Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་དུ་བོད་དོན་གཏམ་བཤད་གནང་པ།

དེའང་ཁ་སང་ཟླ་ ༣ ཚེས་ ༢༧ ཉིན་དབུ་འཛུགས་ཀྱིས་ཨ་རི་དང་སྦེལ་ཇམ། ཨོ་སི་ཊོ་ལི་ཡ་བཅས་རྒྱལ་ཁབ་གསུམ་ནང་དུ་བོད་དོན་ཞུ་གཏུག་གི་ཉིན་མོ་སྲུང་བརྩི་ཞུས་པའི་ཁྲོད། དེ་དག་གི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་གིས་ཡུལ་སོ་སོའི་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་རེད། དེ་རིང་ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་རུ་ཁག་ཞིག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཇི་ཆགས་སོགས་ཀྱི་སྐོར་སྙན་གསེང་ཞུས་འདུག དེ་ཡང་ཨོ་སི་ཊོ་ལི་ཡ་ནང་དུ་བོད་དོན་ཞུ་གཏུག་གི་ལས་རིམ་གོ་སྒྲིག་གནང་མཁན་ ATC འམ་ Australia བོད་དོན་ལྷན་ཁང་གི་ལས་འགུལ་འགན་འཛིན་གདོང་འདུས་སྐྱིད་འཛོམས་ལགས་སུ་དེ་རིང་གི་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རུ་ཁག་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༣༠ ནས་ ༣༥ བར་མཇལ་འཕྲད་ཞུས་ཐུབ་པ་བྱུང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་དེ་དག་ལ་ད་ལྟའི་བོད་དོན་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་འཐབ་རྩོད་ཀྱི་སྐོར་སྙན་གསེང་ཞུས་པ་དང་འབྲེལ། བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་དེ་དག་གིས་ཀྱང་ཐུགས་སྣང་ཆེན་པོས་གསན་ཞིབ་གནང་སྐོར་གསུངས་སོང་། གཞཡན་ཡང་བོད་མི་གསུམ་ལས་གྲུབ་པའི་རུ་ཁག་ཞིག་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་རེ་དབུ་བཞུགས་ཡོད་པའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་ཚོུད་ ༡ རིང་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་བྱུང་འདུག ཁོང་རྣམ་པས་ཀྱང་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག བོད་མིའི་རེ་འདུན་རྣམས་ཨོ་སི་ཊོ་ལི་ཡ་གཞུང་དང་ལྷག་པར་དུ་རྒྱ་ནག་མཉམ་དུ་འབྲེལ་ཡོད་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་མཆོག་ལ་ངེས་པར་དུ་སྙན་གསེང་ཞུ་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་འདུག དེ་བཞིན་ཡུ་རུབ་རྒྱལ་ཁབ་ Belgium ནང་དུ་ Italy ནས་ཕེབས་པའི་བོད་མི་གཞོན་སྐྱེས་གཉིས་དང། འཇར་མ་ནི།  ཨོ་སི་ཊེ་རི་ཡ།  པོ་ལེནྜི་བཅས་ནས་ཁྱོན་བོད་མི་གཞོན་སྐྱེས་ལྔ་ལས་གྲུབ་པའི་རུ་ཁག་ཞིག་ནས་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་ལྟར། ཁ་སང་ཁུལ་དེར་ལས་འགུལ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་གྱི་ངོས་ནས་བོད་མི་གཞོན་སྐྱེས་དེ་དག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་ལུགས་ཁག་དང་ཡུ་རོབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་འགན་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་ཀྱི་ལས་རིམ་ཞིག་ཚོགས་ཐོག་སྦར་སེལ་སྐུ་ཚབ་དོན་བཅོད་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་གཏམ་ཤད་གནང་མཁན་ཁོངས་སུ་གདན་ཞུས་གནང་འདུག དེ་རིང་སྦར་སེལ་སྐུ་ཚབ་དོན་ཁང་གི་མཐུན་འགྱུར་འོག་བོད་མི་ལས་འགུལ་བ་རྣམས་ནས་སྔར་ལོ་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་སུ་གསར་བཙུགས་ཞུས་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ཚོགས་པའི་ཚོགས་མི་རྣམས་ཀྱི་ལྷན་དུ་མཇལ་འཕྲད་ཞུས་ཡོད་པ་རེད། དེ་མཚུངས་སུ་ཨ་རི་ནང་དུའང་ཁ་སང་ནས་སང་ཚེས་ ༢༩ བར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཨོ་སི་ཊོ་ལི་ཡའི་བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལ་རྗེས་དེད་ཀྱིས་མུ་མཐུད་ངོ་རྒོལ་གནང་བཞིན་པ།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཕྱི་དྲོ་རྒྱ་ནག་གི་སྲིད་བློན་ Li Keqiang ཨོ་སི་ཊོ་ལི་ཡའི་ནང་དུ་གཞུང་འབྲེལ་གྱི་འཚམས་གཟིགས་ཆེད་འབྱོར་བ་དང་བསྟུན། ཡུལ་དེར་གནས་སྡོད་བོད་མི་ཚོས་ཕྱོགས་གང་ས་ནས་རྗེས་དེད་ཀྱིས་མུ་མཐུད་ངོ་རྒོལ་གནང་བཞིན་ཡོད་པ་རེད། དེའང་ཉིན་གྲངས་ལྔ་རིང་གི་གཞུང་འབྲེལ་འཚམས་དེའི་ཁྲོད་ཁ་ཉིན་ཟླ་ ༣ ཚེས་ ༢༣ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་སྦེ་ར་ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་འབྱོར་སྐབས་ཁེན་སྦེ་ར་དང་། སིཌ་ནི། དེ་བཞིན་ནོ་ར་གྲོང་ཁྱེར་གསུམ་གྱི་བོད་མི་ ༢༠༠ སྐོར་ཞིག་གིས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་དེ་བོད་མིའི་ཡིན་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་དང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཆར་བཞིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག དེ་བཞིན་ཁ་སང་ལི་ཁ་ཆང་ཡུལ་དེའི་ Sydney གྲོང་ཁྱེར་ནང་དུ་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཚོང་འབྲེལ་གྱི་ལས་དོན་སྤེལ་བཞིན་པའི་སྐབས་བོད་མི་ལས་འགུལ་བ་ཚོས་གཙོས་པའི་ཤར་ཏུར་ཀིས་ཐན་དང་ཕ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་པ་ཁག་ཅིག་ཀྱང་ཆེད་ཕེབས་ངོ་རྒོལ་ཤུགས་ཆེ་གནང་འདུག ཁ་སང་གི་ངོ་རྒོལ་ལས་འགུལ་དེ་ཡང་ Sydney གྲོང་ཁྱེར་ནང་དུ་མི་མང་ཕོན་ཆེན་འདུ་འཛོམས་བྱུང་བའི་ལྟེ་གནས་ Martin Place ས་གནས་སུ་གནང་ཡོད་པ་དང། ཁུལ་དེའི་རྒྱ་ནག་གཞུང་ཚབ་ཀྱི་མཐུན་འགྱུར་འོག་ལི་ཁ་ཆང་ལ་རྒྱབ་སྐྱོར་གྱི་དགའ་བསུ་ཞུ་མཁན་རྒྱ་རིགས་སློབ་ཕྲུག་ཁག་ཅིག་དང་བོད་མི་ལས་འགུལ་བ་རྣམས་ས་གནས་གཅིག་ཏུ་ལས་འགུལ་སྤེལ་ཡོད་པ་ལྟར། ཕན་ཚུན་དབར་རྩོད་རྙོག་རིགས་ཕྲན་བུ་བྱུང་འདུག དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་ཨོ་སི་ཊོ་ལི་ཡ་ནང་གི་ཕྱི་དྲོ་ཚོུད་ ༦།༠༠ ཐོག་སིཌ་ནི་གྲོང་ཁྱེར་གྱི་གཞུང་འབྲེལ་གསོལ་སྟོན་ཁང་དུ་རྒྱ་ནག་གི་སྲིད་བློན་འབྱོར་སྐབས་ས་གནས་དེ་ནས་རྒྱང་ཐག་རིང་པོ་མེད་པའི་སར་བོད་མི་རྣམས་ལ་ངོ་རྒོལ་སྐད་འབོད་གནང་རྒྱུའི་ཆོག་མཆན་ཐོབ་དོན་ལྟར། ལི་ཁ་ཆང་བཞེས་ལག་བཞེས་སྐབས་སུའང་བོད་མི་ཚོས་ཚོར་ཤུགས་ཆེན་པོའི་ཐོག་ནས་ངོ་རྒོལ་གནང་ཡོད་པའི་རྣམ་པ་མངོན་རྒྱུ་འདུག རྩ་བའི་རྒྱ་ནག་གི་སྲིད་བློན་ནས་ཉིན་ལྔ་རིང་གི་ Australia འི་འཚམས་གཟིགས་དེ་དེ་རིང་ནས་མཇུག་སྒྲིལ་ཟིན་གྱི་ཡོད་པ་དང་། སང་ཉིན་ New Zealand དུ་ཉིན་བཞི་རིང་གི་སྐོར་བསྐྱོད་ཆེད་ཐོན་གྱི་ཡོད་པ་རེད།  

ལི་ཁ་ཆང་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ས་གནས་བོད་མི་ཚོས་ངོ་རྒོལ་གནང་པ།

ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་ཁུལ་དེར་བསླེབས་པའི་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ཤུགས་ཆེ་གནང་མུས་རེད་འདུག དེའང་རྒྱ་ནག་གི་སྲིད་བློན་ Li Keqiang ཁ་སང་ Australia ནང་དུ་བསླེབས་པ་དང་འབྲེལ། དེ་རིང་རྒྱལ་ས་ Canberra ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་འབྱོར་བ་དང་བསྟུན་ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གནང་བཞིན་ཡོད་པ་མ་ཟད། སང་ཉིན་བོད་མི་ལས་འགུལ་བ་རྣམས་ཀྱིས་ Sydney གྲོང་ཁྱེར་ནང་དུའང་ལས་འགུལ་དེ་མཚུངས་སྤེལ་རྒྱུ་རེད་འདུག དེ་རིང་སྔ་དྲོ་ Li Keqiang ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ་བསླེབས་སྐབས་ཁུལ་དེའི་ས་གནས་ཁག་གསུམ་ནས་ཆེད་འཛོམས་གནང་པའི་བོད་མི་ ༢༠༠ སྐོར་ཞིག་གིས་སྔ་དྲོ་ཚོུད་  ༩།༠༠ ནས་ཉིན་རྒྱབ་ཚོུད་ ༡།༠༠  བར་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་དེ་བོད་མིའི་ཡིན་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་དང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཆར་བཞིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག ལས་འགུལ་སྐབས་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh དང་། Micheal Danby རྣམ་གཉིས་ཆེད་ཕེབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད་འདུག དེ་རིང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་གནང་མཁན་ཁོངས་སུ་བོད་མི་ཙམ་མ་ཟད། ཤར་ཏུར་ཀིས་ཐན་དང་ཕ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་པ་ཁག་ཅིག་ཀྱང་ཆེད་ཕེབས་གནང་འདུག ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྒྱ་ནག་གི་སྲིད་བློན་ལ་ཕེབས་བསུ་ཞུས་ཡོད་པ་དང་། རྒྱ་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ PingLu ཡིས་ AP གསར་སྤེལ་ཁང་ལ་འགྲེལ་བརྗོད་བྱེད་པར་ཁོང་རྣམས་ལ་ཨོ་སི་ཊོ་ལི་ཡ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་རྒྱལ་དར་སྤྲོད་པ་དང་དེ་བཞིན་ཞོགས་ཇ་དང་ཉིན་དགུང་ཞལ་ལག་བཅས་གོ་སྒྲིག་བྱས་ཡོད་སྐོར་བཤད་འདུག རྩ་བའི་དེ་རིང་གི་ལས་འགུལ་མཇུག་སྒྲིལ་ཟིན་རྗེས་བོད་མི་ལས་འགུལ་རྣམས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སིཌ་སི་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ནས་སང་ཉིན་སླར་ཡང་ཁུལ་དེར་རྒྱ་ནག་གི་སྲིད་བློན་འབྱོར་སྐབས་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་ལི་ཁ་བྱང་ཁ་སང་ཨོ་སི་ཊོ་ལི་ཡར་བསླེབས་ཡོད་པ་དང་། ཁོ་པ་ཟླ་འདིའི་ཚེས་ ༢༦ བར་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད་འདུག

རྒྱལ་ཚོགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པ་འཚོག་བཞིན་པའི་ཐོག འཇར་མན་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་འདུག དེ་ཡང་ཕྱི་ཟླ་ ༢ པའི་ཚེས་ ༢༧ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༤ བར་ Swiss ཡི་གྲོང་ཁྱེར་ Geneva ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པ་དེ་འཚོག་བཞིན་ཡོད་པ་ལྟར། ཁས་ཉིན་ཕྱི་ཚེས་ ༡༤ ཡི་ཕྱི་དྲོའི་ལྷན་ཚོགས་ཐོག ཚོགས་མི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ནས་གསུང་བཤད་གནང་རྒྱུའི་ལས་རིམ་སྐབས་འཇར་མན་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་གཉིས་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང། ལྷག་པར་ཏུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སེམས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ། སྐུ་ཚབ་རྣམ་གཉིས་ཀྱི་ངོས་ནས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང། བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་སྐོར་ལ་ཡང་གླེང་སློང་གནང་འདུག

རྒྱ་ནག་གཞུང་གིས་ཨ་རིའི་མི་ནེ་སོ་ཊའི་ Minneapolis གྲོང་སྡེ་ལྷན་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་འཇོག་རྒྱུའི་ཐག་གཅོད་གནང་པར་སྐྱོན་བརྗོད།

ཨ་རིའི་མི་ནེ་སོ་ཊའི་མངའ་སྡེའི་ Minneapolis གྲོང་སྡེ་ལྷན་ཚོགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོད་ཆོད་གཏན་འབེབས་གནང་རྒྱུའི་ཐག་གཅོད་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག དེ་ཡང་ཉིན་ཤས་གོང་ Minneapolis གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ ༡༣ ཟུང་འབྲེལ་གྱིས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་དང་བསྟུན། འདི་ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཁུལ་དེའི་གྲོང་སྡེ་ལྷན་ཚོགས་སུ་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་ཕྱིར་ཉིན་མི་དེ་བཞིན་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོད་ཆོད་གཏན་འབེབས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། གྲོས་ཆོད་དེའི་ནང་ལ་གཙོ་བོ་རྒྱ་གཞུང་གིས་དྲག་པོའི་བཙན་འཛུལ་འོག་འདས་གྲོངས་སུ་འགྱུར་བའི་བོད་མི་ས་ཡ་གཅིག་ལྷག་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ད་བར་སྐུ་ལུས་མེར་བསྲེགས་གནང་པའི་བོད་མི་ ༡༤༥ རྣམས་ཀྱི་བློས་གཏང་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་མ་ཟད། རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་གྱི་གནད་དོན་ཟུང་བཀོད་དང་འབྲེལ། རྒྱ་ནག་གཞུང་ནས་བོད་མིའི་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་སྲུང་བྱེད་དགོས་པ་དང་། ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་ཞུ་འབོད་སོགས་འཁོད་འདུག འོང་ཀྱང་ཁ་ཉིན་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ Chicago ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ Hong Lei ཡིས་ཡིག་ཐོག་བརྒྱུད་ Minneapolis གྲོང་སྡེ་ལྷན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་འཆར་ཡོད་པ་དེར་དགའ་པ་བརྒྱབ་དང་ཆབས་ཅིག  གྲོས་ཆོད་དེས་བོད་དེ་རྒྱ་ནག་རྒྱལ་ཁབ་དང་ཁ་བྲལ་ཐབས་མེད་པའི་རྒྱ་ནང་གཞུང་གི་ལངས་ཕྱོགས་ལ་བརྩི་མེད་བཏང་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་མ་ཟད། དེ་སྔ་བོད་ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རང་དབང་སྒེར་ལངས་གནང་པ་དེ་བོད་མི་རེ་ཟུང་གིས་གོ་སྒྲིག་འོག་བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་གནང་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག Hong Lei ཡིས་དུ་དུང་ Minneapolis གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བོད་ཁ་བྲལ་བའི་ལས་འགུལ་བར་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་དང་མི་ནེ་སོ་ཊའི་དབར་གྱི་ཚོང་དང་ཆབ་སྲིད། དེབཞིན་རིག་གཞུང་དང་ཤེས་ཡོན་བརྗེ་རེས་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་གཞི་བྱ་མི་རུང་བའི་ཉེན་བརྡ་བཏང་འདུག གཞི་རྩའི་མི་ནེ་སོ་ཊའི་ Minneapolis གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་དེ་རིང་ཁུལ་དེར་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་གྲོང་སྡེ་ལྷན་ཚོགས་སུ་འོས་ཤོག་གི་ལམ་ནས་གྲོས་ཆོད་གྲོས་འཆར་ དེའི་ཐོག་མཐའ་མའི་ཐག་གཅོད་གནང་སྟེ། ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་རྒྱུ་ཡིན་ཡིན་པ་རེད། གཞན་ཡང་ཨ་མི་རི་ཀའི་ California འི་གྲོང་ཁྱེར་ Richmond དང་། Berkeley གྲོང་ཁྱེར་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་ལས་འགུལ་སྤེལ་བ་དང་། གསུམ་བཅུའི་དུས་དྲན་ཉིན་མོ་དེ་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་གནང་གི་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ནས་བོད་ནང་གི་རིག་གཞུང་དང་ཆོས་ལུགས་གནས་སྟངས་ལ་བློ་ཚབས་ཡོད་པ་གསུངས་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ ༣༤ པ་དེ་འདི་ལོའི་ཟླ་ ༢ ཚེས་ ༢༧ ཉིན་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར།  ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Zeid Ra’ad Zeid Al-Hussein མཆོག་གིས་ཚོགས་འདུ་དེའི་ཐོག་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བློ་ཚབས་ཡོད་པ་མངོན་གསལ་གནང་པ་དང་སྦྲགས། རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་སྙིང་ལྡན་པའི་གྲོས་མོལ་གནང་རྒྱུ་ཡིན་པ་གསུངས་འདུག དེའང་སྐུ་ཞབས་ Zeid Ra’ad Zeid Al-Hussein མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་གནང་པའི་ནང་། རྒྱ་གཞུང་གིས་ཤིང་ཅང་ནང་གི་ཡུ་གུར་མི་རིགས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བློ་ཚབས་ཡོད། ངོས་ཀྱིས་རྒྱ་ནག་དང་ལྷན་མུ་མཐུད་འབྲེལ་བ་བྱེད་ནས་འགྲོ་བ་མིའི་ཐོབ་ཐང་ཐད་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་བར་འདབ་བརྩོན་ཞུ་རྒྱུ་ཡིན་ཅེས་གསུངས་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ ༣༤ པའི་ཚོགས་དུས་སྔ་རོལ་ཏེ་ཟླ་ ༢ ཚེས་ ༢༤ ཉིན་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེས་མཐོའི་མི་སྣ་དྲུག་གིས་རྒྱ་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་སྐོར་བསྒྲགས་གཏམ་ཞིག་སྤེལ་བ་མ་ཟད། ཁྱད་པར་དུ་གསེར་རྟ་བླ་རུང་ཆོས་སྒར་དང་ཡ་ཆེན་སྒར་གཉིས་ལ་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་གསལ་བཏོན་གནང་ཡོད་པ་རེད། ཁོང་རྣམས་ཀྱིས་ད་དུང་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་བྱེད་བཞིན་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་དམ་བསྒྲགས་བྱས་པ་སོགས་འཁོད་འདུག རྩ་བའི་སྔ་ལོའི་ཟླ་ ༡༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་གསེར་རྟ་བླ་རུང་སྒར་གི་གནད་དོན་ཐོག་གང་མགྱོགས་དོན་ཕན་སོན་པའི་ཕྱག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། འདི་ལོའི་མགོ་སྟོད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་ཀྱང་ཇི་ནི་ཝའི་ནང་འབྲེལ་ཡོད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

བོད་མིའི་རང་དབང་སྒེར་ལངས་ཉིན་མོ་དང་བསྟུན་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཅིག་ཏུ་བོད་ཀྱི་དར་སྒྲེང་འཛུགས།

སང་ཉིན་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གནང་པའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ པ་དང་བསྟུན། ཨ་རི་དང་དབྱིན་ཡུལ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་བོད་ཀྱི་རྒྱལ་དར་སྒྲེས་འཛུགས་གནང་འདུག། དེ་ཡང་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་ཨ་མི་རི་ཀའི་མངའ་སྡེ་ California གྲོང་སྡེ་ལྷན་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱིས་གྲོས་ཆོད་ཅིག་གཏན་འབེབས་གནང་པ་དང་འབྲེལ། ཁ་སང་ཚེས་ ༨ ཉིན་ཁེལ་ཕོ་ནི་ཡའི་བྱང་ཕྱོགས་སུ་ཆགས་པའི་ Richmond གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་ Tom Butt ལགས་ཀྱིས་ཁུལ་དེའི་གྲོང་ཁྱེར་ལས་ཁུངས་ཨ་མའི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་པ་དང་འདི་བཞིན་གཟའ་འཁོར་གཅིག་གི་རིང་ལ་འཇོག་གནང་རྒྱུ་ཡིན་འདུག མངའ་སྡེ་དེའི་ Berkeley གྲོང་སྡེ་ལྷན་ཚོགས་ཀྱིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་པ་དང་འབྲེལ་ནས་སང་ཉིན་གསུམ་བཅུའི་དུས་དྲན་ཉོན་མོར་ས་གནས་སུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ཉིན་འཁྱོངས་རིང་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་འདུག དེ་མཚུངས་སུ་ཁ་ཉིན་ཚེས་ ༧ ཉིན་དབྱིན་ཡུལ་གྱི་ Northampton གྲོང་སྡེའི་སྤྱི་ཁྱབ་པ་ Christopher Malpas ལགས་དང་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་གཞོན་སྐུ་ཞབས་ Phil Larratt ལགས་རྣམ་གཉིས་ཀྱིས་གཙོས་པའི་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས། ས་གནས་མང་ཚོགས་ ༡༥༠ ལྷག་མཉམ་ཞུགས་ཀྱིས་ Northampton གྲོང་སྡེའི་ཚོམས་ཆེན་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་ Northampton གྲོང་སྡེའི་ངོས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པ་དེས་གཞིས་བཞུགས་བོད་མི་ཚོར་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཧ་ཅང་ཤུགས་ཆེ་ཞིག་བཏོན་པ་མ་ཟད། བོད་མི་རྣམས་ནས་ཇི་སྲིད་བོད་མིའི་བདེན་མཐའ་མ་སེལ་བར་དུ་རྒྱ་གཞུང་གི་དབང་བསྒྱུར་ལ་གདོང་ལེན་མུ་མཐུད་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག གྲོང་སྡེ་དེའི་ངོས་ནས་ལོ་མང་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་པར་བཀའ་དྲིན་ཆེ་ཞུས་པ་འབྲེལ། བོད་ལ་མུ་མཐུད་རོགས་རམ་གནང་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུས་འདུག འོན་ཀྱང་རྒྱ་གཞུང་གིས་གནོན་ཤུགས་དང་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་བལ་ཡུལ་གཞུང་གིས་ས་གནས་བོད་མི་རྣམས་ལ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུའི་དུས་དྲན་ཉིན་ཆབ་སྲིད་དང་འབྲེལ་བའི་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་སྲུང་བརྩི་ཞུ་རྒྱུར་ཆོག་མཆན་སྤྲད་མེད་སྟབས། ཁ་ཉིན་ ༣ ཚེས་ ༧ ཉིན་བལ་ཡུལ་བོད་མིའི་དོན་གཅོད་ཁང་གིས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང། དེའི་ནང་བལ་ཡུལ་ནང་སྲིད་དང་རྫོང་ལས་ཁུངས་གཉིས་ནས་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་པའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུ་རྒྱུར་ཆོག་མཆན་གནང་མེད་སྟབས། ས་གནས་བོད་མི་ཚོས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་མི་མང་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་སོགས་རྩ་བ་ནས་མི་གནང་བའི་རེ་སྐུལ་ནན་པོ་གནང་པ་དང་ཆབས་ཅིག ས་གནས་བོད་མི་རྣམས་ནས་ཉིན་དེར་རང་ཉིད་ཀྱི་སྡོད་ཁང་དུ་ཕྱག་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་ལས་ལ་འབད་གནང་ཡོང་བའི་གཞེན་སྐུལ་ཡང་གནང་འདུག གཞི་རྩའི་བ་ཡུལ་གཞུང་དང་རྒྱ་ནག་གཉིས་ཀྱི་དབར་ལ་དཔལ་འབྱོར་དང་འཛུགས་སྐྲུནསོགས་ཀྱི་འབྲེལ་ལམ་ཆེན་པོ་ཡོད་སྟབས། བལ་ཡུལ་གཞུང་ནས་དུ་རྒྱུན་དུ་ས་གནས་བོད་མི་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུའི་དུས་དྲན་གཙོས་པའི་བོད་དོན་དང་འབྲེལ་བའི་བྱེད་སྒོ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། འདས་པའི་ལོ་དུས་ནང་དུའང་ས་གནས་བོད་མི་ལས་འགུལ་བ་ཁག་ཅིག་འཛིན་བཟུང་དང་གཅར་རྡུང་བཏང་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད།

བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་བཏང་དགོས་པ་བརྗོད་འདུག

རྒྱལ་སྤྱིའི་སྨྱུ་གུའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་བཏང་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུག དེའང་རྒྱལ་སྤྱིའི་པན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཟླ་ ༣ ཚེས་ ༡ ཉིན་རྒྱ་གཞུང་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་བཙོན་འཇུག་གིས་ཁྲིམས་ཐག་བཅད་ནས་མི་ལོ་ཧྲིལ་པོ་ ༨ ཟིན་པའི་དུས་དྲན་དང་བསྟུན། ཁོང་གི་དངོས་ཡོད་དོན་གནད་ལ་གཞིགས་ན་ཁོང་གིས་ཞི་བདེའི་ངང་རང་ཉིད་ཀྱི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པ་ལས་ཁྲིམས་འགལ་གྱི་ཉག་ཉེས་གང་ཡང་བསགས་མེད་སྐོར་མངོན་གསལ་གནང་པ་དང་སྦྲགས། རྒྱ་གཞུང་གིས་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་འཛིན་བཟུང་བྱ་དོན་གང་ཡིན་གསལ་བཤད་དགོས་པ་དང་། རྒྱ་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་ཁོང་གློད་བཀྲོལ་བཏང་དགོས་པ། རྒྱ་གཞུང་གིས་ཁོང་གི་སྨན་བཅོས་སོགས་ཀྱི་གནས་སྟངས་ཐད་འགན་ཁུར་འཐུས་ཚང་བྱ་དགོས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༣༥ ནང་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་གསལ་བ་ལྟར་ཁོང་གིས་དེ་དང་འགལ་བའི་ནག་ཉེས་གང་ཡང་བསགས་མེད་པའི་དྲན་སྐུལ་ཞུ་རྒྱུ་མ་ཟད། རྒྱ་གཞུང་གིས་འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་བྱས་པ་དྲན་སྐུལ་གནང་པ་སོགས་ཀྱི་དགོས་འདུན་དོན་ཚན་དྲུག་ཅན་ཞིག་ཆེད་བཀོད་ཀྱིས་མང་ཚོགས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཞུ་སྙན་དེ་གཏང་དགོས་པ་གསུངས་འདུག གཞི་རྩའི་དཀོན་མཆོག་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༡༩༧༠ ལོར་བོད་ནང་འཁུངས་ཤིང་། བོད་ནང་གི་མཆོད་མེ་བོད་ཡིག་གི་དྲ་རྒྱའི་རྩོམ་སྒྲིག་པ་ཡིན་པ་དང་། ཁོང་དང་མདོ་སྨད་ཀན་ལྷོ་རྨ་ཆུ་ཕྱོགས་ཀྱི་གཞོན་སྐྱེས་སྐྱབས་ཆེན་བདེ་གྲོལ་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དེ་གསར་དུ་བཙུགས་པ་དང་། དྲ་རྒྱ་དེའི་ཐོག་ལ་བོད་ཀྱི་སྲོལ་དེང་གཉིས་ཀྱི་རྩོམ་རིག་གི་སྒྱུ་རྩལ་ལམ་ནས་འཕྲིན་གསར་དང་། ལེགས་རྩོམ། ངག་རྩོམ། དེང་རྩོམ། སྒྲ་བརྙན། ཆེད་སྒྲིག་སོགས་སྡེ་ཚན་མང་པོར་དབྱེ་ནས་བོད་ས་ཁྱོན་ཡོངས་ཀྱི་བརྩམས་ཆོས་མང་དག་ཞིག་ཡོད་པ་དང་། དེ་བཞིན་དྲ་རྒྱ་དེར་རྟོག་སྒྱུང་སོགས་བཀོད་ཆོག་པའི་བོད་ནང་གི་ཆེས་ཐོག་མའི་བོད་ཡིག་དྲ་རྒྱ་ཆགས་ཀྱི་ཡོད་པ་རེད། བོད་ནང་ཡོད་པའི་བོད་མི་ཤེས་ཡོན་ཅན་མང་པོས་དྲ་རྒྱ་དེའི་ཐོག་ལ་དགོངས་འཆར་དང་དཔྱད་རྩོམ། མཆན་སོགས་འདྲ་མིན་བཀོད་ནས་དགའ་མོས་ཆེན་པོ་གནང་པར་བརྟེན་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་དེ་སྔ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༡༢ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་འཛིན་བཟུང་གིས་ལོ་ ༡༥ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ལྷག་དོན་སྙན་ཐོ་ཐོན་ཁག་ལ་གཞིགས་ན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ལོར་དམ་བསྒྲགས་ཤུགས་ཆེའི་འོག་བཀག་སྡོམ་བྱས་ཡོད་པ་དང་སྐབས་དེར་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་རྒྱ་གཞུང་གི་ཁོར་ཡུག་ཚན་པའི་ལས་བྱེད་ཀྱི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་བོད་ཀྱི་རྩ་ཐང་སོགས་ཀྱིས་གཙོས་པའི་བོད་རང་གི་ཁོར་ཡུག་ཐོག་ལ་དམིགས་བསལ་གྱི་འགན་ཁུར་བཞེས་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཆེས་ཞན་པོ་ཡོད་པ་མ་ཟད། ཁོང་གི་ནང་མི་རྣམས་ནས་ཁོང་གི་སྨན་བཅོས་ཐད་སེམས་ཚབས་ཆེན་པོ་གནང་བཞིན་ཡོད་འདུག

ཐེ་ཝན་ནང་དུ་བོད་མིའི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་གནང་པ།

འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་པའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ བསླེབ་ལ་ཉེ་བ་དང་བསྟུན། ཁ་སང་ཚེས་ ༥ ཉིན་ཐེ་ཝན་དུ་གནས་སྡོད་བོད་མི་དང་། བོད་རིགས་ཚོགས་པ་དང། ས་གནས་བོད་ཀྱི་གཞོན་ནུ། དེ་བཞིན་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་གཙོས་ཁུལ་དེའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ ༡༧ གྱིས་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་དུ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག དེའང་ཁུལ་དེར་སྤེལ་བའི་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པའི་ལས་འགུལ་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་གྲང་ཛའོ་ལགས། གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི་ལགས་བཅས་ལྷན་བཞུགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༥༨ སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཁོང་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པ་དང་། བོད་ཀྱི་ཆོས་རིག་དང་། སྐད་ཡིག་སྲུང་སྐྱོབ་ཆེད་ཐེ་ཝན་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར། རྒྱ་ནག་གཞུང་གི་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་དོན་ཚན་ཁག་ལ་བོད་མིས་དོན་འཁྱོལ་ཡོང་བར་གནང་ཐབས་ལ་ཞི་དྲག་གཉིས་ཐོག་ནས་གནོན་ཤུགས་སྤྲོད་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག རྩ་བའི་ཐེ་ཝན་ནང་དུ་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་སྔར་ནུབ་དང་དངོས་གཞི་ཉིན་མོ་བཅས་སོ་སོར་དྲན་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་སྤེལ་ཡོད་ཅིང། ཐེངས་འདིའི་ལས་འགུལ་ནང་ཁུལ་དེར་གནས་སྡོད་བོད་མི་གཙོས། ཐེ་ཝན་བོད་དོན་རྒྱབ་སྐྱོར་བ། ཐེ་ཝན་གྱི་གཞོན་སྐྱེས་སོགས་མི་གྲངས་སུམ་བརྒྱ་ལྷག་གིས་རང་མོས་ངང་དངོས་སུ་མཉམ་ཞུགས་གནང་འདུག་པ་མ་ཟད། བོད་དོན་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་ཐེ་པེའི་གཞུང་ལམ་ཐོག་བོད་ཀྱི་རྒྱལ་དར་དང། བོད་དོན་ཆེད་ལོངས་ཤོག་ཅེས་པའི་འཕྲེད་དར་འཕྱར་ཏེ་ཞི་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་གནང་འདུག དེ་མཚུངས་སུ་ལས་འགུལ་བ་ལ་ལས་སྐུ་ཕྱག་ཕུལ་ཞིང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དང་དགོན་ཁག་ལ་དམ་འཛིན་བྱས་པར་ངོ་རྒོལ་མཚོན་ཕྱིར་ཕྱག་གི་ལས་འགུལ་ཞིག་ཀྱང་སྤེལ་གནང་ཡོད་པ་རེད། གཞི་རྩའི་ཁུལ་དེའི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཁ་སང་ཟླ་ ༣ ཚེས་ ༥ ཉིན་ཙམ་མིན་པར་རིང་མིན་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་གནང་པའི་གསུམ་བཅུའི་དུས་དྲན་དངོས་གཞིའི་ཉིན་མོར་མུ་མཐུད་རྒྱལ་ས་ཐེ་པེའི་ནང་དུ་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་རྒྱུ་རེད་འདུག

Latest news