Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་ཚོགས་ཀྱིས་རྒྱ་ནག་གིས་ཁྲིམས་རྩོད་པར་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྱི་སྐུ་ཚབ་ལྕམ་སྐུ Mary Lawlor ལགས་ཀྱིས་ Chang Weiping ཞུ་བའི་རྒྱ་རིགས་ཁྲིམས་རྩོད་པ་ཞིག་གིས་རང་ཉིད་རྒྱ་ནག་གིས་བཀག་སྐྱིལ་ཁྲོད་མནར་གཅོད་བཏང་བ་ཕྱིར་བསྒྲགས་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལུང་འདྲེན་དང་འབྲེལ། རྒྱ་ནག་གི་ནང་དུ་ལོ་ལྔའི་གོང་ནས་བཟུང་དམར་ཤོག་སྲིད་གཞུང་གི་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དམིགས་བཀར་གྱིས་དམ་དྲག་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་པ་དེ་ད་དུང་ཡང་མུ་མཐུད་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

རྒྱ་ནག་སླར་ཡང་གསར་འགོད་པ་འཛིན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་སུ་ཐེར་འདོན།

Committee to protect journalist འམ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་འདི་ལོར་རྒྱལ་སྤྱིའི་ཁྲོད་ནད་ཡམས་ཁྱབ་གདལ་དང་ཆབ་སྲིད་ཀྱི་གནད་དོན་བཀོད་ལུགས་དང་འབྲེལ་བའི་གསར་འགོད་པ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་དང་སྦྲགས། རྒྱ་ནག་དེ་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་མངོན་གསལ་གནང་འདུག རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་སྐུ་ Elana Beiser ལགས་ཀྱིས་འདོན་སྤེལ་གནང་བའི་སྙན་ཐོར་འདི་ལོར་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༧༤ ཙམ་ཞིག་གསར་འགོད་ཀྱི་ལས་དོན་དང་འབྲེལ་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་དང་། ཐོ་གཞུང་དེ་ནི་འདས་པའི་ལོ་དུས་ཁྲོད་གསར་འགོད་པ་འཛིན་བཟུང་བྱས་པའི་གྲངས་ཐོ་མང་ཤོས་ཤིག་ཆགས་ཡོད་པར་གསལ་འདོན་གནང་འདུག་པར་མ་ཟད། དེའི་ཁྲོད་རྒྱ་ནག་ནི་ལོ་གཉིས་བསྟུད་མར་གསར་འགོད་པ་འཛིན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དང་དེ་རྗེས་ཊར་ཀི་ (Turkey) དང་།  ཨི་ཇིབཊ། (Egypt) དེ་བཞིན་སྸ་ཌི་ཨེ་ར་བྷི་ཡ་( Saudi Arabia ) བཅས་ཀྱི་གསར་འགོད་པ་འཛིན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཁོངས་སུ་ཐེར་འདོན་གནང་འདུག ལྕམ་སྐུ་ Elana Beiser ལགས་ཀྱིས་ད་ལན་གསར་འགོད་པ་ ༢༧༤ ཙམ་ཞིག་འཛིན་བཟུང་བྱས་པ་དེ་ནི་ད་བར་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༥༠ ལྷག་བསྟུད་མར་འཛིན་བཟུང་བྱས་པའི་ལོ་ལྔ་པ་དེ་ཆགས་ཀྱི་ཡོད་པ་དང་། མང་གཙོར་རིན་ཐང་གནང་མཁན་གྱི་རྒྱལ་སྤྱིའི་དབུ་ཁྲིད་ཉུང་དྲག་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག  སྙན་ཐོ་དེའི་ནང་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་གསར་འགོད་པ་འཛིན་བཟུང་གི་གྲངས་བཤེར་སྐབས་ཨ་རི་ནང་གསར་འགོད་པ་འཛིན་བཟུང་གི་སྙན་ཐོ་རག་མེད་ཀྱང་། US Press Freedom Tracker ཞེས་པའི་ཞིབ་འཇུག་གནང་བ་ལྟར་ན།  གནང་བ་ལྟར་ན་འདི་ལོར་སྔོན་ཆད་མ་བྱུང་བའི་གསར་འགོད་པ་ ༡༡༠ འཛིན་བཟུང་དང་དེ་བཞིན་ ༣༠༠ ཙམ་ཞིག་ལ་རྒོལ་རྡུང་བྱས་ཡོད་སྐོར་ལུང་འདྲེན་གནང་འདུགལྷག་པར་དུ་སྙན་ཐོ་དེའི་ནང་རྒྱ་ནག་གིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་དང་འབྲེལ་ཏེ་རྒྱ་ནག་ནང་གསར་འགོད་པ་ ༤༧ ཙམ་ཞིག་འཛིན་བཟུང་བྱས་པའི་ཁྲོད་མང་དག་ཅིག་ད་ཆ་བཙོན་འཇུག་གི་དུས་ཡུན་རིང་པོ་ཞིག་གི་འོག་ཁྲིམས་ཐག་བཅད་མྱོང་ཡོད་པ་དང་ཁག་ཅིག་ཤིན་ཅང་ཁུལ་དུ་ནག་ཉེས་ཁ་གསལ་མེད་པའི་འོག་བཙོན་འཇུག་བྱས་ཡོད་པ་འཁོད་འདུག སྤྱིར་རྒྱ་ནག་ནང་འདས་ལོར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱད་གདལ་རྐྱེན་གྱིས་སྲིད་གཞུང་གིས་གཉན་རིམས་ཐད་གནད་དོན་བཀོད་ཚུལ་དང་འབྲེལ་གསར་འགོད་པ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཟླ་ ༡༢ ཚེས་ ༡ ཉིན་གསར་འགོད་པ་གསུམ་འཛིན་བཟུང་བྱས་པའི་ཁོངས་སུ་གཅིག་རང་དབང་ཅན་གྱི་བརྙན་པར་གསར་འགོད་པ་ Zhang Zhan ཆགས་ཀྱི་ཡོད་པ་རེད། ཁོ་མོ་ལྟ་བུར་མཚོན་ན་ Twitter དང་ YouTube སོགས་བརྒྱུད་གཉན་རིམས་རྐྱེན་གྱིས་ས་གནས་ཀྱི་ཚོང་གཉེར་བ་དང་ལས་མི་རྣམས་ལ་ཤུགས་རྐྱེན་སྤྲད་ཚུལ་དང་། དེ་བཞིན་སྲིད་གཞུང་ནས་ནད་ཡམས་ཐད་ཡ་ལན་སྤྲོད་ཕྱོགས་སོགས་ཀྱི་ཐོག་བཅར་འདྲི་བྱས་རྐྱེན་འཛིན་བཟུང་བྱས་པར་གསུངས་འདུག རྒྱ་ནག་སྲིད་གཞུང་གིས་འདས་པའི་དུས་ཡུན་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཕྱིར་འབུད་གཙོས་པའི་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་ཡང་ཐེར་འདོན་གནང་འདུག ཨི་ཇིབཊ་ལྟ་བུར་མཚོན་ན་འདི་ལོར་དེ་སྔ་ཕྱི་ལོ་ ༢༠༡༦ ལྟར་གསར་འགོད་པ་ ༢༧ འཛིན་བཟུང་བྱས་ཡོད་པ་དང་དེ་བཞིན་གསར་འགོད་པ་ཁག་ཅིག་བཙོན་འཇུག་བྱས་པའི་དུས་ཡུན་རིང་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན་འདས་གྲོངས་སུ་གྱུར་བའི་གནད་དོན་འཁོད་འདུག ཚོགས་པའི་ལོ་འཁོར་གྲངས་བཤེར་གྱི་ཞིབ་འཇུག་གནང་བའི་ནང་བཙོན་འཇུག་ཁང་དུ་ཡོད་པའི་གསར་འགོད་པ་གསུམ་ཆ་གཉིས་ཙམ་ཞིག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ནག་ཉེས་ཡོད་པ་འབའ་ཞིག་ཆགས་ཀྱི་ཡོད།  ད་དུང་བརྒྱ་ཆ་ ༡༩ ཙམ་ཞིག་གི་ནག་ཉེས་གང་ཡིན་ཁ་གསལ་མེད་པར་མ་ཟད་དེ་དག་ཕལ་མོ་ཆེ་ Eritrea དང་ Saudi Arabia ནང་ཡོད་པར་མངོན་གསལ་གནང་འདུག ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Joel Simon ལགས་ཀྱིས་ད་ལན་ནད་ཡམས་ཁྱབ་གདལ་གྱི་དུས་སྐབས་ཁྲོད་གསར་འགོད་པ་འཛིན་བཟུང་གི་གྲངས་ཐོ་དེ་འཕར་བ་ཤེས་དུས་ཧང་སངས་དགོས་པ་ཞིག་དང་གསར་འགོད་པའི་ཐོག་དྲག་གནོན་བྱས་པ་དེས་མང་ཚོགས་ལ་གནས་ཚུལ་དངོས་གང་ཡིན་ར་འཕྲོད་ཐུབ་ཐབས་ལ་འགོག་རྐྱེན་དང་དེ་བཞིན་གནད་དོན་དངོས་འབྲེལ་མ་ཡིན་པ་ཁྱབ་སྤེལ་སླད་ཉེན་ཚབས་ཆགས་ཀྱི་ཡོད་པ་གསུངས་འདུག ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་སྐབས་ཁྲོད་གསར་འགོད་པ་འཛིན་བཟུང་བྱས་པ་དང་ཆབས་ཅིག  ཁོང་ཚོའི་གྱོད་ཞིབ་ཕྱིར་འགྱངས་བྱེད་རྒྱུ་དང་མི་སྣ་ཐུག་འཕྲད་ཐད་དམ་དྲག་སོགས་བྱེད་ཀྱི་ཡོད་སྟབས་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ #FreeThePress ཞེས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་གསར་འགོད་པ་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པའི་ལས་འགུལ་ཞིག་ཀྱང་དབུ་འཛུགས་གནང་འདུག གཞན་ཡང་ Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་འདི་ལོའི་སྙན་ཐོ་ནང་ད་ཆ་རྒྱལ་སྤྱིའི་ཁྲོད་གསར་འགོད་ཀྱི་ལས་རིགས་དང་འབྲེལ་གསར་འགོད་པ་ ༣༨༧ འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་དེའི་ཁོངས་གསར་འགོད་པ་ ༤ གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནད་དོན་བཀོད་འདུག ལྷག་པར་དུ་གསར་འགོད་པ་འཛིན་བཟུང་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ལྔ་མངོན་གསལ་གནང་བ་དེ་དག་ནི་རྒྱ་ནག་དང་ཨི་ཇིབཊ སྸ་ཌི་ཨེ་ར་བྷི་ཡ། ཝེ་ཏི་ནམ། སི་རི་ཡ་བཅས་ཡིན་པ་དང་འདི་ལོར་བུད་མེད་གསར་འགོད་པ་བཙོན་འཇུག་གི་བརྒྱ་ཆ་ ༣༥ འཕར་ཡོད་པ་འཁོད་འདུག རྩ་བའི་རྒྱ་ནག་ལྟ་བུ་ལོ་ལྟར་ཆེས་རང་དབང་མེད་པ་དང་གསར་འགོད་པར་དམ་དྲག་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་གནང་གི་ཡོད་པ་ནི་ཡོངས་གྲགས་ཤིག་ཆགས་ཡོད། ཉེ་ལམ་རྒྱ་ནག་སྲིད་གཞུང་གིས་ Bloomberg གསར་ཁང་གི་གསར་འགོད་པ་ Haze Fan ཞེས་པ་ཞིག་གཟའ་འཁོར་སྔོན་མར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བའི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། གནད་དོན་དེའི་ཐད་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་གསར་འགོད་པ་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་དང་། Haze Fan ལགས་ལ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་དགོས་ཚེ་དེ་ལྟར་གནང་རྒྱུ་དང་དེ་བཞིན་ཁོ་མོར་ཁྲིམས་རྩོད་པ་གླ་རྒྱུ་གཙོས་ནང་མི་སྤུན་མཆེད་དང་ལྷན་དུ་འབྲེལ་བ་གནང་རྒྱུར་ཆོག་མཆན་སྤྲོད་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། འོན་ཏང་རྒྱ་གཞུང་གིས་ཁོ་མོའི་གནད་དོན་ཐད་ད་ཆ་རྒྱ་ནག་གི་ཁྲིམས་ཀྱི་འབྲུ་དོན་ལྟར་ཇི་ལྟར་བྱེད་དགོས་མིན་ཐག་ཞིབ་དཔྱོད་བྱེད་བཞིན་ཡོད་སྟབས་ཁོ་མོའི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་དེ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་ཚོགས་སྐྱིད་ཁག་ནས་ཐེ་བྱུས་གནང་དབང་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད།

ཨོ་གླིང་དང་ཨ་རིའི་གསར་ཁང་གིས་རྒྱ་ནག་དང་ལག་འབྲེལ་བྱེད་མཚམས་བཞག་འདུག

ཨོ་གླིང་གི་གསར་ཁང་དང་ཨ་རིའི་ Wall Street Journal ཞེས་པའི་གསར་ཁང་སོགས་ཀྱིས་རྒྱ་ནག་ལ་ལག་འབྲེལ་གྱིས་ད་བར་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་བཞིན་པའི་འབྲེལ་ལམ་དེ་ཡོངས་སུ་མཚམས་འཇོག་བྱས་འདུག

རྒྱ་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་ཤུགས་ཆེར་གཏོག་རྒྱུར་གྲ་སྒྲིག

ཁ་སང་དྲྭ་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་སྟེང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨་དང་༩ ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་རྒྱ་ནག་གིས་ཚོགས་འདུ་ཞིག་བསྡུ་སྐོང་གིས། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་གཏོང་རྒྱུ་ཡིན་པར་བསྒྲགས་འདུག

རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་བ་དང་འབྲེལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུགབོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་ཟླ་ ༡༢ ཚེས་ ༡༠ ནས་ཟླ་ ༡ ཚེས་ ༡༠ བར་སྤེལ་བཞིན་པའི་ལས་འགུལ་འདིའི་ནང་བདུན་ཕྲག་རེར་བརྙན་ཐུང་གཉིས་རེ་བྱས་ནས་བརྒྱུད་འགོད་ཀྱིས་བོད་མིའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་བརྙན་ཐུང་དག་གི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ལམ་ལུགས་ཀྱི་འཚེ་བ་ཐེབས་མཁན་ཡིན་པའི་གནས་སྟངས་གསལ་སྟོན་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཆེས་མངོན་གནང་སྟེ་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་གྱི་སྲིད་བྱུས་སྤེལ་ཁག་འཕྲལ་མར་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུ་རྒྱུར་མིང་རྟགས་བཀོད་ཟིན་པ་ལྟར་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་མ་ཟད་ལྷག་དོན་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག  

རྒྱལ་ཚོགས་སུ་ཞུ་གཏུག་དང་ཞི་རྒོལ་སྐད་འབོད་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི།  

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་མི་ལོ་ ༧༢ ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། ཁ་སང་སུད་སི་ལྟ་བུར་ཆ་མཚོན་ན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ཁུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་མདུན་ངོས་སུ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ཞིང་། རྒྱ་གཞུང་གིས་བཙན་གནོན་འོག་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་འབྲུ་དོན་ལྟར་དོན་འཁྱོལ་ལག་བསྟར་བྱེད་དགོས་པའི་འབོད་སྒྲའི་འོག་ཞི་བའི་སྐད་འབོད་ཀྱི་ལས་འགུལ་དང་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ཞུ་སྙན་ཕུལ་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་ ༧༢ སྲུང་བརྩི་ཞུས་སོང་། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱ་ནག་གཞུང་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཆགས་ཡོད་པ་དང་། རྒྱ་གཞུང་དེ་སྟོབས་ཤུགས་ཇི་ཙམ་ཆེ་ཡང་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མིའི་བདེ་དོན་གྱི་འཐབ་རྩོད་ཀྱི་ནུས་པ་དེ་དུས་ནམ་ཡང་བསུབ་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད། སྐབས་དེར་ལས་འགུལ་ཐོག་ཕེབས་པའི་སུད་སི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Rene Longel ལགས་ཀྱིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་འབྲེལ་སླེབས་ལ་ཉེ་བའི་སུད་སི་དང་རྒྱ་ནག་དབར་གྱི་གསང་བའི་གྲོས་མཐུན་བསྐྱར་བཟོ་མཚམས་འཇོག་དགོས་པ་དང་། ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོ་སུད་སི་གཞུང་གིས་བདག་པོ་རྒྱབ་དགོས་པ། དེ་བཞིན་སུད་སི་གཞུང་གིས་རྒྱ་གཞུང་གི་གསང་མྱུལ་དོགས་ཟོན་བྱེད་དགོས་པ་སོགས་གསུངས་ཡོད་པ་རེད། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་གཉིས་ཀྱིས་རྒྱ་ནག་གཞུང་ལ་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་སོགས་གསུངས་ཏེ་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་སོང་།དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་ལགས་དང་ས་གནས་བེུད་ཚོགས་པ། ཡོ་རོབ་གཞོན་ནུ་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ཚོས་ཀྱང་གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་རྒྱ་ནག་གི་བཙན་གནོན་འོག་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་བཏུད་ཞུས་པར་མ་ཟད། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་ཁག་ཚོས་རྒྱ་ནག་གི་བྱ་སྤྱོད་ཐོག་ཁུ་སིམ་མ་བཞུགས་པར་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གྱིས་བཞེངས་གནང་ཡོང་བའི་གཏམ་བཤད་སོགས་སྤེལ་ཡོད། ཁ་སང་ཕྱི་དྲོ་སུད་སི་རྒྱལ་ས་སྦན་དུ་རྒྱལ་ཁབ་གཞན་གྱི་དབང་སྒྱུར་དང་བཙན་གནོན་འོག་ལྷུང་བའི་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ Society for threaten People ཚོགས་པའི་གོ་སྒྲིག་འོག་བོད་མི་དང་ཡུ་གུར་བ་བཅས་ནས་ད་བར་རྒྱ་ནག་དམར་པོའི་གཞུང་གིས་བཙན་གནོན་བཏང་བའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྒྲོན་མེའི་ལས་འགུལ་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཡང་ཞུས་ཡོད་པ་རེད།དེ་མིན་ཁ་སང་གི་ཉིན་མོ་དེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་བགྲང་བྱ་ ༣༡ ཧྲིལ་པོ་འཁོར་བའི་དུས་ཚིགས་ཀྱང་ཆགས་ཡོད་པ་རེད། དེས་ན་ཡོ་རོབ་ཨོ་སི་ཀྲི་ཡ་དང་འཇར་མ་ནིར་བོད་དོན་ཞི་བའི་ལས་འགུལ་བ་དང་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་དབྱིན་ཡུལ། ཨི་ཊ་ལི་བཅས་སོ་སོར་ད་ལྟའི་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་སྨོན་ལམ་གསུང་འདོན་དང་། དྲ་ལམ་བརྒྱུད་དེ་༸གོང་ས་མཆོག་གི་མཛད་འཕྲིན་ལ་རྗེས་དྲན་གྱི་གླེང་མོལ་ལས་རིམ། རྩོམ་ཡིག་དང་རི་མོ་འགྲན་སྡུར། དེ་བཞིན་ས་གནས་བོད་མི་རྒན་གཞོན་དར་གསུམ་གྱིས་རང་ལུགས་ཟབ་སྦྱོར་ལེགས་པར་སྤྲས་ནས་མགོན་པོ་༸གང་ཉིད་མཆོག་ལ་བསྟོད་དབྱངས་དང་བསྟོད་ཚིགས་བཅས་ཕུལ་ཏེ་དགའ་སྐྱིད་དཔལ་ལ་རོལ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག གཞན་ཡང་ཁེ་ན་ཌའི་གྲོང་ཁྱེར་ཆེ་གྲས་ Toronto ནང་ལ་མཚོན་ན་ཁུལ་དེར་རྟེན་གཞིབྱས་པའི་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་དྲྭ་རྒྱ་བརྒྱུད་སྲུང་བརྩི་ཞུས་པ་དང་ས་གནས་བོད་རིགས་གཞོན་སྐྱེས་ཚོར་༸རྒྱལ་བའི་ཕྱག་དེབ་ཁག་དང་གཟེངས་རྟགས་གང་བཞེས་པ་རྣམས་ཀྱི་སྐོར་ངོ་སྤྲོད་ཀྱང་གནང་འདུག དེ་བཞིན་ California ནང་བོད་མི་དང་བླངས་པ་ཁག་ཅིག་ནས་ཁུལ་དེའི་ནང་གི་ Homeless People འམ་ཉམ་ཐག་སྡོད་ཁྱིམ་མེད་པའི་མི་མང་རྣམས་ལ་ཟས་གོས་དང་ཉལ་ཆས་སོགས་ཀྱི་རོགས་རོལ་རྒྱ་ཆེ་གནང་སྟེ་དུས་ཁྱད་དེ་སྲུང་བརྩི་ཞུས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཚོན་ན་འཕགས་བོད་མཛའ་འབྲེལ་ཚོགས་པས་ཁ་སང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གཞུང་གི་བཙན་གནོན་འོག་མི་སྤྱོད་ལས་འདས་པའི་ངལ་བ་མྱོང་བཞིན་པའི་གཞིས་ལུས་བོདམི་དག་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ལྡི་ལིའི་ Raagjatt ནས་བོད་སྒར་བསམ་ཡས་གླིང་བར་སྦག་སྦག་སྐོར་སྐྱོད་ཀྱིས་ལས་འགུལ་སྤེལ་འདུག་པར་མ་ཟད། ལས་འགུལ་ནང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་གཙོས་ས་གནས་བོད་མི་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་མཉམ་ཞུགས་གནང་འདུག

བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བཀའ་སྤྱི་གཉིས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་འཛམ་གླིང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་ཀྱི་རྗེས་དྲན་དགའ་སྟོན་མཛད་སྒོ་ཐེངས་ ༣༡ པ་སྲུང་བརྩི་ཞུས་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་འཚོལ་ཞིབ་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད།

དེ་རིང་གི་གསར་འགོད་གསར་བསྒྲགས་ཀྱི་ལས་རིམ་གྱི་ཐོག་ཏུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིའི་དཔེ་འདི་ནི་བོད་དོན་གྱི་ཆེད་དུ་མི་ལོ་བཞི་བཅུ་ལྷག་ལ་ཕྱག་ལས་གནང་མྱོང་མཁན་གྱི་ཞིང་གཤེགས་དམ་པ་ངག་ཆོས་འཕེལ་ལགས་ཀྱིས་མི་ལོ་ཉེར་བཞི་ཙམ་གྱི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པ་བྱས་པའི་ལོ་རྒྱུས་ཀྱི་གཞུང་ཡིག་ཁག་ཕྱོགས་སྒྲིག་དང་མཉམ་ཞིབ་བྱས་པ་ཞིག་ཆགས་སྟབས། བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་འབྱུང་རྒྱུའི་དཔེ་དེབ་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

སྐུ་ཞབས་ Matteo Mecacci ལགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ལ་བསྐོ་གཞག་བྱུང་བར་འཚམས་འདྲི་སྩལ་བ།

བོད་ཀྱི་གྲོགས་པོ་རྙིང་གྲས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཡོ་རོབ་རྒྱལ་ཁབ་ Poland ཀྱི་རྒྱལ་ས་ Warsaw ནང་རྟེན་གཞི་བྱས་པའི་ The Office of Democratic Institutions and Human Rights ཞེས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ལ་བསྐོ་གཞག་བྱུང་བའི་གནས་ཚུལ་ཐོས་འཕྲལ་ཁ་སང་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དགའ་བསུའི་འཚམས་འཕྲིན་གནང་འདུགབོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཁ་སང་འཚམས་འཕྲིན་དེའི་ནང་། འདི་ལོ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་སུ་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་དུས་སྐབས་འདིར་སྐུ་ཉིད་མཆོག་རྒྱལ་ས་ Warsaw ནང་རྟེན་གཞི་བྱས་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ལ་བསྐོ་གཞག་བྱུང་བའི་གནས་ཚུལ་ཐོས་པར་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་ལྷན་གྱི་ཚབ་ཞུས་ནས་སྙིང་དབུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུགཚོགས་གཙོ་མཆོག་གིས་ད་དུང་ཁོང་དེ་སྔ་ཨི་ཊ་ལིའི་རྒྱལ་ས་རོམ་དང་ཨ་རི། དེ་བཞིན་བཞུགས་སྒར་བཅས་སུ་སྐུ་ཞབས་ Matteo ལགས་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་གླེང་མོལ་གནང་མྱོང་ཡོད་པར་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༠༩ ལོར་རྒྱལ་ས་རོམ་ནང་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་སྐོང་ཚོགས་སྐབས་ཐུགས་འགན་གཙོ་བཞེས་གནང་བ་ནི་བཀྲིན་ཆེན་པོ་ཡིན་པ་དང་། སྐབས་དེར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པར་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་དགོས་ཞེས་བརྡ་ལན་གནང་ཡོད་པ་བཅས་དྲན་གསོ་གནང་འདུག་པ་དང་། ཆབས་ཅིག་ཏུ་སྐུ་ཉིད་མཆོག་གིས་བོད་དོན་གྱི་ལས་འགུལ་མང་དག་ཅིག་གི་ནང་དུ་དངོས་སུ་ལྷན་ཞུགས་གནང་བར་ང་ཚོས་བཀྲིན་བསམ་ཤེས་ཞུ་རྒྱུ་ཡིན་ཞེས་དང་འདི་བཞིན་སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གནང་བ་ནས་བཟུང་སྟེ་ཨ་རིའི་བོད་དོན་ཁྲིམས་འཆར་དཔེར་ན། The  Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དང་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་ཐོག་ལའང་དམིགས་བསལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཐུབ་པ་བྱུང་ཡོད་སྐོར་སོགས་གནད་དོན་མང་དག་ཅིག་ཆེད་བཀོད་གནང་འདུགལྷག་དོན་སྐུ་ཞབས་ Matteo ལགས་ནི་བོད་ཀྱི་བློ་འགེལ་ཆོག་པའི་གྲོགས་པོ་དང་རྒྱལ་སྤྱིའི་གཞུང་དང་སྒྲིག་འཛུགས་ཁག་ལ་བོད་ནང་གི་ཆེས་དཀའ་ཚེགས་ཆེ་བའི་གནས་སྟངས་ཁག་ཞུ་གཏུག་གནང་མཁན་གཙོ་གྲས་ཆགས་ཀྱི་ཡོད་པ་མ་ཟད། དེ་བཞིན་བོད་མིར་སྨན་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཆེད་འཛུགས་གཙོས་པའི་བོད་ཀྱི་བདེན་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་རྒྱ་ཆེ་གནང་བ་བཅས་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་རྗེས་དྲན་ཞུས་འདུག ཐེངས་འདིའི་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་གཞག་སྩལ་བ་དེས་གཞིས་བཞུགས་བོད་མི་དག་གིས་དབུས་པའི་གོ་ལ་ཁྱོན་ལ་གནས་འཁོད་བོད་མི་ཡོངས་དང་འདི་བཞིན་རྒྱལ་ཁབ་གང་ཞིག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ངལ་བ་འཕྲད་མུས་ལ་རེ་བའི་འོད་སྣང་ཞིག་སྦྱིན་པར་མ་ཟད། སྐུ་ཉིད་མཆོག་ནི་སྨྲ་བརྗོད་རང་དབང་གི་བརྗོད་དབང་བྲལ་བའི་མི་མང་རྣམས་ཀྱི་མགྲིན་ཚབ་ཀྱི་དཔང་པོའི་ཕྱག་ལས་རླབས་ཆེན་ཞིག་གནང་ཐུབ་པའི་ཐུགས་རེ་བརྟན་པོ་ཡོད་སྐོར་གསུངས་འདུག ཚོགས་གཙོ་མཆོག་གིས་འཚམས་འཕྲིན་མཇུག་ཏུ་སྐུ་ཞབས་སྐུ་ཞབས་ Matteo Mecacci ལགས་ཀྱིས་སླད་མར་ཕྱག་ལས་ཇི་གནང་ཐམས་ཅད་ལམ་ལྷོང་ཡོང་བ་དང་དེ་བཞིན་འབད་བརྩོན་ལྷུར་ལེན་གནང་བའི་ཡིད་སྨོན་མཚམས་སྦྱོར་གནང་འདུག

Latest news