Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་ཞིག་གི་འགྲེམས་སྟོན་ནས་་བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱེད་དགོས་བྱུང་འདུག

དབྱིན་ཡུལ་གྱི་ Norwich གྲོང་ཁྱེར་ནང་དུ་རྟེན་གཞིན་བྱས་པའི་ East Anglia གཙུག་ལག་སློབ་གཉེར་ཁང་དུ་ཉེས་ཆར་སློབ་མ་རྣམས་ཀྱིས་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་རྒྱལ་སྤྱིའི་ལས་རིམ་ཞིག་གོ་སྒྲིག་གནང་པ་དེའི་ཐོག་བོད་ཀྱི་རྒྱལ་དར་ཡང་སྒྲེང་འཛུགས་གནང་ཡོད་ཀྱང། སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་མ་ཁག་ཅིག་ནས་ཞུ་གཏུགས་བྱས་པར་བརྟེན་བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱས་པ་དང་སྦྲགས་ཁོ་ཚོར་བཟོད་གསོལ་ཡང་ཞུས་འདུག གཙུག་ལག་སློབ་གཉེར་ཁང་དེའི་སློབ་མའི་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་མཐུད་པ་ Malaika Jaovisidha ལགས་ཀྱིས་བོད་ཀྱི་རྒྱལ་དར་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་དུ་སློབ་ཁང་དེར་བོད་པའི་སློབ་ཕྱུག་གི་མཐུན་ཚོགས་ཤིག་ཟུར་དུ་མེད་པས་གནང་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་ Shanghai ནས་ཡིན་པའི་སློབ་མ་ Kai Wang ཡིས་གོ་སྒྲིག་པར་བོད་ཀྱི་རྒྱལ་དར་དེ་འཕྲད་དུ་ཕྱིར་འཐེན་མ་བྱེད་ཚེ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འབྲེལ་གཏུགས་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་དང་འབྲེལ་རང་ཉིད་ཀྱི་ངོ་དེབ་ཐོག ‘’ང་ནི་གནད་དོན་འདིར་ཁོང་ཁྲོ་ལངས་སོང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་དེ་ནི་ཧོང་ཀོང་ལྟ་བུའི་དམིགས་བསལ་རང་སྐྱོང་སྡེ་ཚན་ཞིག་ཀྱང་མ་རེད། རྒྱལ་དར་དེས་ཁ་བྲལ་རིང་ལུགས་མཚོན་གྱི་ཡོད། ཁྱེད་ཀྱིས་དེ་མང་གཙོར་ངོས་འཛིན་གྱི་ཡོད་ཀྱང་། ངས་དེ་ནི་རྨོངས་དད་ཅན་ལ་ངོས་འཛིན་གྱི་ཡོད་ཅེས་མཆན་བཀོད་ཡོད་འདུག གཞན་ཡང་གཙུག་ལག་སློབ་གཉེར་ཁང་གི་ལས་རིམ་དེའི་ཐོག་ཐེ་ཝན་གྱི་རྒྱལ་དར་ཡང་སྒྲེང་འཛུགས་བྱས་པ་དེ་མཚུངས་ཕྱིར་འཐེན་བྱ་དགོས་པ་བཤད་ཀྱང། སློབ་གཉེར་ཁང་དེའི་ནང་གི་ཐེ་ཝན་སློབ་མའི་མཐུན་ཚོགས་ཀྱིས་དེར་འགག་པ་རྒྱབ་སྟབས། ཐེ་ཝན་གྱི་རྒྱལ་དར་དེ་རང་འཇགས་བཞག་ཡོད་པ་རེད། གཞི་རྩའི་ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་རྟེན་གཞིན་བྱས་པའི་གཙུག་ལག་སློབ་གཉེར་ཁང་དུ་མའི་ནང་དུ་སློབ་ཞུགས་བྱེད་མཁན་རྒྱ་རིགས་སློབ་མ་ལོ་རེ་བཞིན་ཇེ་མང་དུ་འགྲོ་མུས་ཡིན་པ་དང་། གཙུག་ལག་སློབ་ཁང་མང་དག་ཅིག་གིས་༸གོང་ས་མཆོག་སློབ་གཉེར་ཁང་དུ་བཀའ་སློབ་བསྩལ་བར་གསོལ་འདེབས་ཞུས་པ་མ་ཟད། བོད་དོན་དང་འབྲེལ་བའི་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་སྐབས་རྒྱ་རིགས་སློབ་མ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་འདི་བཞིན་བོད་དོན་གླེང་སློང་སོགས་གནང་པར་ཆེས་བཀག་སྡོམ་བྱས་པའི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པ་རེད། ཉེ་ཆར་ཨ་རིའི་ Massachusetts གཙུག་ལག་སློབ་གཉེར་ཁང་གིས་བོད་རིགས་སློབ་མ་ཞིག་ལ་སློབ་མཐར་སོན་པའི་རུ་སྒྲིག་སྐབས་སློབ་ཕྲུག་གཞན་ལྟར་བོད་ཀྱི་རྒྱལ་དར་བསྣམས་བཅུག་མེད་པ་དང་། གཙུག་ལག་སློབ་ཁང་གཞན་ཞིག་ནས་བོད་ཀྱི་རྒྱལ་དར་རྐུ་འཁྱེར་ཤོར་བའི་གནས་ཚུལ་བྱུང་བ་མ་ཟད། ལྷག་པར་དུ་ཨ་རིའི་ San diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་བའི་གནས་ཚུལ་ཡོངས་བསྒྲགས་གནང་མ་ཐག་སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་གནོན་ཤུགས་སྤྲོད་ནས་མཛད་འཆར་ཕྱི་འཐེན་གནང་དགོས་པའི་ཞུ་གཏུགས་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ནས་བལ་པོའི་སྲིད་བློན་མཆོག་ལ་བོད་མིའི་སྐྱབས་བཅོལ་བའི་སྐོར་གླེང་མོལ་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosiམཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༨ ལས་སྒྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ད་རེས་རྒྱ་གར་དང་བལ་ཡུལ་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་དོན་ལྟར། ཁ་སང་ཟླ་ ༥ ཚེས་ ༧ ཉིན་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Pushpa kamal Dahal མཆོག་དང་མཇལ་མོལ་གནང་འདུག་པས་སྐབས་དེར་སྐུ་ཚབ་རྣམ་པས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སྐོར་སོགས་ཨ་རི་དང་བལ་ཡུལ་གཉིས་དབར་གྱི་གནད་དོན་མང་དག་ཅིག་གི་གླེང་མོལ་གནང་འདུག དེ་རིང་བལ་ཡུལ་དང་རྒྱ་གར་གྱི་གསར་ཁང་ཁ་ཤས་ནས་ཐེངས་འདིའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྐོར་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ལྕམ་ Nancy Pelosi མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern མཆོག ལྕམ་ Pramila Jayapal མཆོག་སོགས་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Dahal མཆོག་དང་མཇལ་འཕྲད་སྐབས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་གནང་དགོས་པའི་རེ་འདུན་བཏོན་གནང་འདུག སྐབས་དེར་སྲིད་བློན་ Dahal མཆོག་གིས་སྐུ་ཚབ་རྣམས་ལ་བདོ་མི་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་བྱ་རྒྱུའི་སྐོར་དང་འབྲེལ། བལ་ཡུལ་དེ་རྒྱ་དཀར་ནག་གཉིས་ཀྱི་དབར་གནས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཡུལ་བབ་ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་གནད་དོན་དེའི་ཐོག་བལ་ཡུལ་ལ་དཀའ་ངལ་ཡོད་པ་དེ་སྐུ་ཚབ་རྣམ་པས་མཁྱེན་དགོས་སྐོར་གསུངས་འདུག རྩ་བའི་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ ༡༥ ཙམ་ཡོད་པའི་ནང་དུ་བོད་མི་ ༡༥༠༠༠ ཡས་མས་ཡོད་པ་ཚོད་དཔག་གནང་གི་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ཚུན་ཚད་ནས་སྐྱབས་བཅོལ་ལག་འཁྱེར་བཟོ་མཚམས་བཞག་རྗེས་དེ་རིང་སང་ཉིན་བལ་ཡུལ་ནང་གི་བོད་མི་ཆིག་ཁྲི་བརྒལ་བ་སྐྱབས་བཅོལ་ལག་དེབ་མེད་པའི་དཀའ་ངལ་འཕྲད་མུས་ཡིན་པ་རེད། ཁ་སང་ཟླ་ ༥ ཚེས་ ༧ ཉིན་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པས་བལ་པོའི་སྲིད་བློན་ Dahal མཆོག་གིས་གཙོས་པའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Prakash Sharan Mahat  མཆོག་སོགས་གཞུང་འབྲེལ་དཔོན་རིགས་ཆེ་གྲས་རྣམས་དང་མཇལ་མོལ་སྐབས་བོད་མི་སྐྱབས་བཅོལ་བའི་སྐོར་ཙམ་མ་ཟད། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བེུད་ནུས་སྟོབས་གོང་འཕེལ་སོགས་ཀྱི་སྐོར་ལའང་བཀའ་བསྡུར་གནང་འདུག ཤེས་རྟོགས་བྱུང་བར་དེ་རིང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང། སང་ཉིན་འདི་ག་བཞུགས་སྒར་དུ་ཕེབས་འབྱོར་གྱི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་འདུག གནངས་ཉིན་ཚེས་༡༠ ཉིན་སྐུ་ཚབ་རྣམ་པས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོར་ལྷན་བཞུགས་གནང་གི་ཡོད་པ་རེད།

ཡུ་རོབ་ལ་ཏི་ཝི་ཡའི་རྒྱལ་ས་རི་ག་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་བཞིན་པ།

རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་ཐོག་ཁ་སང་ཚེས་ ༥ ཉིན་ནས་འགོ་འཛུགས་ཀྱིས་སང་ཉིན་བར་ཉིན་གྲངས་ ༣ རིང་ལ་ Latvia འི་རྒྱལ་ས་ Riga ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོག་པའི་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་བ་གང་ཟག་སྒེར་སོགས་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་ཁྲོད་དུ་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་གྱི་རྣམ་པ་རྒྱ་སྐྱེད་གཏོང་ཐབས་སོགས་དང་འབྲེལ་ནས་རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་འཚོགས་བཞིན་འདུག ཚོགས་འདུ་དེ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལོ་ནི་བོད་དོན་ལས་འགུལ་གྱི་ལོ་ཞེས་ཡོངས་ཁྱབ་གནང་ཡོད་སྟབས། རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གིས་རྐང་ཡུ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་བསྡུ་བསྐོང་ཐོག་ཚོགས་པ་ཕན་ཚུན་དབར་བོད་དོན་དང་འབྲེལ་བའི་བསམ་ཚུལ་བརྗེ་རེས་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་ལ་གྲོས་བསྡུར་དང་ཟབ་སྦྱོང་ཁག་ཅིག་གནང་མུས་ཡིན་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེའི་ཐོག་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ ༡༥ ཙམ་གྱི་སྐུ་ཚབ་དང་། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་སོགས་ནས་མཉམ་ཞུགས་གནང་འདུག

བོད་མི་རྩོམ་པ་པོ་རྣམས་གློད་བཀྲོལ་ཡོང་ཕྱིར་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན།

རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་རྩོམ་པ་པོ་ ༢༢ རྣམས་གློད་བཀྲོལ་ཡོང་ཐབས་སུ་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན་པ་གསུངས་སོང། རྒྱལ་སྤྱིའི་ Pen རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Jennifer Clement ལགས་དང་འཛིན་སྐྱོང་འགན་འཛིན་ Carles Torner ལགས་རྣམ་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་གཟིགས་ཞིབ་ཆེད་བཞུགས་སྒར་དྷ་རམ་སར་ཆེད་བཅར་དང་བསྟུན། དེ་རིང་སྔ་དྲོ་མེག་གྷན་ཆོས་ནོར་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པ་རེད། སྐབས་དེར་སྐུ་ཞབས་ Carles Torner ལགས་ཀྱིས་ད་རེས་ཀྱི་ཕྱོགས་ཕེབས་དེའི་ཐོག་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འདོན་སྤེལ་གནང་པའི་ལྕགས་འོག་གི་གསེར་སྨུག་ཞེས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་མི་རྩོམ་པ་པོའི་གནས་སྟངས་ཀྱི་སྙན་ཐོ་གཟིགས་རྒྱུ་བྱུང་སྐོར་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་བཙོན་ཁང་ནང་དུ་ཡོད་པའི་བོད་མི་རྩོམ་པ་པོ་ ༢༢ རྣམས་གློད་བཀྲོལ་ཡོང་ཕྱིར་བོད་མི་དེ་དག་རེ་རེའི་གནད་དོན་ཐོག་ལ་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན་པ་གསུངས་ཡོད། དེ་བཞིན་ཁོང་གིས་པེན་ཕྱི་བསྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་དང་ལས་འཁུར་བཞེས་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ། མཐུན་ཚོགས་དེས་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་སྐད་ཡིག་གི་མགྲིན་ཚབ་པ་ལྟ་བུའི་ཕྱག་ལས་གནང་བཞིན་ཡོད་སྐོར་གསུངས་སོང་། རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Jennifer Clement ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་རིན་ཐང་དེ་བོད་མི་གཅིག་པོ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གལ་ཆེན་པོ་ཡིན་པའི་ཚོར་སྣང་ཞིག་སླེབས་ཡོད་སྐོར་གསུངས་སོང་། རྩ་བའི་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་རྣམ་གཉིས་ཉེ་ཆར་བྷེང་ལོར་ནང་ཚོགས་པའི་ཨེ་ཤེ་ཡ་དང་རྒྱལ་སྤྱིའི་པེན་ལྷནཚོགས་ཆེད་རྒྱ་གར་དུ་ཕེབས་བསྟུན་ཚོགས་འདུ་ཁག་གྲུབ་རྗེས་ཟླ་ ༤ ཚེས་ ༢༩ ཉིན་བཞུགས་སྒར་དུ་འབྱོར་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིགས་འཛུགས་ཀྱི་མཛད་གཙོ་རྣམ་པ་དང། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་གཞུང་གིས་ཁོང་ལ་རྗེས་འདེད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ Phillip Alston ལགས་ཀྱིས་ཁོང་སྔ་ལོ་རྒྱ་ནག་ནང་དུ་གཞུང་འབྲེལ་རྟོག་ཞིབ་ཆེད་བསྐྱོད་སྐབས་རྒྱ་གཞུང་གིས་ཁོང་ལ་གསང་བའི་རྗེས་མྱུལ་བྱས་པ་དང་ལྷག་དོན་ཁོང་གི་ལས་དོན་ལ་ཐེ་བྱུས་ཤུགས་ཆེ་བྱས་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེའང་ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དམིགས་བསལ་སྐུ་ཚབ་ Phillip ལགས་ཀྱིས་པེ་ཅིང་ནང་དུ་ཡོད་པའི་ AP གསར་ལས་ཁང་ལ་གློག་འཕྲིན་བརྒྱུད་སྐུ་ཚབ་ཁོང་གིས་སྣེ་ཁྲིད་པའི་ཞིབ་རྟོག་ཚོགས་ཆུང་ཞིག་དེ་སྔོན་རྒྱ་ནག་ཏུ་ཕེབས་སྐབས་ཁོང་ལ་དཀའ་ངལ་གང་དག་འཕྲད་ཡོད་པ་ཞིབ་གསལ་འཁོད་པའི་སྙན་ཐོའི་དྲ་བཤུས་ཤིག་ཕུལ་ཡོད་པ་དང་། དེའི་ནང་དུ་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པར་ཡུལ་དེའི་སྤྱི་ཚོགས་ནང་གི་སྒྲིག་འཛུགས་མི་སྣ་དང་ཐད་ཀར་ཐུག་འཕྲད་མི་ཆོག་པའི་ཉེན་བརྡ་བཏང་པ་དང་དེ་བཞིན་རྒྱ་ནག་གཞུང་ལ་མི་སྣ་སུ་ཞིག་དང་ཐུག་མིན་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་ལུགས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གི་བདེ་འཇགས་མི་སྣ་ཁག་ཅིག་མི་མང་དཀྱུས་མའི་ཆས་སྤྲས་ནས་སྐུ་ཞབས་ཁོང་གིས་གཙོས་པའི་འཐུས་མི་རྣམས་ལ་རྗེས་མྱུལ་བསྟུད་མར་བྱས་ཡོད་པ་སོགས་ཐེར་བཏོན་གནང་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་མཁས་དབང་ཚོས་གནད་དོན་ཁག་གི་ཐོག་ལ་རང་དབང་གི་ཐོག་ནས་ཞིབ་དཔྱོད་བྱ་རྒྱུ་དང་གནས་ཚུལ་མཁོ་སྤྲོད་པ་སུ་ཡིན་གསང་བ་བྱེད་དགོས་ཀྱི་ཡོད་ཀྱང་། ད་རེས་རྒྱ་གཞུང་གིས་ཁོང་གཙོས་པའི་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པར་ཆེས་དམ་དྲག་བྱས་པའི་བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་གནང་ཡོད་པ་རེད། སྐུ་ཞབས་ Phillip ལགས་ཀྱིས་ད་དུང་རྒྱ་ནག་གཞུང་ནས་ཁོང་དང་ཐུག་འཕྲད་བྱ་མཁན་དོ་བདག་མི་སྣ་ཁག་ཅིག་ལ་འཇིགས་སྐུལ་བྱས་པ་མ་ཟད། ཁ་ཤས་དོན་མེད་ཆུ་ཚོད་ཁ་ཤས་རིང་རྒྱ་གཞུང་གིས་དོ་དམ་བཀའ་ཉར་འོག་བཞག་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་རྒྱ་ནག་ནང་ཆེས་དབུལ་ཞིང་ཕོངས་པ་རྣམས་ཀྱི་ངལ་བ་སེལ་ཐབས་སླད་ཆབ་སྲིད་ཀྱི་མངོན་འདོད་ཤུགས་དྲག་བཏོན་ཡོད་ཀྱང་། དོན་དངོས་ཐོག་ངལ་བ་དེ་དག་སེལ་བར་འདུན་པ་བཏོན་པ་ཙམ་གྱིས་མི་འགྲིག་པར་དེ་འབྲེལ་སྲིད་བྱུས་གང་གཏན་འབེབས་གནང་བ་གནད་བསྡུས་ཀྱི་དཔྱད་ཞིབ་ཁག་དངོས་འབྲེལ་དགོས་གལ་ཡིན་པ་སོགས་ནན་བརྗོད་གནང་འདུག ད་རེས་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ Phillip Alston ལགས་ཀྱིས་ AP གསར་ཁང་ལ་ཕུལ་བའི་གོང་གསལ་གྱི་སྙན་ཐོ་དེའི་ངོ་བཤུས་ངོ་མ་དེ་རིང་མིན་འཚོགས་ལ་ཉེ་བའི་ཕྱི་ཟླ་༦ པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་དབུལ་རྒྱུ་རེད་འདུག གནད་དོན་དེར་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ Gen Shuang ཡིས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ Phillip ལགས་རྒྱ་ནག་ནང་དུ་འཚམས་གཟིགས་ཕེབས་སྐབས་སུ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་བསྐྲུན་ཡོད་ཚུལ་དང་ལྷག་དོན་སྐུ་ཞབས་ཁོང་ནས་རང་ཉིད་ཀྱི་འདོད་མོས་ལྟར་རྒྱ་རིགས་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱང་གནང་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་དུ་ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་མི་རིགས་ངོ་བོ་སྲུང་སྐྱོབ་སླད་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་ཞུ་འབོད་གནང་འདུག

ཁ་སང་ཟླ་ ༥ ཚེས་ ༢ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་སྒེར་སོ་སོའི་གསུང་བཤད་གནང་རྒྱུའི་ལས་རིམ་ཁྲོད། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་ལྕམ་སྐུ་ Ileana Ros-Lehtinen  ལགས་གཉིས་ཀྱིས་བོད་མིའི་བླ་ན་མེད་པའི་ད བུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མདུན་དུ་བཤམས་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ། ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་ངོ་བོ་ཁག་སྲུང་སྐྱོབ་ཐུབ་ཐབས དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་དབར་ལ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་ཞུ་འབོད་གནང་འདུག སྐབས་དེར་ཐོག་མར་སྐུ་ཞབས་ Jim McGovern ལགས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་བསྐྱོར་གྱི་ Tibetan Policy Act 2002 ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་དང་། སྲིད་བྱུས་དེའི་ནང་ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་ཐུན་མོང་མ་ཡིན་པའི་ཆོས་དང་དང་རིག་གཞུང་སོགས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་ལ་གྲོས་མོལ་ཡོང་ཐབས་གནང་རྒྱུ། དེ་བཞིན་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས། བོད་མིའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོད་ཐུབ་ཐབས་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་གནང་དགོས་པ་སོགས་འཁོད་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་བར་གྲོས་ཚོགས་ནང་སྲིད་བྱུས་དེ་གཏན་འབེབས་གནང་ནས་ལོ་ངོ་ ༡༥ ལྷག་འགྲོ་བཞིན་ཡོད་ཀྱང་། གནད་དོན་དེ་དག་གི་ཐོག་ད་ལྟའང་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ཙམ་བྱུང་མེད་པ་གསུངས་འདུག  ལྷག་པར་དུ་བོད་རྒྱ་གྲོས་མོལ་ལྟ་བུར་མཚོན་ན་ཕྱི་ལོ་ ༢༠༡༠ ནས་ད་བར་བསྐྱར་གསོ་བྱུང་མེད་པ་དང་།  བོད་མིའི་ཆབ་སྲིད་བཙོན་པ་མང་པོ་ཞིག་མུ་མཐུད་རྒྱ་ནག་གི་བཙོན་ཁང་ནང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལྟ་བུ་བཙོན་པ་ཁག་ཅིག་བཙོན་ཁང་ནང་དུ་མནར་གཅོད་འོག་འདས་གྲོངས་སུ་འགྱུར་བཞིན་ཡོད་པ་སོགས་གསུངས་ཡོད། ཁོང་རང་ཉིད་ཀྱི་ངོས་ནས་ད་བར་གར་སོང་ཆ་མེད་དུ་འགྱུར་བའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་རིན་པོ་ཆེ་མཆོག་གི་གནས་སྟངས་གང་ཡིན་ཐད་ལ་གསལ་བཤད་ཙ་བ་ནས་བྱེད་ཀྱི་མེད་སྟབས།  ངས་དེ་རིང་རྒྱ་ནག་གཞུང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པན་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ཐད་ལ་ཐེས་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་རེད་ཅེས་གསལ་པོ་བྱས་ནས་ཞུ་འདོད་བྱུང་ཅེས་གསུངས་འདུག གཞན་ཡང་སྐུ་ཞབས་ Jim McGovern ལགས་ནས་རྒྱ་ནག་གཞུང་གི་ད་ལྟའི་ཆར་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དང་། ས་གནས་བོད་མི་རྣམས་རང་དབང་ཐོག་ནས་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་དང་སུན་གཙེར་ཤུགས་ཆེ་བཟོ་བཞིན་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་གསུངས་པ་དང་ཆབས་ཅིག ཨ་རི་གཞུང་གིས་ད་ཆ་ཡོད་བཞིན་པའི་ཨ་རི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་དུ་དགོངས་བཞེས་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་ཡོད། ལྷག་པར་དུ་ཁོང་གིས་ཨ་རི་གཞུང་ནས་སྔར་ལོ་ཨ་རི་རྒྱལ་ཡོངས་གྲོས་ཚོགས་སུ་གཏན་འབེབས་གནང་པའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་ལུགས་གཉིས་བེད་སྤྱོད་རྒྱུད་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་རྒྱུར་འབད་རྩོན་གནང་དགོས་པ་མ་ཟད། ནག་ཉེས་ཅན་གྱི་རྒྱ་རིགས་འགོ་ཁྲིད་རྣམས་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ་དང་ཨ་རིའི་བཟོ་གྲྭ་དང་དངུལ་ཁང་། དེ་བཞིན་ཚོང་ཟོག་གི་ཁྲོམ་ར་སོགས་ཨ་རིའི་བདག་རྫས་ཁག་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུག ལྷག་པར་དུ་ཁོང་ནས་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྣེ་ཁྲིད་པའི་སྲིད་གཞུང་གསར་པའི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་གང་མགྱོགས་བསྐོ་གཞག་གནང་སྟེ། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ལྷན་དུ་གཞུང་འབྲེལ་ཐོག་ནས་འབྲེལ་བ་མངོན་གསལ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་རྒྱུར་ཐུགས་འདོད་གནང་བཞིན་པ་ལྟར། མགོནཔོ་༸གང་ཉིད་མཆོག་རིང་མིན་དགུང་གྲངས་ ༨༢ བཞེས་པ་དང་བསྟུན་རང་ཡུལ་ལ་ངེས་པར་དུ་གདན་འདྲེན་ཞུ་དགོས་པའང་ནན་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Jim McGovern ལགས་ཀྱི་གསུང་བཤད་ཀྱི་མཐའ་མར་བོད་མི་ཚོའི་གནས་སྟངས་དེ་ཧ་ཅང་གཉན་འཕྲང་ཅན་གྱི་དུས་ཚོད་ཞིག་ཏུ་བསླེབས་ཡོད་སྟབས། ཨ་རིའི་སྲིད་གཞུང་གིས་སྲིད་གཞུང་གཞན་དང་མཉམ་དུ་གཅིག་སྒྲིལ་ཐོག་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་ཀྱིས་རྒྱལ་སྤྱིའི་ངོ་བོའི་ཐོག་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་ཐབས་གནང་དགོས་པ་མ་ཟད། བོད་མི་ཚོར་རྒྱབ་སྐྱོར་ཡོད་ཅེས་གསུང་པ་ཙམ་མིན་པར་དོན་འཁྱོལ་ལག་ལེན་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་འདུག ཕྱོགས་མཚུངས་སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen ལགས་ནས་ཀྱང་༸གོང་ས་མཆོག་དང་བོད་དོན་ཐོག་སེམས་ཚོར་ཆེན་པོས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་ཆིབས་བསྒྱུར་བསྐྱང་མ་བཅུག་པའི་ཁར། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་པ་དང་འབྲེལ།  འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལ་བོད་ཀྱི་གནད་དོན་དེར་ཚང་མས་དོ་སྣང་མ་གནང་པ་དེ་ནི་ཧ་ཅང་གི་བློ་ཕམ་གྱི་གནས་སྟངས་ཆགས་ཡོད་པ་རེད། གནས་སྟངས་དེས་བོད་མི་ཙམ་མ་ཟད། ཨེ་ཤི་ཡའི་རྒྱལ་ཁབ་སྤྱི་ལ་མཇུག་འབྲས་ངན་པ་ཞིག་ཡོང་ངེས་རེད་ཅེས་སོགས་གསུངས་ཡོད། རྒྱ་ནག་གཞུང་ནས་བོད་མཐོ་སྒང་དུ་བརྟན་ལྷིང་མེད་པའི་གནས་སྟངས་བཟོ་བཞིན་པ་དེས་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་ངོ་ཚབ་གནང་སྟེ་ཆིག་སྒྲིལ་ཐོག་རྒྱ་ནག་དམར་ཤོག་གིས་འཇིགས་སྐུལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་ངེས་པར་དུ་གདོང་ལེན་བྱེད་དགོས་ཅེས་ནན་བརྗོད་གནང་ཡོད་པ་རེད།

སྐུ་ཞབས་གྷེ་རི་དང་ལྕམ་ནེན་སི་གཉིས་ནས་བོད་དོན་དྲིལ་བསྒྲགས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཆེས་མཐོའི་གཟེངས་རྟགས་ཕུལ་འདུག

དེའང་ཁ་ཉིན་ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་རང་དབང་ཁང་པའི་ཕྱི་ལོ་ ༢༠༡༧ ལོའི་རང་དབང་གཟེངས་རྟགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་རང་དབང་ཁང་པའི་ངོས་ནས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi ལགས་རྣམ་གཉིས་ནས་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་མངོན་གསལ་གནང་སྟེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་མང་སྤེལ་བར་ཆེ་བསྟོད་དང་སྦྲགས། སྐུ་ཞབས་ Richard Gere ལགས་ལ་ཕྱི་ལོ་ ༢༠༡༧ ལོའི་རང་དབང་ཁང་པའི་དྲིལ་བསྒྲགས་ཀྱི་གཟེངས་རྟགས་དང་། ལྕམ་སྐུ་ Nancy Pelosi ལགས་ལ་ཕྱི་ལོ་ ༢༠༡༧ ལོའི་རང་དབང་ཁང་པའི་འགོ་ཁྲིད་ཀྱི་གཟེངས་རྟགས་བཅས་འབུལ་བཞེས་གནང་འདུག གཞན་ཡང་སྐབས་དེར་འདི་ལོའི་རང་དབང་ཁང་པའི་གཟེངས་རྟགས་གཙོ་བོ་ ༢༠༡༧ ལོའི་རང་དབང་གཟེངས་རྟགས་ཞེས་པ་དེ་ Venezuelan རྒྱལ་ཁབ་ཀྱི་ཆབ་སྲིད་བཙོན་པ་རྣམ་པའི་རང་དབང་དང་མང་ཚོགས་ཀྱི་ཤེས་ཡོན། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཡུན་རིང་ནས་ཕྱག་ལས་གནང་མཁན་་ཨ་རིའི་མངའ་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Luis Almagro ལགས་ལ་འབུལ་བཞེས་གནང་འདུག་པ་དང་། གཟེངས་རྟགས་དེ་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འདས་པོ་སྐུ་ཞབས་ Vaclav Havel ལགས། གཞན་ཡང་ལྕམ་ Aung suu kyi སོགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཐོག་ལ་ཕྱག་ལས་གནང་མཁན་གྱི་རྒྱལ་སྤྱིའི་འགོ་ཁྲིད་ཁག་ ༥༠ ལྷག་ལ་ཕུལ་མྱོང་ཡོད་པ་རེད། ཨ་རིའི་རང་དབང་ཁང་པ་དེ་ནི་ཨ་རི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དྲང་བདེན་མ་ཡིན་པའི་གཞུང་འཛིན་ལ་ལྡོག་ལན་དང་། མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་གནང་རྒྱུ་སོགས་ལ་དམིགས་ཏེ་ཕྱི་ལོ་ ༡༩༤༡ ལོར་གསར་དུ་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་ཐོག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་རྒྱུ་དང་། ཕྱི་ལོ་ ༡༩༧༢ ལོ་ནས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་ཀྱང་ཡོངས་བསྒྲགས་སུ་འདོན་སྤེལ་གནང་བཞིན་ཡོད་པ་རེད།

རྒྱ་ནག་དེ་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་མིང་བཏོན།

དེའང་ཁ་སང་ཟླ་ ༤ ཚེས་ ༢༦ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ལོ་གཅིག་གི་ནང་ལ་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་གི་ཆོས་དད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་པ་དང་འབྲེལ། རྒྱ་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་ལ་མུ་མཐུད་ནས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བརྒྱུད་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་སྲུང་སྐྱོབ་གནང་མཁན་ཁག་འཛིན་བཟུང་བཀག་བསྐྱིལ་དང་། བཙོན་འཇུག  དེ་བཞིན་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་སོགས་ཐེར་བཏོན་གྱིས་རྒྱ་ནག་དེ་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་མིང་བཏོན་བྱས་འདུག གཞི་རྩའི་འདི་ལོའི་སྙན་ཐོ་དེའི་ནང་ཨ་རི་གཞུང་ནས་ཆོས་དད་རང་དབང་ཐོག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བྱང་ཀོ་རི་ཡ་དང་བྷར་མ། དེ་བཞིན་ཨི་རན། རྒྱ་ནག་སོགས་རྒྱལ་ཁབ་གཙོ་བོ་ ༡༠ མིང་མངོན་གསལ་བྱས་འདུག་པ་དང་། དེའི་ཁྲོད་རྒྱ་ནག་གི་སྡེ་ཚན་ཁོངས་སུ་ཡུ་གུར་དང་བོད། རྒྱ་ནག་ནང་གི་ཡི་ཤུའི་ཆོས་ལུགས་སོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་འགྲེལ་བརྗོད་གནང་འདུག བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་གི་གནས་སྟངས་ལ་གཞིགས་ན། ༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་མུ་མཐུད་ཐེ་བྱུས་བྱས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ངོས་འཛིན་གནང་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་ངོ་བཅུ་ཕྲག་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། ཆུང་སྲིད་རིན་པོ་ཆེའི་གནས་སྟངས་ཇི་ཡིན་སོགས་ཀྱི་གསལ་ཁ་གང་ཡང་མ་བྱེད་པའི་ཁར་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོལ་རོལ་གཏོང་བཞིན་ཡོད་པ་ནན་བརྗོད་ཀྱིས་ཐེར་བཏོན་གནང་འདུག གཞན་ཡང་སྔར་ལོ་རྒྱ་ནག་གཞུང་ནས་བོད་མིའི་ཆབ་སྲིད་བཙོན་པ་མཁན་པོ་ཀར་ཚེ་སོགས་ཁག་ཅིག་གློད་བཀྲོལ་བཏང་ཡོད་ཀྱང་། བོད་ཀྱི་རིག་གནས་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་གཙོ་བོར་འགྱུར་བའི་རྒྱལ་ཞེན་ཅན་གྱི་བོད་རིགས་དང་། ཁོང་རྣམ་པའི་ནང་མི་སྤུན་མཆེད། དེ་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་ Jiang Tianyong སོགས་མུ་མཐུད་བཀག་ཉར་བྱེད་མུས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། Liu Xiaobo དེ་བཞིན་ Illham Tohti སོགས་མང་གཙོ་དོན་གཉེར་བ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག ལྷག་པར་དུ་ཐེངས་འདིའི་ལོ་འཁོར་སྙན་ཐོ་འདོན་སྤེལ་དང་འབྲེལ། ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་མ་འོངས་པར་ཨ་རི་གཞུང་ནས་ཡུ་རོབ་སུད་སི་རྒྱལ་ཁབ་དེ་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་བཅུག་དགོས་སྐོར་གསུངས་འདུག ལྷན་ཚོགས་དེའི་ཚོགས་གཙོ་སྐུ་ཞབས་ Thomas Reese ལགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་དེ་ལོ་རེ་བཞིན་ཆེས་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ཨ་རི་གཞུང་ནས་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཆོས་དད་རང་དབང་སྲུང་སྐྱོབ་ཐད་འབད་བརྩོན་སྔར་ལྷག་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག  

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

ཁ་སང་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་མཆོག་གི་མཚན་ཐོག་ལ་ཡོངས་ཁྱབ་ཕྱག་བྲིས་ཤིག་འདོན་སྤེལ་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག དེའང་ཁ་སང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དྲ་གནས་ཐོག་ཕྱག་བྲིས་དེ་ཡོངས་བསྒྲགས་འདོན་སྤེལ་གནང་འདུག་པ་དང། དེའི་ནང་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་ཐང་ཡིན་པར་སྨོན་འདུན་ཞུས་པ་དང་སྦྲགས། དེ་རིང་གི་ཉིན་མོ་འདིར་ཁོང་གིས་གཙོས་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཡོངས་ནས་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ་བཞིན་ཡོད་པ་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་གིས་ད་བར་རིན་པོ་ཆེ་མཆོག་ས་གནས་གང་དུ་ཡོད་པ་དང་གནས་སྟངས་ཇི་ཡིན་སོགས་ཀྱི་གནས་ཚུལ་ཁ་གསལ་བཟོ་མེད་ཀྱང། བསྟན་འཛིན་རྡོ་རྗེ་ལགས་ཀྱི་ངོས་ནས་དུས་རྟགས་ཏུ་རིན་པོ་ཆེ་ཁོང་དྲན་བཞིན་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་འཚོལ་ཞིབ་གནང་ངེས་ཡིན་པ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་ལ་ཁྲི་འདོན་མངའ་གསོལ་ཞུ་རྒྱུར་འདུན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསུངས་འདུག ཕྱག་བྲིས་དེའི་བརྒྱུད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་༸པཎ་ཆེན་རིན་པོ་ཆེ་ཁོང་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རིན་པོ་ཆེ་ཁོང་གང་མྱུར་བཙོན་གློད་བཀྲོལ་ཡོང་བ་དང་༸སྐུ་དངོས་མཇལ་རྒྱུ་ཡོང་བར་སྨོན་འདུན་བཅས་ཞུས་གནང་འདུག རྩ་བའི་བསྟན་འཛིན་རྡོ་རྗེ་ལགས་ལོ་འདིའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་བསྐོ་གཞག་གནང་རྗེས་ཟླ་བ་འདིའི་ཚེས་ ༦ ཉིན་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་ཆོས་ཕྱོགས་ཀྱི་བསམ་བློའི་རང་དབང་མེད་པའི་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱིས་ལས་གཞི་དབུ་འཛུགས་གནང་པ་ལྟར། སྐབས་དེར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ལས་གཞི་དེའི་ཁྲོད་དུ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བའི་ཐོག་ལ་ཤུགས་སྣོན་བསྐྱོན་ཡོད་པ་རེད། དེ་མཚུགས་སུ་ཁ་སང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་མཚན་ཐོག་ལ་ཕུལ་བའི་འཁྲུངས་སྐར་གྱི་འཚམས་འདྲིའི་སྐོར་གནས་ཚུལ་ཞིག་སྤེལ་བ་དང་འབྲེལ། ཚོགས་པ་དེས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ལྷན་དུ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་གསུངས་འདུག ལས་འགུལ་ཁང་དེས་ཟླ་ ༤ ཚེས་ ༢༣ ཉིན་བོད་ནང་བོད་མིའི་ངོ་བོ་རྩ་བརླག་འགྲོ་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན་གནང་འདུག ཁ་སང་གི་ཉིན་མོ་དེར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གནས་པའི་བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་སྨོན་ལམ་གསུང་འདོན། དེ་བཞིན་གོ་རྟོགས་སོགས་ཀྱི་ལས་འགུལ་མང་དག་ཞིག་སྤེལ་བའི་བརྒྱུད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུགས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པའི་ཁྲོད་ཨ་རིའི་ New York གྲོང་ཁྱེར་ནང་དུ་ནིའུ་ཡོག་དང་ནིའུ་ཇེ་སི་ས་གནས་གཞོན་ནུས་གོ་སྒྲིག་འོག་བོད་མི་ཚོས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་སྨོན་ལམ་གསུང་འདོན་དང་ངོ་རྒོལ་བཅས་གནང་པ་མ་ཟད། རྒྱ་ནག་གི་གཞུང་ཚབ་ལས་ཁུངས་བར་དུ་གོམ་བགྲོད་དང་ངོ་རྒོལ་གནང་འདུག དེ་བཞིན་ཡུལ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་པེ་རིས་ནང་དུ་མངར་བཟས་བགོས་འགྲེམས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བརྒྱུད་ནས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག གཞན་ཡང་ Swiss དང་ Italy སོགས་རྒྱལ་ཁབ་ཁག་ཅིག་ཏུ་ཡིག་ཆ་འགྲེམས་སྤེལ་དང་། ཆོས་འབུལ་སྨོན་ལམ་སོགས་གནང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐེ་སྲུང་བརྩི་ཞུས་ཡོད་པ་རེད།

Latest news