Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་ཚོགས་ཀྱིས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྤུན་མཆེད་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་འདྲི་རྩད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལྔ་ཟུང་སྦྲེལ་གྱིས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྤུན་མཆེད་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་འདྲི་རྩད་བྱས་འདུག དེ་ཡང་ཚོགས་ཆུང་ལྔ་པོ་དེ་དག་ནས་སྔ་ལོ་ཟླ་ ༡༢ ནས་འདི་ལོའི་ཟླ་ ༢ བར་གྱི་དུས་ཡུན་དེའི་ཁྲོད་རྒྱ་གཞུང་ལ་གོང་གསལ་གྱི་གནད་དོན་དེ་ཡིག་ཐོག་ནས་འདྲི་རྩད་གནང་ཡོད་པ་དེ་ལྟར་ཡང་། དེའི་ནང་གི་ནང་དོན་ཁག་ད་བར་གསང་བ་གནང་སྟེ་ཁ་ཉིན་གཞི་ནས་ཡོངས་བསྒྲགས་གནང་འདུག འདྲི་རྩད་ཀྱི་ཞུ་ཡིག་དེའི་ནང་ཞིབ་འཇུག་མི་སྣས་རྒྱ་གཞུང་གིས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་གློ་བུར་དུ་འཛིན་བྱུང་བྱས་ཏེ་ཁོང་ལ་རང་གི་ནང་མི་དང་ཁྲིམས་རྩོད་པ་སོགས་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་འཕྲོག་པ་དང་། བཀག་ཉར་འོག་ལུས་སེམས་གཉིས་ཀར་སྡུག་སྦྱོང་ཚད་མེད་བཏང་པ་མ་ཟད། ཁོང་ལ་ཁྲིམས་འགལ་གྱི་ནག་ཉེས་གཡོགས་ཁག་བདེན་པ་ར་སྤྲོད་བྱ་རྒྱུའི་ཐོབ་ཐང་གང་ཡང་སྤྲོད་མེད་པ་རེད། ལྷག་དོན་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་རིག་གཞུང་ལོངས་སུ་སྤྱོད་པ་དེ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་ཞིག་ཏུ་ངོས་འཛིན་པ་དེར་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག ཚོགས་ཆུང་དེ་དག་གིས་ཐེངས་འདིའི་ཞུ་ཡིག་བརྒྱུད་རྒྱ་ནག་གཞུང་ལ་བོད་མི་བཀྲིས་དབང་ཕྱུག་ལགས་ལ་གཞི་རྩའི་གནད་དོན་གང་གི་འོག་བཙོན་འཇུག་བྱས་པ་གསལ་བཤད་དང་རྒྱལ་སྤྱིའི་འབྲུ་དོན་དང་མཐུན་པའི་ཁོང་ལ་འཕྲོད་བསྟེན་གྱི་དགོས་མཁོ་ཁག་སྤྲོད་དགོས་པ་མ་ཟད། རྒྱ་གཞུང་ནས་བོད་མི་རྣམས་རང་མི་རིགས་ཀྱི་སྐད་ཡིག་རང་དབང་ཐོག་བེད་སྤྱོད་བྱ་ཆོག་པའི་ཐབས་ལམ་འཚོལ་ཞིབ་ཡོང་བའི་འབོད་སྐུལ་ཡང་གནང་འདུག རྒྱལ་ཚོགས་ཀྱི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་སྲུང་སྐྱོབ་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་དམིགས་བསལ་སྐུ་ཚབ། གཞན་ཡང་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་བཅས་གསུམ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་དང་སྒྲོལ་དཀར་ལྷ་མོ་ལགས་རྣམ་གཉིས་ཀྱི་གནད་དོན་ཐོག་ལ་བློ་འཚབ་དང་འབྲེལ་རྒྱ་གཞུང་གིས་སྔ་ལོ་རིན་པོ་ཆེ་དམ་པའི་ཚ་མོ་གཉིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། སྐབས་དེར་ལི་ཐང་ནང་གི་བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་ཤུགས་ཆེ་བྱས་པ་དང་། ལྷག་དོན་ལི་ཐང་དང་ནག་ཆུ་ས་གནས་ཀྱི་མང་ཚོགས་ཚོའི་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་། དེ་བཞིན་འདུ་འཛོམས་རང་དབང་བཅས་ལ་སྟངས་འཛིན་ནན་པོ་བྱ་ཕྱིར་ས་གནས་དེ་དག་གི་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་འགོག་བྱས་པ་ཐེར་བཏོན་གནང་འདུག རྒྱ་གཞུང་ནས་བོད་མི་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་བྱས་པ་དང་བོད་མི་ཞི་རྒོལ་བར་ཆེས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ། ལྷག་དོན་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ལྟར་གནང་ན་ཁྲིམས་མཐུན་ཇི་ལྟར་ཆགས་མིན་ཐད་གསལ་བཤད་དགོས་པའི་ནན་བརྗོད་གནང་འདུག རྩ་བའི་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་ལྔ་པོ་དེ་དག་ནི་གང་བྱུང་དུ་འཛིན་བཟུང་ཐད་ཀྱི་དམིགས་བསལ་སྐུ་ཚབ་དང་རིག་གཞུང་གི་དམིགས་བསལ་སྐུ་ཚབ། དེ་བཞིན་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གཏོང་མཁན་གྱི་དམིགས་བསལ་སྐུ་ཚབ། ལྷག་དོན་གྲངས་ཉུང་མི་རིགས་ཀྱི་གནད་དོན་གྱི་དམིགས་བསལ་སྐུ་ཚབ་དང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཀྱི་དམིགས་བསལ་སྐུ་ཚབ་བཅས་ཡིན་པ་རེད། གཞི་རྩའི་ད་ལན་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་དེ་དག་ནས་རྒྱ་གཞུང་ལ་འདྲི་རྩད་ཀྱི་ཞུ་ཡིག་དེ་ལྟར་གནང་དོན་ནི་ཟླ་ ༦ ནང་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ལྷན་ཚོགས་ཐེངས་ ༣༥ འཚོགས་གཏན་འཁེལ་བ་དང་ཆེད་བསྟུན་གྱིས་ཕུལ་བ་ཞིག་ཡིན་པ་རེད།

སྲིད་འཛིན་ Trump མཆོག་གིས་ཨ་རིའི་སྔོན་རྩིས་ནང་དུ་བོད་མིར་རོགས་དངུལ་སྤྲོད་རྒྱུ་མེད་པའི་འཆར་འབུལ་ཞུས་འདུག

ཨ་རིའི་སྲིད་འཛིན་ Donald Trumpམཆོག་གིས་ཕྱི་ལོའི་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་ནང་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་ཞུས་འདུག ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་སྲིད་འཛིན་ George W Bush མཆོག་ནས་ཨ་རིའི་གྲོས་ཚོགས་ནང་དུ་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་པ་ནས་བཟུང། USAID བརྒྱུད་ལོ་ལྟར་ཨ་རིའི་གཞུང་གིས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སོགས་ཀྱི་ཐོག་རོགས་དངུལ་གནང་གི་ཡོད་པ་རེད། དེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཨ་རིའི་སྲིད་འཛིན་ Donald Trump མཆོག་གི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་སྔོན་རྩིས་འཆར་འབུལ་ནང་དུ་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་སྤྲོད་བཞིན་པའི་བོད་མིའི་རོགས་དངུལ་དང། བོད་མི་ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱི་མཚན་ཐོག་གི་རོགས་དངུལ་གཉིས་མེད་པ་བཟོ་རྒྱུའི་འཆར་འབུལ་ཞུས་འདུག་ཀྱང། ཊམ་སྲིད་གཞུང་གིས་དེ་སྔའི་ཨ་རི་གཞུང་ནས་སྤྲོད་བཞིན་པའི་བོད་དོན་དང་འབྲེལ་བའི་སྡེ་ཁག་གང་དང་གང་གི་ཐོག་རོགས་དངུལ་སྤྲོད་རྒྱུ་མིན་པ་ཁ་གསལ་གང་ཡང་འཁོད་མེད་པ་རེད་འདུག ད་རེས་ཀྱི་གནད་དོན་དེའི་ཐོག ཨ་མི་རི་ཀའི་གཞུང་གིས་ཨ་རིའི་མི་མང་གི་དཔྱ་ཁྲལ་རྣམས་ནུས་པ་ལྡན་པའི་ཐོག་ནས་བེད་སྤྱོད་གཏོང་ཆེད། གལ་གནད་ཆེ་བའི་གནད་དོན་ཁག་ལ་འདེམས་ཀ་དང་པོ་སྤྲོད་དགོས་པར་བརྟེན།  ཐག་གཅོད་ཁག་པོ་ཁག་ཅིག་བྱེད་དགོས་བྱུང་”ཞེས་བརྗོད་ཡོད་པ་དང། དེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་དུ་སྲིད་འཛིན་ Trump མཆོག་གི་གྲོས་ཚོགས་སུ་ཕུལ་བའི་འཆར་འབུལ་དེ་ནི། དེ་སྔ་ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་ནས་ལོ་ངོ་བཅུ་ལྷག་ཕྱིན་པའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པ་འཁོད་འདུག གོང་གི་གནད་དོན་དེ་དང་འབྲེལ་ཏེ་འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དང་དེ་སྔའི་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྐལ་རྡོར་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་སྲིད་འཛིན་ཊོམ་མཆོག་གིས་ད་རེས་སྔོན་རྩིས་འཆར་འབུལ་དེ་ནི་མཐའ་མའི་ཐག་གཅོད་ཞིག་མ་ཡིན་པར། གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་དང། དེ་ནས་གྲོས་ཚོགས་གོང་འོག་གཉིས་ནང་རིམ་བཞིན་རྒྱབ་སྐྱོར་ཐོབ་པ་གནང་དགོས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འཆར་འབུལ་ཞུས་པའི་སྔོན་རྩིས་དེར་གཞུང་འཛིན་ཚོགས་པའི་ནང་གི་གྲོས་ཚོགས་འཐུས་མི་ཁག་ནས་ཀྱང་མུ་མཐུན་ཡང་གནང་གི་མེད་སྐོར་གསུངས་སོང་། གཞི་རྩའི་གནད་དོན་དེ་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་མ་ཐོན་གོང། ཉེ་ཆར་ཨ་རི་སྐུ་ཚབ་རྣམ་པའི་ཨེ་ཤ་ཡའི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་གྲུབ་བསྟུན་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་ཨ་རིའི་ཐེབས་རྩ་ཁང་བརྒྱུད་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་སྦྱོར་རྒྱུའི་ཨ་རིའི་རོགས་དངུལ་ཕོན་ཆེ་ཞིག་ཇེ་ཉུང་གཏོང་རྒྱུའི་སྲིད་བྱུས་དེར་སེམས་འཚབ་དང་འབྲེལ། སྲིད་བྱུས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་མང་གཙོ་ཚོགས་པས་ངོ་རྒོལ་ཡོད་ཅེས་གསུངས་པ་ཡོད་པ་རེད། རྩ་བའི་ཨ་རིའི་བོད་ཐོག་འཛིན་པའི་ ༢༠༠༢ ཞེས་པའི་སྲིད་བྱུས་དེའི་ཐོག་ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་དུ་ཨ་རིའི་སྲིད་འཛིན་རིམ་པའི་སྲིད་གཞུང་སྐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་བསྐོ་གཞག་དང། བོད་ཕྱི་ནང་གཉིས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཤེས་ཡོན་དང་རིག་གཞུང། འཕྲོད་བསྟེན་སོགས་ཀྱི་ཐད་ལ་དཔལ་འབྱོར་གྱི་རོགས་རམ་གནང་གི་ཡོད་པ་རེད།

བོད་ཀྱི་གནད་དོན་ཐོག་ཁ་ཁུ་སིམ་པོར་བཞུགས་ཚེ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་མེད་གསུངས་འདུག

ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་བརྒྱུད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ངོས་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་རྒྱབ་སྐྱོར་དང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་སླད་ནུས་པ་མཉམ་སྤུངས་ཀྱིས་རྒྱ་གཞུང་ལ་གདོང་ལེན་གནང་རྒྱུ་ཡིན་ཅེས་མངོན་གསལ་གནང་འདུག ཨ་རིའི་གྲོས་ཚོགས་སུ་བསྐོང་ཚོགས་གནང་པའི་གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་ཉེ་ཆར་བཞུགས་སྒར་དུ་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པ་ལྷན་ཞུགས་གནང་འདུག་པ་དང་། སྐབས་དེར་ལྕམ་སྐུ་ནེན་སི་ མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཐོུང་མ་ཡིན་པའི་ཆོས་རིག་དང་། སྐད་ཡིག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་སླད་ཐུགས་འགན་ཆེ་བཞེས་མཛད་བཞིན་པར་རྒྱབ་སྐྱོར་ཞུས་པ་དང་སྦྲགས། ཁོང་གིས་ཚོགས་ཆུང་ལ་སེམས་འཚབ་ཆེ་ཤོས་དེ་རྒྱ་གཞུང་གིས་སྡུག་རྩུབ་ཆེ་བའི་སྲིད་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པ་དང་འདི་བཞིན་འཛམ་གླིང་ས་ཕྱོགས་གཞན་ཁག་ཏུ་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་བཅས་ཡིན་པ་གསུངས་འདུག ད་དུང་ལྕམ་སྐུ་མཆོག་གིས་བོད་ནང་གི་དཀའ་ངལ་སེལ་ཐབས་སླད་གདོང་ལེན་བྱ་རྒྱུ་ནི་འཛམ་གླིང་སྤྱི་ལ་འཁྲི་བའི་འགན་ཞིག་ཆགས་ཀྱི་ཡོད་པ་ལྟར། རྒྱ་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མི་སྒེར་དང་ཚོགས་པ། སྒྲིག་འཛུགས། དེ་བཞིན་རྒྱལ་ཁབ་བྱེ་བྲག་པ་སོགས་ལ་གནོན་ཤུགས་སྤྲད་ནས་འགོག་ཐབས་བྱེད་བཞིན་ཡོད་སྟབས། རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་གལ་ཏེ་ང་ཚོས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁ་ཁུ་སིམ་པོར་བཞུགས་ཚེ་འཛམ་གླིང་ས་ཕྱོགས་གཞན་ཅི་འདྲ་ཞིག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མོལ་བྱ་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་མེད་པ་ཆགས་ངེས་རེད་ཅེས་ནན་བརྗོད་གནང་འདུག དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Eliot Engel མཆོག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནི་འཛམ་གླིང་གི་མང་ཚོགས་ཀུན་ལ་སྙིང་སྟོབས་སྤེལ་གནང་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཅེས་གསུངས་པ་མ་ཟད། རྒྱ་གར་གཞུང་ནས་ད་བར་༸གོང་ས་མཆོག་དང་བོད་མིར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་མུས་ཡིན་པར་བསྔགས་བརྗོད་གནང་འདུག ལྷག་དོན་བལ་ཡུལ་སྲིད་གཞུང་ལ་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཐོག་བསམ་ཤེས་གནང་ནས་ཁོང་རྣམ་པར་དགོས་ངེས་ཀྱི་ཐོབ་ཐང་ཁག་ངེས་པར་དུ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག སྐུ་ཞབས་ Eliot Engel མཆོག་གིས་ཨ་རིའི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་དང་བོད་མི་རྣམས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དབར་འགལ་ཟླ་རྩ་བ་ནས་མེད་སྟབས། རྒྱ་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གང་མགྱོགས་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་མིར་རང་དབང་ཐོག་ནས་རང་གི་ཐུན་མིན་ཆོས་རིག་དང་སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་གནང་བཅུག་དགོས་པར་འབོད་སྐུལ་གནང་པ་མ་ཟད། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་རྩ་བ་ནས་བྱ་རྒྱུ་མེད་པ་དང་། གནད་དོན་དེ་བོད་མི་དང་ལྷག་དོན་༸གོང་ས་མཆོག་༸སྐུ་ཉིད་ནས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ཡིན་པར་ནན་བརྗོད་གནང་འདུག སྐུ་ཞབས་ཁོང་གིས་ད་ཆ་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་ཨ་རིའི་ཐེབས་རྩ་ཁང་བརྒྱུད་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་སྦྱོར་རྒྱུའི་ཨ་རིའི་རོགས་དངུལ་ཕོན་ཆེ་ཞིག་ཇེ་ཉུང་གཏོང་རྒྱུའི་སྲིད་བྱུས་དེར་སེམས་འཚབ་དང་འབྲེལ། སྲིད་བྱུས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ལྷག་དོན་མང་གཙོ་ཚོགས་པས་ངོ་རྒོལ་ཡོད་ཅེས་གསུངས་པ་མ་ཟད། ད་ལྟའི་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་ཀྱང་བསྐོ་གཞག་གནང་མེད་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དེའི་ཐད་དགོངས་པ་བཞེས་དགོས་པའི་དགོས་འདུན་བཏོན་གནང་འདུག སྐབས་དེར་གཞན་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim McGovern མཆོག་དང་ལྕམ་སྐུ་ Betty McCollum མཆོག་དང་ལྕམ་སྐུ་ Pramila Jayapal མཆོག་བཅས་གྲོས་ཚོགས་འཐུས་མི་གཞན་ཚོས་ཞལ་གཅིག་གྲག་གིས་ཇི་སྲིད་བོད་མི་རྣམས་ལ་རང་དབང་མ་ཐོབ་བར་དུ་ང་ཚོ་ཁྱེད་རྣམས་དང་ཁ་བྲལ་གྱི་མ་རེད་ཅེས་དང་། དམིགས་བསལ་༸གོང་ས་མཆོག་གང་མགྱོགས་བོད་ལ་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་ཐབས་ཤེས་སྒོ་ཀུན་ནས་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད། གཞི་རྩའི་ད་རེས་བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཁོངས་སུ་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་དང་ལྕམ་སྐུ་ Joyce Beatty མཆོག ལྕམ་སྐུ་ Judy Chu མཆོག་དང་ལྕམ་སྐུ་ Beatty McCollum མཆོག ལྕམ་སྐུ་ Pramila Jayapal མཆོག་བཅས་བེུད་གྲོས་ཚོགས་འཐུས་མི་ལྔ་དང་སྐུ་ཞབས་ Jim McGovern མཆོག་དང་སྐུ་ཞབས་ Eliot Engel མཆོག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Sensenbreaner མཆོག་བཅས་གྲོས་ཚོགས་འཐུས་མི་བརྒྱད་དང་གཞན་ཡང་ཁོང་རྣམས་དང་ལྷན་དུ་གཞུང་འབྲེལ་ལས་བྱེད་ཁག་ཅིག་བཅས་ཁྱོན་བསྡོམས་ལས་བྱེད་ ༣༠ ལྷག་ཕེབས་ཡོད་པ་རེད།

ཨ་རིའི་ཆེས་མཐོའི་སྐུ་ཚབ་ནས་རྒྱ་གར་གཞུང་མང་ལ་བཀྲིན་ཆེ་ཞེས་གསུངས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ད་རེས་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྗེས་ཁ་སང་དང་ཁ་ཉིན་བཅས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendrea Modi མཆོག་གིས་གཙོས་བདེ་སྲུང་དང་དཔལ་འབྱོར་བློན་ཆེན་སྐུ་ཞབས་ Arun Jaitley མཆོག་དང་། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Subrahmanyam Jaishankar མཆོག་སོགས་རྒྱལ་ཁབ་ཀྱི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ནས་ཕྱོགས་གཉིས་དབར་ཐུན་མོང་གི་གནད་དོན་དང་འབྲེལ་ཚད་མཐོའི་ཆབ་སྲིད་ཀྱི་བཀའ་མོལ་བྱུང་འདུག་པ་མ་ཟད། ཁྱད་པར་དུ་ཨ་རིའི་གཞུང་འབྲེལ་སྐུ་ཚབ་རྣམ་པས་ཁ་སང་གི་གོ་སྐབས་དེའི་ཐོག་ནས་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་རྣམས་ལ་རྒྱ་གར་གཞུང་མང་ནས་༸གོང་ས་མཆོག་གི་བཞུགས་གནས་རྡ་རམ་ས་ལ་ཕུལ་ཏེ་གདན་ཞུ་སྣེ་ལེན་གནང་པ་དང་། བོད་མིར་རྒྱབ་སྐྱོར་གནང་པར་བཀའ་དྲིན་ཆེ་ཞུ་དང་ཐུགས་རྗེ་ཆེ་ཞེས་གསུངས་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཨ་རིའི་སྐུ་ཚབ་རྣམ་པ་དང་རྒྱ་གར་གཞུང་འབྲེལ་དཔོན་རིགས་ཚོ་དང་མཇལ་མོལ་སྐབས་སྲིད་བློན་ Modi མཆོག་གིས་རྒྱལ་ཁབ་གཉིས་ཀྱི་མཉམ་སྦྲེལ་གྱི་ལས་དོན་སྤེལ་ཕྱོགས་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པའི་ངོས་ནས་དབྱེར་མེད་ཀྱིས་རྒྱབ་སྐྱོར་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། སྲིད་བློན་མཆོག་ནས་རྒྱ་གར་དང་ཨ་རི་གཉིས་དབར་འབྲེལ་བ་ཇེ་བཟང་དུ་གཏང་རྒྱུ་ཡིན་པ་སོགས་གསུངས་འདུག

ཨ་རིའི་ཁོར་ཎེལ་གཙུག་ལག་སློབ་གཉེར་ཁང་ནང་བསྐྱར་དུ་བོད་མིའི་རང་ལུས་མེར་སྲེག་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དབུ་འཛུགས་གནང་པ།

ཉེ་སྔོན་ཨ་རིའི་ Cornell གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དུ་ཟླ་བཞི་པའི་ཟླ་དཀྱིལ་ཙམ་ལ་བོད་མིའི་རང་ལུས་མེར་སྲེག་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་པ་ལས་པར་ཁག་ཅིག་རྐུ་ཁྱེར་ཤོར་བའི་གནས་ཚུལ་ཐོན་རྗེས་འགྲེམས་སྟོན་གོ་སྒྲིག་པ་ Tibet Initiative at Cornell བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཁ་ཉིན་རེས་གཟའ་ཟླ་བ་ཉིན་ནས་བསྐྱར་དུ་པར་གསར་བསྐྲུན་དང་འགྲེམས་སྟོན་དབུ་འཛུགས་གནང་འདུག རྩ་བའི་ཟླ་བ་སྔོན་མའི་ནང་དུ་ཁོར་ཎེལ་གཙུག་ལག་སློབ་གཉེར་ཁང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative ཡིས་གོ་སྒྲིག་འོག་བོད་ནང་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པའི་ཁྲོད་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༤༦ ལྷག་གིས་རང་ལུས་མེར་བསྲེགས་གནང་ཟིན་པའི་ཛ་དྲག་གི་གནད་དོན་ཐད་གོ་རྟོགས་གོང་འཕེལ་ཡོང་ཕྱིར་ Arts Quad ཞེས་པའི་སློབ་གཉེར་ཁང་དེའི་སྒྱུ་རྩལ་བསྟི་གནས་ཁང་གི་གཞུང་ལམ་གཡས་གཡོན་དུ་བོད་མི་རང་ལུས་མེར་སྲེག་གནང་མཁན་ཁོངས་ནས་བོད་མི་ ༣༤ སྐུ་པར་དང་ལོ་རྒྱུས་འཁོད་པའི་པར་རིས་འགྲེམས་སྟོན་གནང་པའི་ཉིན་དང་པོའི་མཚན་མོར་པར་ཕྱེད་ཀ་ལྷག་རྐུ་ཁྱེར་བྱས་པའི་གནས་དོན་བྱུང་སྟབས། གཙུག་ལག་སློབ་གྲྭ་དེའི་སློབ་མ་ཁྲོད་དུ་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་ཐད་ལ་བསམ་ཚུལ་མི་མཐུན་པ་བྱུང་བཞིན་ཡོད་པ་མངོན་གསལ་ཆགས་ཡོད་པ་རེད། དེ་རིང་ Cornell གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་ད་བར་རྐུ་ཁྱེར་ཤོར་བའི་པར་རིས་རྣམས་ཚུར་རག་མེད་ཀྱང་། འགྲེམས་སྟོན་གོ་སྒྲིག་པ་ཚོས་རེས་གཟའ་ཟླ་བ་ཉིན་ནས་འདྲ་པར་དང་ཡིག་ཆ་རྣམས་བསྐྱར་དུ་དཔར་སྐྲུན་དང་འགྲེམས་སྟོན་དབུ་འཛུགས་གནང་འདུག Tibet Initiative བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་ལགས་ཀྱིས་པར་རྐུ་ཁྱེར་བྱས་པ་དེས་ང་ཚོའི་ཁ་བཀག་ཐབས་བྱེད་ནའང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུའི་འདུན་པར་ཁྱད་གང་ཡང་བཟོ་ཐུབ་མེད། འོན་ཀྱང་པར་དང་ཡིག་ཆ་གསར་བསྐྲུན་ཞུ་བར་དུས་ཚོད་དང་འགྲོ་སོང་འཕར་མ་ཙམ་ཕྱིན་ཡོད་སྐོར་གསུངས་འདུག ད་དུང་ཁོང་གིས་ཉེ་སྔོན་འགྲེམས་སྟོན་ཐེངས་དང་པོ་དབུ་འཛུགས་སྐབས་སུ་མང་ཚོགས་ནས་བོད་ཀྱི་གནད་དོན་ཐད་དགོངས་ཚུལ་འདྲ་མིན་ཡོད་པ་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པ་མ་ཟད། གནད་དོན་དེའི་རྐྱེན་པས་བོད་མིའི་རང་ལུས་མེར་སྲེག་དང་བོད་སྤྱིའི་གནད་དོན་ཐོག་ལ་གོ་རྟོགས་རྒྱ་ཆེ་རུ་ཕྱིན་ཡོད་པ་གསུངས་ཡོད། འགྲེམས་སྟོན་ཐེངས་གཉིས་པའི་ཐོག་མང་ཚོགས་ཀྱི་དོ་སྣང་གནང་སྟངས་རྣམས་འདོད་བློ་ཚིམས་ཡོད་པ་དང་། མ་འོངས་པར་ང་ཚོས་སློབ་གཉེར་ཁང་དེའི་སློབ་དཔོན་ཁག་ཅིག་དང་ཚོགས་པ་གཞན་ཁག་དང་ལྷན་དུ་བགྲོ་གླེང་གོ་སྒྲིག་ཞུ་རྒྱུར་གྲོས་བསྡུར་གནང་ཡོད་པ་སོགས་གསུངས་འདུག རྩ་བའི་འགྲེམས་སྟོན་ཐེངས་གཉིས་པ་འདིའི་ཐོག་འདྲ་པར་རྣམས་ཀྱི་སྤུས་ཚད་དེ་སྔ་ལས་ལེགས་པ་ཡོད་པ་དང། ཉིན་མོ་པར་རིས་རྣམས་འགྲེམས་སྟོན་གནང་རྗེས་སུ་མཚན་མོ་ཕྱིར་བསྡུ་གནང་གི་ཡོད་པ་མ་ཟད། དཔར་སྐྲུན་ཐེངས་གཉིས་པའི་ཐོག་པར་རིས་ཁག་ལ་ཚོགས་པའི་ངོ་དེབ་ཁ་བྱང་སོགས་ཞིབ་ཕྲ་འཁོད་ཡོད་སྟབས། སློབ་ཕྲུག་རྣམས་ནས་དོགས་འདྲི་ཞུ་བློ་ཡོད་རིགས་ནས་འབྲེལ་བ་གནང་སའི་ལམ་ཁ་ཞིག་བསྐྲུན་ཡོད་པ་རེད།  

ཨ་རིའི་གཞུང་འབྲེལ་ཆེས་མཐོའི་སྐུ་ཚབ་རྣམ་པ་༸གོང་ས་མཆོག་དང་མཇལ་མོལ་གནང་པ།

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ནེན་སི་པི་ལོ་སི་མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བརྒྱད་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་བསྟུན། ༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གནང་སོང་། དེ་རིང་ཟླ་ ༥ ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ནེན་སི་པི་ལོ་སི་མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བརྒྱད་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་ཀངྒ་ར་གནམ་ཐང་དུ་ཕེབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སོགས་ནས་དགའ་གུས་ཆེན་པོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང། ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་དེར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་སྲིད་འཛིན་དུ་འཁོད་རྗེས་ཨ་རིའི་གཞུང་འབྲེལ་ཆེས་མཐོའི་མི་སྣ་བཞུགས་སྒར་དུ་ཕེབས་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། གྲགས་འབོར་གྱི་ཆ་ནས་ཨ་རི་ནང་གི་དཔོན་རིགས་དེ་འདྲ་བཞུགས་སྒར་དུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད། ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Betty McCollum མཆོག་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ Joyce Beatty མཆོག་དང་འཐུས་མི་ལྕམ་སྐུ་ Pramila Jayapal མཆོག་དེ་བཞིན་ལྕམ་སྐུ་ Judu Chu མཆོག་བཅས་བེུད་ལྔ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Eliot Engel མཆོགདང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Sensenbrenner མཆོག་བཅས་གྲོས་ཚོགས་འཐུས་མི་བརྒྱད་དང་། གཞན་ཡང་ཁོང་རྣམ་པ་དང་ལྷན་དུ་གཞུང་འབྲེལ་ལས་བྱེད་ཁག་ཅིག་བཅས་ཁྱོན་ལས་བྱེད་ ༣༠ ལྷག་ཕེབས་ཡོད་པ་རེད། སྐུ་ཚབ་རྣམ་པ་ཀངྒ་ར་གནམ་ཐང་ནས་ཐད་ཀར་༸རྒྱལ་བའི་ཕོ་བྲང་དུ་ཕེབས་སོང་བ་དང་། སྐུ་ཚབ་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་ཉིན་དགུང་ལྗགས་སྨིན་ལྷན་བཞེས་དང་མཀའ་མོལ་གནང་རྒྱུའི་མཛད་རིམ་ཞིག་བང་སྒྲིག་འདུག དེ་རྗེས་རྡ་སྟེང་བོད་ཁྱིད་སློབ་གྲྭར་གཟིགས་སྐོར་གནང་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམས་དང་མཇལ་མོལ་གནང་པ་དང་། ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གཟིགས་འབུལ་ཞུ་གནང་གི་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ཨ་རིའི་གཞུང་འབྲེལ་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་པ་དང་འབྲེལ་བཀའ་འདྲི་ཞུས་པ། ཁོང་གིས་ད་ལན་ཨ་རིའི་གཞུང་འབྲེལ་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་ཐུབ་པ་དེས་ཨ་རི་གཞུང་དམངས་གཉིས་ཀྱི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པའི་རྣམ་པ་མངོན་གསལ་གནང་ཐུབ་པ་བྱུང་སྐོར་སོགས་གསུངས་སོང་། རྩ་བའི་སང་ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཨ་རིའི་གཞུང་འབྲེལ་ཆེས་མཐོའི་སྐུ་ཚབ་རྣམ་པ་ཆེད་ཕེབས་ཐོག་བོད་མིའི་སྒྲོག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོར་ཚོགས་ཀྱི་ཡོད་པ་རེད།  

དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་ཞིག་གི་འགྲེམས་སྟོན་ནས་་བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱེད་དགོས་བྱུང་འདུག

དབྱིན་ཡུལ་གྱི་ Norwich གྲོང་ཁྱེར་ནང་དུ་རྟེན་གཞིན་བྱས་པའི་ East Anglia གཙུག་ལག་སློབ་གཉེར་ཁང་དུ་ཉེས་ཆར་སློབ་མ་རྣམས་ཀྱིས་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་རྒྱལ་སྤྱིའི་ལས་རིམ་ཞིག་གོ་སྒྲིག་གནང་པ་དེའི་ཐོག་བོད་ཀྱི་རྒྱལ་དར་ཡང་སྒྲེང་འཛུགས་གནང་ཡོད་ཀྱང། སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་མ་ཁག་ཅིག་ནས་ཞུ་གཏུགས་བྱས་པར་བརྟེན་བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱས་པ་དང་སྦྲགས་ཁོ་ཚོར་བཟོད་གསོལ་ཡང་ཞུས་འདུག གཙུག་ལག་སློབ་གཉེར་ཁང་དེའི་སློབ་མའི་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་མཐུད་པ་ Malaika Jaovisidha ལགས་ཀྱིས་བོད་ཀྱི་རྒྱལ་དར་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་དུ་སློབ་ཁང་དེར་བོད་པའི་སློབ་ཕྱུག་གི་མཐུན་ཚོགས་ཤིག་ཟུར་དུ་མེད་པས་གནང་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་ Shanghai ནས་ཡིན་པའི་སློབ་མ་ Kai Wang ཡིས་གོ་སྒྲིག་པར་བོད་ཀྱི་རྒྱལ་དར་དེ་འཕྲད་དུ་ཕྱིར་འཐེན་མ་བྱེད་ཚེ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འབྲེལ་གཏུགས་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་དང་འབྲེལ་རང་ཉིད་ཀྱི་ངོ་དེབ་ཐོག ‘’ང་ནི་གནད་དོན་འདིར་ཁོང་ཁྲོ་ལངས་སོང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་དེ་ནི་ཧོང་ཀོང་ལྟ་བུའི་དམིགས་བསལ་རང་སྐྱོང་སྡེ་ཚན་ཞིག་ཀྱང་མ་རེད། རྒྱལ་དར་དེས་ཁ་བྲལ་རིང་ལུགས་མཚོན་གྱི་ཡོད། ཁྱེད་ཀྱིས་དེ་མང་གཙོར་ངོས་འཛིན་གྱི་ཡོད་ཀྱང་། ངས་དེ་ནི་རྨོངས་དད་ཅན་ལ་ངོས་འཛིན་གྱི་ཡོད་ཅེས་མཆན་བཀོད་ཡོད་འདུག གཞན་ཡང་གཙུག་ལག་སློབ་གཉེར་ཁང་གི་ལས་རིམ་དེའི་ཐོག་ཐེ་ཝན་གྱི་རྒྱལ་དར་ཡང་སྒྲེང་འཛུགས་བྱས་པ་དེ་མཚུངས་ཕྱིར་འཐེན་བྱ་དགོས་པ་བཤད་ཀྱང། སློབ་གཉེར་ཁང་དེའི་ནང་གི་ཐེ་ཝན་སློབ་མའི་མཐུན་ཚོགས་ཀྱིས་དེར་འགག་པ་རྒྱབ་སྟབས། ཐེ་ཝན་གྱི་རྒྱལ་དར་དེ་རང་འཇགས་བཞག་ཡོད་པ་རེད། གཞི་རྩའི་ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་རྟེན་གཞིན་བྱས་པའི་གཙུག་ལག་སློབ་གཉེར་ཁང་དུ་མའི་ནང་དུ་སློབ་ཞུགས་བྱེད་མཁན་རྒྱ་རིགས་སློབ་མ་ལོ་རེ་བཞིན་ཇེ་མང་དུ་འགྲོ་མུས་ཡིན་པ་དང་། གཙུག་ལག་སློབ་ཁང་མང་དག་ཅིག་གིས་༸གོང་ས་མཆོག་སློབ་གཉེར་ཁང་དུ་བཀའ་སློབ་བསྩལ་བར་གསོལ་འདེབས་ཞུས་པ་མ་ཟད། བོད་དོན་དང་འབྲེལ་བའི་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་སྐབས་རྒྱ་རིགས་སློབ་མ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་འདི་བཞིན་བོད་དོན་གླེང་སློང་སོགས་གནང་པར་ཆེས་བཀག་སྡོམ་བྱས་པའི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པ་རེད། ཉེ་ཆར་ཨ་རིའི་ Massachusetts གཙུག་ལག་སློབ་གཉེར་ཁང་གིས་བོད་རིགས་སློབ་མ་ཞིག་ལ་སློབ་མཐར་སོན་པའི་རུ་སྒྲིག་སྐབས་སློབ་ཕྲུག་གཞན་ལྟར་བོད་ཀྱི་རྒྱལ་དར་བསྣམས་བཅུག་མེད་པ་དང་། གཙུག་ལག་སློབ་ཁང་གཞན་ཞིག་ནས་བོད་ཀྱི་རྒྱལ་དར་རྐུ་འཁྱེར་ཤོར་བའི་གནས་ཚུལ་བྱུང་བ་མ་ཟད། ལྷག་པར་དུ་ཨ་རིའི་ San diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་བའི་གནས་ཚུལ་ཡོངས་བསྒྲགས་གནང་མ་ཐག་སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་གནོན་ཤུགས་སྤྲོད་ནས་མཛད་འཆར་ཕྱི་འཐེན་གནང་དགོས་པའི་ཞུ་གཏུགས་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ནས་བལ་པོའི་སྲིད་བློན་མཆོག་ལ་བོད་མིའི་སྐྱབས་བཅོལ་བའི་སྐོར་གླེང་མོལ་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosiམཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༨ ལས་སྒྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ད་རེས་རྒྱ་གར་དང་བལ་ཡུལ་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་དོན་ལྟར། ཁ་སང་ཟླ་ ༥ ཚེས་ ༧ ཉིན་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Pushpa kamal Dahal མཆོག་དང་མཇལ་མོལ་གནང་འདུག་པས་སྐབས་དེར་སྐུ་ཚབ་རྣམ་པས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སྐོར་སོགས་ཨ་རི་དང་བལ་ཡུལ་གཉིས་དབར་གྱི་གནད་དོན་མང་དག་ཅིག་གི་གླེང་མོལ་གནང་འདུག དེ་རིང་བལ་ཡུལ་དང་རྒྱ་གར་གྱི་གསར་ཁང་ཁ་ཤས་ནས་ཐེངས་འདིའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྐོར་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ལྕམ་ Nancy Pelosi མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern མཆོག ལྕམ་ Pramila Jayapal མཆོག་སོགས་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Dahal མཆོག་དང་མཇལ་འཕྲད་སྐབས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་གནང་དགོས་པའི་རེ་འདུན་བཏོན་གནང་འདུག སྐབས་དེར་སྲིད་བློན་ Dahal མཆོག་གིས་སྐུ་ཚབ་རྣམས་ལ་བདོ་མི་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་བྱ་རྒྱུའི་སྐོར་དང་འབྲེལ། བལ་ཡུལ་དེ་རྒྱ་དཀར་ནག་གཉིས་ཀྱི་དབར་གནས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཡུལ་བབ་ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་གནད་དོན་དེའི་ཐོག་བལ་ཡུལ་ལ་དཀའ་ངལ་ཡོད་པ་དེ་སྐུ་ཚབ་རྣམ་པས་མཁྱེན་དགོས་སྐོར་གསུངས་འདུག རྩ་བའི་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ ༡༥ ཙམ་ཡོད་པའི་ནང་དུ་བོད་མི་ ༡༥༠༠༠ ཡས་མས་ཡོད་པ་ཚོད་དཔག་གནང་གི་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ཚུན་ཚད་ནས་སྐྱབས་བཅོལ་ལག་འཁྱེར་བཟོ་མཚམས་བཞག་རྗེས་དེ་རིང་སང་ཉིན་བལ་ཡུལ་ནང་གི་བོད་མི་ཆིག་ཁྲི་བརྒལ་བ་སྐྱབས་བཅོལ་ལག་དེབ་མེད་པའི་དཀའ་ངལ་འཕྲད་མུས་ཡིན་པ་རེད། ཁ་སང་ཟླ་ ༥ ཚེས་ ༧ ཉིན་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པས་བལ་པོའི་སྲིད་བློན་ Dahal མཆོག་གིས་གཙོས་པའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Prakash Sharan Mahat  མཆོག་སོགས་གཞུང་འབྲེལ་དཔོན་རིགས་ཆེ་གྲས་རྣམས་དང་མཇལ་མོལ་སྐབས་བོད་མི་སྐྱབས་བཅོལ་བའི་སྐོར་ཙམ་མ་ཟད། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བེུད་ནུས་སྟོབས་གོང་འཕེལ་སོགས་ཀྱི་སྐོར་ལའང་བཀའ་བསྡུར་གནང་འདུག ཤེས་རྟོགས་བྱུང་བར་དེ་རིང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་བལ་ཡུལ་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང། སང་ཉིན་འདི་ག་བཞུགས་སྒར་དུ་ཕེབས་འབྱོར་གྱི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་འདུག གནངས་ཉིན་ཚེས་༡༠ ཉིན་སྐུ་ཚབ་རྣམ་པས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོར་ལྷན་བཞུགས་གནང་གི་ཡོད་པ་རེད།

ཡུ་རོབ་ལ་ཏི་ཝི་ཡའི་རྒྱལ་ས་རི་ག་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་བཞིན་པ།

རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་ཐོག་ཁ་སང་ཚེས་ ༥ ཉིན་ནས་འགོ་འཛུགས་ཀྱིས་སང་ཉིན་བར་ཉིན་གྲངས་ ༣ རིང་ལ་ Latvia འི་རྒྱལ་ས་ Riga ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོག་པའི་ཚོགས་མི་དང་། བོད་དོན་རྒྱབ་སྐྱོར་བ་གང་ཟག་སྒེར་སོགས་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་ཁྲོད་དུ་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་གྱི་རྣམ་པ་རྒྱ་སྐྱེད་གཏོང་ཐབས་སོགས་དང་འབྲེལ་ནས་རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་འཚོགས་བཞིན་འདུག ཚོགས་འདུ་དེ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལོ་ནི་བོད་དོན་ལས་འགུལ་གྱི་ལོ་ཞེས་ཡོངས་ཁྱབ་གནང་ཡོད་སྟབས། རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་གིས་རྐང་ཡུ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་བསྡུ་བསྐོང་ཐོག་ཚོགས་པ་ཕན་ཚུན་དབར་བོད་དོན་དང་འབྲེལ་བའི་བསམ་ཚུལ་བརྗེ་རེས་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་ལ་གྲོས་བསྡུར་དང་ཟབ་སྦྱོང་ཁག་ཅིག་གནང་མུས་ཡིན་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེའི་ཐོག་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ ༡༥ ཙམ་གྱི་སྐུ་ཚབ་དང་། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་སོགས་ནས་མཉམ་ཞུགས་གནང་འདུག

Latest news