Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད།

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་དམིགས་བསལ་བཀའ་སློབ་བསྩལ་བ་དང་སྦྲགས།  རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་སོང་བའི་གནའ་བོའི་རིག་གཞུང་གིས་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་མཛད་འདུག   དེ་ཡང་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་རྒྱ་གར་སློབ་གྲྭ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་དམིགས་བསལ་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ནང་ཕྱིའི་དངོས་པོར་དོ་སྣང་སྤྲད་པ་མ་གཏོགས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ཐོག་དོ་སྣང་གནང་གི་མེད་པ་དང།  ད་ལྟའི་དུས་སྐབས་ཀྱི་མི་རབས་ཁྲོད་ནང་སེམས་ཀྱི་དཀའ་ངལ་མང་པོ་ནི་ཕྱིའི་དངོས་པོ་ལ་དོན་གཉེར་ཤུགས་ཆེ་བྱེད་བཞིན་པར་བརྟེན་ནས་ཡོང་བ་ཞིག་ཡིན་པར་བཀའ་བསྩལ་བ་མ་ཟད་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་སོང་བའི་གནའ་བོའི་རིག་གཞུང་ལས་ཞི་གནས་དང་ལྷག་མཐོང་ལ་སོགས་པའི་རིག་གནས་ཀྱི་ཤེས་བྱ་མང་པོ་ཞིག་བདག་ཅག་གི་སྟོན་པ་མ་ཕེབས་པའི་གོང་དུ་རྒྱ་གར་ནང་ཡོད་པ་ཞིག་ཡིན་ཀྱང་། དེང་སྐབས་རྒྱ་གར་ཡུལ་མི་རྣམས་ནས་ཁྱད་དུ་འཕགས་པའི་གནའ་བོའི་རིག་གཞུང་རྣམས་བརྗེད་པའི་རྣམ་པ་ལྟ་བུ་ཞིག་འདུག་པས་རྒྱ་གར་བ་ཚོས་རིག་གཞུང་དེ་དག་གསོན་པོ་གནང་ཐབས་ལ་འབད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ནང་སེམས་ཀྱི་རིན་ཐང་གོང་འཕེལ་ཐོག་སློབ་ཁྲིད་གནང་དགོས་གལ་ཡིན་པར་བཀའ་ནན་བསྩལ་འདུགད་ལྟའི་མི་རབས་དང་མ་འོངས་པའི་མི་རབས་རྣམས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐོག་བསླབ་པ་སློབ་གཉེར་གནང་ནས་ནང་སེམས་ཀྱི་བདེ་སྐྱིད་གོང་འཕེལ་གནང་རྒྱུའི་འགོ་ཐོག་མ་རྒྱ་གར་ནས་བཙུགས་ཏེ་རྒྱ་ནག་དང་རིམ་བཞིན་འཛམ་བུ་གླིང་ཡོངས་ལ་ཁྱབ་སྤེལ་གནང་དགོས་གནད་ཡིན་པ་བཀའ་བསྩལ་འདུག སློབ་ཕྲུག་རྣམས་ནས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་ལྟར་སློབ་ཕྲུག་ཞིག་གིས་མིའི་མི་ཚེ་དངོས་ཀྱི་རང་གཤིས་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བདེ་སྐྱིད་ནི་མིའི་མི་ཚེར་དགོས་དོན་གཙོ་བོ་ཡིན་སྐོར་བཀའ་བསྩལ་དང་འབྲེལ་ཏེ་མི་ཚེ་ནང་གནས་སྟངས་འདྲ་མིན་འོག་དཀའ་ངལ་ཅི་འདྲ་ཞིག་འཕྲད་ཀྱང་བློ་ཆུང་བའི་སྒོ་ནས་བསམ་བློ་གཏང་ཚེ་མཐར་རང་ཤི་བརྒྱབ་རྒྱུ་དང།  ཆང་རག་ལ་སྤྱོད་རྒྱུ།  བཟི་སྨན་ལ་སོོགས་པར་ལོངས་སུ་སྤྱད་ནས་མི་ཚེ་སྟོང་ཟད་གྱུར་བས་དེ་ལས་དུས་དང་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ནས་བརྒྱབ་རྒྱུ་དང་བསམ་བློ་གུ་ཡངས། དེ་བཞིན་བློས་དཔྱད་པའི་ཐོག་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པར་ལམ་སྟོན་རྒྱ་ཆེ་མཛད་འདུག དེ་བཞིན་སློབ་ཕྲུག་གཞན་ཞིག་གིས་ཀྱང་ང་ཚོ་ཆོས་ལ་འཇུག་དགོས་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཆོས་ཕྱོགས་ལ་འཇུག་མི་འཇུག་ནི་རང་ཉིད་སོ་སོའི་འདོད་མོས་ཡིན་པ་དང་། འཛམ་གླིང་ནང་མི་མང་དུང་ཕྱུར་བདུན་ཡོད་པ་ལས་དུང་ཕྱུར་གཅིག་ནི་ཆོས་དད་མེད་མཁན་ཡིན་པ་དང་། འགྲོ་བ་མི་དུང་ཕྱུར་དྲུག་ཡོད་པ་རྣམས་ནས་ཀྱང་ཡོངས་རྫོགས་ཆོས་ལ་སེམས་རྩེ་གཅིག་ཏུ་འཇུག་མཁན་མེད་པ་རེད། དཔེར་ན།   བྷར་མ་ནང་ཡོད་པའི་ནང་པའི་འཇིགས་སྐུལ་བར་ངོས་འཛིན་བཞིན་པ་དེ་དག་དོན་དམ་པའི་ནང་པ་མིན་པ་དང་གལ་ཏེ་དོན་དམ་པའི་ནང་པ་དང་ཁ་ཆེ་བ་ཡིན་ཚེ་མི་གསོད་ཁྲག་སྦྱོར་གྱི་ལས་བྱེད་ཀྱི་མ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་ཁྱབ་སྤེལ་གནང་གི་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་བཞུགས་སྒར་དྷ་སར་ཡོད་པའི་རྒྱ་གར་གཞུང་གི་མཐོ་རིམ་སློབ་གྲྭ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ལས་འཆར་ཞིག་སྤེལ་མུས་ཡིན་པ་དང།  སྒོས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་ཚང་མའི་ནང་རྒྱུན་ལྡན་སློབ་ཚན་རྣམས་ཡོད་པའི་ཐོག་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་སློབ་ཚན་འཕར་མ་ཞིག་སློབ་ཁྲིད་གནང་རྒྱུ་ཡིན་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསླབ་གཞི་དེ་ དབུ་འབྱེད་མཛད་ཀྱི་ཡོད་པ་དང་འབྲེལ། ༸གོང་ས་མཆོག་ནས་དགེ་རྒན་ ༥༠༠༠ ལྷག་ཙམ་དང་བོད་པའི་མཁས་དབང་ཁག་ཅིག་གདན་ཞུས་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཇི་ལྟར་གསོན་པོ་གནས་ཐབས་ཀྱི་མཛད་སྒོ་ཞིག་ཀྱང་འཚོགས་རྒྱུ་ཡིན་པ་རེད།

རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རྒྱལ་ཁབ་གཞན་གྱི་བདེ་སྡུག་སྣང་མེད་གཏང་ན་ནོར་འཁྲུལ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་ཚོགས་པའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་མང་ཚོགས་སྟོང་ཕྲག་བརྒལ་བའི་ལྷན་ཚོགས་ཀྱི་ཐད་གཏོང་དྲྭ་བརྙན་ཐོག་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱི་བདེ་སྡུག་དང་རང་དབང་ལ་སྣང་མེད་གཏང་ཚེ་དེ་ནི་ནོར་འཁྲུལ་རེད་ཅེས་བཀའ་བསྩལ་འདུག ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་འཚོགས་བཞིན་པའི་ "Happiness & Its Causes" ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་དྲྭ་ལམ་བརྒྱུད་ཕྱི་ལོ་ ༢༠༡༨ ལོའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་པའི་ལྷན་ཚོགས་ཐོག་བཅར་བའི་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་བཀྲིན་ཆེ་བ་བསྐྱངས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་འདིའི་ཐོག་སྐྱབས་བཅོལ་བ་ཚོར་རྒྱལ་ཁབ་གཞན་ནང་འཛུལ་སྐབས་ས་མཚམས་ནས་བཀག་འགོག་བྱས་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པའི་གནད་དོན་དང་འབྲེལ།  ༸གང་ཉིད་མཆོག་གིས་དེ་ནི་གཙོ་བོ་ནང་སེམས་ཀྱི་རིན་ཐང་ཐོག་སློབ་གསོ་དང་བྱམས་བརྩེ་མ་འདང་བར་བརྟེན་ནས་ཡིན་པར་བཀའ་གནང་བ་དང་འབྲེལ། དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལྟ་བུར་ཆ་མཚོན་ན་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་པ་མ་ཟད་མ་འོངས་པའི་མདུན་ལམ་ཡང་རྒྱལ་ཁབ་གཞན་ལ་བརྟེན་དགོས་པ་དང། སྤྱིར་རྒྱལ་ཞེན་རིང་ལུགས་བྱེད་ན་འགྲིག་གི་ཡོད་པ་དེ་ལྟར་ཡང།  དེང་སྐབས་བློ་རྒྱ་ཆུང་བའི་བསམ་བློ་འཛིན་མཁན་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་བཟུང་གིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཨང་དང་པོར་བཞག་ནས་རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱི་རང་དབང་དང་བདེ་སྡུག་སྣང་མེད་གཏང་ཚེ་དེ་ནི་ནོར་འཁྲུལ་རེད་ཅེས་བཀའ་ནན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་རྒྱལ་ཁབ་ཚང་མའི་མ་འོངས་པའི་མདུན་ལམ་ནི་སྔར་དང་མི་འདྲ་བར་གཅིག་ལ་གཅིག་བརྟེན་ཆགས་ཡོད་པ་དང་དེའང་དོན་དངོས་ཐོག་གོ་ལའི་དཔལ་འབྱོར་དང་གོ་ལོའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ནི་དེ་སྔ་དང་མི་འདྲ་བར་འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་ཚང་མར་ས་མཚམས་ཀྱི་དབྱེ་བ་མེད་པར་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད་སྟབས། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མས་དུས་རབས་ཉེར་གཅིག་པ་འདིའི་དོན་དངོས་ཀྱི་གནས་སྟངས་ངོས་འཛིན་གྱིས་ཁས་ལེན་གནང་བ་དང་ལྷན་འགྲོ་བ་མིའི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གཞིར་བཞག་ཐོག་གོ་ལ་སྤྱིའི་འགན་ཁུར་བླངས་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན་པ་བཀའ་བསྩལ་འདུག ཐད་གཏོང་དྲྭ་བརྙན་ལས་རིམ་ཐོག་བཅར་བའི་ཚོགས་བཅར་བས་༸གང་ཉིད་ལ་མཆོག་ལ་ཨ་རིའི་སྲིད་འཛིན་ལས་ཐོག་ཊམ་སྐོར་འཀའ་འདྲི་ཞུས་པར་སྲིད་འཛིན་ཊམ་མཆོག་ནི་རང་དབང་ལྡན་པའི་འཛམ་གླིང་འདི་སྣེ་ཁྲིད་བྱེད་མཁན་གྱི་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་མང་ཚོགས་ནས་འོས་འདེམས་གནང་བའི་འགོ་ཁྲིད་ཞིག་ཡིན་སྟབས་༸གང་ཉིད་མཆོག་ནས་གུས་བརྩི་ཞུ་བཞིན་ཡོད་པ་དེ་ལྟར་ཡང། སྲིད་འཛིན་ཁོང་ནས་འཛིན་བཞིན་པའི་ཨ་རི་དང་པོ་ཞེས་པའི་ལྟ་བ། ཨ་རིས་ཕ་རན་སི་ནང་ཚོགས་པའི་གོ་ལའི་གནམ་གཤིས་ཚ་དྲོད་ཆ་སྙོམས་དང་འབྲེལ་བའི་ཕ་རན་སི་གྲོས་མཐུན་ནས་ཕྱིར་འཐེན་གནང་བ་དང་། དེ་བཞིན་དཔལ་འབྱོར་གནད་དོན་ཆུང་ཙགས་ཀྱི་རྒྱུ་མཚན་བྱས་ནས་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ཐག་རིང་དུ་སོང་བ། དེ་བཞིན་སྲིད་འཛིན་མཆོག་གིས་སྐྱབས་བཅོལ་བའི་ཐོག་འཛིན་པའི་ལྟ་བ་བཅས་ཀྱི་ཐོག་མགོན་པོ་༸གང་ཉིད་མཆོག་མོས་མཐུན་མེད་སྐོར་བཀའ་བསྩལ་བ་དང་འབྲེལ། ཨ་རིའི་ངོས་ནས་རང་དབང་དང་ལྡན་པའི་འཛམ་གླིང་སྣེ་ཁྲིད་གནང་མཁན་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དེ་དང་མཐུན་པའི་ལངས་ཕྱོགས་འཛིན་ནས་འཛམ་གླིང་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་དགོས་ཞེས་དང།  ཨ་རིར་སྐྱབས་བཅོལ་དུ་ཡོང་མཁན་མང་ཚོགས་དེ་དག་ནས་ཨ་རིར་གུས་བརྩི་དང་རེ་བ་ཆེན་པོ་བྱས་ནས་སྐྱབས་བཅོལ་དུ་ཡོང་སྟབས་ཨ་རིའི་རྒྱལ་ཁབ་ཀྱི་ངོས་ནས་སྤོབས་པ་གནང་དགོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུག གཞན་ཡང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ནང་ཐུགས་ཐག་བཅད་ཁག་ལས་ནོར་འཁྲུལ་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་དགོང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་༸སྐུ་དབང་ཆ་ཚང་མང་ཚོགས་ནས་འོས་འདེབས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་གནང་སྐོར་དང་འབྲེལ་༸གང་ཉིད་མཆོག་ནས་ཐུགས་ཐག་གང་བཅད་པ་དེ་དག་ཕུགས་རྒྱང་རིང་པོར་ནོར་འཁྲུལ་མེད་པར་ཡག་པོ་བྱུང་ཡོད་པར་ངོས་འཛིན་གནང་བཞིན་ཡོད་པའི་བཀའ་ལན་མཛད་འདུག སྐབས་དེར་ལས་རིམ་གཙོ་སྐྱོང་བས་མགོན་པོ་༸གང་ཉིད་མཆོག་ལ་ད་ལྟའི་ཆར་ཆབ་སྲིད་ཀྱི་༸སྐུ་དབང་རྩིས་སྤྲོད་ཟིན་ཡོད་ཀྱང་བོད་ཀྱི་གནད་དོན་ཐོག་ཐུགས་ཁུར་བཞེས་ཕྱོགས་སྐོར་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་བོད་ཀྱི་རྒྱལ་ཁམས་དང། སོག་པའི་རྒྱལ་ཁམས། དེ་བཞིན་རྒྱ་ནག་གི་རྒྱལ་ཁམས་བཅས་ཁག་སོ་སོར་གནས་ཡོད་པ་དང། དུས་རབས་དགུ་པ་ནས་བོད་དེ་སིལ་བུར་ཐོར་ཡོད་པ་དེ་ལྟར་ཡང། བོད་ཀྱི་སྐད་ཡིག་དང་ནང་ཆོས་དང་འབྲེལ་བའི་རིག་གཞུང་འདིས་བོད་ས་ཡོངས་རྫོགས་མི་རིགས་གཅིག་གི་ངོ་བོར་གནས་ཐུབ་པ་བྱུང་ཡོད་པ་མ་གཏོགས་དུས་རབས་མང་པོ་ནང་ཆབ་སྲིད་ཐོག་འཐུས་ཤོར་བཏང་ཡོད་པ་བཀའ་བསྩལ་བ་མ་ཟད།  ཕྱོགས་གཞན་ཞིག་ནས་༸གང་ཉིད་མཆོག་གིས་རྒྱ་ནག་དམར་པོའི་གཞུང་གིས་བོད་སར་དབང་སྒྱུར་བྱས་ནས་བོད་མི་ཚོར་དཀའ་ངལ་མང་པོ་འཕྲད་པར་བརྟེན་ད་ཆ་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་བོད་མི་ས་ཡ་དྲུག་པོ་ཚང་མ་ཆིག་སྒྲིལ་བྱུང་བ་དང། གལ་ཏེ་དེ་འདྲ་ཞིག་བྱུང་མེད་ཚེ་བོད་མི་ཚོ་ད་དུང་ང་དང་ཁོའི་ས་ཆ་ཞེས་རང་གཅེས་འཛིན་གྱི་བློ་འཁྱེར་ནས་གནས་ཡོད་པ་དང་། རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པ་དེ་ཡག་པོ་བྱུང་ཡོད་པའི་དགོངས་པ་འཁོར་གྱི་འདུག་ཅེས་བཀའ་བསྩལ་འདུག གཞན་ཡང་༸གང་ཉིད་མཆོག་གིས་ད་ལྟའི་དུས་སྐབས་འདིར་ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུའི་གལ་གནད། སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་བཅས་དེ་དག་ཡོང་བ་ལ་ཤེས་ཡོན་གྱི་སློབ་གསོ་ཁག་གི་ནང་དུ་ཕྱིའི་དངོས་པོ་འདུ་ཤེས་ཁོ་ན་མ་ཡིན་པར་ནང་སེམས་ཀྱི་རིན་ཐང་སྐོར་སློབ་ཁྲིད་གནང་བར་འབད་དགོས་གལ་ཡིན་པ་སོགས་ཀྱི་ཐད་ལམ་སྟོན་རྒྱ་ཆེ་མཛད་འདུག རྩ་བའི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Sydney ནང་ཚོགས་པའི་ཞི་བདེ་དང་དེའི་རྒྱུ་རྐྱེན་ཞེས་མང་ཚོགས་སྟོང་ཕྲག་བརྒལ་བའི་ལྷན་ཚོགས་དེ་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཚོགས་ཀྱི་ཡོད་པ་རེད། ལྷན་ཚོགས་ཐོག་འཛམ་གླིང་ཞི་བདེའི་ཐོག་ཕྱག་ལས་གནང་མཁན། ཆེད་ལས་མི་སྣ། དེ་བཞིན་ཤེས་ཡོན་དང་ཉམས་མྱོང་གི་རྒྱབ་ལྗོངས་འདྲ་མིན་ཡོད་པའི་གནད་ཡོད་མི་སྣ་མང་དག་ཞིག་ནས་གཏམ་བཤད་གནང་གི་འདུག ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་འོངས་པར་ཨོ་སི་ཊོ་ཡ་ནང་ཆིབས་བསྒྱུར་མཛད་ནས་ལྷན་ཚོགས་ཐོག་དབུ་བཞུགས་ཡོང་བར་གསོལ་འདེབས་ཞུས་ཡོད་པ་རེད།

༸གོང་ས་མཆོག་དེ་རིང་ཉིན་རྒྱབ་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་འདུག

                                                                                                                                     Photo by OHHDL བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་དེ་རིང་སྔ་ཐོག་ཁུལ་དེའི་ཚོུད་ ༤.༣༠ ཡོལ་ཙམ་ལ་མཁའ་ལམ་བརྒྱུད་རྒྱ་གར་དུ་ཆིབས་ཐོན་གྱིས་ཉིན་དགུང་ཚོུད་གཉིས་པ་ཡོལ་ཙམ་ཐོག་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུངས་པར་གཞིགས་ན། ༸གོང་ས་མཆོག་དེ་རིང་ཉིན་རྒྱབ་ཚོུད་གཉིས་པ་ཡོལ་ཙམ་ལ་ཡོ་རོབ་ Latvia རྒྱལ་ས་རི་གྷ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མཛད་འཆར་ལྟར་ན་དེ་རིང་མགོན་པོ་མཆོག་ལྡི་ལིར་སྐུ་ངལ་གསོ་བཞུགས་གནང་སྟེ་སང་ཉིན་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་གནང་མཛད་རྒྱུ་རེད་འདུག Photo by OHHDL གཞི་རྩའི་༸གོང་ས་མཆོག་ཟླ་བ་འདིའི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཐོག་མར་ཡོ་རོབ་རྒྱལ་ཁབ་ Lithuania རྒྱལ་ས་ Vilnius ནང་ཆིབས་བསྒྱུར་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་པ་དང་དེ་བཞིན་ Vilnius གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༤༠༠༠ ཙམ་ལ་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་བཀྲིན་བསྩལ་བ་མ་ཟད། ལི་ཐོ་ན་ཡའི་མང་ཚོགས་སྟོང་ཕྲག་ལྷག་ལ་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་ལྷག་དོན་ལི་ཐོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་མོལ་གནང་བ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད་པ་རེད། དེ་རྗེས་ཟླ་བ་འདིའི་ཚེས་༡༥ ཉིན་མགོན་པོ་མཆོག་ Latvia འི་རྒྱལ་ས་རི་གྷ་ནང་ཆིབས་བསྒྱུར་མཛད་དེ། ཁུལ་དེར་ཚེས་ ༡༦ ནས་ཉིན་གྲངས་གསུམ་རིང་ས་གནས་དེའི་དད་ལྡན་མང་ཚོགས་སྤྱི་དང་ཡང་སྒོས་སུ་ནང་སོག་དང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠༠ ལྷག་ལ་རྡོ་རྗེ་གཅོད་པ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་འདྲིན་སོགས་བསྐྱངས་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་latvia རྒྱལ་ས་རི་གྷ་ནང་དེ་སྔ་ཕྱི་ལོ་ ༡༩༩༡ དང་ ༢༠༠༡ དེ་བཞིན་ ༢༠༡༣ བཅས་ལོ་སོ་སོར་ཆིབས་བསྒྱུར་གནང་རྗེས་ཐེངས་འདིའི་ཆིབས་བསྒྱུར་ནི་ཐེངས་བཞི་པ་དེ་ཡིན་པ་རེད།

བཀའ་ཆོས་ཞུས་པ་དེ་ཉམས་ལེན་ཐོག་ཏུ་འཁྱེར་ཐུབ་པ་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་གིས་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་གི་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་འདས་པའི་ཉིན་གསུམ་རིང་བཀའ་ཆོས་ཞུས་པ་དེ་གཙོ་བོ་ཉམས་ལེན་ཐོག་ཏུ་འཁྱེར་ཐུབ་པ་གནང་དགོས་པའི་སྐུལ་ལྕགས་མཛད་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རི་གྷ་ནང་ཟླ་བ་འདིའི་ཚེས་ ༡༦ ནས་དབུ་འཛུགས་ཀྱིས་ས་གནས་དེའི་དད་ལྡན་མང་ཚོགས་སྤྱི་དང་ཡང་སྒོས་སུ་ནང་སོག་དང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་བཅས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཆོས་འབྲེལ་མཇུག་སྒྲིལ་དང་བསྟུན་ཆོས་ཞུ་བ་༤༠༠༠ ཙམ་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་བསྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་ཡོད་པ་རེད། དེ་རིང་ཆོས་འབྲེལ་གྱི་ཐོག་མར་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཚན་ནས་གསང་སྔགས་ཀྱི་ཉམས་ལེན་ཡང་དག་ཡོང་བར་གཙོ་བོ་བསྟན་པ་སྤྱི་མཚན་གྱི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོད་ཉིད་རྟོག་པའི་ལྟ་བ་གཉིས་ལ་བློ་སྦྱོང་བ་དང་དེ་བཞིན་ཐོས་བསམ་སྒོམ་གསུམ་གནང་པའི་ཐོག་ནས་གསང་སྔགས་ཀྱི་ཆོས་ཉམས་ལེན་འཕར་མ་ཞིག་གནང་ཚེ་ཉམས་ལེན་ཡང་དག་པ་ཞིག་ཡོང་ངེས་ཡིན་པ་ལམ་སྟོན་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་༸གང་ཉིད་༸རྒྱལ་བ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་ལས་འབྲས་ཡོད་པ་མ་ཟད། བོད་གངས་ཅན་ལྗོངས་ཀྱི་མི་ཚང་མ་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་འབྲེལ་བ་ཡོད་སྡད་པ་དེ་གསལ་པོ་རེད་ཅེས་བཀའ་བསྩལ་ཏེ། བོད་གངས་ཅན་ལྗོངས་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་རྣམས་ཀྱི་ཆོས་ལ་དད་པ་བྱེད་པ་ཁོ་ན་ལས་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་བཀའ་དབང་བསྩལ་གྲུབ་མཚམས་ཆོས་ཞུ་བ་རྣམས་ལ་ཁྱེད་རྣམས་ས་ཐག་རྒྱང་རིང་ནས་ཆེད་མངགས་བཀའ་ཆོས་ཞུ་ཆེད་བཅར་བ་བཞིན་༸གང་ཉིད་ཀྱང་ས་ཐག་རིང་པོ་ནས་ཁྱེད་ཚོར་བཀའ་ཆོས་སྩལ་ཆེད་བཅར་ཡིན་པ་དང་སླད་མར་ཆིབས་བསྒྱུར་གནང་ཐུབ་མིན་དེ་བཤད་རྒྱུ་དཀའ་བ་ཡིན་པ་བཀའ་གནང་བ་དང་སྦྲགས་ཏེ། གང་ལྟར་དད་ལྡན་ཆོས་ཞུ་བ་ཚོའི་ངོས་ནས་འདས་པའི་ཉིན་གསུམ་རིང་བཀའ་ཆོས་ཞུས་པ་དེ་གཙོ་བོ་ཉམས་ལེན་ཐོག་ཏུ་འཁྱེར་ཐུབ་པ་གནང་དགོས་ཅེས་སྐུལ་ལྕགས་མཛད་འདུག རྩ་བའི་ལོ་ཤས་གོང་ནས་ཨུ་རུ་སུ་དང་ཡུ་རོབ་ Baltic རྒྱལ་ཁབ་ཁག་ཏུ་ཡོད་པའི་དད་ལྡན་ཉམ་ཐག་རྣམས་གཙོ་གྱུར་ས་གནས་མི་མང་ཚོར་དཔལ་འབྱོར་དང་འགྲོ་བསྐྱོད་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཕྱི་ལོ་ ༢༠༡༤ ལོ་ནས་ད་བར་ཁུལ་དེར་ཆོས་འབྲེལ་ཐེངས་བཞི་ལྷག་བསྐྱངས་གནང་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་ཟླ་བ་འདིའི་ཚེས་༡༩ ཉིན་རྒྱ་གར་ལ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་ཆོས་འབྲེལ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ Latvia འི་རྒྱལ་ས་ Riga ནང་དུ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་འདུག ༸གོང་ས་མཆོག་ཟླ་ ༦ ཚེས་ ༡༡ ནས་ཡུ་རོབ་བྷལ་ཊིཀ་རྒྱལ་ཁབ་ Lithuania དང་ Latvia འི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་སྐྱོང་ཡོད་བཞིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་དྲོ་ས་གནས་དེའི་དད་ལྡན་མང་ཚོགས་སྤྱི་དང་སྒོས་སུ་ནང་སོག་དང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྡོ་རྗེ་གཅོད་པ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད་པ་རེད། བཀའ་ཆོས་ཀྱི་ཐོག་མ་དེར་༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་སྦྲགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་གནང་བ་དང་། འཛམ་གླིང་ཐོག་འཚོ་བ་བདེ་སྡུག་མྱོང་མཁན་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་། བདེ་སྡུག་གྱི་རྒྱུ་ངོ་མ་དེ་གང་ཡིན་ཤེས་རྟོགས་ལེགས་པོ་མ་ཐུབ་པའི་དབང་གིས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པར་བཀའ་བསྩལ་དང་ཆབས་ཅིག་ཏུ་ང་ཚོས་ལུས་སེམས་གཉིས་ཀྱི་སྡུག་བསྔག་དང་ཡིད་བློའི་སྡུག་བསྔལ་གྱི་རྒྱུ་དེ་དག་ལ་དང་དོད་མི་གནང་པར་གཉེན་པོ་བསྟན་དགོས་གལ་ཡིན་པ་བཀའ་བསྩལ་འདུག འཛམ་གླིང་ཐོག་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དང་དེ་ལྟར་མི་འདོད་མཁན་གྱི་ཆོས་བརྒྱུད་སོགས་རིགས་མང་པོ་ཡོད་ཀྱང་། ཆོས་བརྒྱུད་ཚང་མའི་ནང་བསླབ་བྱ་གཙོ་བོ་དེ་བྱམས་བརྩེ་ཡིན་སྟབས་འགྲོ་བ་མིའི་སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་གནང་གལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རིམ་པས་འཛམ་བུ་གླིང་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་ངེས་རེད་ཅེས་ལམ་སྟོན་མཛད་ཡོད། དེ་བཞིན་༸གོང་ས་མཆོག་ནས་སངས་རྒྱས་ཀྱིས་ཆོས་འཁོར་རིམ་པ་གསུམ་སྐོར་བའི་མཛད་པ་དང་། ནང་ནང་ཆོས་དར་ཚུལ་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ཏུ་དུས་ད་ལྟ་ལའང་སངས་རྒྱས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། ལེགས་སྦྱར་ཐོག་ཡོད་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་ཆ་ཚང་བ་ཞིག་བོད་ཐོག་མཇལ་རྒྱུ་ཡོད་སྟབས། རིག་གནས་དེ་དག་ཐོག་སློབ་གཉེར་གནང་བར་ངེས་པརདུ་བོད་ཡིག་ཤེས་དགོས་གནད་ཡིན་པའི་ལམ་བསྟོན་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཐོག་ནང་སོག་དང་ཨ་རུ་སུ་ནས་དད་ལྡན་མི་ཉུང་བ་ཞིག་ཆེད་བཅར་ཞུས་ཡོད་སྟབས། འདས་པའི་ལོ་རྒྱུས་ཁྲོད་བོད་དང་སོག་པོའི་དབར་ཆོས་འབྲེལ་ཡོད་སྐོར་ངོ་སྤྲོད་དང་སྦྲགས། བར་སྐབས་ཤིག་ནས་སོག་ཡུལ་ནང་ནང་ཆོས་ཉམས་གུད་བྱུང་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་ནང་ཡོད་པའི་བོད་པའི་དགོན་སྡེ་གྲྭ་ཚང་ཁག་ཏུ་སོག་པོའི་སློབ་གཉེར་བ་མང་པོ་ཡོད་སྟབས་ཁོང་རྣམས་ནས་རིམ་པས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་ཡོད། སྐབས་དེའི་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་གྲུབ་མ་ཐག་མགོན་པོ་༸གང་ཉིད་མཆོག་ནས་ཐེངས་འདིའི་ཆོས་འབྲེལ་དངོས་གཞི་རྡོ་རྗེ་གཅོད་པའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་དང་། བཀའ་ཆོས་ཀྱི་འཕྲོ་སྐྱོང་དེ་སང་སྔ་ཐོག་མུ་མཐུད་མཛད་རྒྱུ་ཡིན་པ་མ་ཟད། གནངས་ཉིན་ཆོས་འབྲེལ་ཉིན་མཐའ་མར་མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་༸རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་བསྩལ་གྱི་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ Latvia ནང་གི་ཆོས་འབྲེལ་གྱི་མཛད་འཆར་འདི་ཨུ་རུ་སུ་དང་ Latvia འི་ནང་ལ་རྟེན་གཞི་བྱས་པའི་བོད་སྐྱོབ་ཚོགས་པ་དང་། རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལོ་ཤས་གོང་ནས་ཨུ་རུ་སུ་དང་ཡུ་རོབ་ Baltic རྒྱལ་ཁབ་ཁག་ཏུ་ཡོད་པའི་དད་ལྡན་ཉམ་ཐག་རྣམས་གཙོ་གྱུར་ས་གནས་མི་མང་ཚོར་དཔལ་འབྱོར་དང་འགྲོ་བསྐྱོད་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཕྱི་ལོ་ ༢༠༡༤ ལོ་ནས་ད་བར་ཁུལ་དེར་ཆོས་འབྲེལ་ཐེངས་བཞི་ལྷག་བསྐྱངས་གནང་མཛད་ཡོད་པ་རེད།

༸གོང་ས་མཆོག་ལཊ་ཝི་ཡའི་རྒྱལ་ས་རི་གྷར་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་ Lithuania ནང་གི་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཡོད་པ་ལྟར་དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ཡུལ་དེ་ནས་ཆིབས་ཐོན་གྱིས་ཡོ་རོབ་རྒྱལ་ཁབ་ Latvia འི་རྒྱལ་ས་ Riga ནང་༸ཞབས་སོར་བདེ་བར་འཁོད་འདུག ༸གོང་ས་མཆོག་རྒྱལ་ས་རི་གྷའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཐེངས་འདིའི་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་བོད་སྐྱོབ་ཚོགས་པའི་ཚོགས་མི་དང་རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག དེ་བཞིན་རི་གྷ་ནང་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད།  ནང་སོག་དང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་གཙོས་ས་གནས་མང་ཚོགས་ཉིས་བརྒྱ་ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་དང་གདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་ཐོག་ནས་ཕེབས་བསུའི་སྣེ་ལན་གཟབ་རྒྱས་ཞུས་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་རི་གྷ་ནང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་དང་འབྲེལ་མཛད་འཆར་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སང་ཉིན་ཚེས་ ༡༦ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༨ བར་ཁུལ་དེར་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་དུ་དད་ལྡན་མང་ཚོགས་ལ་རྟེན་འབྲེལ་བསྟོད་པ་དང་རྡོ་རྗེ་གཅོད་པའི་བཀའ་ཆོས། དེ་བཞིན་༸རྗེ་བཙུན་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་པ་སོགས་གསུངས་སོང་།   གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉི་གྲངས་བཞིའི་རིང་ Lithuania རྒྱལ་ས་ Vilnius ནང་རྟེན་གཞི་བྱས་པའི་ Vilnius གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་ལ་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པར་མ་ཟད་རྒྱལ་ས་ Vilnius ནང་རྟེན་གཞི་བྱས་པའི་ Siemens Arena ཚོགས་ཁང་ཆེན་མོར་རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་ས་གནས་མང་ཚོགས་སྟོང་ཕྲག་བརྒལ་བར་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་མཛད་པ་བཅས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། ལྷག་པར་དུ་ཁ་སང་ Lithuania ནང་གི་མཛད་འཕྲིན་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་ལི་ཐོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བརྒྱད་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་མོལ་མཛད་འདུག སྐབས་དེར་མགོན་པོ་མཆོག་གིས་ད་བར་ལི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་མང་ཚོགས་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་སྔར་ལྷག་སྲ་བརྟན་ཐུབ་པར་ཕན་ནུས་ཆེན་པོ་ཐོན་ཡོད་པ་མ་ཟད། ལྷག་དོན་རྒྱ་གཞུང་ནས་བོད་ཀྱི་གནད་དོན་དེ་དྲང་བདེན་གྱི་ལམ་ནས་སེལ་ཐབས་གནང་དགོས་པའི་བརྡ་ལན་ཞིག་ཀྱང་སྤྲོད་ཀྱི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་རྒྱབ་སྐྱོར་བ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་སྒོས་སུ་རྒྱ་གར་གྱི་མནའ་བོའི་རིག་གནས་ལས་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་དེང་གི་འགྲོ་བ་མིའི་སྤྱི་ཚོགས་ནང་བདེ་སྐྱིད་བསྐྲུན་རྒྱུ་དང་། སེམས་ཚོར་དྲག་པོའི་ཆ་དེ་དག་འགོག་པར་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་རྒྱ་ཆེ་བསྩལ་འདུག

བཞུགས་སྒར་དུ་༸གོང་ས་མཆོག་གི་དགུང་ཀེག་སྔ་བསུར་དང་བསྟུན་ཞབས་རིམ་གསོག་སྒྲུབ་གནང་བ།

འདི་ལོ་བོད་ལུགས་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ འི་དགུང་ཀེག་སྔར་བསུར་ཁེལ་གྱི་ཡོད་པ་དང་བསྟུན། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་གནང་ཐོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་འབུལ་གཤོམ་དང་འབྲེལ་སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་ཞབས་རིམ་རྒྱས་པ་གསོག་སྒྲུབ་གནང་བཞིན་འདུག ཞབས་རིམ་གྱི་ཚོགས་མགོན་དུ་སྔགས་འཆང་འཛིན་པ་འོད་ཟེར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་དང། མང་ཚོགས་བཅས་འདུ་འཛོམས་ཐོག་ལྷ་བླ་མའི་ཐུགས་དམ་དགོངས་དོན་བཞིན་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་ཆེན། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཅས་གསོག་སྒྲུབ་གནང་བཞིན་འདུག ཞབས་རིམ་གོ་སྒྲིག་ཞུ་མཁན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཤོག་བྱམས་བསྟན་ལགས་ཀྱིས་དུས་ཚིགས་འདིའི་བརྒྱུད་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་སླད་དེ་རིང་ནས་དབུ་བཛུགས་ཀྱིས་མ་ཎི་དང་བཛྲ་གུ་རུ་དུང་ཕྱུར་གསོག་སྒྲུབ་གནང་དགོས་པར་རེ་སྐུལ་གནང་སོང་། སྤྱིར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ངོས་ནས་དེ་རིང་བཞུགས་སྒར་དུ་ཞབས་རིམ་གསོག་སྒྲུབ་གོ་སྒྲིག་གནང་བ་ཙམ་མིན་པར་ཞབས་རིམ་གསོག་སྒྲུབ་གནང་དགོས་ཁག་གཞན་རྣམས་གདན་ས་གསུམ་གཙོ་གྱུར་ཆོས་བརྒྱུད་ཁག་གི་དགོན་སྡེ་དང་། གཞིས་ཆགས་ཁག་བཅས་ལ་འཆར་འགོད་ཀྱིས་རྒྱ་གང་ཆེ་གནང་དང་གནང་མུས་རེད་འདུག

༸གོང་ས་མཆོག་གིས་ལི་ཐོ་ན་ཡའི་མང་ཚོགས་སྟོང་ཕྲག་ལྷག་ལ་བདེ་སྐྱིད་ཀྱི་བསྟན་བཅོས་སྐོར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༦ ཚེས་ ༡༡ ཉིན་བཞུགས་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་ཡོ་རོབ་ Baltic རྒྱལ་ཁབ་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཚེས་ ༡༤ ཉིན་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ཡོ་རོབ་ Lithuania རྒྱལ་ས་ Vilnius ནང་རྟེན་གཞི་བྱས་པའི་ Siemens Arena ཚོགས་ཁང་ཆེན་མོར་མང་ཚོགས་སྟོང་ཕྲག་བརྒལ་བར་བདེ་སྐྱིད་ཀྱི་བསྟན་བཅོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་ཀུན་བདེ་སྐྱོད་འདོད་མཁན་གཅིག་མཚུངས་ཡིན་པ་དང་། ཉེ་དུས་ནས་ཚན་རིག་མཁས་པ་མང་པོས་འགྲོ་བ་མིའི་རང་བཞིན་དེ་བྱམས་སྙིང་རྗེའི་རང་བཞིན་ཡིན་པ་ར་འཕྲོད་བྱུང་ཡོད་སྟབས། འགྲོ་བ་ཀུན་གྱིས་དུས་རྟག་ཏུ་སེམས་པ་བཟང་པོ་དང་འགྲོ་བ་མིའི་རང་བཞིན་ལ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་འཕེལ་གཏོང་གལ་ཡིན་པ་བཀའ་བསྩལ་འདུག ལྷག་དོན་འགྲོ་བ་མི་རྣམས་ནས་རང་གཅེས་འཛིན་གྱི་བསལ་བློ་དང་ཁོང་ཁྲོའི་གཞན་དབང་དུ་འགྲོ་ཚེ་རང་ཉིད་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེ་ལ་གནོད་པར་མ་ཟད་འགྲོ་བ་གཞན་ལའང་ཕན་ཐོགས་ཞུ་རྒྱུ་དཀའ་བ་སོགས་བཀའ་བསྩལ་དང་སྦྲགས། འགྲོ་བ་མི་རྣམས་གཅིག་ལ་གཅིག་བརྟེན་ཐོག་འཚོ་གནས་བྱེད་བཞིན་པའི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས། འགྲོ་བ་མི་རྣམས་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས། དེ་ནས་རིམ་པས་རྒྱལ་ཁབ་དང་འཛམ་གླིང་སྤྱིའི་བདེ་དོན་ཐོག་ཕྱག་ལས་གནང་དགོས་པ་དང་། དེ་ལྟར་བྱུང་ཚེ་རིམ་བཞིན་དུས་རབས་ ༢༡ པ་འདི་བཞིན་ཞི་བདེ་དང་ལྡན་པ་ཞིག་བཟོ་ཐུབ་ངེས་ཡིན་པའི་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་དུས་རབས་ཉི་ཤུའི་འགོ་སྟོད་ལ་ཡོ་རོབ་ཁུལ་དུ་དཀའ་རྙོག་ཆེན་པོ་ཡོད་ཀྱང་བར་སྐབས་ནས་ཡོ་རོབ་མཐུན་ཚོགས་གསར་འཛུགས་གནང་རྗེས་ཡུ་རོབ་ཁུལ་གྱི་དཀའ་རྙོག་མང་པོ་ཞིག་སེལ་ཐུབ་ཡོད་པ་ལྟར་རིམ་པས་ཨ་ཕི་རི་ཀའི་ཁུལ་དུ་ཡང་དེ་ལྟ་བུའི་མཐུན་ཚོགས་ཤིག་གསར་འཛུགས་ཐུབ་ཚེ་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་སོགས་བཀའ་བསྩལ་འདུག ཡུ་རོབ་ Lithuania འི་རྒྱལ་ཁབ་འདི་ཆུང་ཆུང་ཡིན་ནའང་འཛམ་གླི་ཞི་བདེ་དང་འགྲོ་བ་མིའི་བདེ་དོན་ཐོག་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཆེན་པོ་ཡོད་པ་ལམ་སྟོན་བསྩལ་འདུག སྐབས་དེར་ཆེད་བཅར་ཞུས་པའི་མི་མང་ཁག་ཅིག་ནས་༸གོང་ས་མཆོག་ལ་ཤེས་ཡོན་སློབ་ཁྲིད་གནང་སྟངས་དང་། བདག་འཛིན་གྱི་བསམ་བློ་ལ་གཉེན་པོ་བསྟན་ཚུལ་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་ཁག་ལ་མགོན་པོ་༸གང་ཉིད་མཆོག་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་དུ་འགྲོ་བ་མིའི་རིན་ཐང་ཐོག་དོ་སྣང་དེ་ཙམ་གནང་གི་མེད་སྟབས། ཆོས་སོགས་ཀྱི་སྐད་ཆ་གང་ཡང་མེད་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་སེམས་རྒྱུད་བཟང་པོ་བྱ་རྒྱུ། གཞན་ཕན་གྱི་བློ་སྦྱོང་རྒྱུ་རྣམས་སློབ་གསོའི་ཁྲོད་སློབ་འཁྲིད་གནང་ཚེ་དགེ་མཚན་ཆེན་པོ་བྱུང་ངེས་ཡིན་པ་དང་། འདས་པའི་ལོ་ཤས་ནང་ཨ་རའི་གྲོང་ཁྱེར་ཁག་ཅིག་ནས་གྲོང་ཁྱེར་གྱི་མིང་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་སློབ་མ་དང་མང་ཚོགས་ཁྲོད་བྱམས་བརྩེའི་གོ་རྟོགས་སྤེལ་བཞིན་པ་ལྟར། ལི་ཐོ་ནི་ཡ་གཙོས་གྱུར་བྷལ་ཊིཀ་རྒྱལ་ཁབ་ནང་དེ་ལྟར་གནང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པའི་ལམ་སྟོན་རྒྱ་ཆེ་མཛད་འདུག ༸གོང་ས་མཆོག་གིས་བར་སྐབས་ཤིག་ནས་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་བ་མང་དུ་འགྲོ་བཞིན་པའི་སྐོར་བཀའ་ལན་གནང་པར་འཛམ་གླིང་ཐོག་འགྲོ་བ་མིའི་སྤྱི་ཚོགས་ཤིག་ལ་དཀའ་ངལ་འཕྲད་སྐབས་མིའི་སྤྱིའི་ཚོགས་གཞན་ཞིག་ནས་རོགས་རམ་གནང་གལ་ཡིན་པ་དང་། ལྷག་པར་དུ་བར་སྐབས་ཤིག་ནས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ Syria སོགས་ཀྱི་སྐྱབས་བཅོལ་བ་མང་དག་ལ་རོགས་རམ་གནང་བཞིན་པར་དགའ་བསུ་དང་ཡི་རང་ཡོད་པའི་བཀའ་བསྩལ་དང་ཆབས་ཅིག་ཏུ་སྐྱབས་བཅོལ་བ་དེ་དག་ལ་ཤེས་ཡོན་ཐོག་རོགས་ཕན་མང་གནང་དགོས་གནད་ཡིན་པ་དང་དེ་ལྟར་བྱུང་ཚེ་ཁོང་རྣམས་རང་ཉིད་ཀྱི་རྒྱལ་ཁབ་སླར་གསོ་གནང་རྒྱུ་དང་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་ལ་ཕན་ངེས་ཡིན་པར་ལམ་སྟོན་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པར་ཞི་བདེ་དང་བདེ་སྐྱིད་འདོད་མཁན་གཅིག་མཚུངས་ཡིན་སྟབས། ང་ཚོ་ཚང་མའི་ངོས་ནས་གོ་ལ་སྤྱིའི་བདེ་སྐྱིད་དང་ཞི་བདེ་སྐྲུན་རྒྱུའི་འགན་དེ་མཉམ་འཁུར་གནང་ཚེ་དུས་རབས་ ༢༡ པ་འདི་ཞི་བདེ་དང་ལྡན་པ་ཞིག་བཟོ་ཐུབ་ངེས་ཡིན་པའི་ལམ་སྟོན་མཛད་འདུག  

༸གོང་ས་མཆོག་གིས་ཨ་རི་དང་བྱང་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱི་མཇལ་མོལ་ལ་དགའ་བསུའི་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་བར་འཚམས་འདྲི་གནང་བ་དང་འབྲེལ། མཇལ་མོལ་དེའི་བརྒྱུད་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་ཁྱོན་ཡོངས་སུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག གཟའ་འཁོར་འདིའི་རེས་གཟའ་མིག་དམར་ཕྱི་ཚེས་ ༡༢ ཉིན་ཨེ་ཤ་ཡའི་རྒྱལ་ཁབ་སིངྒ་པུར་ Sentosa གླིང་ཕྲན་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ Kim Jong-un གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་ཡོད་པ་དང་། མཇལ་མོལ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་དེ་བཞིན་གསར་འགྱུར་བརྒྱུད་ལམ་སོགས་ནས་དོ་སྣང་ཆེན་པོ་གནང་ཡུལ་ཞིག་ཆགས་ཡོད་པ་རེད། ཁ་སང་ཟླ་ ༦ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་ལ་དགའ་བསུའི་གསུང་འཕྲིན་ཞིག་བསྩལ་བའི་ནང་གྲོས་མོལ་ནི་རྒྱལ་ཁབ་དང་མི་སྒེར་སོ་སོའི་དབར་ཡོད་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཐབས་ལམ་གཅིག་པོ་དེ་ཡིན་པ་དང་དེ་ལ་༸གང་ཉིད་མཆོག་ནས་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ། སྤྱིར་མགོན་པོ་༸གང་ཉིད་མཆོག་ནི་འཛམ་གླིང་འདིའི་ནང་གོ་མཚོན་མེད་པ་བཟོ་རྒྱུ་དང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཐབས་ལ་ཡོངས་གྲགས་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། ད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་ངོ་ཐུག་མཇལ་མོལ་དེར་དགའ་ཚོར་ཆེན་པོས་འཚམས་འདྲི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་མཇལ་མོལ་དེའི་བརྒྱུད་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་བརྒྱུད་ཞི་བདེ་རྒྱུན་གནས་ཐུབ་པར་ཐུགས་རེ་ཡོད་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་ད་དུང་རྒྱལ་ཁབ་ཕྱོགས་གཉིས་པོའི་དབུ་ཁྲིད་ནས་ད་རེས་གོམ་སྟབས་ཆེན་པོ་དེ་འདྲ་ཞིག་སྤོ་གནང་བར་ཆེ་བསྟོད་དང་འབྲེལ། དབུ་ཁྲིད་རྣམ་གཉིས་ཀྱིས་འབད་བརྩོན་གནང་བ་དེས་མ་འོངས་པར་འགྲོ་བ་མིའི་ཚེ་སྲོག་ལ་གནོད་པའི་འཇིགས་སྣང་ཆེ་བའི་གོ་མཚོན་དེ་དག་མེད་པ་བཟོ་རྒྱུར་གཞན་ལའང་སེམས་ཤུགས་འཕར་མ་ཞིག་སྦྱིན་པ་དང་། རིང་མིན་གོ་ལའི་ཐོག་དོན་དམ་པའི་ཞི་བདེ་ཡུན་གནས་ཐུབ་རྒྱུར་ཐུགས་རེ་ཡོད་པར་མ་ཟད་༸གང་ཉིད་མཆོག་ནས་མཇལ་མོལ་དེ་ནས་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་རྒྱུར་ཐུགས་སྨོན་ཡོད་པ་བཀའ་བསྩལ་འདུག

Latest news