Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་རིགས་ཡི་ཤུའི་ཆོས་དཔོན་ Zhang Shaojie དང་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གནད་དོན་བརྗེད་རྒྱུ་མེད་པའི་ཞུ་སྐུལ།

ཁ་སང་ཕྱི་ཟླ་ ༦ ཚེས་ ༤ ཨ་རིའི་རང་བཙན་ཉིན་མོ་དང་བསྟུན་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་ཉིན་མོ་དེ་སྲུང་བརྩི་དང་འབྲེལ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་རྒྱ་རིགས་ཡི་ཤུའི་ཆོས་དཔོན་ Zhang Shaojie དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གནད་དོན་བརྗེད་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་འཕྲུལ་བྱའི་དྲྭ་ལམ་ཐོག་ཨ་རིའི་ནང་སྤྱི་དམངས་ཐོབ་ལེན་པ་གྲགས་ཅན་ Fannie Lou Hamer ལགས་ཀྱིས་མི་ཚང་མར་རང་དབང་མ་ཐོབ་བར་དུ་སུ་གང་ཞིག་རང་དབང་མ་རེད་ཅེས་གསུངས་སྐོར་ལུང་འདྲེན་དང་སྦྲགས། དེ་སྔ་ ༢༠༡༤ ལོར་ཉིན་དེའི་སྐབས་རྒྱ་རིགས་ཡི་ཤུའི་ཆོས་དཔོན་ Zhang Shaojie ལགས་ལ་རྒྱ་གཞུང་གིས་ལོ་ ༡༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉིན་མོ་ཞིག་ཡིན་པ་དང་བསྟུན། ཨ་རིའི་ངོས་ནས་རང་བཙན་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། རྒྱ་རིགས་ཡི་ཤུའི་ཆོས་དཔོན་ Zhang Shaojie དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གནད་དོན་བརྗེད་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག སྐུ་ཞབས་ Zhang Shaojie ལགས་ནི་རྒྱ་ནག་གི་ Henan ཞིང་ཆེན་གྱི་ Nanle རྫོང་ཁོངས་ནང་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་ཞིག་ཡིན་པ་དང་། ཁོང་ནས་དེ་སྔ་བཙོན་པ་གཞན་ཞིག་ལ་རོགས་རམ་གནང་སྟབས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ནང་ཁོང་གི་ཆོས་གྲོགས་གཞན་ ༢༠ དང་ལྷན་འཛིན་བཟུང་བྱས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་ཁོང་ལ་སྤྱི་ཚོགས་གཏན་ལྷིང་དཀྲུག་པ་དང་། ངན་བྱུས་གཤམས་པའི་ནག་ཉེས་འོག་ལོ་ ༡༢ རིང་བཙོན་འཇུག་བྱས་པ་རེད། རྩ་བའི་ཉེ་སྔོན་གྲོས་ཚོགས་འཐུས་མི་ Marco Rubio ལགས་དང་ Chris Smith ལགས་གཉིས་ནས་ཡུལ་དེའི་གྲོས་ཚོགས་ནང་སྐུ་ཞབས་ Zhang Shaojie ལགས་ཀྱི་གནད་དོན་ཐོག་རྟོག་ཞིབ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།  དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་དང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ནས་ཀྱང་རྒྱ་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུ་ཁམས་གསལ་ཐང་ཡིན་མིན་གྱི་བརྙན་པར་བརྒྱུད་དཔང་རྟགས་མངོན་གསལ་དགོས་པའི་རེ་སྐུལ་གནང་ཡོད་པ་རེད།

རྒྱ་ནག་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་ཐོག་ཉེས་ཆད་གཏོང་དགོས།

ཨ་རིའི་གཞུང་གི་ཆོས་དད་རང་དབང་སྐུ་ཚབ་ཀྱིས་སྲིད་འཛིན་ཊམ་གྱི་གཞུང་གི་ངོས་ནས་རྒྱ་ནག་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་འགོ་ཁྲིད་ཚོར་ཉེས་ཆད་གཏོང་དགོས་ཞེས་གསུངས་འདུག ཨ་རིའི་གཞུང་འཛིན་སྤྱི་མཐུན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་མཚན་མངོན་གསལ་གནང་མེད་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན་ཨ་རིའི་ཆོས་དད་རང་དབང་སྐུ་ཚབ་སྐུ་ཞབས་Sam Brownback ལགས་ཀྱིས་ཉེ་ཆར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ནང་མོལ་ཚོགས་འདུའི་ཐོག་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་དབར་ཚོང་གི་འབྲེལ་མོལ་འགྲོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་གཞུང་ལ་རྒྱ་ནག་དང་ལྷན་ཆོས་དད་རང་དབང་གི་གནད་དོན་གསལ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས་དེ་སྔ་སྲིད་འཛིན་ཨོ་བྷ་མའི་སྐབས་བཞག་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་སྒྲིག་ལྟར་སྲིད་འཛིན་ཊམ་གཞུང་གི་ངོས་ནས་རིང་མིན་ཨ་རིའི་གཞུང་དང་གཞུང་གི་དཔལ་འབྱོར་སྡེ་ཚན་ལ་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཚོས་ཨ་རིའི་དངུལ་ཁང་དུ་བཅོལ་བའི་དངུལ་ཁག་གྲངས་སྲང་གཏང་སྲིད་པ་རེད་ཅེས་བརྗོད་འདུག གལ་ཏེ་ཊམ་གཞུང་གིས་དེ་ལྟར་དངོས་སུ་ལག་བསྟར་གནང་ཚེ་སྐུ་ཞབས་ Sam Brownback ལགས་ནས་ཉེས་ཆད་གཏང་ཡུལ་ཐོག་མའི་དམིགས་ས་རྒྱ་ནག་འགོ་ཁྲིད་ནི་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཟུར་པ་དང་ད་ཆ་ཤར་ཏུ་ཀི་སི་ཐན་ནང་གི་ཡུ་གུར་ཁ་ཆེ་བའི་ཐོག་དྲག་གནོན་དང་མང་ཚོགས་ཀྱི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་མཁན་དམར་ཤོགས་ཚོགས་པའི་དྲུང་ཆེ་ Chen Quanguo ཆགས་ཀྱི་ཡོད་པ་དང།  འདི་ནི་སྲིད་འཛིན་ཊམ་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གྱི་གནད་དོན་ཐོག་རྒྱ་ནག་གི་འགོ་ཁྲིད་ལ་ཉེས་ཆད་བཏང་བ་ཆེས་ཐོག་མ་དེ་ཡིན་པར་བརྗོད་འདུག འོན་ཀྱང་ད་ལྟའི་ཆར་སྲིད་འཛིན་ཊམ་གྱི་ངོས་ནས་གནད་དོན་དེའི་ཐོག་རྒྱབ་སྐྱོར་གྱི་མདུན་བསྐྱོད་གནང་དང་མི་གནང་གསལ་ཁ་མེད་པ་རེད། གནད་དོན་འདིའི་ཐོག་ཊམ་སྲིད་གཞུང་ལ་ཞུ་འབོད་གནང་མཁན་སྐུ་ཞབས་ Sam Brownback ལགས་ནི་ཨ རིའི་ཆོས་དད་རང་དབང་གྱི་སྐུ་ཚབ་དུ་འདི་ལོའི་ཟླ་དང་པོར་བསྐོ་ཞག་གནང་ཡོད་པ་དང། ཁོང་ནི་ད་བར་ཡི་ཤུའི་རྣམ་དག་ཆོས་ལུགས་ཁོངས་ནས་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་གནང་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང། ཁོང་གིས་ཉེ་སྔོན་ཨ་རིའི་གཞུང་ནས་ཆོས་དད་རང་དབང་གི་གནད་དོན་ནི་ཨ་རིའི་གཞུང་གི་གནད་དོན་གལ་ཆེ་དོན་ཆེར་ངོས་འཛིན་བཞིན་ཡོད་པ་ཡོངས་གྲགས་གནང་ཡོད། རྩ་བའི་གནས་ཚུལ་ཐོན་ཡུལ་ཨ་རིའི་ Washington Post ཐོག་གསལ་བར་གཞིགས་ཚེ་ཨ་རིའི་གྲོས་ཚོགས་སུ་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ Global Magnitsky Act ཞེས་པ་ཕྱི་རྒྱལ་ཁབ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་འབྲེལ་ཡོད་འགོ་ཁྲིད་དང་མི་སྣ་ཁག་ལ་ཨ་རིའི་གཞུང་གིས་ཉེས་ཆད་གཏོང་སྲོལ་ཁྲིམས་སྒྲིག་གཏན་འབེབས་གནང་ཡོད་པ་དང། སྔ་ལོའི་ཕྱི་ཟླ་ ༡༢ པའི་ནང་ཁྲིམས་སྒྲིག་དེའི་འོག་ཨ་རིའི་གཞུང་གིས་བྷར་མའི་རུ་ཧི་ནི་ཁ་ཆེའི་ཐོག་དྲག་གནོན་བྱེད་མཁན་མི་སྣ་ ༥༢ ཉིན་ཉེས་ཆད་བཏང་ཡོད་པ་དང་རྒྱལ་ས་པེ་ཅིང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྲད་པར་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ་པེ་ཅིང་གི་སྤྱི་བདེ་ཉེན་རྟོག་པའི་འགོ་ཁྲིད་ཞིག་ལ་ཉེས་ཆད་བཏང་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེ་བཞིན་འདི་ལོའི་སྤྱི་ཟླ་ ༤ པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ལྕམ་སྐུ་ Laura Stone ལགས་ཀྱིས་ཨ་རིའི་གཞུང་གི་ངོས་ནས་ཤར་ཏུ་ཀི་སི་ཐན་ནང་གི་ཡུ་གུར་ཁ་ཆེ་བའི་ཐོབ་ཐང་བརྩི་མེད་གཏོང་མཁན་འགོ་ཁྲིད་ཐོག་ཉེས་ཆད་གཏོང་དགོས་པ་དང།  སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོའི་ངོས་ནས་ཊམ་གཞུང་ལ་གནད་དོན་དེའི་ཐོག་རྒྱབ་སྐྱོར་ཡོང་བར་ཤུགས་སྣོན་སྤྲོད་དགོས་པའི་ཞུ་འབོད་གནང་འདུག། ལྷག་པར་དུ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་ཀྱིས་ Washington Post ཐོག་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་ཁུལ་དེའི་ཡུ་གུར་ཁ་ཆེ་བ། བོད་པའི་ནང་པ། དེ་བཞིན་ཡི་ཤུ་དང། ཧྥ་ལོང་གྷོང་བཅས་ཆོས་བརྒྱུད་འཛིན་མཁན་གྱི་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་ངེས་པར་གླེང་སློང་བྱེད་དགོས་པ་མ་ཟད། མ་འོངས་པར་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གིི་ཁྲིམས་སྒྲིག་ཁག་གི་ཐོག་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་མི་གནང་ཆེད་ད་ལྟ་ནས་རྒྱ་ནག་ལ་དོགས་ཟོན་གནང་དགོས་པ་གསུངས་འདུག རྩ་བའི་ཨ་རིའི་གཞུང་གིས་གྲངས་ཐོ་ལ་གཞིགས་པ་ཡིན་ན་ད་ལྟའི་ཆར་རྒྱ་ནག་ནང་ཆོས་དད་བྱེད་མཁན་མི་མང་ས་ཡ་ ༦༥༨ ཡོད་པའི་ཁྲོད་ནས་ས་ཡ་ ༢༥༡ ནང་པ་དང། ས་ཡ་ ༧༠ ཡི་ཤུ། དེ་བཞིན་ས་ཡ་ ༢༥ ཁ་ཆེ་ཆགས་ཀྱི་ཡོད་པ་རེད་འདུག དེ་སྔ་ཨ་རིའི་སྲིད་འཛིན་ George W Bush མཆོག་དང་ Barack Obama གཉིས་ནས་རྒྱ་ནག་ནང་གི་མང་ཚོགས་ཀྱི་ཆོས་དད་རང་དབང་གི་གནད་དོན་ཡོངས་བསྒྲགས་ཐོག་གླེང་སློང་གནང་ཡོད་པ་དེ་ལྟར་ཡང། རྡོག་རོལ་གཏོང་མཁན་འབྲེལ་ཡོད་འགོ་ཁྲིད་ཚོར་ཉེས་ཆད་བཏང་ཡོད་པ་བྱུང་མེད་པ་དང། དེ་སྔ་རྒྱ་ནག་དེ་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ནང་འཛུལ་ཞུགས་བྱས་པའི་སྐབས་སྲིད་འཛིན་ Bill Clinton གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཀྱང་ཨ་རིའི་རྒྱ་ནག་གཞུང་གིས་ད་བར་གནད་དོན་དེ་དག་ཐོག་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མེད་པའི་ཁར་ཨ་རིའི་གཞུང་གི་དགོས་འདུན་ཁག་ལ་སྣང་མེད་བཏང་ཡོད་པ་རེད།

རྒྱལ་ཚོགས་ནང་ཡོ་རོབ་མཐུན་ཚོགས་དང་འཇར་མན་རྒྱལ་ཁབ་གཉིས་ནས་བོད་ནང་གི་ཆོས་དད་དང་སྨྲ་བརྗོད་རང་དབང་སྐོར་གླེང་འདུག

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༣༨ ཐོག་ཡོ་རོབ་མཐུན་ཚོགས་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སྐོར་གླེང་གནང་འདུག ཟླ་ ༦ ཚེས་ ༡༨ ཉིན་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༨ པ་དབུ་འཛུགས་གནང་ཡོད་པ་དང། ལྷན་ཚོགས་ཐོག་འཇར་མན་སྐུ་ཚབ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང།  ལྷག་དོན་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཡོ་གུར་ཁ་ཆེ་མི་རིགས་རྣམས་ཀྱིས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་དང་། བོད་མི་བཅས་ཐོག་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་དང། བཀག་སྐྱིལ་དོ་དམ་བཅས་ཀྱི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱས་རྐྱེན་མང་ཚོགས་ལ་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་ནི་བློ་འཚབ་བྱ་ཡུལ་ཞིག་ཡིན་པར་བརྗོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ད་བར་ས་གནས་མང་ཚོགས་ཀྱི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། འདུ་འཛོམས་རང་དབང་བཅས་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་བ་མ་ཟད་ཁྲིམས་སྒྲིག་ལྟར་དྲང་བདེན་གྱི་ཁྲིམས་ར་ཞིག་མ་ཚོགས་པར་མང་ཚོགས་ཐོག་ཁྲིམས་ཐག་བཅད་པའི་གནད་དོན་ཐོག་འཇར་མ་ནི་གཞུང་གི་ངོས་ནས་མུ་མཐུད་དཔང་པོ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག རྒྱ་ནག་གཞུང་གི་ངོས་ནས་ཁུལ་དེའི་ནང་མང་ཚོགས་ཐོག་སྤེལ་བཞིན་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་ཚང་མ་མཚམས་འཇོག་དགོས་པ་དང། རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་ཁག་དང་ལྷན་མཐའ་གཅིག་ཏུ་མཉམ་འབྲེལ་གནང་དགོས་པ་མ་ཟད་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ IIham Tohti ལགས།  li yuhan ལགས། jiang Tianyong ལགས།  Wang Quanzhang ལགས། Wu Gan  ལགས།  Liu Feiyue ལགས། དེ་བཞིན་ཡོ་རོབ་ཀྱི་མི་སེར་ཡིན་པ་ Gui Minhai ལགས་བཅས་འཕྲལ་མར་གློད་བཀྲོལ་ཡོང་བའི་རེ་འདུན་བཏོན་འདུག སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁས་ལེན་བྱས་པ་ལྟར་མང་ཚོགས་ཀྱི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུས་དགོས་པའི་རེ་འདུན་ཡང་བཏོན་པ་འདུག་པ་དང་ཆབས་ཅིག་ཏུ་རྒྱ་གཞུང་གིས་བཀག་སྐྱིལ་འོག་ཡོད་པའི་བོད་མིའི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་དང། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་  Wu Gan ལགས་དང་  li yuhan ལགས། Huang qi ལགས། Gao Zhishang ལགས། དེ་བཞིན་ Li Yuhan ལགས།  Yu wensheng ལགས་བཅས་ཀྱི་ཐོག་དྲང་བདེན་གྱི་ཁྲིམས་ར་ཞིག་ཚོགས་ནས་ཐག་གཅོད་དགོས་པ་དང། ཡོ་རོབ་ཀྱི་མི་སེར་ཡིན་པ་ Gui Minhai ལགས་ཀྱིས་གཙོས་པའི་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་གློད་བཀྲོལ་དང། བཀག་སྐྱིལ་དུ་བཞག་རིང་མནར་གཅོད་རིགས་སོགས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་འདུག དེ་བཞིན་འཇར་མ་ནི་སྐུ་ཚབ་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཆབ་སྲིད་སློབ་གསོའི་ལས་འགུལ་རྒྱ་བསྐྱེད་བྱེད་བཞིན་པར་བློ་འཚབ་ཡོད་པ་བརྗོད་འདུག རྩ་བའི་ཐེངས་འདིའི་ལྷན་ཚོགས་སྐབས་ ༣༨ དབུ་འབྱེད་ཉིན་རྒྱལ་ཚོགས་ཀྱིེ་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Zeid Raad al-Hussein ལགས་ནས་ད་བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་དོན་སྤྱི་ཡོངས་ངོ་སྤྲོད་དང་སྦྲགས། གཙོ་འཛིན་མཆོག་ནས་འདས་པའི་ལོ་དུས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་རྒྱ་གཞུང་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུ་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་གཟིགས་ཞིབ་ཆེད་ཕེབས་རྒྱུ་སོགས་འབད་བརྩོན་རིམ་པ་བྱས་ཡོད་ཀྱང་། རྒྱ་གཞུང་ནས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཏང་མ་བཅུག་པའི་ཁར་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་རྣམས་ཀྱང་རྒྱ་ནག་སྤྱི་དང་ལྷག་དོན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་བོད་ཀྱི་ས་ཁུལ་ཁག དེ་བཞིན་ཤིན་ཅང་བཅས་ཀྱི་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲད་མེད་པ་གསུངས་ཡོད། ཁོང་གིས་ད་དུང་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་བབ་དང་བར་སྐབས་ནས་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་དང་ཉན་ཞིབ་ཀྱི་ལས་རིམ་སོགས་ཀྱི་ནང་མཉམ་ཞུགས་གནང་མཁན་གྱི་མི་སྒེར་དང་། གཞི་རིམ་གྱི་ཚོགས་པ་ཁག་ལ་གནོན་ཤུགས་འདྲ་མིན་བརྒྱུད་རྒྱལ་ཚོགས་ཀྱི་ལས་དོན་དེ་དག་ནང་མཉམ་ཞུགས་གནང་རྒྱུར་དམ་དྲག་རིགས་བྱེད་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་གཞུང་ནས་མི་སྣ་སྒེར་དང་གཞི་རིམ་གྱི་ཚོགས་པ་དེ་དག་ལ་དམ་དྲག་རིགས་བྱ་རྒྱུ་མཚམས་འཇོག་དགོས་པ་མ་ཟད། རྒྱ་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐད་སྤྱི་དང་ཡང་སྒོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུར་འབད་བརྩོན་གནང་དགོས་གནད་ཡིན་པ་གསུངས་ཡོད་པ་རེད།

རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་བོད་དང་ཤིང་ཅང་ནང་ལ་འགྲོ་རྒྱུའི་ཐོབ་ཆོག་མཆན་སྤྲད་མ་སོང་།

ཟླ་བ་འདིའི་ཚེས་ ༡༨ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༨ པ་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Raad al-Hussein ལགས་ནས་ད་བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་དོན་སྤྱི་ཡོངས་ངོ་སྤྲོད་དང་སྦྲགས། གཙོ་འཛིན་མཆོག་ནས་འདས་པའི་ལོ་དུས་ནང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་རྒྱ་གཞུང་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུ་དང་། རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་གཟིགས་ཞིབ་ཆེད་འགྲོ་རྒྱུ་སོགས་ཀྱི་འབད་བརྩོན་རིམ་པས་བྱས་ཡོད་ཀྱང་། རྒྱ་གཞུང་ནས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བཏང་པའི་ཁར། རྒྱལ་ཚོགས་ཀྱི་སྐུ་ཚབ་མི་རྣམས་ཀྱང་རྒྱ་ནག་སྤྱི་དང་། ལྷག་དོན་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག དེ་བཞིན་ཤིང་ཅང་བཅས་ཀྱི་ནང་ལ་འགྲོ་རྒྱུའི་ཆོག་མཆན་ཡང་སྤྲད་མེད་པ་གསུངས་ཡོད་པ་རེད། ད་དུང་སྐུ་ཞབས་ Zeid Raad al-Hussein ལགས་ནས་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་བབས་དང་། ལྷག་པར་དུ་བར་སྐབས་ནས་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་དང་ཉན་ཞིབ་ཀྱི་ལས་རིམ་སོགས་ཀྱི་ནང་མཉམ་ཞུགས་གནང་མཁན་གྱི་མི་སྣ་སྒེར་དང་། གཞི་རིམ་གྱི་ཚོགས་པ་ཁག་ལ་གནོན་ཤུགས་འདྲ་མིན་བརྒྱུད་རྒྱལ་ཚོགས་ཀྱི་ལས་དོན་དེ་དག་ནང་མཉམ་ཞུགས་བྱེད་རྒྱུར་དམ་དྲག་བཀག་འགོག་རིགས་བྱེད་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་གཞུང་ནས་མི་སྣ་སྒེར་དང་གཞི་རིམ་གྱི་ཚོགས་པ་དེ་དག་ལ་དམ་དྲག་རིགས་བྱེད་རྒྱུ་མཚམས་འཇོག་དགོས་པ་མ་ཟད། རྒྱ་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐད་སྤྱི་དང་། ཡང་སྒོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུར་འབད་བརྩོན་གནང་དགོས་པ་གསུངས་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༨ དེ་བཞིན་ཟླ་བ་འདིའི་ཚེས་ ༡༨ ནས་འགོ་འཛུསག་ཀྱིས་ཕྱི་ཟླ་ ༧ ཚེས་ ༡༦ བར་འཚོག་གི་ཡོད་པ་དང་། ལྷན་ཚོགས་དེ་ནི་སྐུ་ཞབས་ Zeid Ra’ad Zeid Al-Hussein ལགས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གནང་ཐོག་གི་ལྷན་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་སྟབས། ཁ་སང་ཚེས་ ༡༨ ཉིན་ལྷན་ཚོགས་དབུ་འབྱེད་ཀྱི་གསུངས་བཤད་ཁྲོད་སྐུ་ཞབས་ Zeid Ra’ad Zeid Al-Hussein ལགས་ནས་རང་ཉིད་ཀྱི་ཕྱག་འབྲེལ་ལས་བྱེད་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཞུམ་པ་མེད་པར་ལུས་ངག་གཉིས་ཀའི་ཐོག་ནས་ཕྱག་ལས་གནང་དགོས་པ་དང་། ལྷག་དོན་ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་ནང་མཉམ་ཞུགས་གནང་རྒྱུར་འཇིགས་སྣང་དང་འཚེར་སྣང་ནམ་ཡང་གནང་རྒྱུ་ཡོད་མ་རེད་ཅེས་ལམ་སྟོན་ཡང་གནང་ཡོད་པ་རེད།  

ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༧ དེ་དབུ་འཛུགས་གནང་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་དུ་ཁུལ་དེར་གནས་སྡོད་བོད་མི་རྒན་གཞོན་བར་གསུམ་གྱི་ངོས་ནས་ཡུལ་དེའི་གཞུང་དམངས་ལ་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༧ དེ་དབུ་འཛུགས་གནང་འདུག དེ་ཡང་ལོ་ལྟར་ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་གི་ཉིན་མོ་ཅེས་ཡུལ་དེའི་གཞུང་དང་གྲོས་ཚོགས་ལ་བོད་དོན་རྒྱབ་སྐྱོར་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་སྲོལ་ཡོད་པ་ལྟར། འདི་ལོ་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་ ATC དང་ས་གནས་བོད་རིག་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ལས་འགུལ་ཐེངས་ ༧ དེ་སྤེལ་བཞིན་ཡོད་པ་དང་། འདི་ལོའི་ལས་འགུལ་ནང་མཉམ་བཞུགས་གནང་མཁན་བོད་རིགས་རྒན་གཞོན་ཕོ་མོ་ ༡༦ ཡོད་པ་རྣམས་ལ་འདས་པའི་ཉིན་གྲངས་གཉིས་རིང་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གྲུབ་རྗེས། དེ་རིང་ཕྱི་དྲོ་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་དངོས་སུ་དབུ་འཛུགས་ཀྱིས་སང་ཉིན་ཕྱི་དྲོ་བར་ལས་འགུལ་མུ་མཐུད་སྤེལ་རྒྱུ་རེད་འདུག དེའི་སྐོར་ལོ་ལྟར་ལས་འགུལ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པའི་ATC བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེང་སྐབས་ཨོ་སི་ཊོ་ལི་ཡ་གཞུང་དང་ཆབ་སྲིད་ཚོགས་པ། དེ་བཞིན་ཚོང་ལས་སོགས་ཕྱོགས་གང་སྤྱིའི་ཐད་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ་གནད་དོན་དེའི་སྐོར་བགྲོ་གླེང་ཤུགས་ཆེ་བྱུང་བའི་ཁྲོད། རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་གྱིས་ཁྲིམས་གསར་པ་བཟོས་དགོས་པའི་གླེང་སློང་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་འདིར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ་དེ་དམིགས་བསལ་གྱི་གནད་འགག་ཆགས་ཀྱི་ཡོད་པ་དང་། འདི་ལོའི་ལས་འགུལ་ནང་དུ་བོད་མི་ལོ་ན་གཞོན་པ་དང་ལྷན་དུ་བོད་མི་ཆབ་སྲིད་བཙོན་པ་རྒན་གྲས་ཁག་ཅིག་ནས་ཀྱང་མཉམ་བཞུགས་གནང་བཞིན་ཡོད་པ་གསུངས་ཀྱི་འདུག ཁོང་གིས་ད་དུང་། འདི་ལོའི་ལས་འགུལ་ཁྲོད་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་འཐུས་མི་ ༣༠ ལྷག་ཙམ་དང་། ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་བཅས་སུ་བཅར་ཏེ་རྒྱ་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྤྱིའི་སྐོར་སྙན་སེང་དང་སྦྲགས། གཙོ་བོ་དོན་ཚན་གསུམ་ཐོག་ནས་བོད་དོན་ཞུ་གཏུག་གནང་བཞིན་པ་རེད་འདུག

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མངོན་གསལ་དོད་པོས་གླེང་སློང་གནང་དགོས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༣ ནས་འཚོགས་ལ་ཉེ་བའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་བཏོན་དང་རྒྱ་གཞུང་གི་དོ་དམ་བཀག་ཉར་འོག་ཡོད་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་རྒྱ་ནག་གི་ཁྲིམས་རྩོད་པ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་བཅས་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པར་རེ་སྐུལ་ཞུས་འདུག དེའང་ཟླ་བ་རྗེས་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་དབར་ལོ་འཁོར་ལྷན་ཚོགས་ཐེངས་ ༢༠ ཚོགས་ཀྱི་ཡོད་པ་ལྟར་ཁ་སང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་བཅས་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཁག་ ༢༣ ཙམ་ནས་མཉམ་རུབ་ཐོག་ཡུ་རོབ་མཐུན་ཚོགས་ལ་ཞུ་ཡིག་ཞིག་ཕུལ་ཏེ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་དང་ལྷན་དུ་བཞུགས་མོལ་དང་ཡོངས་བསྒྲགས་སོགས་ཀྱི་གླེང་སྟེགས་ཚང་མའི་ཐོག་རྒྱ་ནག་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐེར་བཏོན་གནང་དགོས་པར་མ་ཟད་གླེང་མོལ་དེའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་གནད་ཡིན་པ་གསུངས་འདུག ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངེས་སྟོན་པ་ལྕམ་ Lotte Leicht ལགས་ཀྱིས་ཞུ་ཡིག་དེའི་ནང་ ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འདྲ་མིན་ཐོག རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་གནང་བ་དང་། ཐུགས་འཚབ་ཡོད་པའི་གསུང་བཤད་སྤེལ་བ་ཁོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་མེད་པ་འགྲེལ་བརྗོད་དང་སྦྲགས།  ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་གཏན་འབེབས་གནང་བའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྟ་གྲུབ་གཞིར་བཟུང་དངོས་ཡོད་གནས་སྟངས་ཇི་ཡིན་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚད་གཞི་སྐྲུན་དགོས་པར་མ་ཟད་ད་བར་རྒྱ་གཞུང་ནས་འཛིན་བཟུང་བྱས་པའི་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུགས་ལགས་ཀྱི་གཙོས་པའི་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་ལྕམ་ Liu Xia ལགས་དང་རྒྱ་རིགས་ཁྲིམས་རྩོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་གྲངས་ཉུང་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སོགས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་འདུན་ཆེད་བཏོན་གནང་འདུག དེ་བཞིན་ལྕམ་ Lotte Leicht ལགས་ཀྱིས་རྒྱ་ནག་གཞུང་ནས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེར་ཡོ་རོབ་མཐུན་ཚོགས་ནས་གདོང་ལེན་གནང་མ་ཐུབ་པ་དེས་རྒྱ་ནག་མི་མང་ཙམ་མ་ཟད་མ་འོངས་པར་རྒྱ་ནག་དང་དཀའ་ངལ་འཕྲད་སྲིད་པའི་ཡོ་རོབ་མི་སེར་ཚོའི་རང་དབང་ལའང་སྲུང་སྐྱོབ་གནང་མ་ཐུབ་པ་ཞིག་མཚོན་གྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། ཡོ་རོབ་མཐུན་ཚོགས་ཀྱི་རྩ་ཆེར་འཛིན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ལ་རྒྱ་གཞུང་གིས་མུ་མཐུད་ཁྱད་གསོད་བྱེད་བཞིན་ཡོད་པ་དེ་གསལ་པོ་ཡིན་པ་དེ་ལྟར་ཡང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་དེར་གདོང་ལེན་ཇིལྟར་གནང་ཡོད་མེད་ཀྱི་དྲི་བ་ཞིག་རེད་ཅེས་གསུངས་འདུག  

ཌེན་མག་གཞུང་ནས་ཡུལ་དེའི་་ཉེན་རྟོག་པ་དང་བོད་དོན་ལས་འགུལ་བ་དབར་གྱི་གྱོད་གཞིར་ཞིབའཇུག་གཏིང་ཟབ་ཏུ་བཏང་འདུག

ཌེན་མགྷ་གཞུང་ནས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡུལ་དེའི་ནང་བསྐྱོད་སྐབས་ས་གནས་ཉེན་རྟོག་པས་བོད་དོན་ལས་འགུལ་བར་དམ་དྲག་བྱེད་ཕྱོགས་དང་འབྲེལ་བའི་གྱོད་གཞི་ཐོག་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས་ད་ཆ་ཕྱི་ལོ་ ༢༠༡༢ ལོའི་གནད་དོན་དེ་གཅིག་པོ་མིན་པར་འདས་པའི་ལོ་ ༢༣ ནང་རྒྱ་ནག་གི་དཔོན་རིགས་ཚོ་ཡུལ་དེའི་ནང་ཕེབས་སྐབས་དང་འབྲེལ་ཡོད་གནད་དོན་ཡོངས་རྫོགས་ལ་ཞིབ་འཇུག་གནང་རྒྱུ་ཡིན་པ་གསུངས་འདུག དེ་སྔ་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ Hu jintao ཡོ་རོབ་རྒྱལ་ཁབ་ཌེན་མག་གི་གྲོང་ཁྱེར་ Copenhagen ནང་འབྱོར་བསྟུན་ས་གནས་ཀྱི་བོད་དོན་ལས་འགུལ་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་གནང་སྐབས་ཌེན་མག་ས་གནས་ཀྱི་ཉེན་རྟོག་པས་ལས་འགུལ་བ་དེ་དག་གི་ལག་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་ཡོད་སྟབས། སྐབས་དེར་བོད་དོན་ལས་འགུལ་བ་མི་སྣ་བརྒྱད་ནས་ས་གནས་ཀྱི་ཁྲིམས་ཁང་དུ་རྒྱལ་དར་བཙན་འཕྲོག་གནང་མཁན་ཉེན་རྟོག་པ་དེ་དག་ཁྲིམས་གཏུགས་བྱས་པར་བརྟེན་ས་གནས་ཁྲིམས་ཁང་ནས་དེ་སྔོན་ Denmark ས་གནས་ཉེན་རྟོག་པས་བོད་དོན་ལས་འགུལ་བའི་ཐོག་སྤེལ་བའི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཡིན་པའི་བཅད་ཁྲ་བཏང་བ་དང་འབྲེལ། ཉེན་རྟོག་པ་གཉིས་ས་གནས་གཞན་དུ་གནས་སྤོ་བཏང་བ་དང་བོད་དོན་ལས་འགུལ་བ་མི་སྣ་བརྒྱད་པོ་དེ་དག་ལ་ས་གནས་ཀྱི་ཉེན་རྟོག་ལས་ཁང་ནས་ཌེན་མག་གི་སྒོར་མོ་ཁྲི་ ༢ རེ་གུན་གསབ་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཌེན་མག་གི་ཁྲིམས་ཞིབ་བློན་ཆེན་སྐུ་ཞབས་ Soeren Pape Poulson ལགས་ཀྱིས་ཁ་སང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྱོད་གཞི་དེར་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད། དེ་སྔ་ཕྱི་ལོ་ ༡༩༩༥ དང་། ༢༠༠༢ དེ་བཞིན་ ༢༠༡༡ ལོ་སོ་སོར་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཡུལ་དེའི་ནང་འབྱོར་སྐབས་ས་གནས་ཉེན་རྟོག་པ་རྣམས་ཀྱིས་སྐབས་དེར་བོད་དོན་ལས་འགུལ་བ་རྣམས་ཀྱི་ཐོག་བྱ་སྤྱོད་གང་འདྲ་སྤེལ་ཡོད་མེད་སྐོར་ལ་ཡང་དྲི་བ་ཡོང་གི་ཡོད་པ་གསུངས་འདུག གནད་དོན་འདིའི་ཐོག་ཌེན་མག་གི་སྲིད་བློན་སྐུ་ཞབས་ Lars Loekke Rasmussen ལགས་ཀྱིས་ཀྱང་ཞིབ་འཇུག་གི་བརྒྱུད་རིམ་ལས་གནས་ཚུལ་གསར་པ་ཁག་ཅིག་ཐོན་ཡོད་པ་དང།  གནས་ཚུལ་དེ་དག་བཟང་པོ་ཞིག་མིན་སྐོར་གསུངས་འདུག་པ་ལས་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་གནང་མི་འདུག ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཞབས་ Anders Hoejmark Andersen ལགས་ཀྱིས་ད་རེས་ཌེན་མག་གཞུང་གིས་ས་གནས་ཉེན་རྟོག་པས་བོད་དོན་ལས་འགུལ་བར་བྱ་སྤྱོད་སྤེལ་ཕྱོགས་དང་འབྲེལ་བའི་གྱོད་གཞིར་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་འཆར་ཡོད་པ་དེར་འཚམས་འདྲི་ཞུས་པ་འབྲེལ། ཌེན་མག་ཉེན་རྟོག་པས་རང་རྒྱལ་ཁབ་ཀྱི་མེ་སེར་སྲུང་སྐྱོབ་གནང་རྒྱུའི་ཚབ་ཏུ་དེ་ལས་ལྡོག་པའི་ཕྱག་ལས་ཡོད་པ་དང།  ང་ཚོས་འདས་པའི་ལོ་མང་རིང་ནས་བོད་དོན་རྔམ་སྟོན་གནང་སྐབས་ཉེན་རྟོག་པས་འགོག་རྐྱེན་བཟོ་བའི་སྐོར་ལ་ལན་མང་ཞུས་ཡོད་ཀྱང་གནད་དོན་དེའི་ཐོག་ཁུངས་སྐྱེལ་ར་སྤྲོད་མེད་སྟབས། ད་རེས་ཌེན་མག་གཞུང་ནས་གནད་དོན་དེ་ཡིག་ཐོག་ཏུ་བཀོད་པ་དེ་ནི་ང་ཚོར་ཧ་ཅང་ཡག་པོ་བྱུང་སོང་ཞེས་གསུང་འདུག རྩ་བའི་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ Hu Jintao ཌེན་མག་ནང་བསྐྱོད་སྐབས་བོད་དོན་ལས་འགུལ་བ་རྣམས་ཀྱིས་རྔམ་སྟོན་ཞི་རྒོལ་གནང་བ་དང།  ཌེན་མག་ཉེན་རྟོག་པས་སྐབས་དེར་ཞི་རྒོལ་བ་རྣམས་སྤྱི་སྤྱོད་རླངས་འཁོར་གྱིས་བཀག་ནས་རྒྱ་ནག་གི་སྲིད་འཛིན་མིག་མཐོང་ས་མེད་པ་བཟོས་པར་མ་ཟད་ལག་ནས་བོད་ཀྱི་རྒྱལ་དར་ཀྱང་འཕྲོག་ཡོད་པ་རེད། ཌན་མག་གི་ཁྲིམས་ཞིབ་བློན་ཆེན་སྐུ་ཞབས་ Soeren Pape Poulson ལགས་ཀྱིས་ཟླ་བ་འདིའི་མགོ་སྟོད་དུ་ཡུལ་དེའི་གྲོས་ཚོགས་སུ་ཕྱི་ལོ་༢༠༡༢ ལོའི་གནས་ཚུལ་དེའི་ཁྲོད་བོད་དོན་ལས་འགུལ་བར་དམ་དྲག་གི་བཀོད་ཁྱབ་གཏོང་མཁན་སུ་ཡིན་མིན་སོགས་ཀྱི་གནས་ཚུལ་ཁག་ཅིག་གསལ་པོ་ཆགས་ཡོད་པ་སྙན་གསེང་ཞུས་རྗེས་གྲོས་ཚོགས་ཀྱི་ངོས་ནས་སྐུ་ཞབས་ Poulson ལགས་ཀྱི་ཞིབ་འཇུག་ལས་དོན་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད་འདུག

ཁེ་ན་ཌའི་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་ལྷན་ཞུགས་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་པ།

ཟླ་ ༦ ཚེས་ ༡༡ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་ཚོར་བོད་དོན་ཞུ་སྐུལ་སོགས་གནང་བཞིན་ཡོད་པ་དང་བསྟུན། ཁ་སང་ཁེ་ན་ཌའི་གྲོས་ཚོགས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཁག་ཅིག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Robert Nault ལགས་སོགས་ལྷན་ཞུགས་ཐོག་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་དུས་སུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་སྐུ་ཚབ་རུ་ཁག་ཞིག་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་གཏམ་བཤད་བྱས་པ་དེ་དག་ཆེད་མངགས་རྒྱ་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་སྦས་གསང་བྱེད་ཆེད་ཡིན་པ་གསུངས་པ་དང་སྦྲགས། ད་རེས་འདིར་ཕེབས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཙོས་པའི་སྐུ་ཚབ་དོན་གཅོད་རྣམ་པ་བོད་ཆོལ་གསུམ་མི་མང་གི་སྐུ་ཚབ་ངོ་མ་ཡིན་ཞེས་ངོ་སྤྲོད་གནང་འདུག དེ་བཞིན་ཉེ་ཆར་རྒྱ་ནག་གི་སྐུ་ཚབ་རྣམས་ནས་བོད་ནང་རང་དབང་ཆེན་པོ་ཡོད་སྐོར་བཤད་ཡོད་ཀྱང་ལོ་ལྟར་ཨ་རིའི་རང་དབང་ཁང་པས་འདོན་སྤེལ་གནང་བཞིན་པའི་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གྱི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༦༌༌༡༧ ལོའི་སྙན་ཐོའི་ནང་བོད་འདི་འཛམ་གླིང་ཐོག་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་ཀྱི་གྲས་སུ་ཐེར་བཏོན་གནང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། བོད་ནང་ཡོད་པའི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་དབང་གིས་ད་བར་རྒྱ་གཞུང་གི་སྲིད་བྱུས་ལ་མ་བཟོད་པར་བོད་མི་ ༡༥༢ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཁོང་རྣམ་པའི་ནང་མིའི་གནས་སྟངས་གཙོས་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་གྱར་མི་ཡོང་བའི་ཆེད་མུ་མཐུད་རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་དུ་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག སྐབས་དེའི་སྲིད་སྐྱོང་མཆོག་གི་གསུང་བཤད་གྲུབ་མ་ཐག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genius ལགས་ནས་རྒྱ་ནག་གཞུང་གིས་བར་སྐབས་ཤིག་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་ཤུགས་སྣོན་བྱ་རྒྱུ་ཡིན་སྐོར་བརྗོད་པ་དེ་བདེན་པ་ཇི་ཙམ་རེད་དམ་ཞེས་བཀའ་འདྲི་གནང་བར་སྲིད་སྐྱོང་མཆོག་གིས་བར་སྐབས་ནས་ཞི་ཅིང་ཕིང་གིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་བཤད་ཡོད་ཀྱང་། འདས་པའི་ལོ་དུས་ནས་རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ས་གནས་མི་མང་གི་སྲོལ་རྒྱུན་དང་མི་མཐུན་པའི་འཛུགས་སྐྲུན་ཀྱི་ལས་གཞི་རྒྱ་ཆེ་སྤེལ་ནས་བོད་མིའི་ཆོས་ཕྱོགས་ཀྱི་རང་དབང་ལའང་དོ་ཕོག་ཆེན་པོ་གཏོང་བཞིན་པ་གསུངས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani  ལགས་དང་སྐུ་ཞབས་ Raj Saini ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་སྲིད་སྐྱོང་མཆོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྐད་ཡིག་ཐོག་ལས་འགུལ་སྤེལ་བ་དེ་དག་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་མཐུན་པ་ལས་ཁྲིམས་འགལ་གང་ཡང་མ་རེད། འོན་ཀྱང་རྒྱ་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་མ་བྱས་པར་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་པ་དེས་རྒྱ་གཞུང་གི་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་རྣམ་པ་གསལ་པོ་ཞིག་རེད་ཅེས་གསུངས་ཡོད་པ་རེད། རྒྱ་གཞུང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མུ་མཐུད་ཁ་གསལ་གང་ཡང་མེད་པར་བཞག་པ་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་རྣམ་པ་མངོན་གསལ་ཞིག་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་ཀྱི་འགན་དབང་དེ་༸གོང་ས་མཆོག་༸སྐུ་སྒེར་ལ་ཡོད་པ་མ་གཏོགས་རྒྱ་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་དང་རང་དབང་མེད་ཅེས་གྲོས་ཆོད་བཞག་པ་ལྟར་ཁེ་ན་ཌའི་གྲོས་ཚོགས་ནས་ཀྱང་དེ་ལྟར་གནང་ཐུབ་རྒྱུར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག གཞི་རྩའི་ཉན་ཞིབ་ཀྱི་ལས་རིམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཙམ་མ་ཟད་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། གཞིས་ཆགས་དང་མི་མང་གི་ཤེས་ཡོན་གནས་སྟངས། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་གཉིས་ཀར་ཕན་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་སོགས་ནན་བརྗོད་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་གནང་དགོས་པའི་ནན་སྐུལ་ཞུ་རྒྱུ་ཁས་ལེན་གནང་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་སུ་བོད་དོན་དང་འབྲེལ་བའི་དྲི་བ་ཁག་ཅིག་ཡིག་ཐོག་ནས་ཕུལ་ཡོད་པ་ལྟར་ཁོང་གིས་དེ་དག་ལ་ལན་འདེབས་གནང་བའི་ཁྲོད་ཨ་རི་གཞུང་ནས་ཡོངས་གྲགས་སུ་རྒྱ་གཞུང་ལ་༸གོང་ས་མཆོག་དང་ཡང་ན་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་གྲོས་མོལ་དོན་ལྡན་གནང་དགོས་པའི་ནན་སྐུལ་ཞུ་རྒྱུ་མ་ཟད། རྒྱ་གཞུང་གི་ལས་བྱེད་དང་ཐུག་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་རྒྱ་གཞུང་ནས་བོད་རང་སྐྱོང་ལྗོངས་ནང་ཨ་རིའི་གསར་འགོད་པ་དང།  གྲོས་ཚོགས་འཐུས་མི། ཤེས་ཡོན་ཅན་ལ་སོགས་པ་ཁུལ་དེའི་ནང་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་པའི་སྐོར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་འདུག སྐུ་ཞབས་ Mike ལགས་ནས་ཕྱི་ལོ་ ༢༠༠༢ ལོར་གཏན་འབེེབས་གནང་བའི་ Tibetan Policy Act འམ་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འབྲུ་དོན་ཆ་ཚང་ལག་བསྟར་གནང་རྒྱུ་དང།  ལྷག་དོན་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་དང་།  སྐད་ཡིག  རིག་གཞུང་ཉམས་ལེན་སོགས་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་མཚམས་འཇོག་དང་བརྩི་སྲུང་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲད་རྒྱུ་ཡིན་པར་ཁས་ལེན་གནང་འདུག  དེ་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་ཞིག་གི་ལན་འདེབས་གནང་སྐབས་ཕྱི་སྲིད་དྲུང་ཆེ་ནས་རྒྱ་གཞུང་གིས་འདས་པའི་དུས་ཡུན་ནང་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ་དང།  བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་བྱེད་སྒོ་ཁག་ལ་གུས་བརྩི་ཞུ་དགོས་པ། ༸གོང་ས་མཆོག་གིས་གཙོས་བོད་ཀྱི་བླ་སྤྲུལ་ངོས་འཛིན་དང།  ཁོང་རྣམས་ཀྱི་བསླབ་པ་སློབ་གཉེར་སོགས་ཀྱི་ཐོག་ཐེ་བྱུས་གནང་རྒྱུ་མེད་པར་གནོན་ཤུགས་སྤྲད་ངེས་ཡིན་སྐོར་གསུངས་འདུག གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མིས་མ་འོངས་པར་༸གོང་ས་མཆོག་དང་མཇལ་ཕྲད་གནང་རྒྱུ་སྐོར་ཕྱི་སྲིད་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་དུས་ཚོད་རན་འཚམ་ཞིག་ལ་བོད་ཀྱི་དབུ་ཁྲིད་ཁག་དང་དེ་བཞིན་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་མཇལ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་ཨ་རིའི་སྲིད་འཛིན་ Donald Trump མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་  Rex Tillerson རྣམ་གཉིས་ནས་རྒྱ་གཞུང་གི་འགོ་ཁྲིད་དང་མཇལ་འཕྲད་ཐེངས་མང་བྱས་ཡོད་ཀྱང་། བོད་དོན་སྐོར་གླེང་སློང་གཅིག་ཀྱང་གནང་མེད་པ་རེད། འོན་ཀྱང་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བོད་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་མེད་པ་དང་། ཨ་རི་གཞུང་ནས་དེའི་ཐོག་ཐུགས་འཚབ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གཞུང་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་དེ་  རང་ཉིད་ཀྱི་ཆོས་དང་སྐད་ཡིག་བཅས་པ་ཉམས་ལེན་ཆོག་པའི་ཁོར་ཡུག་བསྐྲུན་དགོས་གལ་ཡིན་པ་གསལ་བཏོན་གནང་ཡོད་པ་རེད།

Latest news