Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་ནང་ལས་ཀའི་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་པ་གསལ་བཏོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་ནང་གི་ལས་ཀའི་ས་མིག་གསལ་བསྒྲགས་འདྲ་མིན་ ༣༦༠༠༠ ལྷག་ཙམ་སྤེལ་ཡོད་པར་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་ནག་ནང་གི་ལས་ཀའི་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་དང་། ལས་འཚོལ་ལས་ཁང་ཁག་ཅིག་གིས་ལས་མི་ས་སྟོང་གསལ་བསྒྲགས་ཐོག་སྐྱེས་པ་མ་གཏོགས་བེུད་གླ་རྒྱུ་མིན་སྐོར་བཀོད་ཁྱབ་བཏང་པ་མ་ཟད་བེུད་ཀྱི་ས་མིག་ཁ་ཤས་ཐོག་ཕྱིའི་རྣམ་པ་དང་འབྲེལ་བའི་ཆ་རྐྱེན་ཁག་ཅིག་ཀྱང་ཆེད་བཏོན་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག ཚོགས་པ་དེས་རྒྱ་ནག་གི་གཞུང་འབྲེལ་ཚན་པ་ཁག་དང་སྒེར་གྱི་ཚོང་ལས་ཁང་། དེ་བཞིན་ལས་འཚོལ་ལས་ཁང་འདྲ་མིན་ཁག་ཅིག་གིས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་གྱི་དུས་ཡུན་དེའི་རིང་ལས་ཀའི་ས་མིག་གསལ་བསྒྲགས་བྱས་པ་དེ་དག་ལ་ཞིབ་འཇུག་གནང་བ་ལས་སྤྱིར་རྒྱ་ནག་ནང་ལས་མི་འདེམས་སྒྲུག་དང་ལས་ཀའི་ས་མིག་གསལ་བསྒྲགས་སོགས་ཀྱི་བརྒྱུད་རིམ་ཁྲོད་ཕོ་མོ་དབྱེ་འབྱེད་རིགས་བྱ་མི་ཆོག་ཀྱང་། གནད་དོན་དེའི་ཐོག་ཁྲིམས་སྒྲིག་ཁ་གསལ་མེད་པ་དང་སྒྲིག་གཞི་གང་ཡོད་པ་རྣམས་ལག་བསྟར་དོན་འཁྱོལ་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་འདུག ལྷག་དོན་ལས་ཀའི་ས་མིག་གསལ་བསྒྲགས་དེ་དག་ལ་གཞིགས་ཚེ་རྒྱ་ནག་ནང་དུས་ད་ལྟའང་བེུད་རྣམས་སྐྱེས་པ་ལས་ནུས་པ་ཆེས་ཞན་པ་དང་། ཁྱིམ་ཚང་གཉེར་ནས་ཁྱིམ་རང་དུ་བསྡད་མཁན་བེུད་ཞིག་ཡིན་ཚེ་དེ་དག་ནི་ཕྱིའི་ལས་ཀ་བྱ་རྒྱུའི་ནུས་པ་འདང་ངེས་ཤིག་མེད་པར་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་ཤུགས་ཆེ་ཡོད་པ་འགྲེལ་བརྗོད་གནང་འདུག སྙན་ཐོའི་ནང་ད་དུང་ཕོ་མོ་དབྱེ་འབྱེད་བྱེད་མཁན་ཁོངས་སུ་རྒྱ་ནག་གི་གཞུང་འབྲེལ་ཚན་པ་ཁག་ཅིག་ཀྱང་ཡོད་པ་དང་། དེའི་ཁོངས་ནས་རྒྱ་ནག་སྤྱི་བདེ་ཚན་པའི་ལས་ཀའི་ས་མིག་གསལ་བསྒྲགས་ལས་བརྒྱ་ཆ་ ༥༥ སྐྱེས་པ་ཁོ་ན་མ་གཏོགས་དམིགས་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་གྲངས་ཐོར་གཞིགས་ཚེ་གྲོང་ཁྱེར་ཁག་ཏུ་ལས་ཀ་བྱེད་མཁན་གྱི་བེུད་རྣམས་ལ་སྐྱེས་པ་དང་ལས་ཀ་གཅིག་པ་ཡིན་ནའང་ བེུད་རྣམས་ལ་སྐྱེས་པ་ཚོར་ཐོབ་པའི་གླ་ཕོགས་ཀྱི་བརྒྱ་ཆ་ ༦༧ ཙམ་མ་མཏོགས་རག་གི་མེད་པ་རེད་འདུག གཞན་ཡང་ཡུལ་དེའི་ནང་ཁྲིམས་འགལ་ཡིན་མིན་ལ་མ་ལྟོས་པར་བེུད་ཀྱི་དགོས་མཁོ་ཡོད་པའི་ལས་ཀའི་ས་མིག་ཁ་ཤས་ཁྲོད་ལས་ཀའི་ངོ་བོ་དང་འབྲེལ་བ་རྩ་བ་ནས་མེད་པའི་གཟུགས་པོ་རིང་ཐུང་དང། ལྗིད་ཚད། གདོང་གི་དབྱིབས་སོགས་ཆ་རྐྱེན་བཞག་པ་མ་ཟད། རྒྱ་ནག་བྱང་ཕྱོགས་ས་ཁུལ་ཞིག་ཏུ་མེ་འཁོར་ནང་འགྲུལ་གླ་བསྡུ་མཁན་གྱི་ས་མིག་གཅིག་གི་ཆེད་དུ་བེུད་མཛེས་མ་དང་དབྱིངས་ཚ་པོ་དགོས་པའི་གསལ་བསྒྲགས་བཀོད་མཁན་ཡང་ཡོད་སྐོར་འགྲེལ་བརྗོད་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱིར་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ཁག་གི་ནང་དུ་ཕོ་མོ་དབྱེ་འབྱེད་སོགས་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་ལ་གདོང་ལེན་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འགན་ཁུར་ཆེན་པོ་བཞེས་ཀྱི་ཡོད་ཀྱང་། རྒྱ་ནག་ནང་དམར་ཤོག་ཚོགས་པ་དང་འགལ་ཟླ་འགྲོ་སྲིད་པའི་འཇིགས་སྣང་འོག་གཞུང་འབྲེལ་མིན་ཡིན་པའི་ཚོགས་ཁག་ལ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་སྐོར་གསུངས་པ་དང་ཆབས་ཅིག ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་གཞུང་གིས་བེུད་ཀྱི་རང་དབང་རྩོད་ལེན་པ་རྣམས་ལ་དམ་དྲག་དང་བཙོན་འཇུག་བྱ་རྒྱུ་ཚབ་ཏུ་ཁོང་རྣམ་པ་དང་མཉམ་ལས་གནང་མཁན་སྤྱི་ཚོགས་ནང་གི་བེུད་ཀྱི་དཀའ་ངལ་དེ་དག་སེལ་དགོས་གལ་ཡིན་པ་གསུངས་འདུག

བོད་ནང་འདས་པའི་ལོ་འཁོར་མོའི་རིང་དྲག་གནོན་འོག་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་འགྲེལ་བརྗོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་ཟླ་ ༤ ཚེས་ ༢༠ ཉིན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་ ༢༠༠ ལྷག་ཙམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་ལོ་འཁོར་སྙན་ཐོ་ཞིག་གསར་དུ་འདོན་སྤེལ་གནང་བའི་ནང་།  རྒྱ་ནག་གི་དབང་སྒྱུར་འོག་འདས་པའི་ཕྱི་ལོ་ ༢༠༡༧ ལོ་འཁོར་མོའི་རིང་བོད་ནང་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་མཐོ་སྒང་གི་བོད་རིགས་ས་ཁུལ་མང་པོའི་ནང་རྒྱ་གཞུང་གི་དྲག་ཆས་དམག་མི་དང་སྤྱི་བདེ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་གསལ་བཏོན་གནང་འདུག ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་ལས་ཚབ་སྐུ་ཞབས་ John Sullivan ལགས་ཀྱིས་སྙན་ཐོའི་སྔོན་གླེང་ནང་སིར་ཡ་དང་།  བྷར་མ།  ཊར་ཀི། ཝེ་ནི་ཛུ་ལ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཡོད་པའི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་པ་མ་ཟད། རྒྱ་ནག་དང་ཨུ་རུ་སུ། ཨི་རན། དེ་བཞིན་བྱང་ཀོ་རི་ཡ་བཅས་ལོགས་སུ་དབྱེ་ནས་རྒྱལ་ཁབ་དེ་དག་ནི་ཉེས་རྒྱུན་མ་ཆད་པའི་ཐོག་ནས་སོ་སོའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་དང་རང་ཉིད་ཀྱི་རྒྱལ་ཁབ་ནང་གི་བདེ་འཇགས་དཀྲུག་མཁན་གཙོ་བོ་ཆགས་ཡོད་པ་དང་།  རྒྱལ་ཁབ་དེའི་མི་རིགས་ནི་བཟང་སྤྱོད་ཀྱི་ཐོག་ནས་སྐྱོན་བརྗོད་བྱ་འོས་པ་དང་སྤྱིའི་ཁེ་ཕན་ལ་གནོད་འཚེ་བཟོ་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག སྙན་ཐོ་དེའི་བོད་སྐོར་གྱི་ཚན་པའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་།  མནར་གཅོད་བཏང་བ།  ཁྲིམས་མཐུན་མིན་པའི་སྒོ་ནས་མི་སྣ་གང་བྱུང་དུ་འཛིན་བཟུང་། ཆབ་སྲིད་བཙོན་པའི་གནས་བབ། སྨྲ་བརྗོད་རང་དབང་དང་ཆོས་ལུགས་ཀྱི་རང་དབང་།  འདུ་འཛོམས་ཀྱི་རང་དབང་། འགུལ་བསྐྱོད་ཀྱི་རང་དབང་སོགས་གནད་དོན་ཁག་ཅིག་འབུར་བཏོན་གནང་བ་མ་ཟད། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་༸གོང་ས་མཆོག་ལ་དད་མོས་ཞུ་བ་དང་རྒྱ་གར་ལ་གནས་མཇལ་དུ་བསྐྱོད་མཁན། ལྷག་དོན་བུ་ཕྲུག་བཙན་བྱོལ་དུ་སློབ་སྦྱོང་ཆེད་ཡོད་མཁན་སོགས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པའི་གནད་དོན་མངོན་གསལ་གནང་འདུག གཞན་ཡང་བོད་ནང་གི་ས་གནས་གཞུང་དང་དམར་ཤོགས་ཚོགས་པ། ཉེན་རྟོག་ལས་ཁང་། དེ་བཞིན་དམག་གི་སྒྲིག་འཛུགས་བཅས་ཚང་མའི་ནང་གི་མཐོ་རིམ་གནས་རིམ་མམ་ས་མིག་དེ་དག་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་མི་རྒན་གྲས་རྒྱ་རིགས་ཤ་སྟག་གིས་བཟུང་ཡོད་པ་དང་།  རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་ནས་བཤད་ཚེ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་དང་རྒྱུན་ལས་ཚོགས་ཆུང་བཅས་ཀྱི་ཚོགས་མིའི་ཁོངས་སུ་བོད་མི་གཅིག་ཀྱང་མེད་པ་ཆེས་གསལ་བཏོན་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མ་ཏི་ཡོ་མེ་ས་ཇི་ལགས་ཀྱིས་ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གསལ་བོད་ནང་གི་འགྲོ་བམིའི་ཐོབ་ཐང་གི་གནས་བབ་སྐོར་ཞིབ་འཇུག་གང་གནང་བ་དེ་ལས་འགུལ་ཁང་དེའི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་ཁ་གནང་བ་ལྟར་གཅིག་མཚུངས་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཨ་རི་གཞུང་གི་སྙན་ཐོ་དེར་གཞི་རྩར་བཟུང་ཐོག་ཨ་རིའི་གྲོས་ཚོགས་སུ་ reciprocal accesss to Tibet ཞེས་ཨ་རིའི་མི་སེར་བོད་ནང་འགྲོ་བསྐྱོད་དང་འབྲེལ་བའི་གྲོས་འཆར་སོགས་ཁྲིམས་སྒྲིག་ཁག་ཅིག་འདོན་སྤེལ་གནང་བ་དེ་དག་གཏན་འབེབས་ཐོག་ཕྱག་བསྟར་གནང་ཐུབ་ཚེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏང་ཐུབ་ངེས་ཡིན་པའི་འགྲེལ་བརྗོད་གནང་འདུག རྩ་བའི་ཐེངས་འདིའི་ཨ་རི་གཞུང་གི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཡུལ་དེའི་ཞིང་ཆེན་རིམ་པའི་ས་གནས་གཞན་ཞིག་དང་མི་འདྲ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་རྒྱལ་མི་སྣ་འགྲོ་བསྐྱོད་ཆོག་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། ལྷག་དོན་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་ཉིན་མོ་འཁེལ་བའི་ཕྱི་ཟླ་གསུམ་པའི་སྔ་རྗེས་ཀྱི་དུས་ཡུན་ནང་བོད་དེ་ཕྱོགས་ཡོངས་ནས་སྒོ་མོ་རྒྱབ་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་ཚོ་ཁུལ་དེའི་ནང་བསྐྱོད་རྒྱུའི་འབོད་སྐུལ་རིམ་པ་ཞུ་ཁག་ལ་ཁས་ལེན་བྱས་མེད་སྐོར་གླེང་འདུག སྙན་ཐོའི་ནང་ད་དུང་རྒྱ་ནག་གི་དོ་དམ་འོག་ཡོད་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དང་། སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནས་བབ་སོགས་ཟུར་བཏོན་གནང་བ་དང་སྦྲགས།  བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཁྲིམས་རྩོད་པ་གླ་རྒྱུ་གཙོས་པའི་ཁྲིམས་ཀྱི་ཁེ་དབང་མང་པོ་བཀག་སྡོམ་བྱས་པ་མ་ཟད། ཁྲིམས་ཁང་དུ་ཁྲིམས་བཤེར་སྐབས་རྒྱ་སྐད་ཁོ་ན་སྤྱོད་དགོས་པ་དང་། ཁྲིམས་ཀྱི་དཔྱད་ཁྲ་དང་འབྲེལ་ཡོད་ཡིག་ཆ་ཡོངས་རྫོགས་རྒྱ་ཡིག་ཐོག་མ་གཏོགས་བོད་ཡིག་ནང་མེད་པར་འགྲེལ་བརྗོད་གནང་འདུག

ལི་ཝར་པུལ་རྐང་སྤོལ་རུ་ཁག་ལ་རྒྱ་ནག་དང་ཚོང་འབྲེལ་གྲོས་མཐུན་ཕྱིར་འཐེན་དགོས་པའི་ཞུ་འབོད་གནང་བ།

ཁ་སང་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ ༢༥ ནས་དབྱིན་ཡུལ་ Liverpool རྐང་རྩེད་སྤོ་ལོ་རུ་ཁག་ལ་ཕྱག་བྲིས་ཤིག་གནང་སྟེ་རུ་ཁག་དེའི་ངོས་ནས་བོད་ཀྱི་དྭངས་ཆུ་ཚོང་ལས་ཁང་ Tibet Water Resources Ltd. དང་ཚོང་འབྲེལ་གྲོས་མཐུན་བཞག་པ་དེ་ནི་རྐང་སྤོལ་རུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལངས་ཕྱོགས་དང་ཡོངས་སུ་མི་མཐུན་ཚུལ་འགྲེལ་བརྗོད་ཀྱིས་གྲོས་མཐུན་ཕྱིར་འཐེན་དགོས་པར་ཞུ་འབོད་གནང་འདུག དེ་ཡང་ Free Tibet བོད་རང་དབང་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཕུལ་བའི་ཕྱག་ཡིག་དེའི་ནང་། རྒྱ་ནག་གི་བོད་ཀྱི་དྭངས་ཆུ་ཚོང་ལས་ཁང་དེས་ཤེལ་དམ་གྱི་འཐུང་ཆུ་བཙོང་བ་དང་རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་བོད་ལ་བཀོལ་སྤྱོད་བྱེད་པའི་ཐོན་སྐྱེད་ཞིག་ཡིན་པ་དང་། དབྱིན་ཡུལ་ Liverpool རྐང་རྩེད་སྤོ་ལོ་རུ་ཁག་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྲོས་མཐུན་བཞག་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལངས་ཕྱོགས་དང་མི་མཐུན་པ་ཞིག་ཡིན་པས་གྲོས་མཐུན་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་ཞེས་ཞུ་འབོད་གནང་བ་དང་ཆབས་ཅིག ལི་ཝར་པུལ་རྐང་སྤོལ་རུ་ཁག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་གནང་རྒྱུའི་དམ་བཅའ་བསྐྱར་དུ་གཏན་འབེབས་དགོས་པའི་རེ་སྐུལ་བསྐྱར་ནན་གནང་ཡོད་པ་འཁོད་འདུག དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Bristol གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ལྕམ་ Kerry McCarthy མཆོག་དང་བྱང་ London ནང་རྟེན་གཞི་བྱས་པའི་ Tottenham གྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Lammy  ལགས། དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Chris law ལགས་བཅས་ནས་མཚན་རྟགས་བསྐྱོན་གནང་ཡོད་འདུག གཞི་རྩའི་ Tibet Water Resources Ltd. ཞེས་པའི་རྒྱ་ནག་གི་དྭངས་ཆུ་ཚོང་ལས་ཁང་དེ་རྒྱ་ནག་ནང་དུ་དྭངས་ཆུ་དང་སྦི་རག་ཚོང་འགྲེམས་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་ཡིན་པ་དང་། ཚོང་འབྲེལ་གྱི་གྲོས་མཐུན་དེ་དང་འབྲེལ་ནས་བོད་དོན་ལས་འགུལ་བ་རྣམས་ནས་ Liverpool རྐང་སྤོལ་རུ་ཁག་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གྲོས་མཐུན་བཞག་པ་ནི་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་ཕྱིར་རྒྱ་ནག་དང་ལག་སྦྲེལ་བྱས་ཡོད་པ་ཞིག་ཡིན་པར་སྐྱོན་བརྗོད་གནང་ཡོད།

སུད་སི་དོན་ཁང་གིས་རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་འདུག

ལོ་འདིའི་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐོག་བསྐྱར་ཞིབ་གནང་གི་ཡོད་སྟབས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་དེ་བཞིན་སུད་སི་བོད་རིགས་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོ་ཁག་དྲུག་དང་ཟུང་འབྲེལ་ཐོག་བོད་ནང་གི་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའང་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་དུས་བཀག་བསྐྱར་ཞིབ་སྐབས་རྒྱལ་ཚོགས་ལ་ཁས་ལེན་ཞུས་པའི་གནད་དོན་ཁག་ཅིག་ད་ལྟའང་ལག་བསྟར་ཞུས་མེད་པའི་ཁར། འཛུགས་སྐྲུན་གྱི་མིང་བྱང་འོག་བོད་ནང་གི་བོད་མི་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་མི་ཞིང་འབྲོག་མང་ཚོགས་ལ་བཙན་དབང་གིས་གཞིས་སྤོ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་རང་དབང་རྩོད་མཁན་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུག བོད་ཀྱི་དོན་གཅོད་ཁང་ནས་ད་དུང་ད་རེས་ཀྱི་སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ལེགས་བྱང་སྲུང་སྐྱོབ་ཀྱི་རང་དབང་དང་དཔལ་འབྱོར། སྤྱི་ཚོགས་བདེ་འཇགས་ཀྱི་རང་དབང་བཅས་གཅེས་འཛིན་བྱེད་དགོས་པ་དང་། དེ་མིན་བོད་ཀྱི་འབྲོག་པ་གཞིས་སྤོའི་ལས་གཞི་དང་མང་ཚོགས་ལ་དམ་དྲག་གི་སྲིད་བྱུས་དེ་དག་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལ་སླར་ཡང་ཁྲིམས་དང་མཐུན་པའི་སྒོ་ནས་དྲང་བདེན་གྱི་ཁྲིམས་གཏུགས་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག དེ་བཞིན་བོད་ནང་རྒྱ་ནག་གི་ཧན་མི་རིགས་ཕོན་ཆེ་སྤོ་ཤུགས་བྱེད་རྐྱེན་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་བོད་མིའི་ལས་སྣེའི་གོ་སྐབས་ཀྱང་རྒྱ་རིགས་དེ་དག་ལ་ཤོར་རྒྱུའི་གནས་སྟངས་ཞན་པོ་ཆགས་ཡོད་པ་མ་ཟད། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རྒྱལ་སྤྱིའི་ཁྱོན་ནས་ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་ལ་དགོངས་ནས་དུག་རླངས་ CO2 མེད་པ་བཟོ་ཐབས་ལ་གཙིགས་ཆེན་པོས་འབད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དེའང་ཆེས་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་འདུག ཆོས་དད་རང་དབང་དང་འབྲེལ་བའི་ཐོག་ནས་བོད་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་གྲྭ་བཙུན་གཙོས་བོད་མི་ཁྱོན་ ༡༥༢ ནས་རང་མེར་བསྲེགས་གནང་ཡོད་པ་དང། བོད་ནང་གི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་འཐབ་རྩོད་པ། སྤྱི་ཚོགས་སྣེ་ཁྲིད་པ། དེ་བཞིན་གསར་འགོད་པ་བཅས་ལ་བཙན་ཤེད་ཀྱིས་བཙོན་འཇུག་དང་ཁ་ཤས་བཟང་བཙོན་འོག་བཀག་སྐྱིལ་བྱས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་ཀྱང་གསལ་བཏོན་གནང་ཡོད་པ་རེད། གཞི་རྩའི་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་དཀག་བསྐྱར་ཞིབ་ཐེངས་གཉིས་ཚོགས་རྗེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་ཏེ་ཆེས་ཞན་པོ་ཆགས་ཡོད་པ་མངོན་གསལ་གནང་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་ཕྱི་ལོ་ ༢༠༠༩ ལོར་ཚོགས་ཡོད་པ་དང་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༣ ལོར་ཚོགས་ཡོད་པ་རེད།

བོད་ཀྱི་གནད་དོན་དེ་ངའི་སྙིང་དང་ཧ་ཅང་ཉེ་བའི་གནད་དོན་ཞིག་ཡིན།

བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Ros Lehtinen མཆོག་དང་ ClaudiaTenney མཆོག་རྣམ་གཉིས་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་བ་དང། ལྕམ་ Lehtinen མཆོག་གིས་སྐབས་དེར་བོད་ཀྱི་གནད་དོན་དེ་ནི་ཁོ་མོའི་སྙིང་དང་ཧ་ཅང་ཉེ་བའི་གནད་དོན་ཞིག་ཡིན་པ་དང་། ཁོང་རིང་མིན་རྒས་ཡོལ་དུ་ཕེབས་ཀྱི་ཡོད་ཀྱང་བོད་ཀྱི་གནད་དོན་ནམ་ཡང་བློས་རྒྱུ་མིན་ཞེས་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༤ ཉིན་རྒྱབ་ཚོུད་ ༤།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཚོགས་ཁང་གསར་པར་ཚོགས་པའི་སྣེ་ལེན་མཛད་སྒོ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲིད་ཞུ་བ། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་སྐུ་མགྲོན་རྣམ་པ་གཉིས་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་བཟང་པོའི་འོག་བཙན་བྱོལ་བོད་མིས་ནུས་པ་ལྡན་པའི་སྒོ་ནས་ཐོུང་མ་ཡིན་པའི་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བཞིན་ཡོད་པ་གསལ་བཏོན་གནང་བ་མ་ཟད། ཁོང་རྣམ་པ་གཉིས་ལྟ་བུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁག་ཅིག་གི་བཀྲིན་ལ་བརྟེན་ནས་ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་མིར་རྒྱབ་སྐྱོར་རོགས་རམ་ཇེ་མང་དུ་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། ལྷག་དོན་བོད་མིའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་བཞིན་པ་ངོ་སྤྲོད་དང་སྦྲགས། ཨ་མི་རི་ཀའི་གཞུང་ནས་སྲིད་བྱུས་དེར་རྒྱབ་སྐྱོར་གནང་བཞིན་པར་བཀྲིན་བསམ་ཤེས་གནང་བ་མ་ཟད། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེ་བའི་སྐབས་འདིར་ཁོང་རྣམ་པ་གཉིས་འདི་གར་ཆེད་ཕེབས་གནང་བ་འདིས་བོད་མི་ཚོར་སེམས་སྐུལ་གྱི་རང་བཞིན་དང་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད་ཅེས་གསུངས་འདུག ལྕམ་སྐུ་ RosLehtinen མཆོག་གིས་སྐབས་དེར་ཁོང་ལོ་ན་བརྒྱད་སོན་སྐབས་ Cuba ནང་གི་དམར་པོའི་གཞུང་གི་དྲག་གནོན་ལས་བྲོས་བྱོལ་ཆེད་ཨ་རིར་ཕེབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་བ་དང་། བོད་ཀྱི་གནད་དོན་དེ་ཁོང་གི་མི་ཚེ་ནང་གི་ཧ་ཅང་སྙིང་ཉེ་བའི་གནད་དོན་ཞིག་ཡིན་པ་མ་ཟད། ཁོང་རིང་མིན་རྒས་ཡོལ་དུ་ཕེབས་ཀྱི་ཡོད་ཀྱང་བོད་ཀྱི་གནད་དོན་ནམ་ཡང་བློས་རྒྱུ་མིན་ཞེས་གསུང་སོང་། ཁོང་གིས་ད་དུང་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཨ་རིའི་མི་སེར་རྣམས་བོད་ལ་བསྐྱོད་རྒྱུའི་ཐོག་ལའང་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཁག་ཅིག་གསུངས་པ་དང་ཆབས་ཅིག་ཏུ་དེང་སྐབས་རྒྱལ་སྤྱིའི་གཞུང་མང་པོས་རྒྱ་ནག་ལ་གདོང་ལེན་བྱ་རྒྱུ་ལས་ལྡོག་ནས་རྒྱ་ནག་གཞུང་གི་སྟོབས་ཤུགས་ལ་ཞེད་སྣང་ཆེན་པོ་བྱེད་བཞིན་པ་ནི་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད། རྩ་བའི་ལྕམ་ Ros Lehtinen མཆོག་ནི་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་དགོས་པར་གྲོས་འཆར་འདོན་མཁན་གཙོ་བོ་ཞིག་ཆགས་ཡོད་པ་དང་། དེ་རིང་མཛད་སྒོའི་ཐོག་ཁོང་དང་ཕྱག་རོགས་ཁག་ཅིག་ནས་སྔར་ལོ་ཨ་མི་རི་ཀའི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་དགོས་པའི་གྲོས་འཆར་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད་ད་དུང་ཡང་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད། ལྕམ་སྐུ་ Claudia Tenney མཆོག་གིས་ཁོང་ད་རེས་ལྕམ་སྐུ་ Lehtinen མཆོག་དང་ལྷན་རྒྱས་བཞུགས་སྒར་དུ་ཐེངས་དང་པོ་ཆེད་ཕེབས་གནང་ཐུབ་པ་དེ་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་སྦྲགས། ཁོང་ཨ་རིར་ཕྱིར་ཕེབས་རྗེས་ས་གནས་བོད་མི་དང་འབྲེལ་བ་གནང་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་སྐོར་གསུངས་འདུག

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་མིར་མུ་མཐུད་རོགས་དངུལ་རྒྱབ་སྐྱོར་གནང་གཏན་འཁེལ་འདུག

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གི་ངོས་ནས་འདས་པའི་ལོ་ངོ་ ༣༠ ཙམ་གྱི་གོང་ནས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་རྣམས་ལ་རང་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། དེ་བཞིན་སྤྱི་ཚོགས་ཡར་རྒྱས་ལས་དོན་བཅས་ཀྱི་ཐོག་རོགས་དངུལ་གནང་བཞིན་ཡོད་པ་ལྟར། འདི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ཁོངས་ནས་བོད་ཕྱི་ནང་གཉིས་ཀྱི་བདེ་དོན་ཐོག་མུ་མཐུད་མ་དངུལ་གནང་རྒྱུར་ཐག་གཅོད་བྱུང་འདུག ཁ་སང་དང་ཁ་ཉིན་བཅས་སུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ལ་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་མཐའ་མ་གཏན་འབེབས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འོག་མའི་ནང་ལ་ཁྱོན་གྲོགས་ཚོགས་འཐུས་མི་ ༢༥༦ ནས་ ༡༦༧ དེ་བཞིན་གྲོས་ཚོགས་གོང་མའི་ནང་ལ་གྲོས་ཚོགས་འཐུས་མི་ ༦༥ ནས་ ༣༢ ཀྱིས་བོད་དོན་དང་འབྲེལ་བའི་རོགས་དངུལ་གྲོས་འཆར་ལ་རྒྱབ་སྐྱོར་གནང་ཐོག་ཨ་རིའི་གྲོས་ཚོགས་ནས་བོད་མིར་མུ་མཐུད་རོགས་དངུལ་གནང་རྒྱུར་གྲོས་འཆར་གཏན་འབེབས་གནང་ཡོད་པ་མ་ཟད། ཁ་སང་གྲོས་འཆར་དེའི་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབསཌོ་ནལ་ཊམ་མཆོག་ནས་ཆེས་མཐའ་མའི་མཚན་རྟགས་གནང་བ་དང་སྦྲགས། བོད་དོན་དང་འབྲེལ་བའི་མ་དངུལ་རོགས་རམ་ཁག་མུ་མཐུད་གནང་རྒྱུའི་ཐག་གཅོད་གནང་འདུག ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་རྩིས་འགོའི་ནང་གསལ་ལྟར་ཨ་རི་སྲིད་གཞུང་ནས་བོད་ནང་ཡོད་པའི་བོད་མི་ཚོའི་བདེ་དོན་སྤྱི་དང་སྒོས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༨ དང་། དེ་བཞིན་རྒྱ་བལ་གཉིས་ནང་ཡོད་པའི་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་སྤྱི་ཚོགས་སྲ་བརྟན། མི་རབས་རྗེས་མའི་འགོ་ཁྲིད་ཀྱི་ནུས་པ་གསོ་སྐྱོང་བཅས་ཀྱི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༦ དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཆེད་དམིགས་བསལ་གྱི་རྩིས་འགོ་གསར་པ་ཞིག་བརྒྱུད་ཨ་སྒོར་ས་ཡ་ ༣ བཅས་ཁྱོན་ཨ་སྒོར་ས་ཡ་ ༡༧ གྱི་མ་དངུལ་རོགས་རམ་གནང་རྒྱུ་ཡིན་པ་གསལ་འདུག ཐེངས་འདིའི་ཨ་རི་གཞུང་ནས་བོད་མིར་མུ་མཐུད་མ་དངུལ་རོགས་རམ་གནང་གཏན་འཁེལ་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་རྡོར་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ཐེངས་འདིའི་ཨ་རིའི་སྔོན་རྩོས་གཏན་འབེབས་གནང་རྒྱུར་དུས་ཚོད་གང་འཚམས་འགོར་ཡོད་ཀྱང་། ད་ལན་མཐའ་མའི་ཐག་གཅོད་གནང་བའི་ཁྲོད་བོད་དོན་དང་འབྲེལ་བའི་གོང་གསལ་སྡེ་ཚན་གསུམ་ནང་འཁོད་པའི་ཨ་སྒོར་ས་ཡ་ ༡༧ ཡོད་པ་ཙམ་མ་ཟད། ཨ་རིས་བོད་ཕྱི་ནང་གཉིས་སུ་གནང་བཞིན་པའི་སློབ་ཡོན་དང་། མང་གཙོ་གོང་འཕེལ་དང་འབྲེལ་བའི་མ་དངུལ། ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་མ་དངུལ་བཅས་ཡོངས་བསྡོམས་ཚེ་ད་རེས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ཁྲོད་བོད་མིའི་བདེ་དོན་སྤྱི་ཡོངས་ཀྱི་ཐོག་ཁྱོན་ཨ་སྒོར་ས་ཡ་ ༣༠ ཙམ་གནང་གཏན་འཁེལ་ཡོད་པ་གསུངས་ཡོད། གཞི་རྩའི་ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་སྔིན་རྩིས་དེ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྔར་ལོའི་ཕྱི་ཟླ་ ༥ པའི་ནང་ཡུལ་དེའི་གྲོས་ཚོགས་སུ་འཆར་འབུལ་ཞུས་ཡོད་དང་། སྐབས་དེར་སྔོན་རྩིད་འཆར་འབུལ་ཁྲོད་སྲིད་འཛིན་མཆོག་ནས་ཨ་རིས་བོད་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལ་གནང་བཞིན་པའི་མ་དངུལ་རོགས་རམ་ཁག་ཅིག་གཅོག་ཆ་དང་ཁག་ཅིག་མཚམས་འཇོག་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་མ་ཟད། ལྷག་པར་དུ་ཨ་རིའི་མི་མང་གི་ཤེས་ཡོན་དང་འཕྲོད་བསྟེན་སོགས་དང་འབྲེལ་བའི་མ་དངུལ་འཆར་འབུལ་ཞུས་པའི་ཐད་ལ་གྲོས་ཚོགས་འཐུས་མི་དབར་དགོངས་ཚུལ་མི་མཐུན་པ་སོགས་བྱུང་རྐྱེན་ད་བར་ཟླ་བ་དྲུག་ལྷག་གི་རིང་སྔོན་རྩིས་གཏན་འབེབས་གནང་ཐུབ་མེད་པ་རེད། ལྷག་པར་དུ་བོད་དོན་དང་འབྲེལ་བའི་མ་དངུལ་རོགས་རམ་མུ་མཐུད་ཐོབ་ཐབས་སུ་འདས་པའི་ཟླ་བ་དྲུག་ལྷག་ཙམ་དེའི་ནང་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུགས་འཕྲད་གནང་སྟེ་ཞུ་འབོད་རབ་དང་རིམ་པ་གནང་ཡོད་པ་རེད།

རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གི་དྲ་ལམ་གྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག

Pen America ཞེས་པའི་ཨ་རིའི་སྨྱུ་གུ་ཚོགས་པས་སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་རྒྱ་བཀོལ་སྤྱོད་ཐོག་བོད་དང་ཤིན་ཅང་ནང་ས་གནས་གཞན་ལས་དམ་དྲག་ཤུགས་ཆེ་བ་བྱེད་མུས་ཡིན་སྐོར་གསུངས་འདུག དེའང་ཨ་རིའི་ཚོགས་པས་ཁ་སང་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ Forbidden Feeds: Government Controls on Social Media in China ཞེས་རྒྱ་གཞུང་གི་སྤྱི་ཚོགས་དྲ་རྒྱའི་དམ་དྲག་སྐོར་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང། ཚོགས་པ་དེས་སྙན་ཐོའི་ཆེད་རྩོམ་པ་པོ་དང་སྙན་ངག་ཁན། སྒྱུ་རྩལ་བ། ལས་འགུལ་བ། གཞན་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཚོང་ལས་ཁང་གི་ལས་བྱེད་མིང་གསལ་མ་གནང་བ་ཁག་ཅིག་ལ་བཅར་འདྲི་ཞུས་འདུག སྙན་ཐོའི་ནང་གསལ་བོད་སྐོར་གྱི་ཚན་པ་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་སེར་ཤུལ་ནས་ཡིན་པའི་དགེ་འདུན་ཞུ་བའི་བོད་མི་ན་གཞོན་ཞིག་གིས་དྲ་རྒྱའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཁྱབ་སྤེལ་གནང་བར་བརྟེན་ཁོང་ལ་ཉེས་རྡུང་ཚད་མེད་བཏང་ནས་མཐར་བཙོན་འཇུག་བྱས་པའི་གནས་ཚུལ་ལུང་འདྲེན་དང་འབྲེལ། སྐད་འཕྲིན་བརྒྱུད་༸གོང་ས་མཆོག་གི་༸སྐུ་དཔར་འགྲེམས་སྤེལ་དང་ལྷག་པར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྐྱེན་འཛིན་བཟུང་བྱས་པའི་བོད་མི་དྲུག་གི་མཚན་གསལ་གནང་འདུག གཞན་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ པའི་ནང་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་དྲ་ཚིག་ཐོག་ཏུ་བོད་ནང་དམག་མི་འབོར་ཆེན་ཆེད་གཏོང་བྱས་པའི་གནས་ཚུལ་སྤེལ་བ་དང་འབྲེལ་ཡོད་པར་ཁག་ཅིག་སྐད་འཕྲིན་བརྒྱུད་འགྲེམས་སྤེལ་གནང་སྟབས་ཁོང་ལ་ཁ་བྲལ་བརྒྱུད་སྐུལ་ཉེས་མིང་འོག་བཙོན་འཇུག་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་དྲ་རྒྱ་ཐོག་རྩོམ་ཡིག་སྤེལ་བ་དང་རང་སྲེག་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ་བོད་མི་མི་བདུན་འཛིན་བཟུང་བྱས་སྐོར་འགྲེལ་བརྗོད་གནང་འདུག ཨ་རིའི་སྨྱུ་གུ་ཚོགས་པས་རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྐུ་ཚབ་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལྟར། ས་གནས་དེ་དག་ནང་དྲ་རྒྱ་བཀོལ་སྤྱོད་དང་འབྲེལ་མི་སྣ་འཛིན་བཟུང་ཇི་ཙམ་བྱས་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་རག་དཀའ་བ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ལྷན་གཅིག་ཏུ་བོད་དང་ཤིན་ཅང་ནང་གི་སྤྱི་ཚོགས་ཀྱི་དྲ་རྒྱར་དམ་དྲག་དང་འབྲེལ་བའི་རྒྱ་གཞུང་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་བའི་ཁྲོད་རྒྱ་གཞུང་གིས་ཡུལ་གཞན་ལས་བོད་དང་ཤིན་ཅང་ནང་དམ་དྲག་ཚབས་ཆེ་བ་བྱེད་མུས་ཡིན་པ་མངོན་གསལ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་ཁྲོད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩི།

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་དང་བསྟུན། ཡོ་རོབ་ Baltic རྒྱལ་ཁབ་ Estonia དང།  lativia  Lithunia བཅས་ཀྱི་གྲོས་ཚོགས་འཐུས་མི་ ༢༠ ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཐོག་བོད་མིའི་འགྱུར་བ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་སླད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་པའི་རང་དབང་ཅན་གྱི་ཉམས་ཞིབ་པ་བོད་དུ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་ཞེས་ཞུ་འབོད་གནང་འདུག གྲོས་ཚོགས་ཀྱི་འཐུས་མི་དེ་དག་ནས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་རྒྱ་གཞུང་གིས་བོད་ལ་འཛིན་པའི་དྲག་པོའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། རང་ལོ་ ༤༤ ཡིན་པ་ཚེ་ཁོ་ལགས་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་གནང་བར་གདུང་སེམས་མཉན་བསྐྱེད་དང་སྦྲགས་ཏེ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་ཀྱི་བརྒྱུད་ ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་མིའི་སྐད་ཡིག་སྲུང་སྐྱོབ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་། བློ་བཟང་འཇམ་དབྱངས་ལགས།  བློ་བཟང་དཀོན་མཆོག་ལགས། སྒྲོལ་མ་སྐྱབས་ལགས། ཀརྨ་བསམ་གྲུབ་ལགས། ཡེ་ཤེས་ཆོས་སྒྲོན་ལགས་སོགས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་མ་ཟད། བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་འབྲེལ་ཏེ་རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པར་ནན་བརྗོད་གནང་འདུག དེ་བཞིན་ཁ་སང་ཕྱི་ཟླ་ ༣ ཚེས་ ༡༠  ཉིན་ལྷོ་ཨ་ཕི་རི་ཀའི་ Cape Town གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བོད་དོན་རྒྱབ་སྐྱོར་བའི་ལག་ཏུ་༸གོང་ས་མཆོག་དང་ཡི་ཤུའི་ཆོས་དཔོན་ Desmond tutu མཆོག་རྣམ་གཉིས་ཀྱི་༸སྐུ་པར་འཁྱེར་ཏེ་བོད་མིར་རང་དབང་དགོས། བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་དགོས། རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ལ་ཞི་ཅིང་ཕིང་གི་ངོས་ནས་བསྐྱར་བཅོས་དགོས་པ་སོགས་ཁྱི་འཕྲེད་དར་བསྣམས་ཏེ་ཞི་བའི་ངོ་རྒོལ་ཐོག་མ་དེ་གནང་ཡོད་པ་རེད། དེ་བཞིན་ Europe Stand with Tibet ཞེས་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་སྤེལ་བའི་བརྒྱུད་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མཐུན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་བོད་མི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་གཙོས་པའི་ཇི་ནི་ཝ་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན། བོད་དོན་རྒྱབ་སྐྱོར་བ་དང་བཅས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ ༡༤ ནས་ཕེབས་པའི་བོད་རིགས་ ༤༠༠༠ ལྷག་ཙམ་ནས་མཉམ་ཞུགས་ཀྱིས་ Jardin Anglaise གི་ཐང་ཆེན་ནས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་བར་དུ་གོམ་བགྲོད་གནང་ཐོག་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་ཞུས་འདུག གཞན་ཡང་ཨ་རི་གྲོས་ཚོགས་འཐུས་མི་ལྕམ་ Nancy Pelosi  ལགས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ཐོག་གསུང་འཕྲིན་ཞིག་བསྩལ་བའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས། བོད་མིའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་སླད་དུ་རྒྱལ་སྤྱིའི་ཐོག་ནས་འབད་འབུངས་ཤུགས་ཆེ་གནང་དགོས་པར་ནན་བརྗོད་གནང་འདུག དེ་བཞིན་ཨ་རི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Senator Patrick leahy ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་གྲོས་འཆར་ཞིག་ངོ་སྤྲོད་གནང་བའི་ནང་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས་ཏེ། དེ་སྔ་ཕྱི་ལོ་ ༢༠༠༨ ཀྱི་ལོར་ཨ་རི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་ལག་བསྟར་གནང་དགོས་པ་གསུངས་བ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་ཆོས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་གསར་འཛུགས་དགོས་པ་སོགས་ཀྱི་གྲོས་འཆར་ཕུལ་འདུག

རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གནང་བ་མངོན་རྒྱུ་མི་འདུག

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra’ad Al Hussein མཆོག་གིས་རྒྱ་ནག་གཞུང་ནས་འདས་པའི་ལོ་དུས་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གནང་བ་མངོན་རྒྱུ་མི་འདུག་ཅེས་གསུངས་འདུག དེའང་ཟླ་ ༢ ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ Swiss གྲོང་ཁྱེར་ Geneva ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༣༧ འཚོགས་བཞིན་པ་དང་བསྟུན། ཁ་སང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ Zeid Ra’ad Al མཆོག་ནས་ཚོགས་བཅར་བ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་སྐུ་ཚབ་མི་སྣར་ལྷན་ཁང་དེའི་ལོ་འཁོར་ལས་བསྡོམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་གསེང་ཞུས་འདུག སྐབས་དེར་གཙོ་འཛིན་མཆོག་ནས་སྔར་ལོ་ཡང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ས་ཁུལ་དུ་ཞི་རྒོལ་བ་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་པ། བཙོན་ཁང་ལ་ཁྲིམས་མཐུན་མ་ཡིན་པའི་མནར་སྤྱོད་བཏང་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་འཛིན་བཟུང་བྱས་པ་སོགས་ཀྱི་ཞུ་སྙན་མུ་མཐུད་འབྱོར་བཞིན་ཡོད་པ་གསུངས་འདུག སྲིད་འཛིན་ཞི་ཅིང་ཕིང་གིས་འདས་པའི་ལོ་དུས་ནང་ལ་མང་ཚོགས་དབུས་བཞག་ཐོག་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་དོན་བསྒྲུབ་ཀྱི་ཡིན་ཞེས་བརྗོད་ཡོད་ཀྱང་། བློ་ཕམ་ཀྱི་གནས་སྟངས་ཤིག་ནི་འདས་པའི་ལོ་དུས་ནང་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཕན་ལྡན་པའི་ཕྱག་ལས་གང་ཡང་གནང་མེད་ཅེས་གསུངས་འདུག རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁྲོད་མང་ཚོགས་རྣམས་ལ་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་རང་དབང་ཐོག་དཀལ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་ངོས་ནས་རིང་མིན་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་སུ་ཚོགས་གཏན་འཁེལ་བའི་རྒྱ་ནག་ནང་གི་དུས་བཀག་བསྐྱར་ཞིབ་ལས་རིམ་ཐོག་གླེང་སློང་དང་འདྲི་རྩད་ནན་པོ་གནང་རྒྱུ་་ཡིན་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་མི་སྣ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ཞུ་སླད་ཆེད་གཏོང་དགོས་ཞེས་བསྐྱར་ནན་གསུངས་འདུག

Latest news