Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་བཏང་དགོས་པ་བརྗོད་འདུག

རྒྱལ་སྤྱིའི་སྨྱུ་གུའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་བོད་ཀྱི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་བཏང་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུག དེའང་རྒྱལ་སྤྱིའི་པན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཟླ་ ༣ ཚེས་ ༡ ཉིན་རྒྱ་གཞུང་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་བཙོན་འཇུག་གིས་ཁྲིམས་ཐག་བཅད་ནས་མི་ལོ་ཧྲིལ་པོ་ ༨ ཟིན་པའི་དུས་དྲན་དང་བསྟུན། ཁོང་གི་དངོས་ཡོད་དོན་གནད་ལ་གཞིགས་ན་ཁོང་གིས་ཞི་བདེའི་ངང་རང་ཉིད་ཀྱི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པ་ལས་ཁྲིམས་འགལ་གྱི་ཉག་ཉེས་གང་ཡང་བསགས་མེད་སྐོར་མངོན་གསལ་གནང་པ་དང་སྦྲགས། རྒྱ་གཞུང་གིས་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་འཛིན་བཟུང་བྱ་དོན་གང་ཡིན་གསལ་བཤད་དགོས་པ་དང་། རྒྱ་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་ཁོང་གློད་བཀྲོལ་བཏང་དགོས་པ། རྒྱ་གཞུང་གིས་ཁོང་གི་སྨན་བཅོས་སོགས་ཀྱི་གནས་སྟངས་ཐད་འགན་ཁུར་འཐུས་ཚང་བྱ་དགོས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༣༥ ནང་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་གསལ་བ་ལྟར་ཁོང་གིས་དེ་དང་འགལ་བའི་ནག་ཉེས་གང་ཡང་བསགས་མེད་པའི་དྲན་སྐུལ་ཞུ་རྒྱུ་མ་ཟད། རྒྱ་གཞུང་གིས་འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་བྱས་པ་དྲན་སྐུལ་གནང་པ་སོགས་ཀྱི་དགོས་འདུན་དོན་ཚན་དྲུག་ཅན་ཞིག་ཆེད་བཀོད་ཀྱིས་མང་ཚོགས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཞུ་སྙན་དེ་གཏང་དགོས་པ་གསུངས་འདུག གཞི་རྩའི་དཀོན་མཆོག་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༡༩༧༠ ལོར་བོད་ནང་འཁུངས་ཤིང་། བོད་ནང་གི་མཆོད་མེ་བོད་ཡིག་གི་དྲ་རྒྱའི་རྩོམ་སྒྲིག་པ་ཡིན་པ་དང་། ཁོང་དང་མདོ་སྨད་ཀན་ལྷོ་རྨ་ཆུ་ཕྱོགས་ཀྱི་གཞོན་སྐྱེས་སྐྱབས་ཆེན་བདེ་གྲོལ་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དེ་གསར་དུ་བཙུགས་པ་དང་། དྲ་རྒྱ་དེའི་ཐོག་ལ་བོད་ཀྱི་སྲོལ་དེང་གཉིས་ཀྱི་རྩོམ་རིག་གི་སྒྱུ་རྩལ་ལམ་ནས་འཕྲིན་གསར་དང་། ལེགས་རྩོམ། ངག་རྩོམ། དེང་རྩོམ། སྒྲ་བརྙན། ཆེད་སྒྲིག་སོགས་སྡེ་ཚན་མང་པོར་དབྱེ་ནས་བོད་ས་ཁྱོན་ཡོངས་ཀྱི་བརྩམས་ཆོས་མང་དག་ཞིག་ཡོད་པ་དང་། དེ་བཞིན་དྲ་རྒྱ་དེར་རྟོག་སྒྱུང་སོགས་བཀོད་ཆོག་པའི་བོད་ནང་གི་ཆེས་ཐོག་མའི་བོད་ཡིག་དྲ་རྒྱ་ཆགས་ཀྱི་ཡོད་པ་རེད། བོད་ནང་ཡོད་པའི་བོད་མི་ཤེས་ཡོན་ཅན་མང་པོས་དྲ་རྒྱ་དེའི་ཐོག་ལ་དགོངས་འཆར་དང་དཔྱད་རྩོམ། མཆན་སོགས་འདྲ་མིན་བཀོད་ནས་དགའ་མོས་ཆེན་པོ་གནང་པར་བརྟེན་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་དེ་སྔ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༡༢ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་འཛིན་བཟུང་གིས་ལོ་ ༡༥ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ལྷག་དོན་སྙན་ཐོ་ཐོན་ཁག་ལ་གཞིགས་ན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ལོར་དམ་བསྒྲགས་ཤུགས་ཆེའི་འོག་བཀག་སྡོམ་བྱས་ཡོད་པ་དང་སྐབས་དེར་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་རྒྱ་གཞུང་གི་ཁོར་ཡུག་ཚན་པའི་ལས་བྱེད་ཀྱི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་བོད་ཀྱི་རྩ་ཐང་སོགས་ཀྱིས་གཙོས་པའི་བོད་རང་གི་ཁོར་ཡུག་ཐོག་ལ་དམིགས་བསལ་གྱི་འགན་ཁུར་བཞེས་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཆེས་ཞན་པོ་ཡོད་པ་མ་ཟད། ཁོང་གི་ནང་མི་རྣམས་ནས་ཁོང་གི་སྨན་བཅོས་ཐད་སེམས་ཚབས་ཆེན་པོ་གནང་བཞིན་ཡོད་འདུག

ཐེ་ཝན་ནང་དུ་བོད་མིའི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་གནང་པ།

འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་པའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ བསླེབ་ལ་ཉེ་བ་དང་བསྟུན། ཁ་སང་ཚེས་ ༥ ཉིན་ཐེ་ཝན་དུ་གནས་སྡོད་བོད་མི་དང་། བོད་རིགས་ཚོགས་པ་དང། ས་གནས་བོད་ཀྱི་གཞོན་ནུ། དེ་བཞིན་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་གཙོས་ཁུལ་དེའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ ༡༧ གྱིས་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་དུ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག དེའང་ཁུལ་དེར་སྤེལ་བའི་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པའི་ལས་འགུལ་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་གྲང་ཛའོ་ལགས། གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི་ལགས་བཅས་ལྷན་བཞུགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༥༨ སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཁོང་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པ་དང་། བོད་ཀྱི་ཆོས་རིག་དང་། སྐད་ཡིག་སྲུང་སྐྱོབ་ཆེད་ཐེ་ཝན་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར། རྒྱ་ནག་གཞུང་གི་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་དོན་ཚན་ཁག་ལ་བོད་མིས་དོན་འཁྱོལ་ཡོང་བར་གནང་ཐབས་ལ་ཞི་དྲག་གཉིས་ཐོག་ནས་གནོན་ཤུགས་སྤྲོད་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག རྩ་བའི་ཐེ་ཝན་ནང་དུ་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་སྔར་ནུབ་དང་དངོས་གཞི་ཉིན་མོ་བཅས་སོ་སོར་དྲན་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་སྤེལ་ཡོད་ཅིང། ཐེངས་འདིའི་ལས་འགུལ་ནང་ཁུལ་དེར་གནས་སྡོད་བོད་མི་གཙོས། ཐེ་ཝན་བོད་དོན་རྒྱབ་སྐྱོར་བ། ཐེ་ཝན་གྱི་གཞོན་སྐྱེས་སོགས་མི་གྲངས་སུམ་བརྒྱ་ལྷག་གིས་རང་མོས་ངང་དངོས་སུ་མཉམ་ཞུགས་གནང་འདུག་པ་མ་ཟད། བོད་དོན་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་ཐེ་པེའི་གཞུང་ལམ་ཐོག་བོད་ཀྱི་རྒྱལ་དར་དང། བོད་དོན་ཆེད་ལོངས་ཤོག་ཅེས་པའི་འཕྲེད་དར་འཕྱར་ཏེ་ཞི་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་གནང་འདུག དེ་མཚུངས་སུ་ལས་འགུལ་བ་ལ་ལས་སྐུ་ཕྱག་ཕུལ་ཞིང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དང་དགོན་ཁག་ལ་དམ་འཛིན་བྱས་པར་ངོ་རྒོལ་མཚོན་ཕྱིར་ཕྱག་གི་ལས་འགུལ་ཞིག་ཀྱང་སྤེལ་གནང་ཡོད་པ་རེད། གཞི་རྩའི་ཁུལ་དེའི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཁ་སང་ཟླ་ ༣ ཚེས་ ༥ ཉིན་ཙམ་མིན་པར་རིང་མིན་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་གནང་པའི་གསུམ་བཅུའི་དུས་དྲན་དངོས་གཞིའི་ཉིན་མོར་མུ་མཐུད་རྒྱལ་ས་ཐེ་པེའི་ནང་དུ་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་རྒྱུ་རེད་འདུག

སུད་སི་བོད་མི་ལས་འགུལ་བར་དྲང་བདེན་དགོས་པའི་ཁྲིམས་གཏུགས་གནང་པ།

 སུད་སིའི་རྒྱལ་ས་ Bern གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་དང་གྲོང་ཁྱེར་ཉེན་རྟོག་པ་གཉིས་ཀྱིས་ཟླ་བ་སྔོན་མའི་ནང་ ཁུལ་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བསླེབས་སྐབས་བོད་མི་ལས་འགུལ་བར་སྔར་ལྷག་དམ་བསྒྲགས་ཀྱིས་འཛིན་བཟུང་བཀག་སྐྱིལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། སྐབས་དེར་ཞི་རྒོལ་གནང་མཁན་དང་ཡུ་རོབ་སྤྱི་ཟུར་དབང་པོ་བཀྲས་མཐོང་ལགས་ཀྱིས་གྲོང་སྡེ་ལྷན་ཁང་དང་ཉེན་རྟོག་པས་སུད་སི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་སྨྲ་བརྗོད་རང་དབང་དང་འདྲ་མཉམ་གྱི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་སྟབས། སུད་སི་ཁྲིམས་ཁང་གིས་བོད་མི་ལས་འགུལ་བའི་ཐོག་དྲང་བདེན་དགོས་པའི་ཁྲིམས་གཏུགས་གནང་འདུག ད་ལན་ཁོང་གིས་སུད་སིའི་རྒྱལ་ས་ Bern གྲོང་སྡེ་ལྷན་ཁང་གི་འཐུས་མི་སྐུ་ཞབས་ Reto Nause ལགས་དང་།  Bern གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་མཚན་ཐོག་ལ་ཉེས་འཛུགས་ཀྱི་ཁྲིམས་ཁང་ལ་ཁྲིམས་གཏུགས་གནང་ཡོད་པ་རེད། ཞི་རྒོལ་གནང་མཁན་དང་ཡུ་རོབ་སྤྱི་ཟུར་དབང་པོ་བཀྲས་མཐོང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པར་ཁོང་གིས་ད་རེས་བོད་མིའི་ལས་འགུལ་བར་བྱུང་བའི་གནས་ཚུལ་དེ་བཞག་པ་ཡིན་ན། མ་འོངས་པར་སུད་སི་ནང་དུ་ཡོད་པའི་བོད་མི་ཙམ་མ་ཟད་རང་དབང་དང་། གཏམ་བརྗོད་རང་དབང་དོན་གཉེར་ཅན་ཚོར་དཀའ་ངལ་འཕྲད་སྲིད་སྐོར་གསུངས་སོང་། རྩ་བའི་ཕྱི་ལོ་ ༡༩༩༩ ལོར་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མིན་སུད་སིར་སླེབས་སྐབས་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་རྐྱེན་རྒྱ་ནག་གི་སྲིད་འཛིན་གྱིས་སུད་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་བའི་གནད་ཚུལ་བྱུང་ཡོད་པ་རེད།   དེ་རྗེས་ཕྱི་ལོ་ ༢༠༡༤ ལོར་སུད་སི་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་གན་རྒྱ་བཞག་ནས་ད་བར་ལོ་  ༡༨ སོང་ཟིན་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིར་སླེབས་སྐབས་སུད་སི་གཞུང་གིས་སྣེ་ལེན་སོགས་ལ་ཡིད་གཟབ་གནང་ཁྲོད། ཟླ་བ་སྔོན་མའི་ནང་སུད་སི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་འབྱོར་སྐབས་སྔ་རྗེས་སུ་བོད་མི་ལས་འགུལ་བ་ ༣༠ ལྷག་འཛིན་བཟུང་དང། ལས་འགུལ་སྤེལ་རྒྱུར་དམ་བསྒྲགས་དང། དེ་བཞིན་བོད་མི་རྣམས་ལ་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་མེད་པར་བརྟེན་དྲ་རྒྱ་དང་བརྒྱུད་ལམ་འདྲ་མིན་ཐོག་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་སུད་སི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། དེ་རྗེས་ཕྱི་ལོ་ ༢༠༡༤ ལོར་སུད་སི་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་གན་རྒྱ་བཞག་ནས་ད་བར་ལོ་  ༡༨ སོང་ཟིན་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིར་སླེབས་སྐབས་སུད་སི་གཞུང་གིས་སྣེ་ལེན་སོགས་ལ་ཡིད་གཟབ་གནང་ཁྲོད། ཟླ་བ་སྔོན་མའི་ནང་སུད་སི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སླེབས་པའི་སྐབས་སུ། སྔ་རྗེས་སུ་བོད་མི་ལས་འགུལ་བ་༣༠ལྷག་འཛིན་བཟུང་དང། ལས་འགུལ་སྤེལ་རྒྱུར་དམ་དྲག་དང། དེ་བཞིན་བོད་མི་རྣམས་ལ་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་མེད་པར་བརྟེན་དྲ་རྒྱ་དང་བརྒྱུད་ལམ་འདྲ་མིན་ཐོག་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་སུད་སུ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་པ་ར་སྤྲོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་ས་རེས་གཟའ་པ་སངས་ཉིན་ཕྱི་ལོ་ ༢༠༡༦ ལོའི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་པའི་ནང་རྒྱ་ནག་གཞུང་གིས་འདས་ལོ་ནང་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་མིའི་ས་ཁུལ་ཁག་ཏུ་གནས་སྡོད་ས་གནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་ཡོད་པ་ར་སྤྲོད་གནང་འདུག འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་བསྡོམས་ ༢༠༠ ལྷག་ཙམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་སྙན་ཐོའི་ནང་རྒྱ་ནག་དང་བོད་ཅེས་པའི་ཚན་པ་ལས།  རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང། ཁ་བྲལ་ལ་གདོང་ལེན་། དེ་བཞིན་གཏེར་ཁ་སྔོག་འདོན་སོགས་ལ་ཁ་གཡར་ཏེ་བོད་མིའི་ཐོུང་མིན་ཆོས་རིག་དང་། སྐད་ཡིག  སྨྲ་བརྗོད་དང་ཆོས་དད། འདུ་འཛོམས། འགྲུལ་བསྐྱོད་བཅས་ཀྱི་མཚོན་པའི་བོད་མིའི་སྤྱི་དམངས་ཐོབ་ཐང་ཡོངས་རྫོགས་ལ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག སྙན་ཐོ་དེའི་ནང་ད་དུང་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་མཚན་སྨད་སྐུར་འདེབས་ཞུས་པ་དང། ཏཱ་ལའི་རུ་ཚོགས་ཟེར་བ་དང་ཕྱིའི་སྟོབས་ཤུགས་ཁག་ནས་རྒྱ་ནག་གི་བདེ་འཇགས་དང་བརྟན་ལྷིང་དཀྲུགས་ཐབས་ཀྱི་ལས་དོན་བརྒྱུད་སྐུལ་བྱེད་བཞིན་པར་སྐྱོན་བྱས་སྐོར་བཀོད་པ་མ་ཟད། བོད་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་དང་བོད་ནང་བསྐྱོད་རྒྱུར་ཡང་བཀག་སྡོམ་ཤུགས་ཆེ་བྱས་རྐྱེན་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དཀའ་གནད་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་པར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་ནན་པོ་གནང་འདུག དེའང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཁུལ་དེའི་ནང་བསྐྱོད་རྒྱུར་བཀག་སྡོམ་དང་གསར་འགོད་པ་དེ་དག་ལ་བཀའ་མོལ་གནང་མཁན་གྱི་བོད་མི་དོ་བདག་དང་། ཁ་པར་དང་གློག་འཕྲིན། དྲ་རྒྱ་སོགས་ཀྱི་བརྒྱུད་ནས་བོད་ནང་གི་ཞི་རྒོལ་ལ་སོགས་པའི་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གནད་དོན་ཕྱིར་འགྱར་བྱེད་མཁན་རྣམས་བཀག་སྡོམ་གྱིས་སུན་གཙེར་བཟོ་བཞིན་ཡོད་པ་མངོན་གསལ་གནང་འདུག གཞུང་གི་བཀའ་འཁྲོལ་ཡོད་པའི་ཕྱི་རྒྱལ་གཞུང་སྐུ་ཚབ་རྣམས་དང་གསར་འགོད་པ་རྣམས་བོད་ནང་བསྐྱོད་ཐུབ་ཀྱང་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་ཚོས་ཁོ་རྣམ་པའི་འཚམས་གཟིགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་སྟབས། སྙན་ཐོའི་ནང་བོད་མིར་དྲག་གནོན་གྱིས་གནས་ཚུལ་འདྲ་མིན་མང་དག་ཞིག་བཀོད་ཡོད་ཀྱང་དེ་དག་ལ་རང་དབང་གི་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་གནང་ཐབས་དཀའ་བ་ཡོད་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ནི་ Trump སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་ཁ་སང་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་འདོན་སྤེལ་གྱི་མཛད་སྒོའི་ཐོག་རྒྱུན་ལྡན་དང་མི་འདྲ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tillerson  མཆོག་བཅར་མེད་སྟབས་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་དང་གནང་མུས་རེད་འདུག ལར་ནས་སྐུ་ཞབས་ Tillerson  མཆོག་གིས་དེ་སྔོན་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་གནས་ཐོག་བསྐོ་གཞག་གནང་པའི་བརྒྱུད་རིམ་ཁྲོད་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ཁྲོད་གོ་སྐབས་འདྲ་མཉམ་བརྗེ་ལེན་བྱེད་དགོས་རྒྱུ་ཞེས་པ་དེ་ཧ་ཅང་གི་གནད་ཆེ་ཡིན་པ་ལྟར། ཁོང་གིས་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང་གཞུང་འབྲེལ་སྐུ་ཚབ་རྣམས་བོད་ལ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་པའི་གནད་དོན་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་དང། གལ་ཏེ་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་བྱུང་ཚེ། རྒྱ་ནག་གི་དཔོན་རིགས་ཚོར་མཐོང་མཆན་སྤྲོད་རྒྱུའི་ཨ་རིའི་གཞུང་གི་སྲིད་བྱུས་ལ་དཔྱད་ཞིབ་གནང་རྒྱུ་ཡིན་པར་ཁས་ལེན་ཞུས་ཡོད་པ་མ་ཟད། བོད་རྒྱ་ཕྱོགས་གཉིས་དབར་བོད་ཀྱི་གནད་དོན་ཐོག་གྲོས་མོལ་ཡོང་ཐབས་དང་༸གོང་ས་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་ཐབས་ཐད་ཁོང་གིས་ཤུགས་སྣོན་རྒྱབ་རྒྱུའི་ཁས་ལེན་ཡང་ཞུས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་བོད་མི་མང་ཚོགས་ཀྱི་ཁྲོད་ནས་རྒྱ་གཞུང་གི་ངོས་ནས་བོད་མི་ཚོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་པའི་འཁོན་འཛིན་ཤུགས་ཆེ་ཡོད་པ་དང། ཐ་ན་ཚོང་གསར་པ་རིགས་འགོ་འཛུགས་བྱེད་སྐབས་བུན་གཡར་དང་འབྲེལ་བའི་ཆོག་མཆན་ཞུ་བར་རྒྱ་རིགས་ལས་བོད་མི་རྣམས་ལ་དཀའ་ངལ་ཆེ་བ་འཕྲད་བཞིན་པ་དང། དེ་བཞིན་བོད་མི་ཚོར་ཕྱིར་བསྐྱོད་ལག་ཁྱེར་བཟོ་རྒྱུར་དཀའ་ངལ་ཤུགས་ཆེ་འཕྲད་པ་མ་ཟད། བོད་མིར་རོགས་རམ་གྱི་ལས་དོན་གཉེར་མཁན་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་འདས་ལོའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་སྤྱི་ཚོགས་ལ་ཕན་པའི་གཞུང་འབྲེལ་མ་ཡིན་པའི་ལས་གཞི་མང་དག་ཞིག་ཆེས་ཉུང་དུ་ཕྱིན་ཡོད་པ་ར་སྤྲོད་གནང་ཡོད། རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་འདས་ལོ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་བོད་མི་ཚོ་ཁྲིམས་མཐུན་མིན་པའི་ཐོག་ནས་འཛིན་བཟུང་དང་། བཙོན་འཇུག་གིས་མནར་གཅོད་བཏང་པ། བཙོན་པ་ཚོར་ཁྲིམས་རྩོད་པའི་མཐུན་རྐྱེན་མེད་པ་བཟོས་པ། རང་ལུས་མེར་སྲེག་གི་གནད་དོན། སྨྲ་བརྗོད་ཀྱི་རང་དབང་དང་གསར་འགོད་པའི་རང་དབང། དྲ་རྒྱའི་རང་དབང། ཤེས་ཡོན་གི་རང་དབང་སོགས་ལ་དམ་བསྒྲགས་བྱས་དང་བྱས་དང་བྱེད་མུ་ཡིན་སྐོར་དོན་ཚན་རེ་རེ་བཞིན་བཀོད་འདུག སྙན་ཐོ་དེར་གཞིགས་ན། རྒྱ་ནག་གི་བཙོན་ཁང་ཁག་ཏུ་ད་ལྟའི་ཆར་བོད་མི་ཆབ་སྲིད་བཙོན་པ་ ༦༥༠ ལྷག་ཡོད་སྐོར་བཀོད་པ་མ་ཟད། དངོས་ཡོད་གྲངས་འབོར་དེ་ལས་མང་བ་ཡོད་པར་ཚོད་དཔག་གནང་བཞིན་འདུག བོད་མི་མང་དག་ཞིག་བཀག་ཉར་ཁང་འདྲ་མིན་ནང་དོ་དམ་བྱེད་བཞིན་ཡོད་སྐོར་ཡང་དོ་ནན་གྱིས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་ཚོས་བོད་ཐོག་དོ་སྣང་གནང་རོགས་ཞེས་འབོད་སྐུལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷོ་མོགས་ཀྱིས་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༩ ཐོག་བོད་དོན་གསུང་བཤད་གནང་པ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་ཚོས་ངེས་པར་དུ་བོད་ཐོག་དོ་སྣང་གནང་རོགས་ཞེས་ཞུས་པ་དང་སྦྲགས། ལྷག་དོན་རིན་པོ་ཆེ་དམ་པའི་གནད་དོན་ལ་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་ཞིག་ཡོང་ཐབས་སུ་རྒྱ་གཞུང་ལ་འདྲི་རྩད་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག དེའང་ཟླ་ ༢ ཚེས་ ༢༠ ཉིན་རྒྱབ་ནས་དབུ་འཛུགས་ཀྱིས་ཁ་སང་བར་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་བསྐོང་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། གསར་འགོད་པ། ཆབ་སྲིད་བཙོན་ཟུར། དེ་བཞིན་གཞུང་འབྲེལ་མིན་པའི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༥༠༠ ལྷག་ཙམ་ལྷན་ཞུགས་གནང་ཡོད་པའི་ཁོངས། ཨུ་རུ་སུ། ཨི་རན། ཊར་ཀི་དང་ཝི་ཏི་ནམ་ལ་སོགས་པའི་རྒྱལ་ཁབ་འདྲ་མིན་ ༡༤ འི་འགྲོ་བ་མིའི་ཐོབ་རྩོད་ལེན་པ་དང་ཆབ་སྲིད་བཙོན་ཟུར་བཅས་ཀྱིས་རང་ཉིས་ཀྱི་ནང་མིར་འཕྲད་པའི་ངལ་བ་རྣམས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བོད་མིའི་ཕྱོགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་ཉི་མ་ལྷ་མོ་ལགས་ཀྱིས་ཁོ་མོ་རང་གི་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་མང་ཚོགས་ལ་བདེན་པ་ར་འཕྲོད་ཡོང་ཕྱིར་ངལ་བ་དུ་མ་བརྒྱུད་ནས་རང་དབང་ལུང་པ་རྒྱ་གར་དུ་བྲོས་བྱོལ་ཕེབས་སྐོར་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༠༢ ལོར་མ་ཉེས་ཁ་གཡོག་འོག་འཛིན་བཟུང་གིས་ལོ་ངོ་ ༡༣ རིང་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་པ་མ་ཟད། མཐར་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་སྐུ་བཀྲོངས་པའི་གནས་ཚུལ་ཐོན་ཚུལ་མངོན་གསལ་གནང་འདུག དེ་བཞིན་ཁོང་གིས་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ད་ཆ་འཛམ་གླིང་འདིའི་ཐོག་སྐུ་འཚོ་བཞུགས་མེད་ཀྱང་། ཁོང་གིས་དུས་ནམ་ཡང་ཡིད་མ་ཞུམ་པར་མུ་མཐུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རིན་པོ་ཆེའི་གནད་དོན་ལ་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་ཡོང་རྒྱུ་དང་། ཁྱད་པར་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་བར་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག ཁོང་གིས་ད་རེས་ཁོང་རང་ཉིད་ཞིང་གཤེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཙམ་མིན་པར་གཞིས་ལུས་རྒྱ་ཆེ་བོད་མི་ཡོངས་ཀྱི་མངོན་འདོད་དང་ངོ་བོ་མཚོན་པའི་ཐོག་ནས་འདིར་བཅར་བ་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་ཚོས་ངེས་པར་དུ་བོད་དོན་ཐོག་དོ་སྣང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོན་ཕན་སོན་པའི་རྒྱབ་སྐྱོར་གནང་བའི་དགོས་འདུན་ཤུགས་ཆེ་བཏོན་འདུག གཞི་རྩའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་དང་། སྔ་ལོའི་ལྷན་ཚོགས་ཐེངས་ ༨ སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལྷན་བཅར་གྱིས་གསུང་བཤད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ Madrid གྲོང་ཁྱེར་དུ་གདན་ཞུའི་སྟ་གོན་གནང་བཞིན་པར་ངོ་རྒོལ།

རྒྱ་གཞུང་འབྲེལ་ཚོགས་ཁག་ཅིག་གིས་ཡུ་རོབ་ Spain གྱི་རྒྱལ་ས་ Madrid གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ལྕམ་ Manuela Carm ena ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་ཞུ་གནང་རྒྱུའི་སྟ་གོན་གནང་བཞིན་པར་ངོ་རྒོལ་བྱས་འདུག དེའང་ཟླ་ ༢ ཚེས་ ༡༥ ཉིན་ Spain གྱི་གསར་ཁང་ Think Spain དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཚེས་ ༡༤ ཉིན་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ Madrid ནང་དུ་ཕེབས་པ་དང་བསྟུན། གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ལྕམ་ Manuela Carmena ལགས་ཀྱིས་སྐུ་ཞབས་ Richard Gere ལགས་དང་མཇལ་འཕྲད་གནང་ཏེ། རིང་མིན་ཕྱི་ཟླ་བཞི་པའི་ནང་ཁུལ་དེར་ཚོགས་གཏན་འཁེལ་བའི་ Forum on Urban Violence and Education for Peace འམ་རྒྱལ་སྤྱིའི་འཚེ་བ་འགོག་སྲུང་དང་ཞི་བདེའི་སློབ་གསོ་ཞེས་པའི་གླེང་སྟེགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཕུལ་རྒྱུའི་ཐོག་གྲོས་བསྡུར་གནང་པ་མ་ཟད། གདན་ཞུ་དེ་ཡང་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་སྐུ་ཞབས་ Richard Gere ལགས་ཀྱི་བརྒྱུད་ནས་ཕུལ་དགོས་སྐོར་སོགས་ཐག་གཅོད་གནང་ཡོད་པ་རེད། འོན་ཀྱང་ཁ་ཉིན་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ཕྱིར་འགྱར་བྱུང་མ་ཐག Madrid ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་པ་ China Co uncil for the Promotion of Peaceful National Reunification འམ་རྒྱ་ནག་མེས་རྒྱལ་གོང་དུ་གཅིག་སྒྲིལ་ལྷན་ཚོགས་ཀྱི་ཚོགས་གཙོ་ Xu Songhua ཡིས་ Madrid གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ཐུགས་ཐག་བཅད་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཁག་མཉམ་འཛོམས་ཀྱིས་མངའ་སྡེ་གཞུང་གི་ཐག་གཅོད་གནང་པ་དེར་མོས་མཐུན་མེད་པའི་ཕྱག་བྲིས་ཤིག་ཀྱང་ཕུལ་འདུག ཕྱག་བྲིས་དེའི་ནང་ཁོང་ཚོས་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་རྒྱལ་སྤྱིའི་གླེང་སྟེགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་རྒྱུའི་ཐུགས་ཐག་བཅད་པར་བློ་ཕམ་ཆེན་པོ་ཡོད་ཅེས་བརྗོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནི་ཞི་བདེ་དང་འཚེ་བ་མེད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་བེད་སྤྱོད་ནས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ལོག་པ་སྤེལ་མཁན་ཞིག་རེད་སྐྱོན་བརྗོད་ཀྱི་འགྲེལ་བརྗོད་བྱས་དང་ཆབས་ཅིག གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་གནད་དོ་ངེས་པར་དུ་ཕྱིར་འཐེན་གནང་དགོས་པ་བརྗོད་འདུག གཞན་ཡང་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་བནས་ས་གནས་བོད་མིའི་འཚོ་ཐབས་དང་དཔལ་འབྱོར་སོགས་ཀྱི་གནས་སྟངས་ཡར་རྒྱས་ཆེན་པོ་བཏང་པ་མ་ཟད། སི་པཎ་ནི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁོངས་ལས་རྒྱ་ནག་དང་ཚོང་འབྲེལ་ལེགས་པའི་རྒྱལ་ཁབ་ཅིག་རེད་ཅེས་བཀོད་འདུག  གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་༸གོང་ས་མཆོག་གདན་ཞུ་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ངེས་མི་རུང་ཚུལ་སོགས་ཀྱང་བཀོད་འདུག ཚོགས་པ་དེ་ནི་ཐོག་མར་ཞི་བའི་ཐོག་ནས་རྒྱ་ནག་གོང་བུ་གཅིག་སྒྲིལ་ཡོང་ཐབས་སུ་གསར་འཛུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ཀྱང་། ཕྱིས་སུ་ ༢༠༠༠ ལོར་ཚོགས་པ་དེའི་ཡན་ལག་ཁག་རྒྱལ་སྤྱིའི་ཐོག་རྒྱ་སྐྱེད་བྱུང་བ་ནས་བཟུང་སྟེ་ཚོགས་པ་དེའི་འགོ་ཁྲིད་རྣམས་རྒྱ་ནག་གཞུང་འབྲེལ་མི་སྣ་ཐད་བསྐོས་ཀྱིས་ ༢༠༠༤ ལོ་ནས་ཚོགས་པ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཐད་ཀའི་བཏང་འཛིན་འོག་བཞག རྒྱལ་སྤྱིའི་ཆབ་སྲིད་ཚོགས་པ་དང་མི་སྣ་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་དང་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་རྒྱ་གཞུང་གི་བསམ་བློ་དང་གཞུང་འབྲེལ་གྱི་དྲིལ་བསྒྲགས་ སྤེལ་མཁན་གཙོ་གྲས་ཤིག་ཆགས་ཡོད། གཞི་རྩའི་ Spain གྱི་རྒྱལ་ས་ Madrid ནང་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་གླེང་སྟེགས་དེ་ནི་རིང་མིན་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་ནས་ཉིན་གྲངས་གསུམ་རིང་ལ་ཚོགས་གནང་གི་ཡོད་པ་དང་། དེའི་ཐོག་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་སྤྱི་ཁྱབ་དང་། ཆབ་སྲིད་མི་སྣ། དེ་བཞིན་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་སྤྱི་ཚོགས་ཞབས་བཞུ་བ་སོགས་མི་སྣ་གཙོ་གྲས་མང་དག་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འགྲོ་བ་མིའི་ཐོབ་ཐང་སོགས་བེད་སྤྱོད་ནས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་གི་འགོ་ཁྲིད་ལ་སྐྱོན་བརྗོད་དང་ངོ་རྒོལ་སོགས་བྱེད་མུས་ཡིན་པ་དང་། དེ་སྔ་མགོན་པོ་༸གང་ཉིད་མཆོག་ཨ་རི་དང་། Slovakia  སོག་ཡུལ། ཨི་ཊ་ལི་སོགས་སུ་ཆིབས་བསྒྱུར་མཛད་སྐབས་ངོ་རྒོལ་བྱས་པ་དང་འདི་བཞིན་ཚོང་འབྲེལ་གྱི་བརྒྱུད་ལམ་ཁག་ཅིག་ཀྱང་བཀག་སྡོམ་བྱས་ཡོད་པ་མ་ཟད། Lady Gaga ལ་སོགས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་མི་ཉུང་བ་ཞིག་ལ་ཡང་ཆབ་སྲིད་ཀྱི་འབྲེལ་བཏགས་འོག་རྒྱ་ནག་ནང་བསྐྱོད་རྒྱུའི་མཐོང་མཆན་མ་སྤྲད་པའི་གནས་ཚུལ་རིམ་ཐོན་བྱུང་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གྲོས་འཐུས་གཅིག་གིས་༸གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་པའི་རེ་བཏོན་གནང་པ།

ཨོ་སི་ཊོ་ལི་ཡའི་ Melbourne མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ MichaelDanby ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཆིབས་བསྒྱུར་བསྐྱང་བཅུག་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་སྐུ་ཞབས་ Michael Danby ལགས་ཀྱིས་ཁ་སང་ཚེས་ ༡༤ ཉིན་རང་ཉིད་ཀྱི་དྲ་གནས་ཐོག་རྒྱ་གཞུང་གི་ངོས་ནས་བོད་ནང་ལ་༸གོང་ས་མཆོག་གི་ཤུགས་རྐྱེན་མེད་པ་བཟོ་ཐབས་ཞེས་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་ཡོད་པ་དང། དེའི་ནང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཐད་ཀར་ཞུ་འབོད་གནང་ཡོད་པ་རེད། ཞི་ཅིང་ཕིང་རང་ཉིད་ཀྱི་ཨ་མ་ལགས་ནང་པ་ཞིག་ཡིན་པའི་ཆ་ནས་ནང་པའི་ཆོས་ལ་དད་གུས་བྱེད་མཁན་ཚོར་རྒྱ་ནག་གཞུང་ཕྱོགས་ནས་ཞེད་སྣང་བྱ་དགོས་ཀྱི་མེད་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། སྲིད་འཛིན་ཞི་ཅིང་ཕིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཆིབས་བསྒྱུར་བསྐྱང་བཅུག་དགོས་པའི་ཞུ་འབོད་གནང་པ་དང་། དེ་བཞིན་ལྕམ་སྐུ་ Nancy Pelosi དབུས་པའི་རྒྱལ་སྤྱིའི་འགོ་ཁྲིད་གཞན་གྱི་ལྷན་དུ་སྐུ་ཞབས་ Michael Danby ལགས་ཀྱིས་ཀྱང་༸གོང་ས་མཆོག་དང་ལྷན་བཅར་ཞུས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་ཡོང་ཐབས་ཀྱི་ལས་དོན་གཟིགས་ཞིབ་གནང་འདོད་ཡོད་སྐོར་གསུངས་འདུག ལྷག་པར་དུ་ཁོང་གིས་ཉེ་ཆར་ཟླ་ ༡ པོའི་ནང་༸གོང་ས་མཆོག་གིས་གནས་ཕྱོགས་རྡོ་རྗེ་གནད་དུ་དཔལ་དུས་ཀྱི་ཁོར་ལོའི་དབང་ཆེན་གྱི་ཆོས་འབྲེལ་སྩལ་སྐབས། འཛམ་གླིང་ཡོངས་ནས་དད་ལྡན་པ་འབུམ་གཉིས་ཙམ་རྡོ་གདན་དུ་གསུང་ཆོས་ཞུ་བར་བཅར་ཡོད་ཀྱང། ༸གོང་ས་མཆོག་ལ་སྙིང་དབུས་ནས་དད་གུས་ཞུ་མཁན་བོད་ནང་གི་བོད་མི་རྣམས་ལ་རྒྱ་གཞུང་གིས་ཆེས་དམ་བསྒྲགས་ཀྱིས་བཀག་སྡོམ་རྐྱེན་པས་མགོན་པོ་༸གང་ཉིད་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུ་བྱུང་མེད་པའི་སྔ་རྗེས་ཀྱི་གནས་ཚུལ་ཁག་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བོད་མི་རྣམས་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་གནང་བཅུག་འདོད་མེད་ཀྱང་། བོད་མི་དེ་དག་རྒྱ་གར་ནང་གནས་མཇལ་དུ་བསྐྱོད་པ་དེ་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནའང་ཕྱིར་བོད་དུ་ལོག་མཁན་ཚོར་ཆབ་སྲིད་ཀྱི་གནད་དོན་བཟོ་བཞིན་པ་ལས་བོད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གི་དགྲ་བོ་སྡུག་ཤོས་དེ་རྒྱ་ནག་རང་ཉིད་ཡིན་སྐོར་གསུངས་འདུག དེ་བཞིན་རྒྱ་གཞུང་གིས་བོད་ནང་དང་རྒྱལ་སྤྱིའི་ཐོག་༸གོང་ས་མཆོག་གིས་ཤུགས་རྐྱེན་མེད་པ་བཟོ་ཐབས་ཀྱི་བྱ་སྤྱོད་ཅིགདང། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བའི་གདན་དོན་ཞིག་ཡིན་པ་མ་ཟད། བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་སོགས་གསུངས་ཡོད་པ་རེད། ཁོང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་ཀྱི་བོད་མི་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་ཆེད་ཡིག་ཆ་མང་དག་ཞིག་བཟོ་དགོས་ཀྱི་ཡོད་པ་དང། རྒྱ་རིགས་རྣམས་ལ་དེ་ལྟར་ཡིག་ཆ་གང་ཡང་དགོས་ཀྱི་མེད་པ་སོགས་གསུངས་པ་དང་ཆབས་ཅིག བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་བསྐྱོད་རྒྱུ་ཙམ་མ་ཟད། རྒྱལ་ཁབ་ཀྱི་ནང་ཁུལ་དུ་འགྲུལ་བསྐྱོད་ཀྱི་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་འདུག གཞན་ཡང་ཁོང་གིས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ། དེ་བཞིན་གཞུང་འབྲེལ་མི་སྣ་རྣམས་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་པའི་ཁར། རྒྱ་གཞུང་གིས་བོད་མིའི་ཞི་བའི་སྒེར་ལངས་སོགས་ཀྱི་ཚོར་བ་རྣོ་བའི་དུས་ཚིགས་ཀྱི་སྔ་རྗེས་སུ་བོད་དེ་ཟླ་བ་གཅིག་ཙམ་རིང་ཕྱི་ལ་སྒོ་མོ་རྒྱབ་པ་སོགས་བརྗོད་ནས་བོད་མིས་ཞི་བའི་སྒེར་ལངས་གནང་པ་ཕྱི་མིར་མཐོང་མི་བཅུག་པའི་གནད་དོན་ཞིག་སྐོར་གསུངས་པ་དང་འབྲེལ་ཏེ་བོད་ནང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ངོ་རྒོལ་དང་སྐྱོན་བརྗོད་གནང་དགོས་པའི་རེ་འདུན་བཏོན་འདུག རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་མི་སྣ་རྣམས་Australia ནང་དུ་ཡང་ཡང་ཡོང་བཞིན་པར་ Australia གཞུང་ནས་བཀག་འགོག་གནང་གི་མེད་པ་ལྟར། དས་པའི་ལོ་ ༢ ཙམ་གྱི་རིང་ལ་ Australia གྲོས་ཚོགས་འཐུས་མི་རུ་ཁག་ཞིག་བོད་དུ་བསྐྱོད་རྒྱུའི་ཞུ་སྙན་ལ་རྒྱ་གཞུང་གིས་ད་བར་དང་ལེན་བྱས་མེད་པ་གསུངས་པ་དང་སྦྲགས། Reciprocal Access ཞེས་རྒྱ་ནག་གི་མི་སེར་དང་གསར་འགོད་པ། དེ་བཞིན་གཞུང་གི་སྐུ་ཚབ་མི་སྣ་སོགས་ Australia ནང་དུ་བཀག་སྡོམ་མེད་པར་ཡོང་བཅུག་དོན་བཞིན་Australia མི་སྣ་རྣམས་ལའང་དེ་མཚུངས་གནང་དགོས་སྐོར་སོགས་གསུངས་འདུག སྐུ་ཞབས་ Michael Danby ལགས་ཀྱིས་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་རང་བཙན་འཐབ་རྩོད་ཀྱི་སྲིད་བྱུས་ཤིག་མིན་པ་དང། ༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་སྟབས། སྲིད་འཛིན་ཞི་ཅིང་ཕིང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་ལ་བསྒྱུར་བཅོས་གནང་དགོས་པ་དང། Australia གཞུང་གི་ངོས་ནས་ཀྱང་གྲོས་ཚོགས་སྐབས་གནད་དོན་དེའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་བོད་ནང་བསྐྱོད་འཆར་གྱི་ལས་གཞིས་བཅས་ལ་རྒྱབ་སྐྱོར་བསྐྱར་གསོ་གནང་དགོས་པའི་ཞུ་འབུལ་ཤུགས་ཆེ་གནང་འདུག

དབྱིན་ཡུལ་དུ་ཚོགས་པའི་ Lush Summit ཐོག་སྒྱུ་རྩལ་གྱི་ལམ་ནས་རྒྱ་གཞུང་གི་བྱ་སྤྱོད་ལ་འགོག་རྒོལ།

དབྱིན་ཡུལ་ནང་ཕྱི་ལོ་ ༢༠༡༧ ལོའི་ Lush Summit ཞེས་པའི་འདུ་འཛོམས་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་དང་བོད་པའི་རྩོམ་པ་པོ། དེ་བཞིན་ཟིན་བྲིས་བ་ཁག་ཅིག་གིས་སྒྱུ་རྩལ་གྱི་ལམ་ནས་རྒྱ་གཞུང་གི་དྲག་པོའི་བྱ་སྤྱོད་ལ་འགོག་རྒོལ་གནང་འདུག དེ་ཡང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Lush བྱུག་རྫས་བཟོ་གྲྭས་གོ་སྒྲིག་འོག་ཁུལ་དེའི་རྒྱལ་ས་London ནང་དུ་ཟླ་འདིའི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་ལ་ ༢༠༡༧ ལོའི་ Lush Summit ཞེས་པའི་འདུ་འཛོམས་ཚོགས་ཡོད་པ་རེད། འདུ་འཛོམས་དེའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངེས་བསྟོན་པ་ Alison Reynolds ལགས་ཀྱིས་གཙོས་པའི་ལས་བྱེད་ཁག་ཅིག་དང་། དབྱིན་ཡུལ་ནང་བཅའ་བསྡོད་རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་དང་། ལྷ་དཀར་ཉིན་དེབ་ཅེས་པའི་དྲ་ཚིག་གསར་གཏོད་པ་ཀུན་བཟང་སྐལ་ལྡན་ལགས་སོགས་མཉམ་ཞུགས་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་བོད་མིའི་འཐབ་རྩོད་སྐོར་མང་ཚོགས་ལ་གཏམ་བཤད་གནང་འདུག སྐབས་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངེས་བསྟོན་པ་ Alison Reynolds ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་དང་འདུ་འཛོམས་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་མེད་པ་མ་ཟད། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་འགྲོ་འོང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་སྐོར་སོགས་ངོ་སྤྲོད་གནང་འདུག བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་བོད་མི་ ༡༤༠ ལྷག་གིས་སྐུ་ལུས་ཞུགས་འབུལ་གནང་པའི་དངོས་ཡོད་གནས་ཚུལ་རྣམས་མང་ཚོགས་ལ་འགྲེལ་བརྗོད་ནན་པོ་གནང་ཡོད་པ་རེད། རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ཀྱིས་རྒྱ་ནག་ལ་ཡོད་པའི་བོད་པིའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་གཞུང་གི་གནོན་ཤུགས་སོགས་ལ་མ་ལྟོས་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དཔྱད་རྩོམ་རིགས་རྒྱལ་སྤྱིའི་ཐོག་སྤེལ་བཞིན་ཡོད་པ་མང་ཚོགས་ལ་ངོ་སྤྲོད་གནང་པ་ཆབས་ཅིག གཞུང་གི་སྲིད་བྱུས་འོག་བོད་པའི་གཞས་པ་གཞས་མ་དང་རྩོམ་པ་པོ་རྣམས་ལ་བསམ་བརྗོད་ཀྱི་རང་དབང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་སྐོར་མངོན་གསལ་གནང་འདུག ལྷ་དཀར་ཉིན་དེབ་ཀྱི་དྲ་ཚིག་གསར་གཏོད་པ་ཀུན་བཟང་སྐལ་ལྡན་ལགས་ཀྱིས་ཀྱང་ལྷ་དཀར་ལས་འགུལ་གྱི་བྱུང་རབས་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་སྒྱུ་རྩལ་བ་ཚོའི་ཕྱག་ལས་གནང་ཕྱོགས་སྐོར་ལ་ཡང་ངོ་སྤྲོད་གནང་ཡོད། གཞི་རྩའི་ད་ལན་ Lush Summit ཞེས་པའི་འདུ་འཛོམས་དེའི་ཐོག་ Lush བཟོ་གྲྭའི་ཐོན་སྐྱེད་ཁག་མང་ཚོགས་ལ་འགྲེམས་སྟོན་དང་རིན་མེད་ཐོག་འགྲེམས་སྤེལ་གནང་པ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་དང་ཁོར་ཡུག་གི་གནད་དོན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སེམས་ཅན་གྱི་རང་དབང་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་པ་འདྲ་མིན་གྱི་ལས་འཆར་དང་འཐབ་རྩོད་བཅས་ཀྱི་སྐོར་མང་ཚོགས་ལ་མངོན་པ་གསལ་བའི་འགྲེལ་བརྗོད་ཞུ་རྒྱུའི་སྡིངས་ཆ་ཞིག་ཀྱང་བསྐྲུན་ཡོད།

ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་གསར་དུ་བསྐོ་གཞག་གནང་པའི་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་འདུག ཁ་སང་ཟླ་ ༢ ཚེས་ ༡ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནས་མང་མོས་ཐོག་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྱི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐུ་ཞབས་ Rex Tillerson ལགས་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་དང་འབྲེལ་ཨ་རི་དང་རྒྱ་ནག དེ་བཞིན་བོད་བཅས་ཀྱི་གནད་དོན་སྐོར་བཀའ་འདྲི་ཁག་ཅིག་ཞུས་པར།  སྐུ་ཞབས་ Rex Tillerson ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཁྲོད་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆབ་སྲིད་བཙོན་པའི་གནད་དོན་རྣམས་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། ལྷག་པར་དུ་ཆོས་དད་ཀྱི་རང་དབང་གཙོ་འཛིན་གྱིས་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུའི་རྗེས་འབྲང་པ་དང་ཕ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་གནང་མཁན་ཚོའི་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ལོ་འཁོར་སྙན་ཐོའི་ནང་དམིགས་བཀར་གྱིས་ཟུར་བཀོད་གནང་རྒྱུ་ཡིན་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་དང་འབྲེལ་གསུངས་པར་ཨ་མི་རི་ཀའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཉིས་ཀྱི་དབར་ལ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་སྐད་ཡིག་སོགས་མི་རིགས་ཀྱི་ངོ་བོ་མཚོན་པར་བྱེད་པའི་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པའི་སྐུལ་མ་ཡང་གནང་འདུག དེ་བཞིན་ཁོང་གིས་གདེང་ཚོད་ཆེན་པོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམས་ཞིབ་པ། སྤྱི་མང་ཐོབ་ཐང་གི་ལས་འགུལ་བ། རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སྐུ་ཚབ་རྣམས། གཞུང་འབྲེལ་མི་སྣ་སོགས་ལ་མཐོང་མཆན་མ་སྤྲད་པ་དང་།  བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་བསྒྲགས་བཀག་འགོག་བྱེད་བཞིན་པ་དེ་ནི་དཀའ་ངལ་ཞིག་ཡིན་སྟབས། རྒྱ་གཞུང་གིས་གནད་དོན་དེར་བསམ་ཤེས་མ་བྱེད་ཚེ་ཨ་རིའི་ངོས་ནས་ཀྱང་མ་འོངས་པར་རྒྱ་རིགས་གསར་འགོད་པ་དང་ཆབ་སྲིད་མི་སྣ་རྣམས་ཨ་རི་ནང་བསྐྱོད་རྒྱུའི་མཐོང་མཆན་ལ་དམ་བསྒྲགས་དང་ཚོད་འཛིན་བྱ་རྒྱུ་ཡིན་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྲི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་ Texas མངའ་སྡེའི་ནང་རྟེན་གཞི་བྱས་པའི་ Exxon Mobil ཚོང་ལས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་།  ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ལན་ཊམ་མཆོག་གིས་ཁོང་ཕྱི་སྲིད་བློན་ཆེན་གསར་པར་མིང་འདེམས་གནང་དོན་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་འོས་ཤོག་འཕེན་སྐབས་རྒྱབ་སྐྱོར་གནང་མཁན་འོས་གྲངས་ ༡༡ དང་། དགག་པ་གནང་མཁན་འོས་གྲངས་ ༡༠ བྱུང་། དེ་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་འོས་གྲངས་ ༥༦ དང་། དགག་གྲངས་ ༤༣ བར་གནས་ ༡ བཅས་བྱུང་བ་ལས་ཁོང་ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པར་བསྐོ་གཞག་གནང་ཡོད་ཀྱང་། ཨ་རིའི་ཚོང་དང་གསང་བའི་གནས་ཚུལ་སོགས་མང་ཚོགས་ཀྱི་ཁེ་ཕན་ཁག་ལ་དོ་ཕོག་ཤུགས་ཆེ་ཐེབས་སྲིད་པ་སོགས་སྐྱོན་བརྗོད་མང་དག་ཞིག་གནང་ཡོད་པ་རེད།

Latest news