Tibetan Royal Year of 2151 | Year of the Wood Dragon

༸སྐུའི་ཡང་སྲིད།

སྲིད་སྐྱོང་མཆོག་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

སྲིད་སྐྱོང་མཆོག་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པ་བསྐྱར་ནན།

རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པའི་བསྐྱར་ནན།

༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཞུ་སྒོ་ཁག་རྒྱ་ནག་ནང་ཞུ་དགོས་ཞེས་བཤད་འདུག

རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བདག་དབང་ཤུགས་ཆེར་རྩོད་བཞིན་པའི་ཁྲོད་འདིར་སླར་རྒྱ་ནག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཞུ་སྒོ་ཁག་རྒྱ་ནག་ནང་ཞུ་དགོས་ལུགས་བཤད་འདུག  ཟླ་ ༢ ཕྱི་ཚེས་ ༢༢ ཉིན་རྒྱ་གཞུང་གིས་གཉེར་བའི་ Global Times ཡིས་རྒྱ་ནག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་ China Central Television (CCTV) ཐོག་བཀྲ་ཤིས་ལྷུན་པོ་ཞེས་པའི་མུ་འབྲེལ་གློག་བརྙན་ཞིག་བསྟན་ཡོད་པ་དེ་ད་ཆ་མཇུག་སྒྲིལ་ཟིན་པ་དང་།  གློག་བརྙན་ནང་༸གོང་ས་མཆོག་གིས་དབུས་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་སྐོར་ཞིབ་ཕྲ་བཀོད་སྒྲིག་བྱས་ཡོད་ལུགས་དང་ལྷག་པར་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་རྒྱ་ནག་གཞུང་གིས་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཚད་པར་ཡང་སྲིད་རྩད་གཅོད་གནང་སྲོལ་དེ་ཡང་དུས་རབས་ ༡༣ ནས་རྒྱ་ནག་གི་མངའ་ཁོངས་སུ་བྱེད་ཀྱི་ཡོད་པར་བཤད་འདུག   རྒྱ་ནག་ནི་བོད་བརྒྱུད་ནང་བསྟན་གྱི་བྱུང་ཁུངས་ཡིན་པ་དག་ཆོས་ཕྱོགས་ཀྱི་ལས་དོན་དག་ནི་རྒྱ་ནག་ནང་མོལ་གྱི་གནད་དོན་ཞིག་ཡིན་སྟབས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་རྒྱ་ནག་གི་ཁྲིམས་གཞིར་ལྟར་འགྲོ་དགོས་ལུགས་བཤད་ཡོད།  གཞི་རྩའི་ཉེ་ལམ་ཕྱི་ཟླ་ ༢ ནང་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གཙོས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐེ་གཏོགས་མི་ཆོག་པ་སོགས་བོད་དོན་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།  Global Times ཡིས་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་༸སྐུའི་ཡང་སྲིད་དང་འབྲེལ་གྲོས་ཆོད་གཏན་འབེབས་གནང་བ་ལུང་འདྲེན་གྱིས་བཀྲ་ཤིས་ལྷུན་པོ་ཞེས་པའི་མུ་འབྲེལ་གློག་བརྙན་དེས་ལོ་རྒྱུས་དང་རྒྱ་ནག་གི་ཆོས་ཕྱོགས་ཀྱི་སྲིད་བྱུས་མ་ཤེས་པ་རྣམས་མངོན་གསལ་བྱེད་ཡོད་ལུགས་བཤད་འདུག  རྩ་བའི་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་སྔ་ལོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་དོན་ཚན་དྲུག་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་གསུངས་ཡོད་པ་མ་ཟད།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ཁས་ལེན་གྱི་མེད་པའི་ཁར་སྐྱེ་བ་སྔ་ཕྱི་སོགས་ཀྱི་རྣམ་གཞག་ཁས་ལེན་བྱེད་ཀྱི་མེད་སྟབས། དེ་ལྟ་བུའི་སྲིད་གཞུང་ཞིག་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ལ་དབང་ཆ་ཡོད་ཟེར་བ་དེ་ནང་འགལ་ཆེན་པོ་ཞིག་རེད་ཅེས་གསུངས་ཡོད། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་ནང་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་ཞིག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པའི་ནང་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་གནང་སྟེ་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་གང་ཡང་མེད་ཅེས་བཀོད་ཡོད། ཕྱོགས་མཚུངས་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་ཡོད་པ་དང་བསྟུན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱིས་གོ་སྒྲིག་དང་། དེ་བཞིན་དབྱིན་ཡུལ་དང་ཁེ་ན་ཌ།  ཅེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ནི་ཡ་བཅས་ཀྱིས་མཐུན་འགྱུར་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནས་བབ་ཐོག་ཟུར་ཚོགས་ཤིག་གནང་ཡོད་པ་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ ཉིན་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་པར་ངོས་ལེན་མེད་པའི་བཞེངས་ཕྱོགས་སོར་གནས་ཡིན་པར་བསྐྱར་ནན་གྱིས་གསུངས་ཡོད།

རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ཐེ་གཏོགས་མི་ཆོག་པའི་གྲོས་ཆོད་གཏན་འབེབས།

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གཙོས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐེ་གཏོགས་བྱེད་མི་ཆོག་པ་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་སོགས་བོད་དོན་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག ཁ་ཉིན་ཕྱི་ཚེས་ ༡༢ ཉིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ The Save Tibet Network དང་ཉི་ཧོང་བོད་རིགས་ཐུན་མོང་གིས་དྲ་ཐོག་བརྒྱུད་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུ་ཐོག་དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅུ་དང་ཚོགས་བཅར་བ་ཞལ་གྲངས་ ༢༨ ལྷག་མཉམ་ཞུགས་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་ཧོང་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་མ་ཀི་ནོ་སི་ཤུ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་ལྗོངས་གནས་ཚུལ་ཁག་གཅིག་དང་། ཁོང་རང་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུ་མྱོང་ཡོད་པའི་ལོ་རྒྱུས་སོགས་ངོ་སྤྲོད་དང་སྦྲགས། ཚོགས་བཅར་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་འཚེ་མེད་ཞི་བའི་ལམ་ལ་བསྟེན་དགོས་པའི་གལ་གནད་ཡིན་པ་སོགས་གསུང་བཤད་གནང་འདུག ཚོགས་འདུའི་ཐོག་མཉམ་ཞུགས་གནང་བའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་གནད་དོན་སྤྱི་ལ་རྒྱབ་སྐྱོར་དང་ལྷག་དོན་ད་ལྟའི་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ཀྱིས་འཕྲལ་མར་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཚམས་བཞག་སྟེ་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་འཇུག་དགོས་པ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ནས་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ལ་བཙན་དབང་ཐོག་ནས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ནས་གྲངས་ཉུང་མི་རིགས་ཚོ་ལ་རང་ཉིད་ཀྱི་སྐད་ཡིག་ལག་བསྟར་དང་རྒྱུན་འཛིན་བྱེད་རྒྱུའི་རང་དབང་ཆ་ཚང་སྤྲོད་དགོས་པ། ལྷག་པར་དུ་ཆོས་དད་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་སྒོས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་གཏོགས་གང་ཡང་ཞུ་མི་ཆོག་པ་མ་ཟད། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་ཚོགས་མིའི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་བདམས་པའི་བླ་སྤྲུལ་དང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་སོགས་བོད་དོན་དང་འབྲེལ་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་གནང་ཡོད། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རླུང་འཕྲིན་ཁང་ལ་སྐབས་དེའི་ཚོགས་འདུའི་ཐོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་། དྲག་རྩུབ་ཆེ་བའི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ་རྣམས་ལ་ངེས་པར་དུ་སྐྱོན་བརྗོད་སྔར་ལྷག་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཚད་པར་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་རྙིང་གཉིས་ཀྱི་ངོས་ནས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་སོགས་གསུངས་སོང་།

རྒྱ་ནག་གཞུང་ནས་བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་རྒྱུར་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་དགོས།

རྒྱ་ནག་གཞུང་ནས་དེ་རིང་སླར་ཡང་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད་༡༩༥༡ནས་ད་བར་གྱི་བོད་བཅིངས་གྲོལ་དང་འཛུགས་སྐྲུན། དཔལ་འབྱོར་ཡར་རྒྱས་བཏང་ཡོད་ཚུལ་བཅས་བཤད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་གྱི་འཁྱོགས་བཤད་བྱས་འདུགདེ་ཡང་རིང་མིན་ཕྱི་ཟླ་ ༥ ཚེས་ ༢༣ ནི་དེ་སྔ་རྒྱ་གཞུང་གིས་བོད་མིར་བཙན་དབང་གི་འོག་ནས་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་དུ་བཅུག་པའི་ཉིན་མོ་ཞིག་དང་རྒྱ་གཞུང་གིས་ཉིན་མོ་དེ་བོད་ལ་ཞི་བའི་བཅིངས་གྲོལ་བཏང་བར་འགྲེལ་བརྗོད་བྱེད་པའི་ཉིན་མོ་ཞིག་ལ་འཁེལ་གྱི་ཡོད་པ་དང་བསྟུན། དེ་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་རྒྱལ་ས་པེ་ཅིང་དུ་བོད་དོན་སྐོར་ལ་སླར་ཡང་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འདོན་སྤེལ་བྱས་པ་དང་ཆབས་ཅིག དེའི་ནང་རྒྱ་ནག་གཞུང་གིས་བོད་མི་གཙོ་བྱས་པའི་རྒྱ་ནག་མི་མང་ཡོངས་ནས་རྒྱལ་ཁབ་ཀྱི་གཅིག་སྒྲིལ་དང་རང་དབང་སྲུང་སྐྱོབ་བྱེད་མུས་ཡིན་པ་མ་ཟད། ཁ་བྲལ་རིང་ལུགས་པ་དང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་དཔུང་ཤུགས་དག་ལ་སྔར་ལྷག་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཐེངས་འདིའི་ཡིག་ཆའི་ནང་རྒྱ་གཞུང་གིས་འདས་པའི་ལོ་ཡུན་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸གང་ཉིད་ཀྱི་རྗེས་འཇུག་པ་རྣམས་ཀྱིས་བོད་དེ་ཡར་རྒྱས་གོང་འཕེལ་དང་ཆིག་སྒྲིལ་ཡོང་བར་བཟང་ཕྱོགས་ཀྱི་མཐུན་སྦྱོར་གང་ཡང་གནང་མེད་ལུགས་བཤད་ཡོད་པ་མ་ཟད། གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་དམིགས་ཡུལ་འོག་བོད་ཞི་བའི་བཅིངས་གྲོལ་བཏང་མེད་ཚེ། བོད་མི་རྣམས་ཀྱི་གཞི་རྩའི་མངོན་འདོད་རྣམས་སྲུང་སྐྱོབ་བྱ་ཐབས་བྲལ་ཡོད་པ་དང་དེ་བཞིན་སྤྱི་ཚོགས་དང་ཁོར་ཡུག་སྲ་བརྟན་ཞིག་མེད་ཚེ་ས་ཁུལ་དེའི་དཔལ་འབྱོར་དང་རིག་གཞུང་། སྣོད་བཅུད་གང་ཡང་ཡར་རྒྱས་འགྲོ་ཐབས་མེད་པའི་ཁར། མང་ཚོགས་ཀྱི་ཐོབ་ཐང་སྲ་བརྟན་དང་དེ་དག་ལ་བདེ་སྐྱིད་ལྡན་པའི་མི་ཚེ་སྤྲོད་རྒྱུར་འགན་ལེན་བྱེད་ཐབས་བྲལ་བ་ཡིན་ཚུལ་སོགས་ཀྱི་ལོག་བཤད་བྱས་ཡོད་པ་རེད། ལྷག་པར་དུ་རྒྱབ་ཤ་དཀར་པོ་དེའི་ནང་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་རྒྱ་ནག་དབུས་གཞུང་གི་བདག་དབང་འོག་ནས་ཁ་བྲལ་ཐབས་མེད་པའི་བོད་ཀྱི་ཆབ་སྲིད་དང་རྒྱལ་རབས་ལོ་རྒྱུས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་སྐོར་བརྗོད་པ་དང་ཆབས་ཅིག ལོ་རྒྱུས་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཚད་མཐོའི་བླ་སྤྲུལ་ཡང་སྲིད་རྣམ་པ་གསེར་བུམ་དཀྲུགས་ཏེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱས་ཡོད་ཚུལ་བརྗོད་པ་མ་ཟད།རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ བར་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཁྱོན་ ༩༢ ནང་པའི་རྒྱུན་སྲོལ་གྱི་ཆོ་གའི་སྒོ་ནས་ངོས་འཛིན་བཀའ་ཁྲོལ་སྤྲད་ཡོད་ཚུལ་ཡང་བཤད་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྙན་ཐོ་དེར་དགག་ལན་ནན་པོ་བསྐྱོན་ཏེ། རྒྱ་གཞུང་ནས་རྒྱབ་ཤ་དཀར་པོ་བསྟུད་མར་བཏོན་ནས་བོད་ནང་ཡར་རྒྱས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་མང་དག་བརྒྱུད་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་བཞིན་པར་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་འདི་ནི་འཁྱོགས་བཤད་དྲིལ་བསྒྲགས་ཙམ་ཞིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་གང་ཡང་མེད་པ་མ་ཟད། དེའི་ནང་བོད་མིའི་མངོན་འདོད་གང་དུ་ཡོད་མེད་ཀྱི་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་ནན་བརྗོད་གནང་སོང་།དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་ད་བར་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བར་བོད་དོན་སྐོར་འཁྱོགས་བཤད་དྲིལ་བསྒྲགས་ཀྱིས་རྒྱབ་ཤ་དཀར་པོའི་སྙན་ཐོའམ་ཡིག་ཆ་ཐེངས་ ༡༥ འདོན་སྤེལ་བྱེད་དགོས་དོན་གནད་འགག་སྐོར་དང་འབྲེལ་མ་འོངས་པར་རྒྱ་ནག་གཞུང་ནས་བོད་དོན་ཐོག་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་སྤེལ་བྱས་ཚེ་དེའི་ནང་ངེས་པར་ཕྱོགས་གཅིག་ཁོ་ནའི་གནས་ཚུལ་ཙམ་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་སེལ་སྒྲུབ་ཐབས་་གལ་ཆེན་ཡིན་པའི་དགོངས་ཚུལ་བཏོན་སོང་། གཞི་རྩའི་རྒྱ་ནག་གཞུང་ནས་ཕྱི་ལོ་༡༩༩༢ནས་ད་བར་བོད་སྐོར་འཁོད་པའི་རྒྱབ་ཤ་དཀར་པོ་ཐེངས་༡༣འདོན་སྤེལ་དང་དེའི་ནས་གསར་ཤོས་དེ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ནང་གི་དམངས་གཙོ་བཅོས་བསྒྱུར་གྱིས་མི་ལོ་དྲུག་ཅུ་ཞེས་པའི་དོན་ཚན་བཅུ་ཅན་གྱི་རྒྱབ་ཤ་དཀར་པོའི་སྙན་ཐོ་དེ་ཆགས་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གི་རྒྱབ་ཤ་དཀར་པོའི་འཁྱོགས་བཤད་ལ་དགག་ལན་གནང་བ་དང་འབྲེལ། དོན་ཚན་གསུམ་གྱི་ཐོག་ནས་རྒྱ་ནག་གི་འཁྱོག་བཤད་ལ་ལན་འདེབས་གནང་ཡོད་པ་རེད།

བཀའ་སྤྱི་གཉིས་ཀྱིས་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་འདུག

དེ་རིང་ནི་དེ་སྔ་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ པ་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༦ འཁོར་བའི་དུས་དྲན་ཡིན་པ་ལྟར། དུས་ཚིགས་འདི་དང་བསྟུན་དེ་རིང་བཀའ་སྤྱི་གཉིས་ནས་ཡོངས་ཁྱབ་བསྒྲགས་གཏམ་རེ་འདོན་སྤེལ་གནང་འདུག དེ་ཡང་དེ་རིང་བཀའ་ཤག་གི་བསྒྲགས་གཏམ་དེའི་ནང་དུ ། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་སྐབས་དེར་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལས་སོན་མེད་པས། རིན་པོ་ཆེ་མཆོག་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་ཆགས་ཀྱི་ཡོད་སྟབས། རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཡིན་པ་མ་ཟད། རྒྱ་གཞུང་གིས་བྱེད་ཕྱོགས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྱད་པར་བྱིས་པའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་དང་འགལ་བ་ཞིག་ཆགས་ཡོད་པ་གསུངས་འདུག ལྷག་པར་རྒྱ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་གནང་ཕྱོགས་སོགས་བོད་ཀྱི་ཐུན་མིན་ཆོས་ལུགས་དང་སྲོལ་རྒྱུན་གྱི་གནང་སྒོ་གང་ཅིའི་ཐད་ཐེ་བྱུས་བྱེད་ཀྱི་ཡོད་པས་རྒྱ་གཞུང་གིས་བྱེད་ཕྱོགས་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་གསུངས་འདུག དེ་བཞིན་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་རྣམས་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་རྒྱུས་ལོན་དང་གློད་བཀྲོལ་སླད་ཞུ་གཏུག་ལན་མང་གནང་བ་དང་ལྷག་པར་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་སྲིད་གཞུང་། རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རིན་པོ་ཆེ་མཆོག་གློད་བཀྲོལ་སླད་གྲོས་ཆོད་དང་སྙན་ཐོ་རིམ་པ་སོགས་བཏོན་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་རྣམས་ནས་ཀྱང་ལས་འགུལ་རྒྱུན་མི་ཆད་པར་སྤེལ་དང་སྤེལ་མུས་ཡིན་ནའང་། རྒྱ་གཞུང་ནས་ད་བར་རིན་པོ་ཆེ་མཆོག་གི་གནད་དོན་ཐད་དངོས་ཡོད་གནས་སྟངས་དང་མཐུན་པའི་འགན་ཁུར་གྱི་ལན་འདེབས་རྩ་བ་ནས་བྱས་མེད་པ་གསུངས་འདུག ཕྱོགས་མཚུངས་ད་རེས་ཀྱི་དུས་ཚིགས་དེ་བསྟུན་ ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མཛད་པ་རྣམ་ཐར་ལའང་ཚད་མཐོའི་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུས་གནང་འདུག་པ་མ་ཟད། རྒྱ་གཞུང་ནས་ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ དབུས་པའི་སྐུ་འཁོར་བཅས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་པའི་རེ་སྐུལ་ནན་པོ་གནང་འདུག དེ་རིང་གི་དུས་ཚིག་དང་སྟུན། དེ་རིང་རྒྱ་གར་གྱི་དགོང་དྲོའི་ཕྱག་ཚོད་༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་དྲ་ཐོག་ཐད་བསྲིང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་རྗེས་དྲན་ལོ་རྒྱུས། སྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྒྱུ་ཡིན་འདུག་པ་དང་། ཐད་ཀར་རྒྱང་སྲིང་གི་མཛད་སྒོ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Anant Kumar Hegde ལགས་དེ་བཞིན་བཀྲིས་ལྷུན་པོའི་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་རྒྱུ་རེད་འདུག ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་ཞལ་བཞུགས་ཡོད་མེད་སྐོར་ཡིད་ཆེས་འཕེར་བའི་རྩད་གཅོད་གནང་ཐབས་ཀྱི་རོགས་མགོན་སྐྱབས་འཇུག་ཡོང་བ་དང་། རིན་པོ་ཆེ་མཆོག་མི་ལོ་ ༢༦ རིང་གར་སོང་ཆ་མེད་དུ་སོང་བ་འདི་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ལྟ་བུ་ཞིག་ཡིན་པས་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་དགོས་པ་ཞིག་ཆགས་ཡོད་པས་དེ་ལུགས་མཐུན་འགྱུར་གནང་ཐབས་ཡོང་བ། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་ནག་གཞུང་གིས་ཆེད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུར་དད་གུས་དང་བརྩི་བཀུར་བྱེད་ཀྱི་མེད་པས། རྒྱ་ནག་དམར་གཞུང་དང་འབྲེལ་ལམ་གནང་སྐབས་དེ་ལུགས་གོ་བརྡ་འཕྲོད་ངེས་གནང་སྐྱོང་དང་། ལྷག་པར་ཨ་རི་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་དག་ཅིག་གི་དབུ་ཁྲིད་རྣམ་པས། རྒྱ་གཞུང་ལ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གི་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་འཕྲད་དུ་གློད་བཀྲོལ་དགོས་པའིོ་གྲོས་ཆོད་བཞག་ཡོད་པས་དེ་འབྲེལ་རྒྱབ་སྐྱོར་གནང་མཁན་གཞུང་སྒེར་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སླད་མར་ཡང་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་མ་བྱུང་གི་བར་དུ་སྔར་བཞིན་རྒྱ་གཞུང་ལ་དགོས་འདུན་དང་སྐུལ་ལྕག་ངེས་གནང་ཡོང་བའི་འབོད་སྐུལ་དང་། བོད་མི་ཡོངས་ཀྱི་རེ་འདུན་ནི་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙན་གནོན་འོག་ཐར་ཏེ་གདན་ས་བཀྲིས་ལྷུན་པོར་ཞབས་སོར་འཁོད་རྒྱུ་ཡིན་སྟབས། དེ་འབྲེལ་གྱི་སྐལ་བཟང་གི་ཉི་མ་གང་མགྱོགས་འཆར་བའི་ཆེད་རོགས་མགོན་སྐྱབས་འཇུག་ལྷོད་གཡེང་མེད་པར་གནང་རོགས་བཅས་དོན་ཚན་ལྔའི་ཐོག་ནས་ཞུ་སྐུལ་གནང་འདུག དེའི་བར་ན་དེ་རིང་༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན། ཉི་ཧོང་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་གླེང་སྟེགས་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཉི་ཧོང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Hirano Satoshi ལགས། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉི་ཧོང་སྡེ་ཚན་གྱི་འབྲེལ་མཐུད་པ་ Kitai Daisuke ལགས་བཅས་ལྷན་བཞུགས་ཀྱིས་ས་གནས་ཀྱི་གསར་འགོད་པའི་མདུན་སར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་གནང་བའི་ Tibet's Stolen Child ཞེས་པའི་དཔེ་དེབ་ཉི་ཧོང་གི་སྐད་ཡིག་ཐོག་སྒྱུར་བ་དེ་འདོན་སྤེལ་དང་སྦྲགས། གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་འདུག སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་གིས་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་རིན་པོ་ཆེ་མཆོག་གི་གནས་སྟངས་གང་ཡིན་གསལ་བཤད་ཙམ་ཡང་མ་བྱས་པར་དེ་མུར་བཞག་པ་དེ་ཡིས། བོད་ནང་ལ་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་མཚོན་ཐུབ་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆོས་ཁས་ལེན་ཙམ་ཡང་བྱེད་ཀྱི་མེད་པའི་ཁར། རྒྱ་ནག་རང་ཉིད་ཀྱི་པཎ་ཆེན་ཞིག་ངོས་འཛིན་བྱས་ཏེ་ཆབ་སྲིད་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་བེད་སྤྱོད་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ཉི་ཧོང་གི་སྐད་ཡིག་ཐོག་འདོན་སྤེལ་ཞུས་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་བའི་ Tibet's Stolen Child ཞེས་པའི་དཔེ་དེབ་དེ་བརྒྱུད་དེ་ས་གནས་ཀྱི་གསར་འགོད་པ་དང་། རྒྱལ་སྤྱིའི་མང་ཚོགས་རྣམས་ནས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག མ་ཟད་སྐུ་ཚབ་དོན་གཅོད་མཆོག་ནས་ཐེངས་འདིའི་དུས་ཚིགས་དང་བསྟུན། རྒྱ་ནག་གཞུང་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གཙོས་པའི་ནང་མི་རྣམ་པ་དང་། རིན་པོ་ཆེ་མཆོག་གི་དགེ་བའི་བཤེས་གཉེན་བྱ་བྲལ་རིན་པོ་ཆེ་བཅས་ཀྱི་གནས་སྟངས་གང་ཡིན་ཁ་གསལ་བཟོ་དགོས་པ་དང་། དེ་བཞིན་ཁོང་རྣམ་པ་གང་མགྱོགས་གློད་བཀྲོལ་གནང་དགོས་པ། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་སྟེ་བོད་དེ་བཞིན་དམག་སྒར་ལྟ་བུ་བཟོ་རྒྱུའི་ལས་དོན་རྣམས་མཚམས་འཇོག་དགོས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ཁག་ཅིག་སྟོན་གནང་འདུག གཞན་ཡང་དེ་རིང་གི་དུས་ཚིགས་འདི་དང་བསྟུན་ཁ་སང་ཁེ་ན་ཊའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་སྟོན་པའི་ཐོག་ས་གནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འདུག ད་དུང་ཨོ་སི་ཀྲི་རི་ཡ་ནང་གནས་བཞུགས་བོད་མི་རྣམས་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་གྱི་ལས་འགུལ་དང་དེ་བཞིན་བོད་མིའི་ཚོགས་སྒེར་ཁག་ནས་ཀྱང་དྲ་ཐོག་བརྒྱུད་རྒྱ་ནག་གཞུང་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཟོ་དང་རིན་པོ་ཆེ་དང་སྐུ་འཁོར་བཅས་པ་ཆ་རྐྱེན་མེད་པའི་ཐོག་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་འདུག མ་ཟད་དེ་རིང་ཨ་རི་ནེའུ་ཡོག་ས་གནས་གཞོན་ནུའི་ངོས་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་གནང་གི་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པར་གསུངས་འདུག

ཨ་རིའི་སྲིད་འཛིན་བྷེ་ཊན་གྱི་གཞུང་འཛིན་གསར་བའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་ངོས་ནས་བོད་དོན་ལ་ཤུགས་སྣོན་སྐྱོན་རྒྱུ་ཡིན་པའི་ཁས་ལེན་གནང་འདུག

སྲིད་འཛིན་ཌམ་མཆོག་གིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་བཅས་པ།

ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཁ་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཡུལ་དེའི་ཁྲིམས་སུ་བཅས་འདུགཟླ་བ་འདིའི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act 2020 ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐོར་བ་ཡོངས་ཀྱིས་དགའ་བསུ་ཞུས་ཏེ་སླད་མར་ཁྲིམས་འཆར་དེ་ཨ་རིའི་ཁྲིམས་སུ་བཅས་པར་སྲིད་འཛིན་ཌམ་མཆོག་གི་མཚན་རྟགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་མུས་ཁྲོད་ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཨ་རིའི་གཞུང་གི་སྔོན་རྩིས་ཁྲིམས་གཞིར་མཚན་རྟགས་བསྐྱོན་ཏེ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཨ་རིའི་གཞུང་གི་ཁྲིམས་སུ་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་བརྟན་པོ་དང་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གྱི་རྣམ་པ་ཆེས་མངོན་གསལ་གནང་ཡོད།བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་དང་འབྲེལ་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཐོག་དེ་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཐུན་མོང་ཐོག་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཤིག་ཡིན་པར་བརྟེན་ཐུགས་རྗེ་ཆེ་ཞེས་དགྱེས་ཚོར་བྱུང་སྐོར་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དྲ་གནས་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་མཆོག་ལ་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་པ་དང་ཨ་རིའི་གྲོས་ཚོགས་ནས་དེར་སྤྱི་མོས་ཐོག་གཏན་འབེབས་གནང་བ། དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྐང་འགན་བཞེས་ཏེ་ཁྲིམས་འཆར་ངོ་སྤྲོད་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁྲིམས་འཆར་དེ་ནི་གཞིས་བྱེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཚོན་ན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་དང་དེས་བོད་ནང་གི་བོད་མིར་རེ་བ་གསར་པ་ཞིག་དང་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྔར་ལྷག་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བ་ཞིག་མཚོན་སྐོར་གསུངས་འདུགརྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་མ་ཟད། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་གནང་ཡོད་པ་རེད།སྤྱིར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེ་གཏན་ལ་ཕབ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཐེངས་ཁ་ཤས་ཆེད་ཕེབས་གནང་ཡོད་པར་མ་ཟད་བྱང་ཨ་རིའི་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྙན་དང་དངོས་སུ་མཇལ་འཕྲད་ཀྱིས་ཞུ་གཏུག་གི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་གཞན་ཚོར་དོ་དམ།

རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་བྲང་གི་བདག་དབང་ལ་རྩོད་ལེན་བྱེད་བཞིན་པ་ནི་བོད་དང་བོད་མི་ཙམ་མ་ཟད་འཛམ་གླིང་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་ཚོའི་ཐོག་དོ་དམ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཅེས་བརྗོད་འདུག

Latest news