འཁོར་བ་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་དེ་སྔ་ཕྱི་ལོ་ ༡༩༩༧ དང་། ༢༠༠༡ དེ་བཞིན་ ༢༠༠༩ བཅས་ལོ་སོ་སོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་ཕྱིར་དྲན་གནང་བ་དང་འབྲེལ་ཏེ། ཆིབས་བསྒྱུར་གསུམ་པོ་དེ་དག་ལ་ཡུལ་དེའི་སྲིད་འཛིན་རིམ་པས་སྣེ་ལེན་ཞུ་ཕྱོགས་ལ་ཧེ་བག་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོའི་ཆིབས་བསྒྱུར་སྐབས་ཐེ་ཝན་གྱི་སྲིད་འཛིན་མ་ཡོན་ཅུག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་ཁས་ལེན་གནང་མེད་སྐོར་གསུངས་འདུག སྐུ་ཞབས་ཁོང་གིས་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing wen ལགས་དང་སྲིད་འཛིན་ཟུར་པ་སྐུ་ཞབས་མ་ཡོན་ཅུག་གཉིས་ལ་དཀའ་ངལ་གཅིག་མཚུངས་ཡོད་པ་དེ་ནི་རྒྱ་གཞུང་གི་ཤུགས་རྐྱེན་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་༸གང་ཉིད་མཆོག་ཐེ་ཝན་ནང་གདན་འདྲེན་ཞུ་རྒྱུར་འཛེམས་ཟོན་གནང་བཞིན་ཡོད་པ་དེ་ཡིན་པ་གསལ་བཏོན་གནང་བ་མ་ཟད། གལ་ཏེ་ཐེ་ཝན་ནས་རྒྱ་གཞུང་གི་སྟོབས་ཤུགས་ལ་ཞེད་རྐྱེན་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུ་ཚེ་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་བློན་ཆེན་རྣམས་ནས་རྒྱ་གཞུང་གི་སྟོབས་ཤུགས་ལ་ལྟོས་མེད་མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་དེ་དག་ནང་མཇལ་འཕྲད་གནང་དགོས་དོན་དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ་ཞེས་ཟུར་ཟའི་ཐོག་ནས་དྲི་བ་གནང་ཡོད་པ་རེད། ལྷག་དོན་༸གོང་ས་མཆོག་གིས་ཡང་ནས་ཡང་དུ་ཐེ་ཝན་ནང་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་ཀྱང་བློ་འགྱོད་གནང་དགོས་པ་ཞིག་ལ་ཐེ་ཝན་སྲིད་འཛིན་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་༸གང་ཉིད་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་བའི་གསོལ་འདེབས་ཞུས་མེད་ཅེས་གསུངས་ཡོད་པ་མ་ཟད། སྐུ་ཞབས་ཁོང་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་གང་ཡིན་གསལ་པོ་རྟོགས་ཐུབ་ཀྱང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་བྱུང་བའི་གྲོས་མོལ་མཐའ་དག་ལ་དོན་འབྲས་གང་ཡང་སོན་མེད་པ་ནི་ཡིད་སྐྱོ་བའི་གནས་ལས་མ་འདས། ཁྱད་པར་དུ་བོད་མིའི་ངོས་ནས་རྒྱ་གཞུང་ལ་བསྟུན་མཁས་ཇི་ཙམ་གནང་ཡང་རྒྱ་གཞུང་ནས་དེ་ལྟར་བྱ་སྲིད་མིན་ཐེ་ཚོམ་ཡིན་པ་མ་ཟད། དེ་སྔོན་ཕྱི་ལོ་ ༡༩༥༡ ལོར་བོད་མི་རྣམས་ནས་དྲག་དཔུང་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་བརྩི་མེད་ཀྱིས་བོད་མིར་དྲག་གནོན་བྱས་ཡོད་ཅེས་འབུར་བཏོན་གནང་འདུག  

རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་བསྐྱར་བཏོན།  

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Marco rubio ལགས་དང་མང་གཙོ་ཚོགས་པའི་ལྕམ་ Catherine Cortez Masto ལགས་རྣམ་གཉིས་ནས་ཨ་རིའི་གྲོས་ཚོགས་སུ་ཨ་རི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་བསྐྱར་བཏོན་གནང་འདུགཁ་ཉིན་ཕྱི་ཚེས་ ༡༣ ཉིན་སྐུ་ཞབས་ Marco rubio ལགས་ནས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འགོག་ཐབས་གྲོས་འཆར་དེ་གཏན་འབེབས་བྱུང་ཚེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་གཉིས་ཐུན་མོང་ནས་ཞིབ་འཇུག་གི་སྡེ་ཚན་ཟུར་འཛུགས་གནང་ཐོག་ཨ་རི་གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཏུ་རྒྱ་ནག་གི་ཁུངས་ལྡན་མིན་པའི་གནས་ཚུལ་དྲིལ་བསྒྲགས་དང། རྒྱ་གཞུང་གིས་གསར་འགྱུར་འཁྱོག་བཤད་བྱས་པ། དེ་བཞིན་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཤུགས་རྐྱེན་སྤྲད་ཁག་གི་སྙན་ཐོ་བསྡུ་རུབ་གནང་རྒྱུ་ཡིན་པ་མ་ཟད་ལྷག་དོན་གྲོས་འཆར་དེ་བརྒྱུད་ནས་ཨ་རིའི་མི་སེར་ཡིན་པའི་རྒྱ་རིགས་དང་ཡུ་གུར་དེ་བཞིན་བོད་མི་བཅས་ལ་རྒྱ་གཞུང་གི་འཇིགས་སྐུལ་དང་སྡིགས་ར་ལས་སྲུང་སྐྱོབ་བྱེད་རྒྱུའི་ཐབས་བྱུས་ཀྱང་འདོན་གནང་རྒྱུ་རེད་འདུག སྐུ་ཞབས་ Marco ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཨ་རི་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་བཀོལ་སྤྱོད་ཀྱི་ལས་གཞིར་འཐབ་རྒོལ་སླད་ང་ཚོས་རྒྱ་གཞུང་གི་ཤུགས་རྐྱེན་དེའི་ངན་འབྲས་གང་བྱུང་མིན་ངེས་པར་དུ་ཤེས་དགོས་ཞེས་དང་། དེ་རེས་ཁོང་གིས་གནད་ཆེའི་གྲོས་འཆར་དེ་བསྐྱར་དུ་གྲོས་ཚོགས་སུ་ཆེད་བཏོན་ཐུབ་པར་དགའ་སྤོབས་དང། གལ་ཏེ་གྲོས་འཆར་དེ་གཏན་འབེབས་བྱུང་ཚེ་སྲིད་དོན་པ་ཙམ་མིན་པར་ཨ་མི་རི་ཀའི་མི་སེར་དང། གསར་ཁང། དེ་བཞིན་རྒྱ་གཞུང་གི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་ཁག་ལའང་དགེ་མཚན་ཡོང་ངེས་ཡིན་སྐོར་གསུངས་འདུག དེ་བཞིན་ལྕམ་ Catherine Cortez Masto ལགས་ཀྱིས་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་རྒྱ་གཞུང་གི་དབང་ཚད་ཇེ་ཆེར་འགྲོ་ཡི་ཡོད་པ་དང་། རྒྱ་ནག་གི་ཤུགས་རྐྱེན་འགོོག་ཐབས་སླད་ང་ཚོས་སོ་སོར་ཉེན་ཁ་གང་ཡོང་གི་ཡོད་པ་དེ་དག་ཤེས་དགོས་པ་དང་། གྲོས་འཆར་དེ་བརྒྱུད་ནས་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་ཚོར་དེ་འབྲེལ་གོ་རྟོགས་སྤེལ་རྒྱུ་གཙོས་པའི་ཨ་རི་གཞུང་ནས་ཀྱང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཆེད་རང་གི་སྲིད་བྱུས་གོང་འཕེལ་གནང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་དགོས་པ་སོགས་གསུངས་ཡོད།  ཐེངས་འདིའི་གྲོས་འཆར་ཐོག་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Cory Gardner ལགས་དང། Ed Markey ལགས།  John Cornyn ལགས། དེ་བཞིན་ Tom Cotton ལགས་ནས་རྒྱབ་སྐྱོར་གནང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི།

ཟླ་ ༢ ཚེས་ ༥ ཉིན་ནས་བོད་མི་གནས་ཡུལ་རྒྱལ་སྤྱིའི་ས་གནས་གང་སར་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ལྷན་ཁང་དེའི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Patrick Murphy ལགས་དང་ཨ་རིའི་ཕྱི་འབྲེལ་མི་སྣ་ལྕམ་ Alice Wells ལགས་རྣམ་གཉིས་ཀྱིས་གཙོས་པའི་ལས་རོགས་ཁག་ཅིག དེ་བཞིན་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་ས་གནས་བོད་མི་བཅས་ལྷན་ཞུགས་ཐོག་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Patrick Murphy ལགས་ནས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཐད་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་ནན་བརྗོད་གནང་འདུག གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་འདི་ལོའི་ལོ་གསར་སྲུང་བརྩི་མ་གནང་བའི་གོང་ལོ་གསར་གྱི་ཚེས་གཅིག་ཟིན་མཚམས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Michael R. Pompeo ལགས་ནས་ཨ་རི་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ཧི་མཱ་ལ་ཡའི་རི་རྒྱུད་སྤྱི་དང་སྒོས་རྒྱ་གར་དང་བལ་ཡུལ། འབྲུག བོད་བཅས་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་བོད་མི་རྣམས་ལ་ལོ་གསར་པའི་དགའ་སྟོན་ལ་འཚམས་འདྲི་དང་ལོ་གསར་སྐབས་དོ་བདག་སོ་སོའི་ནང་མི་སྤུན་མཆེད། ཚོགས་སྐྱིད་སོགས་མཉམ་འཛོགས་ཐོག་དགའ་སྤྲོའི་དཔལ་ལ་རོལ་སྐབས་སུ་ཨ་རིའི་སྲིད་གཞུང་འདི་སྔར་བཞིན་བོད་པའི་མཐུན་གྲོགས་འགྱུར་བ་མེད་པ་ཞིག་ཡིན་པ་ཐུགས་འཇགས་གནང་རོགས་ཞེས་གསུངས་ཡོད།ཁ་ཉིན་ཨ་རིའི་མངའ་སྡེ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ Alexandria Ocasio-Cortez ལགས་དང་། ནིའུ་ཡོག་ས་གནས་གྲོས་ཚོགས་འཐུས་མི་ Jessica Ramos ལགས། དེ་བཞིན་ནིའི་ཡོག་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་ Nick Gulotta ལགས་སོགས་ཨ་རི་དབུས་དང་ས་གནས་གྲོས་ཚོགས་འཐུས་མི་དང་ལས་བྱེད་བཅས་གདན་ཞུས་ཀྱིས་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། དེ་རེས་ས་གནས་སུ་ལོ་གསར་དགའ་སྟོན་ཐོག་ཨ་རིའི་གནད་ཡོད་མི་སྣ་གདན་ཞུ་གནང་ཐུབ་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ Alexandria Ocasio-Cortez ལགས་ནས་བོད་མི་ཡོངས་ལ་ལོ་གསར་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ང་ཚོ་འདིར་ལྷན་འཛོམས་ཐུབ་པ་དེ་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་བཟང་པོ་དེ་དག་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད། དེ་བཞིན་ཨ་མི་རིའི་མ་ངའ་སྡེ་ Utah དང་ Minnesota  སོགས་སུ་ཡང་ཨ་རི་དབུས་དང་ས་གནས་གྲོས་ཚོགས་འཐུས་མི་སོགས་གདན་ཞུ་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། ཁེ་ན་ཌའི་ Toronto ནང་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུ་ཐོག་ལོ་གསར་གྱི་དགའ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།གནམ་ལོ་གསར་དུ་བཞད་པའི་བོད་ཀྱི་ལོ་གསར་སྐབས་རྒྱལ་སྤྱིའི་གཞུང་དང་གནད་ཡོད་མི་སྣ་མང་དག་ཅིག་ནས་བོད་མི་ཚོར་འཚམས་འདྲི་གནང་ཡོད་པ་ལྟར། འདི་ལོའི་ལོ་གསར་སྐབས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་ནས་ཧི་མཱ་ཅལ་མངའ་སྡེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པ་འདིར་དུས་རྟག་ཏུ་དམིགས་བསལ་གྱི་དགའ་སྤོབས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་པ་དང་སྦྲགས། ཧི་མཱ་ཅལ་གཞུང་མང་ཡོངས་ནས་རྒྱ་གར་གཙོ་གྱུར་འཛམ་གླིང་ས་གནས་གང་སར་ཞུགས་པའི་བོད་མི་རྣམས་ལ་ལོ་གསར་པར་དགའ་བསུའི་འཚམས་འདྲི་དང་མ་འོངས་པའི་ལས་དོན་ཀུན་ལམ་ལྷོང་ཡོང་བར་སྨོན་འདུན་གནང་ཡོད།

ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་གཞུང་དང་ལག་སྦྲེལ་གྱིས་མཉེན་ཆས་དུ་མ་བཀག་སྡོམ།

ཨ་རིའི་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་ནག་གཞུང་དང་ལག་སྦྲེལ་གྱིས་ཡུལ་དེའི་ནང་ནུབ་ཕྱོགས་པའི་གསར་འགྱུར་གཙོ་གྱུར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ཟད། རྒྱ་གཞུང་གི་དམ་དྲག་ལ་གདོང་ལེན་གྱིས་སྒེར་གྱི་གནད་དོན་སྦས་བསྐུངས་བྱེད་ཐུབ་པའི་མཉེན་ཆས་མང་དག་ཅིག་ཕབ་ལེན་གནང་རྒྱུ་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ The Intercept གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གི་དྲྭ་གནས་བཀག་སྡོམ་གྱི་ལྟ་རྟོག་བྱེད་མཁན་ GreatFire. ཚོགས་པའི་ཉམས་ཞིབ་པ་རྣམས་ནས་  AppleCensorship.com ཞེས་པའི་དྲྭ་གནས་ཤིག་བཟོ་སྐྲུན་བྱས་ནས་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་ནས་རྒྱ་ནག་ནང་མཉེན་ཆས་གང་དང་གང་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་པའི་མིང་གཞུང་བཀོད་ཡོད་པ་དང་། དེའི་ཁྲོད་ཨ་རིའི་ New York གསར་ཁང་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། གྷུ་གྷལ་གྱི་འཚོལ་བཤེར་མ་ལག བོད་མིའི་སྒྲིག་འཛུགས་ཀྱི་མཉེན་ཆས་སོགས་མིང་མངོན་གསལ་གནང་བ་མ་ཟད། TOR དང་ Psiphon ལ་སོགས་པའི་ཉེན་གཡོལ་མཉེན་ཆས་ཕབ་ལེན་མང་དག་ཅིག་བཀག་སྡོམ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག གནད་དོན་དེའི་ཐད་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་ Rohit Mahajan ལགས་ཀྱིས་ཀུ་ཤུ་རྟགས་ཅན་ནས་ཕྱི་ཟླ་ ༡༢ ནང་དེ་གའི་གསར་ཁང་ལ་གསར་ཁང་དེའི་མཉེན་ཆས་ཁག་ཅིག་རྒྱ་ནག་གི་ཁྲིམས་སྒྲིག་དང་མཚུངས་ཀྱི་མེད་པས་ཕྱིར་འཐེན་གནང་དགོས་སྐོར་བཤད་པ་ལུང་འདྲེན་གནང་འདུག རླུང་འཕྲིན་ཁང་གི་ཚོགས་གཙོ་ libby Liu ལགས་ཀྱིས་ཀུ་ཤུ་རྟགས་ཅན་ནས་ང་ཚོའི་མཉེན་ཆས་ཁག་ཅིག་ཕྱིར་འཐེན་བྱས་པ་དེས་ང་ཚོ་ཙམ་མ་ཟད་ང་ཚོའི་གསར་འགྱུར་ལ་གསན་གཟིགས་གནང་མཁན་མང་དག་ཅིག་ལ་གྱོང་གུད་ཕོག་ངེས་ཡིན་པ་སོགས་གསུངས་འདུག ལྷག་དོན་ནུབ་ཕྱོགས་པའི་ཚོང་ལས་ཁང་ནས་སོ་སོའི་ལངས་ཕྱོགས་བརྟན་པོ་བཟུང་ཐོག་ཐུགས་ཐག་བཅད་དགོས་གནད་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་ GreatFire.org ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་ Charlie Smith ལགས་ཀྱིས་ང་ཚོས་ད་རེས་རྒྱ་ནག་ནང་མཉེན་ཆས་གང་བཀག་སྡོམ་བྱེད་ཡོད་མེད་སོགས་ཤེས་རྟོགས་སླད་དྲྭ་གནས་བཟོ་སྐྲུན་ཞུས་པ་དེའི་བརྒྱུད་མང་ཚོགས་ལ་ཕྱི་གསལ་ནང་གསལ་གནང་གི་ཡིན་ཞེས་གསུངས་པ་མ་ཟད། ཨ་རིའི་ནང་མང་ཚོགས་ཀྱི་བཀོལ་སྤྱོད་ཐུབ་པའི་ VPN མཉེན་ཆས་གྲགས་གྲས་ ༡༠༠ ལྷག་ཙམ་ཞིག་རྒྱ་ནག་ནང་བཀོལ་སྤྱོད་བྱ་རྒྱུ་མེད་པ་གསལ་པོ་མཐོང་རྒྱུ་ཡོད་སྐོར་གསུངས་འདུག ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གི་མགྲིན་ཚབ་པས་ད་ལྟའི་ཆར་རྒྱ་ནག་ཏུ་མཉེན་ཆས་མང་དག་ཅིག་བཀག་སྡོམས་བྱས་པའི་གནད་དོན་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་ཐོག་གྲོས་ཆོད་འཇོག་དགོས།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མི་འདྲ་བ་ ༤༠ ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་རྣམས་ལ་རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་དང་འབྲེལ། དེའི་ཐོག་གྲོས་ཆོད་འཇོག་དགོས་པར་ཞུ་སྐུལ་གནང་འདུག རིང་མིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་འཚོགས་ལ་ཉེ་བ་དང་བསྟུན། ཁ་སང་ཟླ་ ༡ ཚེས་ ༣༠ ཉིན་བོད་རང་དབང་དང་། བོད་གནས་ལྟ་ཞིབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡུ་གུར་ལྷན་ཚོགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ་སོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་མི་འདྲ་བ་ ༤༠ ཡིས་ས་རྟགས་བཀོད་དེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཞུ་སྙན་ཕུལ་ཡོད་པ་རེད། ཞུ་སྙན་དེའི་ནང་རྒྱ་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་གསར་འགོད་པ་དང་ཁྲིམས་རྩོད་པ། སློབ་ཕྲུག་བཅས་ཀྱིས་གཙོས་པའི་མི་མང་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་རྣམས་ནས་ཚོགས་ཆེན་ཐོག་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་དགོས་པ་དང་། གྲོས་ཆོད་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གཙོ་གྱུར་དམིགས་བསལ་སྐུ་ཚབ་རྣམ་པ། གསར་འགོད་པ་སོགས་བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་ས་ཁུལ་ཡོངས་སུ་རང་དབང་གི་ཐོག་ནས་ཕེབས་འཇུག་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྲིམས་གཞི་ངན་པ་ལོག་སྤྱོད་བྱས་ནས་སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་དོན་མཐའ་དག་ནག་ཉེས་ཅན་ལ་ངོས་འཛིན་རྒྱུ་མཚམས་འཇོག་དགོས་པ། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་གྱིས་གང་བྱུང་དུ་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་དགོས་འདུན་བཀོད་དགོས་པ་གསུངས་འདུག

བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་དམ་དྲག་བྱས་པ་གསལ་སྟོན།

རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ Foreign Correspondents Club ཕྱི་རྒྱལ་གསར་འགོད་ཚོགས་པས་ཕྱི་ལོ་ ༢༠༡༨ ལོའི་ལོ་འཁོར་སྙན་ཐོ་ནང་འདས་ལོར་རྒྱ་ནག་ཏུ་གནས་བཞུགས་ཕྱི་རྒྱལ་གསར་འགོད་པའི་ལས་དོན་ཐོག་གཞུང་གི་སྟངས་འཛིན་སྔར་ལྷག་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་དམ་དྲག་བྱས་པ་གསལ་སྟོན་གནང་འདུག Under Watch: Reporting in Surveillance State ཞེས་པའི་སྙན་ཐོ་དེ་གཙོ་བོ་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་ ༣༡ ཙམ་གྱི་ཕྱི་རྒྱལ་གསར་འགོད་པ་ ༡༠༠ ལྷག་ཙམ་ལ་བཅར་འདྲི་དང་ལེན་བརྒྱུད་ཞིབ་འཇུག་གནང་བ་ཞིག་ཡིན་པ་དང་། དེའི་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་རང་སྐྱོང་ལྗོངས་ཟེར་བ་མ་གཏོགས་རྒྱ་ནག་གི་ས་ཁུལ་གཞན་ཚང་མའི་ནང་བསྐྱོད་ཆོག་པའི་ཆོག་མཆན་ཡོད་པ་དེ་ལྟར་ཡང་། འདས་ལོའི་ནང་ཤིན་ཅང་དུ་གནས་ཚུལ་མཁོ་སྒྲུབ་ཆེད་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་ཕེབས་མཁན་ཕྱི་རྒྱལ་གསར་འགོད་པ་བཞི་ལས་གཉིས་ཀྱི་ལས་དོན་ལ་འགོག་རྐྱེན་དང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མངོན་གསལ་གནང་འདུགདེ་བཞིན་ཨ་རིའི་ New York Times གསར་འགོད་པ་ Steven Lee Meyers ལགས་དང་ཕྱག་རོགས་པར་པ་ཞིག་བོད་མདོ་ཁམས་སྡེ་དགེ་ནང་ཆགས་པའི་རྫོང་གསར་དགོན་གྱི་ལོ་གསར་དུས་སྟོན་སྲུང་བརྩི་གནང་ཕྱོགས་སྐོར་གསར་འགྱུར་སྤེལ་སྐབས་ཉེན་རྟོག་པས་དེ་མ་ཐག་བཀག་སྡོམ་དང་སྦྲགས། ཆུ་ཚོད་ ༡༧ ལྷག་གི་རིང་དོ་དམ་བྱས་པ་མ་ཟད་ཕ་རན་སི་ Le Monde གསར་ཁང་གི་གསར་འགོད་པ་ Brice Pedroletti ལགས་བོད་མདོ་སྨད་རྔ་བ་ནང་ཕེབས་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་དང་འབྲེལ་ཁོ་ཚོར་ཕྱག་རོགས་ཞུ་རྒྱུ་སོགས་ལ་བསྙད་དེ་སུན་གཙེར་ཡང་བཟོས་ཡོད་པ་གསལ་སྟོན་གནང་འདུག གཞི་རྩའི་ཚོགས་པ་དེས་ཕྱི་རྒྱལ་གྱི་གསར་འགོད་པ་ ༡༠༠ ལྷག་ཙམ་ལ་བཅར་འདྲི་དང་ལེན་བརྒྱུད་ཞིབ་འཇུག་གནང་བའི་ཁྲོད་གསར་འགོད་པ་བརྒྱ་ཆ་ ༥༥ ནས་འདས་ལོ་ནང་རྒྱ་ནག་ཏུ་གསར་འགོད་ལས་དོན་བྱེད་ཕྱོགས་ཀྱི་ཁོར་ཡུག་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་དང་། བརྒྱ་ཆ་ ༩༡ ནས་རང་ཉིད་ཀྱི་ཁ་པར་གྱི་ཉེན་སྲུང་ཐོག་སེམས་འཚབ་ཡོད་པའི་རྣམ་པ་བཏོན་པ་མ་ཟད། བརྒྱ་ཆ་ ༤༨ ནས་རང་ཉིད་ཀྱི་ལས་དོན་ཐོག་ཉེན་རྟོག་པས་རྗེས་འདེད་བཏང་བ་དང་མགྲོན་ཁང་དུ་བཀའ་འཁྲོལ་མེད་པར་ཞུགས་པ་སོགས་འགྲེལ་བརྗོད་གནང་མཁན་བྱུང་འདུག FCCC ཚོགས་པའི་ཚོགས་གཙོ་ Hanna Sahlberg ལགས་ཀྱིས་རྒྱ་གཞུང་ནས་ཕྱིའི་གསར་འགོད་པ་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་རྐྱེན་ཕྱི་རྒྱལ་གསར་འགོད་པ་རྣམས་ནས་ཀྱང་ད་ཆ་རྒྱ་ནག་ནང་གི་ཚོར་བ་རྣོ་བའི་གནད་དོན་ཁག་གི་ཐོག་གསར་འགྱུར་དགོད་རྒྱུ་ལས་གཡོལ་ཐབས་གནང་ཉེན་ཡོད་སྟབས། རྒྱ་ནག་ནང་གི་གནས་ཚུལ་ཕྱི་གསལ་ནང་གསལ་ཐོག་དགོད་ཐུབ་རྒྱུར་རེ་བ་ཡོད་པ་འགྲེལ་བརྗོད་གནང་འདུག

Latest news