Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

སྐུ་ཞབས་གྷེ་རི་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་རྐྱེན་རྒྱལ་སྤྱིའི་གློག་བརྙན་སྡེ་ཚོགས་ནས་ཁོང་ལ་འཛེམས་ཟོན་བྱེད་བཞིན་པ་གསུངས་འདུག

སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་ཁོང་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་བྱས་པ་དེས་དེང་སྐབས་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་ཁང་དང་། ལྷག་པར་དུ་དབྱིན་ཇིའི་གློག་བརྙན་སྡེ་ཚོགས་ Hollywood སོགས་ནས་ཁོང་གློག་བརྙན་འཁྲབ་སྟོན་པའི་ཁོངས་སུ་འདེམས་སྒྲུག་བྱ་རྒྱུར་ཐེ་ཚོམ་དང་འཛེམས་ཟོན་ཆེན་པོ་བྱེད་བཞིན་འདུག་ཅེས་གསུངས་འདུག ཁ་སང་ཟླ་ ༤ ཚེས་ ༡༨ ཉིན་ཨ་རིའི་གློག་བརྙན་དང་འབྲེལ་བའི་གནས་ཚུལ་དང་གསར་ཤོག་རིགས་འདོན་སྤེལ་གནང་མཁན་ The Hollywood Reporter ཞེས་པའི་དྲ་གནས་ཐོག་སྐུ་ཞབས་རི་ཆརྡྲ་གྷེ་རི་ལགས་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་འདོན་སྤེལ་གནང་འདུག དེའི་ནང་ཁོང་ནས་ཉེ་དུས་སུ་རྒྱལ་སྤྱིའི་ཁྲོད་ཁོང་གི་གློག་བརྙན་གསར་པ་རིགས་གང་ཡང་ཐོན་མེད་པའི་རྒྱུ་མཚན་གཙོ་བོ་དེ་ནི་དེ་སྔ་སྤྱི་ལོ་ ༡༩༩༣ ལོའི་ Academy Award ཞེས་རྒྱལ་སྤྱིའི་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་འདུ་འཛོམས་ཐོག་རྒྱ་གཞུང་གིས་བོད་ནང་ལ་བཙན་འཛུལ་བྱས་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡ་ང་བ་ཞིག་ཏུ་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་རྗེས་སྐབས་དེའི་ Academy Award གཙོས་པའི་རྒྱལ་སྤྱིའི་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་འདུ་འཛོམས་གོ་སྒྲིག་ཞུ་མཁན་ཁག་ཅིག་ནས་ཁོང་དུས་སྟོན་ཐོག་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་གནང་པ་ནས་བཟུང་ད་ལྟའི་ཆར་ཨ་རིའི་གློག་བརྙན་བཟོ་བསྐྲུན་ཁང་ Hollywood སོགས་ནས་ཀྱང་ཁོང་གློག་བརྙན་འཁྲབ་སྟོན་པའི་ནང་དུ་འདེམས་སྒྲུག་བྱ་རྒྱུར་ཐེ་ཚོམ་དང་འཛེམས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག དེ་བཞིན་ཁོང་གིས་སྤྱི་ལོ་ ༡༩༩༧ ལོར་འདོན་སྤེལ་གནང་པའི་ཁོང་གི་གློག་བརྙན་ Red Corner ཞེས་པ་དེར་ཨ་རི་མང་ཚོགས་ནས་དགའ་མོས་ཆེན་པོ་ཞུས་ཡོད་ཀྱང་གློག་བརྙན་དེ་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་རྒྱ་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་པ་ལུང་འདྲེན་གྱིས་དེང་སྐབས་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་པ་རྣམས་ཀྱིས་ཀྱང་ཁོང་དང་འདྲ་བ་རྒྱ་གཞུང་ནས་ལྟ་ཚུལ་ཡག་པོ་མེད་པའི་གློག་བརྙན་འཁྲབ་སྟོན་པ་རྣམས་ལ་གོ་སྐབས་དེ་ཙམ་སྤྲོད་ཀྱི་མེད་པ་ཡང་གསུངས་ཡོད། ལྷག་པར་དུ་ཁོང་ནས་དེང་སང་རྒྱལ་སྤྱིའི་གློག་བརྙན་བཟོ་བསྐྲུན་པ་རྣམ་པའི་དམིགས་ཡུལ་གཙོ་བོ་དེ་དཔལ་འབྱོར་གྱི་ཁེ་ཕན་བཟོ་རྒྱུ་དེ་ཡིན་སྟབས། ཁོང་རྣམས་ནས་རྒྱལ་སྤྱིའི་ཚོང་གི་ཁྲོམ་ར་ཆེ་ཤོས་གཉིས་པར་བརྗོད་བཞིན་པའི་རྒྱ་ནག་གི་ཁྲོམ་རར་དོ་ཕོག་མི་ཡོང་ཆེད་དུ་ང་ལྟ་བུ་རྒྱ་གཞུང་གིས་དགག་པ་ཡོད་པའི་གློག་བརྙན་འཁྲབ་སྟོན་པ་རྣམས་འདེམས་སྒྲུག་གནང་གི་མེད་པ་རེད། གལ་སྲིད་འདེམས་སྒྲུག་གནང་ཡང་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པའི་དབང་གིས་གློག་བརྙན་གྱི་མ་དངུལ་གཏོང་མཁན་རྣམས་ཕྱིར་ཐེན་བྱས་པ་སོགས་ཀྱི་རྐྱེན་པས་མཐར་རང་ཉིད་ཀྱང་གློག་བརྙན་འཁྲབ་སྟོན་པའི་གྲས་ནས་ཕྱིར་ཕུད་གཏང་ངེས་ཡིན་པ་སོགས་གསུངས་པ་མ་ཟད། མ་འོངས་པར་ཨ་རིའི་གློག་བརྙན་བཟོ་བསྐྲུན་ཁང་ Hollywood སོགས་ནས་ཁོང་ལ་གློག་བརྙན་ཁྲབ་རྒྱུའི་གོ་སྐབས་གནང་ཀྱང་གོ་སྐབས་དེ་བླང་རྒྱུ་མིན་པ་གསུངས་འདུག ཐེངས་འདིའི་སྐུ་ཞབས་ Richard Gere ལགས་ཀྱི་བཅར་འདྲི་དང་འབྲེལ་ཁོང་གི་གློག་བརྙན་ Arbitrage ནང་གི་འཁྲབ་རོགས་ Susan Sarandon ལགས་ནས་ད་བར་སྐུ་ཞབས་ Gere ལགས་ཀྱི་གློག་བརྙན་དུས་སྟོན་ཐོག་གང་གསུང་པ་དེ་བདེན་པ་ཞིག་ཡིན་པ་དང་། ཁོང་གི་གསུང་པ་དེ་ཚོ་ང་ཚོས་ཤེས་བཞིན་དུ་སྣང་མེད་དུ་བཞག་བཞིན་པའི་གནད་དོན་ཁོ་ན་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་ཆེན་པོ་མཆོག་དང་ཐུགས་ཤིན་ཏུ་ཉེ་བའི་རྒྱལ་སྤྱིའི་ཐོག་ཡུན་རིང་ནས་མངོན་གསལ་དོད་པོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Richard Gere ལགས་དང་ཁོང་གི་གློག་བརྙན་ཁག་རྒྱ་ནག་གི་ཁྲོམ་རའི་ནང་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ལ་རྒྱལ་སྤྱི་ཐོག་ཁོང་གི་གློག་བརྙན་གྲགས་ཅན་རིགས་ཐོན་ཐུབ་ཀྱི་མེད་པ་རེད། འོང་ཀྱང་ཉེ་ཆར་ཕྱི་ཚེས་ ༡༤  ཉིན་ཁོང་གི་གློག་བརྙན་གསར་པ་ Norman ཞེས་པ་ཞིག་ཐོན་ཡོད་པ་དང་། གློག་བརྙན་དེ་འགྲེམས་སྤེལ་གནང་མཁན་ Sony Pictures Classic ཞེས་པའི་ངོས་ནས་ཁོང་གི་གློག་བརྙན་དེ་སྐད་གྲགས་ཆེ་བའི་འདི་ལོའི་ Oscar གཟེངས་སྟོད་ཁུངས་སུ་ཡང་ཚུད་ཐབས་གནང་རྒྱུ་ཡིན་ཅེས་གསུངས་འདུག་པ་མ་ཟད།  རིང་མིན་ཟླ་བ་རྗེས་མའི་ཕྱི་ཚེས་ ༥ ཉིན་སླར་ཡང་སྐུ་ཞབས་ Gere ལགས་ཀྱི་གློག་བརྙན་གསར་པ་ The Dinner ཞེས་པ་ཞིག་ཐོན་གྱི་ཡོད་པ་རེད།

རྒྱ་གཞུང་གིས་སྡིག་ར་དང་གནོན་ཤུགས་སྤྲོད་རྒྱུའི་སྲིད་བྱུས་དེ་མུ་མཐུད་རྒྱུན་སྐྱོང་བྱེད་ཚེ་རྒྱ་གར་གྱིས་ཀྱང་ཆབ་སྲིད་ཀྱི་ལག་ཆ་བེད་སྤྱོད་གནང་རྒྱུ་ཡིན་པ་གསུངས་འདུག

རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཤཱ་ཤི་ཋརྲུར། Shashi Tharoor ལགས་ནས་རྒྱ་ནག་གཞུང་གིས་དེ་སྔ་ནས་རྒྱ་གར་གཙོ་བོར་གྱུར་པའི་ཁྱིམ་མཚེས་རྒྱལ་ཁབ་སྤྱི་ལ་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་བརྒྱུད་ནས་སྡིག་ར་དང་གནོན་ཤུགས་སྤྲོད་བཞིན་པའི་སྲིད་བྱུས་ལ་འགྱུར་བ་ཞིག་མ་གཏང་པར་མུ་མཐུད་རྒྱུན་སྐྱོང་བྱེད་ཚེ་རིམ་བཞིན་རྒྱ་གར་གྱིས་ཀྱང་ཆབ་སྲིད་ཀྱི་ལག་ཆ་ཞིག་བེད་སྤྱོད་རྒྱུ་ཡོད་པ་ཤེས་ཀྱི་རེད་ཅེས་གསུངས་འདུག ཁ་ཉིན་ཟླ་ ༤ ཚེས་ ༡༠ ཉིན་སྐུ་ཞབས་ཤཱ་ཤི་ཋརྲུར་ལགས་ནས་རྒྱལ་སྤྱིའི་དཔྱད་གཏམ་སྤེལ་སའི་དྲ་གནས་ Project Syndicate ཞེས་པའི་ཐོག་ཉེ་འཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱ་ཤར་ཨ་སམ་དང་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས། རྒྱ་ནག་གཞུང་གིས་རྒྱ་གར་ལ་སྐྱོན་བརྗོད་དང་དེར་རྒྱ་གར་གཞུང་ནས་ལན་འདེབས་གནང་པ་སོགས་དང་འབྲེལ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་༸གོང་ས་མཆོག་གི་ཤུགས་རྐྱེན་ཞེས་པའི་དཔྱད་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ཁོང་གིས་རྒྱ་གར་གཞུང་གིས་༸གོང་ས་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཏུ་ངོ་འཛིན་གནང་ཞིང་། མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་མངའ་སྡེ་ Arunachal ནང་དུ་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོང་བཞིན་པ་དེ་ནི་ཆོས་ཕྱོགས་ཀྱི་རང་དབང་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་མ་ཡིན་པར་རྒྱལ་ཁབ་ཁ་བྲག་བ་ཞིག་ཏུ་ངོས་འཛིན་བྱས་པ་མ་ཟད། ཐེངས་འདིའི་ཆོས་འབྲེལ་གནང་ཡུལ་ Arunachal ས་ཁུལ་དེ་རྒྱ་གར་གི་མ་ཡིན་པར་རྒྱ་ནག་རང་ཉིད་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྟབས། རྒྱ་དཀར་ནག་གཉིས་ནས་༸གོང་ས་མཆོག་དང་ཨ་རུ་ནཱ་ཅལ་མངའ་སྡེ་གཉིས་ཀྱི་ཐད་ལ་གཟིགས་ཕྱོགས་མི་འདྲ་བ་ཡོད་ཚུལ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་ཐེངས་འདིའི་མགོན་པོ་༸གང་ཉིད་མཆོག་གིས་ཆིབས་བསྒྱུར་གནང་པའི་ཁྲོད་རྒྱ་ནག་གཞུང་ནས་རྒྱ་གར་ལ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུ་མེད་སྐོར་གྱི་ཉེ་བརྡ་བཏང་པ་མ་ཟད། ལྷག་པར་དུ་རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་ Vijay Gokhale མཆོག་ཆེད་བསྐོང་བྱས་སྐབས་སུའང་རྒྱ་གར་གཞུང་ནས་ཕྱོགས་གཉིས་པོའི་དབར་ཞི་མཐུན་ཡོང་སླད་མགོན་པོ་༸གང་ཉིད་མཆོག་གི་ཆིབས་བསྒྱུར་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་བསྒྱུར་རྒྱུ་མེད་པའི་ལན་འདེབས་ཙམ་ལས་གནང་མེད་ཀྱང་། རྒྱ་གཞུང་གིས་མུ་མཐུད་མགོན་པོ་༸གང་ཉིད་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་༸ཞབས་སོར་བདེ་བར་འཁོད་བསྟུན། ཁུལ་དེའི་གཞུང་འབྲེལ་གསར་ཁང་ The Global Times སོགས་ཀྱི་བརྒྱུད་རྒྱ་ནག་གི་དཔལ་འབྱོར་དང་དམག་དཔུང་གི་གནས་སྟངས་ནི་རྒྱ་གར་ལས་ཆེས་ལེགས་པ་ཡོད་ཚུལ་སོགས་བརྗོད་ནས་རྒྱ་གར་ལ་སྡིག་ར་དང་གནོན་ཤུགས་ཆེན་པོ་སྤྲོད་ཡོད་སྐོར་སོགས་འགྲེལ་བརྗོད་དང་ཆབས་ཅིག གལ་སྲིད་རྒྱ་གཞུང་གིས་མུ་མཐུད་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སྤྱི་དང་སྒོས་སུ་རྒྱ་གར་ལ་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་བརྒྱུད་ནས་སྡིག་ར་དང་གནོན་ཤུགས་སྤྲོད་བཞིན་པའི་སྲིད་བྱུས་ལ་འགྱུར་བ་ཞིག་མ་གཏང་ཚེ་རྒྱ་ནག་གཞུང་ནས་རིམ་བཞིན་རྒྱ་གར་ལའང་ཆབ་སྲིད་ཀྱི་ལག་ཆ་ཞིག་བེད་སྤྱོད་རྒྱུ་ཡོད་པ་གསལ་པོ་ཤེས་ཀྱི་རེད་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་དེ་སྔ་སྤྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ནང་འཚམས་གཟིགས་ཡོང་སྐབས་སུ་སྲིད་བློན་མོ་དི་མཆོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ཡུལ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་ཆེད་ཚོང་དང་དཔལ་འབྱོར་སོགས་ཀྱི་ལས་གཞི་གསར་པ་མང་དག་ཞིག་འགོ་འཛུགས་གནང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་སྐབས་དེར་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མེད་པར་རྒྱ་གར་བྱང་ཕྱོགས་ལ་དྭགས། ཇ་མུ་དང་ཀཱཤྨིར་གྱི་མཐའ་མཚམས་ཁུལ་དུ་རྒྱ་ནག་གི་དཔུང་དམག་བཏང་པ་དང་། རྒྱ་གར་དེ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་མཁོ་སྤྲོད་བྱེད་མཁན་གྱི་ཚོགས་མི་རྒྱལ་ཁབ་ཁོངས་སུ་ཚུད་རྒྱུར་བཀག་སྡོམ་བྱས་པ་མ་ཟད། པ་ཀི་སི་ཏན་ནང་ཡོད་པའི་ Masood Azhar ལ་རྒྱ་གར་གྱིས་འཇིགས་སྐུལ་བར་ངོས་འཛིན་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་འཇིགས་སྐུལ་བར་ངོས་ལེན་བྱེད་མེད་སྐོར་སོགས་ལུང་འདྲེན་གྱིས་རྒྱ་དཀར་ནག་གཉིས་ཀྱི་ཚོར་རྣོ་བའི་གནད་དོན་ལ་གུས་བརྩི་ཞུ་དགོས་ཚེ་རྒྱ་གར་ཕྱོགས་གཅིག་པོ་ནས་མིན་པར་རྒྱ་ནག་ཕྱོགས་ནས་ཀྱང་དེ་ལྟར་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་རྒྱལ་ཁྱབ་དང་ཚོགས་སྡེ་སྤྱི་ལ་བརྒྱུད་ལམ་འདྲ་མིན་ཐོག་ནས་གནོན་ཤུགས་རིགས་སྤྲོད་བཞིན་ཡོད་སྟབས། སྐུ་ཞབས་ཤཱ་ཤི་ཋྲུར་ལགས་ཀྱི་དཔྱད་གཏམ་དེའི་མཇུག་ཏུ་ད་རེས་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་ལ་རྣམ་འགྱུར་བསྟན་པ་དེ་ནི་རྒྱ་གཞུང་གིས་རྒྱུན་ལྡན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ལ་ཐེ་བྱུས་བྱེད་སྟངས་ཀྱི་ཆ་ཤས་ཤིག་ཏུ་འགྲེལ་བརྗོད་དང་འབྲེལ། ད་བར་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ Philippines ཡི་སྲིད་འཛིན་ Rodrigo Duterte ཡིས་མགོ་བཏགས་ཞུས་ཡོད་ཀྱང་། ཉི་ཧོང་དང་ཝི་ཏི་ནམ་གཉིས་ནས་རྒྱ་ནག་ལ་ཁ་གཏད་བྱེད་བཞིན་པ་ལྟར་རྒྱ་གར་འདི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་མི་འདྲ་བའི་ས་ཁྱོན་ཆ་ནས་ཆེ་བ་དང་། འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་པས་རྒྱ་ནག་གི་འགོ་ཁྲིད་རྣམས་ནས་ཐེངས་འདིའི་༸གོང་ས་མཆོག་གི་ཆིབས་བསྒྱུར་གནད་དོན་རྣམས་འདས་ཟིན་པ་ཞིག་ཏུ་ངོས་འཛིན་ཞུ་དགོས་པའི་འདུན་པ་ཡང་བཏོན་ཡོད་པ་རེད།

བོད་དང་ཧོང་ཀོང་། ཐེ་ཝན་བཅས་ཀྱི་ལས་འགུལ་བའི་གྲོས་བསྡུར་ལྷན་ཚོགས་ཐེངས་དང་པོ་ཚོགས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འབྲེལ་མཐུད་ཁང་གཉིས་ཀྱིས་གོ་སྒྲིག་འོག་ཁུལ་དེའི་རྒྱལ་ས་ Taipei ནང་དུ་ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ཁ་སང་ཚེས་ ༩ བར་ཁྱོན་ཉིན་གྲངས་གསུམ་རིང་ལ་བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་རྒྱལ་ཁབ་གསུམ་གྱི་ལས་འགུལ་འགོ་ཁྲིད་པ་དང་གཞོན་སྐྱེས་ལས་འགུལ་བ་སོགས་མཉམ་འཛོམས་ཀྱིས་རྒྱལ་ཁབ་གསུམ་ཐུན་མོང་གི་རང་དབང་དང་མང་གཙོའི་གནས་སྟངས། དེ་བཞིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་ཀྱི་ཐོག་གྲོས་བསྡུར་གྱི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་འདུག ལྷན་ཚོགས་དེའི་ཐོག་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་བཅས་ཀྱི་གཞོན་སྐྱེས་ལས་འགུལ་བ་ ༣༠ ལྷག་མཉམ་ཞུགས་གནང་འདུག སྐབས་དེར་ཐེ་ཝན་གྲོས་ཚོགས་འཐུས་མི་ Freddy Lim ལགས་དང་ཧོང་ཀོང་གི་ལས་འགུལ་བ་ Alex Chow ལགས། ཨོ་སི་ཀྲི་ལི་ཤི་ཡའི་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས། བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ནས་བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་རང་དབང་འཐབ་རྩོད་སྐོར་དང་། བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་གནས་བབ། རང་ཐག་རང་གཅོད་སོགས་ཀྱི་ཐོག་ལ་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་ལྷན་ཚོགས་དེ་ཁ་སང་མཇུག་སྒྲིལ་དང་སྦྲགས་ཚོགས་བཅར་བ་རྣམས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མི་ས་ཡ་དྲུག་གི་མངོན་འདོད་བསྒྲུབ་མཁན་གྱི་གཞུང་ཞིག་ཏུ་ངོས་འཛིན་གྱིས་བོད་ལ་རྒྱབ་སྐྱོར་གནང་རྒྱུ་དང་། ཧོང་ཀོང་མང་ཚོགས་ཀྱི་རང་ཐག་རང་གཅོད་དང་གཞུང་འཛིན་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུ། ཐེ་ཝན་དེ་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཏུ་ངོས་འཛིན་གྱིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་སུ་ཞུགས་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད། ལྷག་པར་དུ་རྒྱ་གཞུང་གིས་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ Li Ming che ལགས་དང་རྒྱ་རིགས་ལས་འགུལ་བ་ Su Chanlan ལགས་དང་། Chen Qitang བཅས་འཕྲལ་དུ་གློད་བཀྲོལ་དགོས་པ་མ་ཟད། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཡོངས་ནས་རྒྱ་གཞུང་གིས་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་གསུམ་གྱི་ནང་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་དོ་སྣང་ཆེ་བཞེས་གནང་དགོས་པའི་སྐུལ་མ་གནང་འདུག ཤེས་རྟོགས་བྱུང་བར། ལྷན་ཚོགས་དེའི་ཐོག་ནས་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་བཅས་ཀྱི་ལས་འགུལ་བ་མི་ཉུང་བ་ཞིག་བསྡུ་འཛོམས་བྱུང་བའི་གོ་སྐབས་དང་བསྟུན། ཁུལ་དེར་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འབྲེལ་མཐུད་ཁང་གིས་རྐང་འགན་བཞེས་ཐོག་དེ་རིང་ཚེས་ ༡༠ ནས་ ༡༣ བར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་རྡོ་རྗེ་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། བོད་དོན་ལས་གུལ་བ་བཀྲིས་ཚེ་རིང་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་པདྨ་ཡོ་ཀོ་ལགས་བཅས་ནས་ཧོང་ཀོང་དང་ཐེ་ཝན་གྱི་ལས་འགུལ་བ་དང་ལྷན་དུ་ས་གནས་ཀྱི་མཐོ་སློབ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཏུ་བོད་ཀྱི་མ་འོངས་དང་ཞི་བའི་ལས་འགུལ། བཙན་བྱོལ་ནང་རང་བཙན་གྱི་འབོད་སྒྲ་སོགས་ཀྱི་བརྗོད་གཞིའི་ཐོག་ལ་གཏམ་བཤད་དང་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་གནང་གི་ཡོད་པ་རེད་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་ཆོས་ཕྱོགས་ཀྱི་མི་སྣ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ལས་གཞི་གསར་པ་དབུ་འཛུགས།

བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཆོས་ཕྱོགས་ཀྱི་མི་སྣ་ཁག་ཅིག་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འཆར་གསར་པ་ཞིག་དབུ་འཛུགས་གནང་ཡོད་པའི་ཁོངས་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཟླ་ ༤ ཚེས་ ༦ ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་འཛོམས་ཀྱིས་ལས་གཞི་དེ་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Thomas Reese ལགས་ཀྱིས་ལས་འཆར་དེ་ནི་རྐང་འཛམ་གླིང་ཁྲོད་དུ་ཆོས་དད་རང་དབང་གི་གནད་དོན་འོག་འཛིན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་གནས་སྟངས་གསལ་བཏོན་བརྒྱུད་ཁོང་རྣམས་གང་མགྱོགས་བཙོན་གྲོལ་ཐུབ་ཐབས་སུ་འབད་བརྩོན་གནང་ཆེད་ཡིན་སྐོར་གསུངས་འདུག ད་རེས་ཚོགས་པ་དེས་བཙོན་གྲོལ་ཐུབ་ཐབས་སུ་ཞུ་གཏུག་གནང་པའི་ཁོངས་སུ་བྷར་མ་དང་རྒྱ་ནག ཨི་རན། ལྷོ་ཨ་རབ་བྷི་ཡ། དེ་བཞིན་ཝི་ཏི་ནམ་དང་ཨུ་རུ་སུ་སོགས་ཀྱི་མི་སྣ་མང་དག་ཅིག་ཡོད་པ་ལས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་མངོན་གསལ་གནང་འདུག ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གཙོས་པའི་བཙོན་པ་ཁག་ཅིག་གི་ལོ་རྒྱུས་སྐོར་འབྲེལ་ཡོད་སྐུ་ཚབ་སོ་སོ་ནས་ངོ་སྤྲོད་ཀྱང་གནང་འདུག དབུ་འབྱེད་མཛད་སྒོ་དེའི་ཐོག་ཉེ་ཆར་གསར་སུ་བསྐོ་གཞག་བྱུང་བའི་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལ་ངོ་སྤྲོད་གནང་པ་དང་འབྲེལ། ཁོང་དགུང་གྲངས་ ༦ སྐབས་ནས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་ཡོད་ཤེས་རྟོགས་མེད་པར་འགྱུར་བཞིན་ཡོད་པ་མ་ཟད། རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་རིན་པོ་ཆེ་མཆོག་དགུང་ལོ་ ༢༨ ལ་ཕེབས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལས་གཞི་བརྒྱུད་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གསལ་ཐང་ཡོད་མེད་ཀྱི་ཁ་གསལ་བཤད་བྱེད་དགོས་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཐོངས་དགོས་ཞེས་འབོད་སྐུལ་ཞུས་འདུག གཞན་ཡང་དེ་རིང་༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བཞུགས་སྒར་དུ་བོད་མི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་རིན་པོ་ཆེ་རྒྱ་དམར་གྱི་བཙོན་ནས་གློད་བཀྲོལ་ཡོང་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་ངེས་ཡིན་པའི་གསར་འགོད་ལྷན་ཚོགས་ཤིག་གནང་སོང་བ་དང་། སྐབས་དེར་ཁོང་གིས་རིང་མིན་ཟླ་ ༤ ཚེས་ ༡༠ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་། ཕྱི་རྒྱལ་ཁག་གི་གཞུང་ཚབ་ཁག་ ༥༠ ཙམ་གྱི་ནང་དུ་ཆེད་བསྐྱོད་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུ་ཚེའི་བདེ་འཇགས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་ནས་རོགས་རམ་ཡོང་ཐབས་ཀྱི་ཞུ་སྙན་ཕུལ་རྒྱུ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་མང་འཇོག་ཐུབ་པར་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་དམངས་གཉིས་ལ་དེ་འབྲེལ་ལས་འགན་ཡོད་པ་གསུངས་སོང་།

སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Maya Garf མཆོག་གིས་གཙོས་པའི་ཁུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དང་འབྲེལ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་དམངས་གཉིས་ལ་དེ་འབྲེལ་ལས་འགན་ཡོད་པ་གསུངས་སོང་། གསར་འགོད་ལྷན་ཚོགས་དེ་ནི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་གཙོ་ཟུར་པ་ད་ལྟ་གྲོས་ཚོགས་འཐུས་མི་གནང་བཞིན་པ་ལྕམ་ Maya Garf མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་ Barbara Gysi ལགས་སོགས་ཆེད་ཕེབས་གནང་སོང་བ་དང་། ཐོག་མར་གསར་འགོད་པ་རྣམས་ལ་ད་རེས་ཁོང་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མགྲོན་འབོད་འོག བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་རྟོགས་རྒྱུས་ལོན་བྱུང་བའི་སྐོར་ལ་ངོ་སྤྲོད་སྙིང་ཤིག་གནང་པ་དང་སྦྲགས། འདས་པའི་ཉིན་གྲངས་གསུམ་ནང་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་དང་སློབ་གྲྭ་སོགས་སུ་འཚམས་གཟིགས་གནང་ཡོད་སྐོར་གསུངས་སོང་། ལྷག་པར་དུ་ལྕམ་ Maya Graf མཆོག་དང་ལྕམ་ Barbara Gysi ལགས་ཀྱིས་ཐེངས་འདིའི་འཚམས་གཟིགས་གྲུབ་ནས་ད་ཆ་ཁོང་རྣམ་པ་ཕར་སུད་སི་ལ་ལོག་མཚམས་འདིར། བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་ཟབ་པོ་ཞིག་དང་། དེ་བཞིན་བོད་མི་རྣམས་ལ་སུད་ཀྱི་རྒྱབ་སྐྱོར་སྔར་ལྷག་དགོས་ཀྱི་ཡོད་པ་ངེས་ཤེས་བྱུང་ཞེས་གསུངས་ཡོད། སྒོས་སུ་ཁོང་གིས་སུད་སི་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་འབྲེལ་བའི་ལས་དོན་སྤྱིའི་ནུས་པ་ཇེ་མཐོར་གཏོང་རྒྱུའི་ལས་འགན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲལ་དུ་ཞུ་གཏུག་བྱ་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་གནང་སོང་། གསར་འགོད་པས་ལྕམ་ Maya Graf མཆོག་ལ་དེ་སྔ་ ༢༠༡༥ ལོར་ཁོང་ཚོགས་གཙོ་གནང་སྐབས་༸གོང་ས་མཆོག་སུད་སི་གྲོས་ཚོགས་སུ་གདན་ཞུ་ཕུལ་ཡོད་སྟབས། མ་འོངས་པ་༸གོང་ས་མཆོག་སླར་ཡང་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུར་རེ་བ་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ ཁོང་གིས་༸གོང་ས་མཆོག་སུད་སིར་ནམ་ཕེབས་རུང་སུད་སི་གཞུང་དམངས་གཉིས་ནས་དགའ་བསུ་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་སོང་བ་དང་། ཁོང་ལ་མུ་མཐུད་འཚམས་གཟིགས་འདིའི་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་སྐུ་ཚབ་རྣམ་པ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་འདི་ནི་གོ་སྐབས་ཧ་ཅང་གི་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ༸གོང་ས་མཆོག་ལ་སུད་སི་སྐོར་མཁྱེན་རྟོགས་ཡག་པོ་ཡོད་སྟབས་མཇལ་འཕྲད་སྐབས་ཕན་ཚུན་དབར་བཀའ་མོལ་ཧ་ཅང་ཡག་པོ་བྱུང་སོང་ཞེས་གསུངས་ཀྱི་འདུག། གཞི་རྩའི་ད་རེས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དྲུག་དང་ལྷན་དུ་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། གཞན་ཡང་ Swiss དང་ Liechtenstein བོད་རིགས་མི་མང་གི་སྐུ་ཚབ་སོགས་སྐུ་ཚབ་ ༡༤ ཕེབས་འདུག

སུད་སི་གྲོས་ཚོགས་འཐུས་མི་དྲུག་གཙོས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་པ།

སུད་སི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དྲུག་གིས་གཙོས་སྐུ་ཚབ་ཚོགས་ཆུང་ཞིག་ཁ་སང་ནས་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར། དེ་རིང་ཕྱི་དྲོ་སྐུ་ཚབ་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་འདུག གྲོས་ཚོགས་འཐུས་མིའི་ཁོངས་སུད་སི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Maya Graf མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་ལྕམ་ Rosmarie Quadranti ལགས། ལྕམ་Marianne Streiff ལགས་དང་ལྕམ་ Prisca Birrer Heimo ལགས། ལྕམ་ Barbara Gysi ལགས་དང་ལྕམ་ Gina Ruetschiལགས་བཅས་ཕེབས་འདུག་པ་དང་།ཁོང་རྣམས་དང་ལྷན་དུ་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། དེ་བཞིན་ Swiss Liechtenstein བོད་རིགས་མི་མང་གི་སྐུ་ཚབ་སོགས་ཁྱོན་སྐུ་ཚབ་ ༡༤ ཆེད་ཕེབས་གནང་འདུག ཁ་སང་སྐུ་ཚབ་རྣམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་འདུག་པ་དང་དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་ཡོད། འཚམས་གཟིགས་འདིའི་སྐོར་ལ་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཆེད་ཡིན་པ་གསུངས་སོང་། སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་དབུས་སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་སང་ཉིན་གྲོས་ཚོགས་འཐུས་མི་རྣམ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་། དེ་རྗེས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ལྷན་དུ་གླེང་མོལ་ཡང་གནང་རྒྱུ་ཡིན་པ་རེད་འདུག

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་དུ་བོད་དོན་གཏམ་བཤད་གནང་པ།

དེའང་ཁ་སང་ཟླ་ ༣ ཚེས་ ༢༧ ཉིན་དབུ་འཛུགས་ཀྱིས་ཨ་རི་དང་སྦེལ་ཇམ། ཨོ་སི་ཊོ་ལི་ཡ་བཅས་རྒྱལ་ཁབ་གསུམ་ནང་དུ་བོད་དོན་ཞུ་གཏུག་གི་ཉིན་མོ་སྲུང་བརྩི་ཞུས་པའི་ཁྲོད། དེ་དག་གི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་གིས་ཡུལ་སོ་སོའི་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་རེད། དེ་རིང་ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་རུ་ཁག་ཞིག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཇི་ཆགས་སོགས་ཀྱི་སྐོར་སྙན་གསེང་ཞུས་འདུག དེ་ཡང་ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་གི་ལས་རིམ་གོ་སྒྲིག་གནང་མཁན་ ATC འམ་ Australia བོད་དོན་ལྷན་ཁང་གི་ལས་འགུལ་འགན་འཛིན་གདོང་འདུས་སྐྱིད་འཛོམས་ལགས་སུ་དེ་རིང་གི་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༣༠ ནས་ ༣༥ བར་མཇལ་འཕྲད་ཞུས་ཐུབ་པ་བྱུང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་དེ་དག་ལ་ད་ལྟའི་བོད་དོན་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་འཐབ་རྩོད་ཀྱི་སྐོར་སྙན་གསེང་ཞུས་པ་དང་འབྲེལ། བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་དེ་དག་གིས་ཀྱང་ཐུགས་སྣང་ཆེན་པོས་གསན་ཞིབ་གནང་སྐོར་གསུངས་སོང་། གཞཡན་ཡང་བོད་མི་གསུམ་ལས་གྲུབ་པའི་རུ་ཁག་ཞིག་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་རེ་དབུ་བཞུགས་ཡོད་པའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་ཚོུད་ ༡ རིང་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་བྱུང་འདུག ཁོང་རྣམ་པས་ཀྱང་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག བོད་མིའི་རེ་འདུན་རྣམས་ཨོ་སི་ཊོ་ལི་ཡ་གཞུང་དང་ལྷག་པར་དུ་རྒྱ་ནག་མཉམ་དུ་འབྲེལ་ཡོད་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་མཆོག་ལ་ངེས་པར་དུ་སྙན་གསེང་ཞུ་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་འདུག དེ་བཞིན་ཡུ་རུབ་རྒྱལ་ཁབ་ Belgium ནང་དུ་ Italy ནས་ཕེབས་པའི་བོད་མི་གཞོན་སྐྱེས་གཉིས་དང། འཇར་མ་ནི།  ཨོ་སི་ཊེ་རི་ཡ།  པོ་ལེནྜི་བཅས་ནས་ཁྱོན་བོད་མི་གཞོན་སྐྱེས་ལྔ་ལས་གྲུབ་པའི་རུ་ཁག་ཞིག་ནས་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་ལྟར། ཁ་སང་ཁུལ་དེར་ལས་འགུལ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་གྱི་ངོས་ནས་བོད་མི་གཞོན་སྐྱེས་དེ་དག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་ལུགས་ཁག་དང་ཡུ་རོབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་འགན་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་ཀྱི་ལས་རིམ་ཞིག་ཚོགས་ཐོག་སྦར་སེལ་སྐུ་ཚབ་དོན་བཅོད་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་གཏམ་ཤད་གནང་མཁན་ཁོངས་སུ་གདན་ཞུས་གནང་འདུག དེ་རིང་སྦར་སེལ་སྐུ་ཚབ་དོན་ཁང་གི་མཐུན་འགྱུར་འོག་བོད་མི་ལས་འགུལ་བ་རྣམས་ནས་སྔར་ལོ་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་སུ་གསར་བཙུགས་ཞུས་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ཚོགས་པའི་ཚོགས་མི་རྣམས་ཀྱི་ལྷན་དུ་མཇལ་འཕྲད་ཞུས་ཡོད་པ་རེད། དེ་མཚུངས་སུ་ཨ་རི་ནང་དུའང་ཁ་སང་ནས་སང་ཚེས་ ༢༩ བར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཨོ་སི་ཊོ་ལི་ཡའི་བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལ་རྗེས་དེད་ཀྱིས་མུ་མཐུད་ངོ་རྒོལ་གནང་བཞིན་པ།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཕྱི་དྲོ་རྒྱ་ནག་གི་སྲིད་བློན་ Li Keqiang ཨོ་སི་ཊོ་ལི་ཡའི་ནང་དུ་གཞུང་འབྲེལ་གྱི་འཚམས་གཟིགས་ཆེད་འབྱོར་བ་དང་བསྟུན། ཡུལ་དེར་གནས་སྡོད་བོད་མི་ཚོས་ཕྱོགས་གང་ས་ནས་རྗེས་དེད་ཀྱིས་མུ་མཐུད་ངོ་རྒོལ་གནང་བཞིན་ཡོད་པ་རེད། དེའང་ཉིན་གྲངས་ལྔ་རིང་གི་གཞུང་འབྲེལ་འཚམས་དེའི་ཁྲོད་ཁ་ཉིན་ཟླ་ ༣ ཚེས་ ༢༣ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་འབྱོར་སྐབས་ཁེན་སྦེ་ར་དང་། སིཌ་ནི། དེ་བཞིན་ནོ་ར་གྲོང་ཁྱེར་གསུམ་གྱི་བོད་མི་ ༢༠༠ སྐོར་ཞིག་གིས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་དེ་བོད་མིའི་ཡིན་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་དང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཆར་བཞིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག དེ་བཞིན་ཁ་སང་ལི་ཁ་ཆང་ཡུལ་དེའི་ Sydney གྲོང་ཁྱེར་ནང་དུ་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཚོང་འབྲེལ་གྱི་ལས་དོན་སྤེལ་བཞིན་པའི་སྐབས་བོད་མི་ལས་འགུལ་བ་ཚོས་གཙོས་པའི་ཤར་ཏུར་ཀིས་ཐན་དང་ཕ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་པ་ཁག་ཅིག་ཀྱང་ཆེད་ཕེབས་ངོ་རྒོལ་ཤུགས་ཆེ་གནང་འདུག ཁ་སང་གི་ངོ་རྒོལ་ལས་འགུལ་དེ་ཡང་ Sydney གྲོང་ཁྱེར་ནང་དུ་མི་མང་ཕོན་ཆེན་འདུ་འཛོམས་བྱུང་བའི་ལྟེ་གནས་ Martin Place ས་གནས་སུ་གནང་ཡོད་པ་དང། ཁུལ་དེའི་རྒྱ་ནག་གཞུང་ཚབ་ཀྱི་མཐུན་འགྱུར་འོག་ལི་ཁ་ཆང་ལ་རྒྱབ་སྐྱོར་གྱི་དགའ་བསུ་ཞུ་མཁན་རྒྱ་རིགས་སློབ་ཕྲུག་ཁག་ཅིག་དང་བོད་མི་ལས་འགུལ་བ་རྣམས་ས་གནས་གཅིག་ཏུ་ལས་འགུལ་སྤེལ་ཡོད་པ་ལྟར། ཕན་ཚུན་དབར་རྩོད་རྙོག་རིགས་ཕྲན་བུ་བྱུང་འདུག དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡ་ནང་གི་ཕྱི་དྲོ་ཚོུད་ ༦།༠༠ ཐོག་སིཌ་ནི་གྲོང་ཁྱེར་གྱི་གཞུང་འབྲེལ་གསོལ་སྟོན་ཁང་དུ་རྒྱ་ནག་གི་སྲིད་བློན་འབྱོར་སྐབས་ས་གནས་དེ་ནས་རྒྱང་ཐག་རིང་པོ་མེད་པའི་སར་བོད་མི་རྣམས་ལ་ངོ་རྒོལ་སྐད་འབོད་གནང་རྒྱུའི་ཆོག་མཆན་ཐོབ་དོན་ལྟར། ལི་ཁ་ཆང་བཞེས་ལག་བཞེས་སྐབས་སུའང་བོད་མི་ཚོས་ཚོར་ཤུགས་ཆེན་པོའི་ཐོག་ནས་ངོ་རྒོལ་གནང་ཡོད་པའི་རྣམ་པ་མངོན་རྒྱུ་འདུག རྩ་བའི་རྒྱ་ནག་གི་སྲིད་བློན་ནས་ཉིན་ལྔ་རིང་གི་ Australia འི་འཚམས་གཟིགས་དེ་དེ་རིང་ནས་མཇུག་སྒྲིལ་ཟིན་གྱི་ཡོད་པ་དང་། སང་ཉིན་ New Zealand དུ་ཉིན་བཞི་རིང་གི་སྐོར་བསྐྱོད་ཆེད་ཐོན་གྱི་ཡོད་པ་རེད།  

ལི་ཁ་ཆང་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ས་གནས་བོད་མི་ཚོས་ངོ་རྒོལ་གནང་པ།

ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་ཁུལ་དེར་བསླེབས་པའི་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ཤུགས་ཆེ་གནང་མུས་རེད་འདུག དེའང་རྒྱ་ནག་གི་སྲིད་བློན་ Li Keqiang ཁ་སང་ Australia ནང་དུ་བསླེབས་པ་དང་འབྲེལ། དེ་རིང་རྒྱལ་ས་ Canberra ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་འབྱོར་བ་དང་བསྟུན་ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གནང་བཞིན་ཡོད་པ་མ་ཟད། སང་ཉིན་བོད་མི་ལས་འགུལ་བ་རྣམས་ཀྱིས་ Sydney གྲོང་ཁྱེར་ནང་དུའང་ལས་འགུལ་དེ་མཚུངས་སྤེལ་རྒྱུ་རེད་འདུག དེ་རིང་སྔ་དྲོ་ Li Keqiang ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ་བསླེབས་སྐབས་ཁུལ་དེའི་ས་གནས་ཁག་གསུམ་ནས་ཆེད་འཛོམས་གནང་པའི་བོད་མི་ ༢༠༠ སྐོར་ཞིག་གིས་སྔ་དྲོ་ཚོུད་  ༩།༠༠ ནས་ཉིན་རྒྱབ་ཚོུད་ ༡།༠༠  བར་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་དེ་བོད་མིའི་ཡིན་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་དང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཆར་བཞིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག ལས་འགུལ་སྐབས་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh དང་། Micheal Danby རྣམ་གཉིས་ཆེད་ཕེབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད་འདུག དེ་རིང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་གནང་མཁན་ཁོངས་སུ་བོད་མི་ཙམ་མ་ཟད། ཤར་ཏུར་ཀིས་ཐན་དང་ཕ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་པ་ཁག་ཅིག་ཀྱང་ཆེད་ཕེབས་གནང་འདུག ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྒྱ་ནག་གི་སྲིད་བློན་ལ་ཕེབས་བསུ་ཞུས་ཡོད་པ་དང་། རྒྱ་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ PingLu ཡིས་ AP གསར་སྤེལ་ཁང་ལ་འགྲེལ་བརྗོད་བྱེད་པར་ཁོང་རྣམས་ལ་ཨོ་སི་ཊོ་ལི་ཡ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་རྒྱལ་དར་སྤྲོད་པ་དང་དེ་བཞིན་ཞོགས་ཇ་དང་ཉིན་དགུང་ཞལ་ལག་བཅས་གོ་སྒྲིག་བྱས་ཡོད་སྐོར་བཤད་འདུག རྩ་བའི་དེ་རིང་གི་ལས་འགུལ་མཇུག་སྒྲིལ་ཟིན་རྗེས་བོད་མི་ལས་འགུལ་རྣམས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སིཌ་སི་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ནས་སང་ཉིན་སླར་ཡང་ཁུལ་དེར་རྒྱ་ནག་གི་སྲིད་བློན་འབྱོར་སྐབས་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་ལི་ཁ་བྱང་ཁ་སང་ཨོ་སི་ཊོ་ལི་ཡར་བསླེབས་ཡོད་པ་དང་། ཁོ་པ་ཟླ་འདིའི་ཚེས་ ༢༦ བར་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད་འདུག

Latest news