Tibetan Royal Year of 2151 | Year of the Wood Dragon

བོད།

ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་དེ་སེ་པན་གྱི་རྒྱལ་སྤྱིའི་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ་ལྷ་མོ་དང་སྐལ་བྷེ་ཞེས་པ་འདི་ལོའི་སེ་པན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༦༧ པ་ཐོག་བདམས་ཐོན་བྱུང་བ་ལྟར་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་འཁྲབ་གཞུང་གི་ནང་དོན་གཙོ་བོ་བོད་ཁུལ་གྱི་ཕོ་མོའི་བར་གྱི་བརྩེ་དུང་དང་བརྩེ་དུང་གི་གུད་ཆག་ཁྲོད་ཀྱི་སེམས་ཀྱི་རྨ་ཁ་སོགས་ཕྱིར་མངོན་པར་བྱས་པའི་གློག་བརྙན་ཞིག་རེད། ལྷ་མོ་དང་སྐལ་བྷེ་གཉིས་གཉེན་སྒྲིག་བྱེད་གྲབས་ཡོད་སྐབས་ལྷ་མོས་རང་གི་མཛའ་བོ་སྐལ་བྷེ་ལགས་སྔོན་ཆད་ཡང་གཉེན་སྒྲིག་ཐེངས་ཤིག་བྱེད་མྱོང་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན་ཁོང་དང་ལྷན་དུ་གཉེན་སྒྲིག་གི་འདུན་པར་འགྱུར་བ་ཐེབས་ཏེ་རེ་ཞིག་ཕྱིར་འཐེན་བྱས་ཡོད་སྟབས་སྐལ་བྷེ་ལགས་ཀྱིས་ སྔར་གྱི་ཆུང་མ་མཚོ་ཡག་ལགས་འཚོལ་དུ་ཕྱིན་ཀྱང་། མཚོ་ཡག་ལགས་བཟའ་འཐོར་བྱུང་རྗེས་ཡིད་སེམས་སྐྱོ་བས་རབ་ཏུ་མནར་ནས་མཐར་དབེན་པའི་དགོན་གྲོང་ཞིག་ཏུ་བཙུན་མ་གནང་ཟིན་པ་རེད། དེ་བཞིན་ལྷ་མོ་ལགས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་ནས་གཉེན་སྒྲིག་གནང་བར་དངངས་སྐྲག་སྐྱེ་བཞིན་པའི་བརྩེ་དུང་གི་གདུང་བ་ཕྱིར་མངོན་པའི་གློག་བརྙན་ཞིག་རེད། རྩ་བའི་བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་ཟོན་ཐར་རྒྱལ་ལགས་ནི་ལོ་རབས་བདུན་ཅུ་པའི་སྟོད་དུ་བོད་མདོ་སྨད་ཐུན་ཏེ་རུ་སྐྱེས་ཤིང་། བོད་ཁུལ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐོན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ལོ་འགའི་རིང་ལ་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། རྗེས་སུ་ཁོང་གི་གྲོགས་པོ་པདྨ་ཚེ་བརྟན་ལགས་ཀྱི་ལམ་སྟོན་དང་རོགས་འདེགས་འོག་པེ་ཅིན་གྱི་གློག་བརྙན་སྒྲིག་སྦྱོར་གྱི་སློབ་གླིང་དུ་སློབ་ཞུགས་བྱས་ཡོད་པ་ལྟར་ཉེ་བའི་ལོ་ཤས་རིང་ཁོང་གིས་པདྨ་མ་ཚེ་བརྟན་དང་མཉམ་དུ་བོད་སྐད་ཀྱི་གློག་བརྙན་དབུས་ལམ་གྱི་ཉི་མ་དང་གཙང་བོ། དེ་བཞིན་ཁྱི་རྒན། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་སོགས་སྒྲིག་སྦྱོར་བྱས་ཏེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོའི་ཐོག་གཟིགས་འབུལ་ཞུས་ཡོད་པ་རེད། ཐེངས་འདིར་ཁོང་གིས་ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་སེ་པན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག  དེ་མཚུངས་སུ་བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པ་དེ་འདི་ལོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྙིང་གྲས་ Venice གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་བདམས་ཐོན་བྱུང་ཡོད་པ་རེད།

བོད་ཁུལ་དུ་བོད་ཡིག་དགེ་རྒན་གྱི་ས་མིག་ཉུང་འཕྲི་བྱེད་བཞིན་པ།

ཉེ་བའི་ལོ་ཤས་ནས་ནས་བཟུང་བོད་ཁུལ་དུ་སྐད་གཉིས་སློབ་གསོའི་ཁྱབ་བསྒྲགས་རིམ་པ་བྱས་ཡོད་ཀྱང་དོན་དངོས་སུ་བོད་ཁུལ་གྱི་ས་ཁུལ་མང་པོར་སྐད་གཉིས་སློབ་གསོ་ལས་སྐད་ཡིག་དང་པོ་དེ་རྒྱ་ཡིག་བཞག་ཡོད་སྟབས་ས་གནས་ཀྱི་བོད་ཕྲུག་མང་པོའི་བོད་སྐད་དང་བོད་ཡིག་ཆེད་སྦྱོང་གི་རྨི་ལམ་དེ་འབུར་འཇོམ་ཐེབས་ཀྱི་ཡོད་པ་བཞིན། བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་མཐར་ཕྱིན་ཡོད་ནའང་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་མེད་པར་བརྟེན་མཐོ་སློབ་མཐར་ཕྱིན་པའི་བོད་རིགས་སློབ་མ་སྟོང་ཕྲག་མང་པོ་ལས་མེད་དུ་ལྷག་བཞིན་ཡོད་པའི་གནས་ཚུལ་ཐོན་ཀྱི་ཡོད་པ་ལྟར། དེ་རིང་གས་གསར་འགོད་པས་ཉེ་ཆར་ ཕ་ཡུལ་རྒྱལ་རོང་ནས་ཕེབས་པའི་མཐོ་སློབ་མཐར་ཕྱིན་གྱི་སློབ་མ་ཞིག་ལ་གནས་ཚུལ་དེ་དག་ཐོག་རྒྱུས་ལོན་ཞུས་ཡོད། ཁོང་གིས་ངོ་སྤྲོད་གནང་བར་དེང་སང་བོད་ཁུལ་སྤྱི་དང་སྒོས་སུ་རྔ་བ་ཁུལ་དང་མཛོ་དགེ་རྫོང་། དེ་བཞིན་འཛམ་ཐང་སོགས་སུ་སློབ་གྲྭ་རེ་ལ་བོད་ཀྱི་སྐད་ཡིག་གི་དགེ་རྒན་གྱི་ས་མིག་གཉིས་ཙམ་ལས་མེད་སྟབས་སྤྱི་ཡོངས་ཀྱི་སློབ་མའི་བོད་ཀྱི་སྐད་ཡིག་ཐོག་སྦྱང་བརྩོན་གྱི་ནུས་པ་ཇེ་ཞན་དུ་འགྱུར་བཞིན་པ་མ་ཟད། བོད་ཁུལ་ནས་བོད་ཡིག་ཆེད་སྦྱོང་གི་སློབ་མ་མང་པོ་ཞིག་ལ་སློབ་མཐར་སོན་རྗེས་གཞི་རིམ་གྱི་ས་གནས་ནས་ལས་ཀ་མ་རག་པའི་ངལ་བ་ཆེས་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་སོང་། དེ་བཞིན་ཁོང་མི་སྒེར་གྱི་ཉམས་མྱོང་གི་ཐོག་ནས་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་ཟི་ཁྲོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལོ་གཅིག་གི་ནང་བོད་ཀྱི་སྐད་ཡིག་གི་ཐོག་ནས་དགེ་རྒན་གྱི་ཕྱག་ལས་གནང་སའི་ཡིག་རྒྱུགས་ཀྱི་གོ་སྐབས་གཅིག་ཀྱང་རག་མེད་སྐོར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག ཁོང་གིས་ཡིད་སེམས་སྐྱོ་བོའི་ངང་ནས་གསུངས་པར་བོད་ནང་དུ་ཕ་མ་མང་པོའི་རེ་བ་ཆེན་པོ་བྱས་ཏེ་རང་གི་བུ་ཕྲུག་ལ་སློབ་ཡོན་ཕོན་ཆེན་སྤྲད་ནས་མཐོ་སློབ་མཐར་ཕྱིན་ཀྱང་། སྤྱི་ཚོགས་ཀྱི་སྟེང་དུ་རང་གི་ཆེད་སྦྱང་ལ་དཔག་པའི་ལས་ཀ་མ་རག་རྐྱེན་སློབ་མ་མང་པོ་ཞིག་ཕྱིར་རང་ཁྱིམ་དུ་ལོག་རྒྱུར་ཡང་ངོ་ཚ་ནས་སྒེར་གྱིས་གཉེར་བའི་སློབ་གྲྭ་སོགས་སུ་དང་བླངས་ཀྱི་ལས་ཀ་ཙག་ཙིག་བྱས་ནས་བསྡད་པར་བརྟེན་སེམས་ལ་གནོད་ཤུགས་ཆེན་པོ་ཡོད་པ་ངོ་སྤྲོད་གནང་ཡོད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བོད་ཁུལ་གྱི་བོད་ཀྱི་སྐད་ཡིག་གི་གནས་བབ་དང་སྒོས་སུ་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་གི་དགེ་རྒན་ལ་ཚད་འཛིན་བྱེད་བཞིན་པའི་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་   རྒྱ་ནག་གིས་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་དྲིལ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་མེད་སྟབས་རང་བཞིན་གྱིས་ས་གནས་ཀྱི་ཡུལ་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་ངོ་སྤྲོད་གནང་སོང་།

བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་འབའ་ཞིག་མ་རེད།

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོ་གྱུར་ནང་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་འདུ་བསྐོང་ཐོག་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་དམིགས་བསལ་སྦྱོང་བརྡར་ཞིག་སྤྲད་འདུག ཁ་སང་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་བོད་ནང་རྟེན་གཞི་བྱས་པའི་སྤྱི་ཚོགས་རིང་ལུགས་ལྟེ་གནས་ཁང་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས། ཆོས་ལུགས་ལས་དོན་ལྷན་ཁང་གི་ས་གནས་དབང་འཛིན་པ་ཁག་གཅིག་བཅས་ཀྱིས་ཟླ་བ་འདིའི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ས་ཁུལ་དུ་བོད་ཀྱི་སེ་ར་དང་འབྲས་སྤུངས་དགོན་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་ཞིག་སྤྲོད་མུས་ཡིན་པ་དང་། དེའི་ཐོག་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོས་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་སྒྲིག་ཁྲིམས་གཏན་འབེབས་བྱེད་མཁན་རྒྱ་ནག་གི་སྲིད་གཞུང་མི་སྣ་བཅས་ཚང་འཛོམས་བྱས་ཡོད་པ་མ་ཟད། རྒྱ་རིགས་མཁས་པ་དང་གཞུང་འབྲེལ་མི་སྣ་ཚོས་འདི་ལྟ་བུའི་སྦྱོང་བརྡར་ནི་བོད་ཀྱི་ས་ཁུལ་ཏུ་ཆོས་ལུགས་ཀྱི་མཐུན་གཤིབ་རྒྱུན་སྲིང་ཡོང་བར་དགོས་ངེས་ཀྱི་ཐབས་ལམ་ཡིན་ཚུལ་གྱིས་བསྔགས་བརྗོད་བྱས་པ་སོགས་བཀོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཚོགས་པའི་སྦྱོང་བརྡར་སྒོ་འབྱེད་མཛད་སྒོའི་ཐོག་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅིུག་པའི་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་གྱིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛུན་བྱེད་ཕྱོགས་ཀྱི་ལམ་སྲོལ་དང་དེའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ལམ་སྲོལ་དེ་ནི་དུས་ནམ་ཡང་ཆོས་ལུགས་དང་བླ་སྤྲུལ་ཡང་སྲིད་ནི་སྒེར་གྱི་གནད་དོན་ཁོ་ན་མིན་པར་དེ་ལས་ལྷག་པའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་འཛིན་པའི་སྲིད་བྱུས་དང་ཐབས་བྱུས་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པ་མ་ཟད་སྦྱོང་བརྡར་དེས་དབུས་གཞུང་གི་ཐབས་བྱུས་དང་སྲིད་བྱུས་དེ་དག་ལག་བསྟར་ཡོང་བར་ཕན་ཐོགས་བྱས་ཏེ་བོད་ཀྱི་ས་ཁུལ་ནང་ཆོས་ལུགས་མཉམ་མཐུན་ཡོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་སྲོལ་དེ་དུས་རབས་ ༡༣ ནང་དུ་བྱུང་ཡོད་ཚུལ་དང་དགེ་ལུགས་པས་དུས་རབས་ ༡༦ གི་དབུས་སུ་ལམ་སྲོལ་དེར་ཁས་ལེན་བྱེད་འགོ་བཙུགས་ཏེ་རིམ་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་ཁག་གིས་ཀྱང་དེར་དང་ལེན་ཞུས་ཡོད་པ་དང་ལྷག་དོན་ཆིང་རྒྱལ་རབས་དང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གཉིས་ལ་དེ་སྔ་ནས་བོད་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་སྒྲིག་སྲོལ་ཞིག་ཡོད་ཅེས་བརྗོད་ཡོད་པ་རེད། ལྷོ་ཨེ་ཤ་ཡའི་བོད་མིའི་སྤྱི་ཚོགས་རིག་གནས་ལྟེ་གནས་ཁང་གི་འགན་འཛིན་གྱིས་འདི་ལྟ་བུའི་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུ་དེས་རྒྱ་གཞུང་གི་སྒྲིག་ཁྲིམས་དང་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་གསལ་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་སྲོལ་དེར་ཏཱ་ལའི་བླ་མའི་ཁ་བྲལ་ཚོགས་པ་དང་ཡང་ན་གང་ཟག་སྒེར་གྱི་ཤུགས་རྐྱེན་མེད་པའི་ཐོག་ནས་ཚུལ་མཐུན་གྱི་ལག་ལེན་བསྟར་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་ཚུལ་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཨང་ལྔ་པ་ཞེས་པ་ཞིག་གཏན་འབེབས་བརྒྱུད་བོད་པའི་བླ་སྤྲུལ་ཁག་ཡོངས་རྫོགས་ནས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་དང་དེ་ལྟར་མི་བྱེད་མཁན་རྣམས་ལ་བླ་སྤྲུལ་གྱི་ངོས་འཛིན་ཐུབ་རྒྱུ་མིན་པ་མ་ཟད་ཁྲིམས་འགལ་ཆགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཁ་བྲལ་རིང་ལུགས་པར་སྔར་ལྷག་གདོང་ལེན་བྱ་རྒྱུ་ཡིན།

ཉེ་ཆར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་གཙོ་ Wang Yang བོད་དབུས་ལྷོ་ཁ་དང་ལྷ་ས། མངའ་རིས་སོགས་ས་གནས་སུ་རྟོག་ཞིབ་ཀྱིས་སྐོར་སྐྱོད་བྱས་ཏེ་ཁ་བྲལ་རིང་ལུགས་པར་སྔར་ལྷག་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་གསལ་ཝང་དབྱང་གིས་ཟླ་ ༨ ཚེས་ ༡༩ ནས་ ༢༡ བར་ལྷོ་ཁ་དང་ལྷ་ས། མངའ་རིས་སོགས་ས་གནས་ཁག་ཏུ་ལས་དོན་རྟོག་ཞིབ་ཆེད་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་དང་དབུལ་སྐྱོར་ཐོན་ལས་གླིང་ཁུལ། དབུལ་ཕོངས་ཁྱིམ་ཚང་དང་གྲོང་ཚོ་འཐུས་མི་ལྷན་ཁང་། དེ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པའི་ཁྲོད། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་གཏོར་སོགས་ཀྱི་ལས་དོན་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་བྱས་ཡོད་པ་སོགས་འགྲེལ་བརྗོད་བྱས་པ་མ་ཟད། ལྷག་དོན་བོད་ནི་ཏཱ་ལའི་ཚོགས་པ་དང་བློ་ཐག་ཉེ་བ་དང་ཁ་བྲལ་བའི་འཐབ་རྩོད་བྱེད་པའི་ཆེས་མདུན་ཕྱོགས་སུ་གནས་ཡོད་སྟབས། རྒྱ་གཞུང་གི་ངོས་ནས་དབུལ་སྒྲོལ་འགག་གཏོར་དང་ཆོས་ལུགས་ལས་དོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། དེ་བཞིན་ཕན་ཚུན་སྐུལ་འདེད་གཏོང་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ནས་རྒྱ་གཞུང་གི་རེ་བའི་མྱོང་ཚོར་ངོ་མ་ཐོབ་ནས་རྒྱ་ནག་གི་བཀའ་ལ་ཉན་པ་དང་རྒྱ་ནག་གི་རྗེས་སུ་འབྲང་པའི་དད་སེམས་བརྟན་དུ་གཏོང་དགོས་པ་སོགས་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་ཨོ་སི་ཊོ་ལི་ཡའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ད་རེས་ཝང་དབྱང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་སྟོད་མངའ་རིས་ཀྱི་ས་ཁུལ་རྣམས་ཏཱ་ལའི་ཁ་བྲལ་རིང་ལུགས་ལ་འཐབ་རྩོད་ཀྱི་མདུན་ས་ཡིན་སྟབས་དེར་ལྷོད་ཡང་བྱ་རྒྱུ་མེད་པའི་གཏམ་བཤད་བྱས་པ་དེ་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་ད་བར་བོད་ནང་དོན་དམ་གྱི་སྲིད་བྱུས་ཤིག་འཛིན་མེད་པའི་ཁར་རྒྱ་ནག་གི་འགོ་ཁྲིད་རྣམས་བོད་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་བྱས་དང་བྱེད་མུས་ཡིན་པ་དེ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ནང་ཚུད་ལ་དབུལ་ཕོངས་ཡོངས་རྫོགས་འབྱོར་ལྡན་སྒྲིལ་ཡོངས་གྱི་སྤྱི་ཚོགས་ནང་ཚུད་ཐབས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ཀྱང་། དོན་དངོས་རྒྱ་གཞུང་གིས་བོད་མི་ཚོ་དངུལ་སྤྲད་ནས་བསླུས་ཐབས་ཀྱི་སྲིད་བྱུས་འོག་རྒྱ་ནག་གི་འགོ་ཁྲིད་རིམ་པའི་མིང་དང་དེ་དག་སྲིད་བྱུས་ཤེས་ཐབས་བྱེད་བཞིན་ཡོད་པ་གསུངས་སོང་བ་དང་། ལྷག་དོན་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་གྱི་གནས་བབས་ཡར་རྒྱས་ཇི་ཙམ་བཏང་ཡང་བོད་མི་རྣམས་ལ་དེ་འབྲེལ་ཁེ་ཕན་གང་ཡང་མེད་སྟབས་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་བོད་མི་ཚོ་འཚོ་བའི་གནས་བབས་ཆེས་ཞན་པའི་ལུས་ཡོད་པ་མངོན་གསལ་གནང་སོང་།

ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིག་མཚམས་འཇོག་དགོས་པའི་ལས་འགུལ།

UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་མི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་རྒྱ་ནག་ཏུ་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་དང་བསྟུན་རྒྱ་ནག་གཞུང་གིས་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་པ་དང་ཡང་ན་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་གཙོ་གཉེར་གྱི་བདག་དབང་བཞག་དགོས་པའི་དྲྭ་ཐོག་ཞུ་གཏུག་གི་ལས་འགུལ་ཞིག་དབུ་འཛུགས་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་ངོས་ནས་ཨོ་རྩེད་གཙོ་གཉེར་བྱེད་མཁན་རྒྱལ་ཁབ་གང་རུང་དེས་ཨོ་རྩེད་གྱི་བཅའ་ཁྲིམས་སྒྲིག་དོན་ཁས་ལེན་དང་སྒྲིག་གཞིའི་འབྲུ་དོན་དག་དང་མཐུན་པའི་ཐོག་ནས་གནང་མིན་འགན་དབང་འཐུང་ཚང་བཞེས་དགོས་གལ་ཡིན་པའི་ཞུ་སྐུལ་གནང་འདུག འཛམ་གླིང་གི་ལས་འགུལ་བ་ཚོས་མཉམ་འབྲེལ་གྱིས་སྤེལ་བའི་ #Norightsnogames2022 ཞེས་པའི་དྲྭ་ཐོག་ཞུ་གཏུག་གི་ལས་འགུལ་དེ་བརྒྱུད་རྒྱ་གཞུང་གི་ངོས་ནས་ཡུ་གུར་མང་ཚོགས་དང་ཊར་ཀིའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་བརྒལ་བ་ཡུ་གུར་ས་གནས་སུ་བཀག་བསྐྱིལ་བྱས་པའི་ལས་དོན་འཕྲལ་མར་མཚམས་འཇོག་གིས་བཀག་བསྐྱིལ་ཁང་སྒོ་བརྒྱབ་དགོས་པ་དང་། ཡུ་གུར་མང་ཚོགས་ཀྱི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། གལ་ཏེ་རྒྱ་གཞུང་གིས་རྒྱལ་སྤྱིའི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ལས་དོན་དེ་མཚམས་འཇོག་མ་བྱེད་ཚེ་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་གོ་སྒྲིག་ཞུ་རྒྱུའི་འོས་འགན་ཚང་མེད་པར་སྐྱོན་བརྗོད་གནང་འདུག ལྷག་པར་དུ་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་གནད་ཆེ་ཤོས་གཅིག་ནི་སྤྱི་ཚོགས་སུ་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་བསྐྲུན་པ་བརྒྱུད་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གནང་རྒྱུ་ཞེས་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེས་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱི་བཅའ་ཁྲིམས་དང་དངོས་འགལ་གྱུར་ཡོད་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཨོ་རྩེད་གོ་སྒྲིག་གི་གཙོ་གཉེར་བྱེད་པར་ཉེར་བ་མཁོ་བའི་ཆ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་གང་ཡིན་ལ་ལྟོས་མེད་དེ་དག་གི་ཆབ་འབངས་ཡིན་ནོ་ཅོག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་ལས་འགན་འཐུས་ཚང་བསྒྲུབ་དགོས་པ་དང་། གལ་ཏེ་རྒྱལ་ཁབ་གང་རུང་དེས་རྒྱ་ནག་ལྟ་བུར་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་དང་རྩིས་མེད་རྡོག་རོལ་གཏང་མཁན་ཞིག་ཡིན་ཚེ་དེར་ཨོ་རྩེད་གཙོ་གཉེར་གྱི་འོས་བབ་མེད་སྐོར་གསུངས་འདུག འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ད་དུང་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་འཚོགས་ལ་ཉེ་བའི་ཉིན་གྲངས་ ༩༠༠ ཙམ་ཡོད་པའི་དུས་འདིར་གདམ་ག་གཉིས་དེ་མུར་ལྷག་ཡོད་པ་དང་། དེའང་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་བཀག་བསྐྱིལ་ཁང་ཕྱིར་བསྡུ་བྱེད་རྒྱུ་དང་། ཡང་ན་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་དེ་གའི་གཞི་རྩའི་བཅའ་ཁྲིམས་ཀྱི་སྒྲིག་དོན་ལྟར་རྒྱ་ནག་གཞུང་ནས་ཨོ་རྩེད་གཙོ་གཉེར་གྱི་བདག་དབང་འཕྲོག་དགོས་པ་དེ་རེད་ཅེས་གསུངས་འདུག ལྷག་པར་དུ་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ངོས་ནས་ཀྱང་ད་ཐེངས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་སྦྲགས། རྒྱ་ནག་གཞུང་ལ་བཀག་བསྐྱིལ་ཁང་དེ་དག་སྒོ་བརྒྱབ་ཏེ་ཡུ་གུར་མང་ཚོགས་ལ་དྲག་གནོན་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་འབྲུ་དོན་དག་ལ་བརྩི་བཀུར་ཞུ་དགོས་གལ་ཡིན་པ་མངོན་གསལ་གནང་བ་དང་ཆབས་ཅིག རྒྱ་ནག་གིས་ ༢༠༢༢ ནང་ཚུད་ལ་དེ་ལྟར་མ་བྱེད་ཚེ་ཨོ་རྩེད་གཙོ་གཉེར་བྱེད་དབང་མེད་པ་ནན་བརྗོད་གནང་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་གནའ་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཁྱོན་ནས་དེར་སྐྱོན་བརྗོད་དང་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་དགོས་པའི་ཞུ་སྐུལ་དང་ལས་འགུལ་རྣམ་པ་འདྲ་མིན་སྤེལ་ཡོད་ཀྱང་། Saudi Arabia དང་། Pakistan གཙོས་པའི་ཁ་ཆེའི་རྒྱལ་ཁབ་སོ་བདུན་ལྷག་གིས་སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། དེ་རིང་ Bloomberg གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཕྱི་ཟླ་ ༧ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Coly Seck ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཏེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་མཁན་ཁ་ཆེའི་ཡུལ་གྲུ་དེ་དག་ཁོངས་སུ་ཡོད་པ་ Qatar གཞུང་གི་སྐུ་ཚབ་ནས་ད་ཆ་ཕྱག་བྲིས་དེ་ནས་མཚན་རྟགས་ཕྱིར་འཐེན་གནང་འདུག རྒྱལ་ཚོགས་སུ་ཡོད་པའི་ Qatar རྒྱལ་ཁབ་ཀྱི་གཞུང་ཚབ་ Ali Al Mansouri ལགས་ཀྱིས་གསུངས་པར་ཁོང་རྣམས་ཀྱིས་དེ་སྔ་ཐག་གཅོད་གནང་བ་དེས་ Qater ཕྱི་སྲིད་ལས་དོན་ལ་དོགས་གཞི་འགྲོ་སྲིད་པ་དང་ཁོང་རྣམས་ད་ཆ་བར་གནས་བསྡད་རྒྱུ་མ་ཟད། ཁོང་རྣམ་པའི་ངོས་ནས་དགོས་ངེས་ཀྱི་རོགས་རམ་ཞུ་དགོས་ཚེ་དེ་ལྟར་ཞུ་ངེས་ཡིན་པ་གསུངས་འདུག རྩ་བའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ངོས་ནས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་མཚོན་པའི་འགུལ་རིས་བརྙན་ཐུང་བརྒྱུད་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ཟུར་ཟ་དང་། དེ་སྔ་རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་ཨོ་རྩེད་འགྲན་བསྡུར་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་འགྲོ་བར་ཁས་ལེན་བྱས་པ་དང་། དེ་བཞིན་ཨོ་རྩེད་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རེ་བ་དང་ཡིད་ཆེས་གནང་བ་ལྟར་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མངོན་གསལ་གནང་བ་མ་ཟད། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་ཆེས་ཞན་པོ་ཡོད་པ་དང་ལྷག་དོན་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ལ་དེ་སྔའི་ཚོགས་ཆུང་གི་གྲོས་ཆོད་དང་ཆ་རྐྱེན་ནང་གསལ་བཞིན་ད་བར་རྒྱ་གཞུང་ནས་དོན་འཁྱོལ་ལག་བསྟར་ཇི་བྱེད་ཁ་གསལ་དགོས་པར་རེ་འདུན་ཆེད་བཏོན་གནང་ཐོག་རྒྱ་ནག་ལ་ཨོ་རྩེད་གོ་སྒྲིག་གཙོ་གཉེར་གྱི་བདག་དབང་མེད་པར་སྐྱོན་བརྗོད་གནང་ཡོད་པ་རེད།

ཡ་ཆེན་སྒར་གྱི་བཙུན་མ་རྣམས་བཙན་གཡེམ་གི་དོན་རྐྱེན་འོག་ཚུད་སྲིད་པར་བློ་འཚབ་ཡོད།

ཁ་སང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཀྲིས་ཆོས་སྒྲོན་ལགས་ཀྱིས་རྒྱ་གཞུང་ནས་བོད་པའི་བཙུན་མ་ཚོར་མནར་གཅོད་དང་བཙན་གཡེམ་བྱེད་བཞིན་ཡོད་སྐོར་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། ཁོང་གིས་གཙོ་བོ་དེ་སྔ་རྒྱ་གཞུང་གིས་བཙན་དབང་ཐོག་ཕྱིར་འབུད་བཏང་བའི་ཡ་ཆེན་སྒར་གྱི་གྲྭ་བཙུན་ ༣༥༠༠ ཙམ་ད་ཆ་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་དུ་ཡོད་པའི་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་གྱི་གྲངས་ཉུང་མི་རིགས་རྣམས་ལ་བཙན་གནོན་བྱེད་བཞིན་པའི་རྣམ་པ་གཞན་ཞིག་ཡིན་པར་གསལ་འདོན་གནང་བ་མ་ཟད། ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པས་དམར་ཤོག་རིང་ལུགས་དང་ལྟ་གྲུབ་ཀྱི་བློ་སྐྱེད་སྦྱོར་བརྡར་སོགས་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་རྒྱ་ནག་གི་ཁྱད་ཆོད་ལྡན་པའི་ངོ་བོར་བཟོ་ཐབས་བྱེད་བཞིན་པ་ལྟར་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཀག་སྐྱིལ་ཁང་དུ་ཡོད་པའི་གྲྭ་བཙུན་རྣམ་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་དེ་བཙན་གིས་དམག་སྦྱོང་སྤྲོད་བཞིན་གུང་ཁྲན་ལ་བསྟོད་གླུ་དང་རྒྱ་ནག་གི་རྒྱལ་གླུ་སོགས་སྦྱོང་དགོས་ཀྱི་ཡོད་པ་དང་། གལ་ཏེ་དེ་དག་ལ་དང་ལེན་མ་ཞུ་ཚེ་གྲྭ་བཙུན་རྣམས་གཅར་རྡུང་དང་མནར་གཅོད་མྱོང་དགོས་པ། ལྷག་དོན་ཕོ་མོའི་དབྱེ་བའི་ཐོག་ནས་བཙུན་མ་ཁག་གཅིག་ལ་རྩུབ་སྤྱོད་དང་འབྲེལ་བའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མངོན་གསལ་གནང་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཀྲིས་ཆོས་སྒྲོན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་དེ་སྔ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོང་ཞུས་གནད་དོན་དེ་འབྲེལ་གསར་འགྱུར་ཞིག་སྤེལ་ཡོད་པར་གཞི་བཟུང་བ་ཞིག་ཡིན་པ་དང་། ནག་ཆུ་ས་ཁུལ་སོག་རྫོང་ནང་ཡོད་པའི་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དུ་བཀག་ཉར་འོག་ཡོད་པའི་བཙུན་མ་ཚོར་རྒྱ་གཞུང་གིས་བཙོན་སྲུང་མི་སྣས་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱིར་འགྱར་བྱུང་ཡོད་པ་ལུང་འདྲེན་གནང་བ་དང་ཆབས་ཅིག་ཏུ་གནས་ཚུལ་དེ་རིགས་མ་འོངས་པར་ཡ་ཆེན་སྒར་གྱི་བཙུན་མ་ཚོར་འཕྲད་སྲིད་པར་བློ་འཚབ་ཡོད་ཅེས་གསུངས་སོང་།

བོད་མི་ཚོས་ཧོང་ཀོང་མི་མང་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་བ།

ཉེ་སྔོན་ཟླ་བ་གཉིས་ལྷག་ཙམ་གྱི་གོང་ནས་ཧོང་ཀོང་མི་མང་གིས་ཞི་བའི་ལས་འགུལ་སྤེལ་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་།  ཁ་སང་ཟླ་ ༨ ཚེས་ ༡༩ ཉིན་ཕྱི་དྲོ་ཚོུད་ ༦ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྐང་འགན་བཞེས་ཐོག་བཞུགས་སྒར་དུ་བོད་མི་གཙོས་པའི་ས་གནས་རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་བ་བཅས་ཀྱིས་ཕྱག་ཏུ་སྒྲོན་མེ་བསྣམས་ནས་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་ནད་དབུ་འཛུགས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་བར་མར་མེ་ཁྲོམ་སྐོར་གནང་སོང་།   བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་དེ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཧོང་ཀོང་ནང་ཉེས་ཅན་པ་རྒྱ་ནག་སྐམ་ས་ཆེན་པའི་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་ཟེར་བ་དེ་གལ་ཏེ་ཁྲིམས་འཆར་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཚེ་སླད་མར་ཧོང་ཀོང་གི་ཆབ་སྲིད་གནས་སྟངས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཇེ་ཞན་ཇེ་སྡུག་ཏུ་འགྲི་རྒྱུ་ཡིན་པའི་བློ་འཚབ་ཆེན་པོ་བྱུང་བ་ལྟར་ཁྲིམས་འཆར་དེ་དག་ཕྱིར་འཐེན་བྱེད་དགོས་པའི་གནས་སྟངས་གྱུར་སྟབས། དེ་ནི་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་རེད་ཅེས་གསུངས་འདུག ལྷག་དོན་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་དང་ཁོ་ཚོའི་དྲང་བེན་གྱི་འཐབ་བརྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་རྒྱ་ནག་གཞུང་གིས་ཐོག་མའི་ཁས་ལེན་དང་དམ་བཅའ་ཡིད་ལ་བཅངས་ནས་ཧོང་ཀོང་ནང་མང་གཙོ་ཡང་དག་པ་ཞིག་ལག་ལེན་བྱེད་དགོས་པ་མ་ཟད་ཧོང་ཀོང་མི་མང་གི་གཞི་རྩིའི་མངོན་འདོད་ཁག་ལ་བརྩི་སྲུང་ཞུ་དགོས་པའིའབོད་སྐུལ་ཞུ་བཞིན་ཡོད་པའང་ཆེད་བཀོད་གནང་འདུག སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ ལགས་ཀྱིས་གསར་འགོད་པར་ཧོང་ཀོང་ནང་གི་མི་མང་ཚོས་ཞི་བའི་ཐོག་ནས་རྒྱ་ནག་གི་གནོན་ཤུགས་སྤྲོད་བཞིན་པར་མི་འདོད་པའི་རྣམ་པ་ཆེད་བཏོན་གནང་བ་དེར་བོད་མི་ངོས་ནས་རྒྱབ་སྐྱོར་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ང་ཚོ་བོད་ཀྱི་བདེན་དོན་སེལ་བར་ང་ཚོ་ལྟ་བུའི་རྒྱ་ནག་གཞུང་གིས་བཙན་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པ་ཚོར་དཀའ་ངལ་འཕྲད་སྐབས་རྒྱབ་སྐྱོར་གནང་ཐུབ་ཚེ་ང་ཚོ་ལའང་གྲུབ་འབྲས་སོན་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་། གཞི་རྩའི་འདས་པའི་ཟླ་ཤས་རིང་ཧོང་ཀོང་མང་ཚོགས་ནས་མི་མང་གི་འདུ་འཛོམས་ཆེ་ས་ཡོད་སའི་ས་ཁུལ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཡོངས་ནས་ཕྱིར་འཐེན་དགོས་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་མང་གཙོའི་ལམ་ལུགས་ཐོག་འདེམས་སྒྲུག་བྱེད་དགོས་པ་སོགས་དགོས་འདུན་ཆེད་བཏོང་གྱིས་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁར། ཉེ་ལམ་དེ་འབྲེལ་ལས་འགུལ་ཞིག་ཧོང་ཀོང་གི་གནམ་ཐང་ནང་སྤེལ་ཡོད་པ་དང་། ལས་འགུལ་དེའི་ཁྲོད་ཉེན་རྟོག་པས་མིག་ཆུ་དུག་རླངས་སོགས་མཚོན་ཆ་སྤྱོད་ནས་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་འཁྲུག་རྩོད་ཤོར་བའི་གནས་སྟངས་ཆགས་ཡོད་པ་མ་ཟད། ཧོང་ཀོང་དང་རྒྱ་ནག་གཉིས་ཀྱི་ས་མཚམས་སུ་ཆགས་པའི་རྒྱ་ནག་གི་གྲོང་ཁྱེར་ Shenzhen ནང་རྒྱ་ནག་གི་དམག་མིའི་འགྲུལ་འཁོར་མང་དག་ཅིག་ཆེད་བསྐོང་གིས་ཧོང་ཀོང་མི་མང་ལས་འགུལ་བར་འཇིགས་སྐུལ་བྱས་པ་སོགས་ཀྱི་ཛ་དྲག་གནས་སྟངས་གྱུར་ཡོད་པ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གིས་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་སེམས་ཁུར་གནང་དང་གནང་མུས་ཡིན་པ་རེད།  

དགེ་འདུན་པ་གསུམ་བཙོན་འཇུག་བྱས་པའི་གནས་ཚུལ་ཕྱིར་གྱར།

རྒྱ་གཞུང་གིས་དེ་སྔ་ཨ་མདོ་རྔ་པ་ནས་དགེ་འདུན་པ་གསུམ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ད་ལྟ་གཞི་ནས་ཕྱིར་གྱར་བྱུང་འདུག་ཀྱང་། ཁོང་གསུམ་ད་ཆ་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་མེད་པར་གྱུར་འདུག རང་ལོ་ ༣༧ ཙམ་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཐབས་མཁས་ལགས་སྔ་ལོར་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་བཤད་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༣༠ ཡས་མས་ཤིག་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ས་གནས་མང་ཚོགས་ནས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་མེད་དང་ས་གནས་གང་དུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག དེ་བཞིན་རང་ལོ་ ༣༢ ཡིན་པ་རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་རྒྱ་གཞུང་གི་ཉེན་རྟོག་པས་མཚན་མོ་རང་ཤག་ནས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་ད་ལྟ་བར་ཁོང་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་པ་རེད། གཞན་ཡང་རང་ལོ་ ༣༦ ཙམ་ཡིན་པ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་རྒྱ་གཞུང་གིས་མཚན་མོ་རང་ཉིད་ཀྱི་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ས་གནས་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། གཞི་རྩའི་རྒྱ་གཞུང་གིས་ད་ལན་རྔ་པ་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་ཁོངས་ནས་གྲྭ་བློ་བཟང་ཐབས་མཁས་ལགས་ནི་ལྷ་སྡེ་གོང་མའི་བློ་ཁོའི་བུ་ཡིན་ཞིང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་བ་དང་ནང་བསྟན་གཞོན་ནུའི་རིག་སློབ་ཁང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་པ་ཞིག་ཡིན་པ་མ་ཟད། དེ་ནས་ཁོང་མཚན་ཉིད་གྲྭ་ཚང་དུ་གཞུང་ཆེན་སློབ་སྦྱོང་གིས་དེང་སྐབས་དབུ་མའི་འཛིན་གྲྭར་སླེབས་ཡོད་པ་རེད་འདུག དེ་བཞིན་གྲྭ་ཐུབ་པ་ལགས་ནི་སྤྲོ་ཚིགས་ཐང་བ་མའི་མགར་བ་ཚང་གི་བུ་ཡིན་པ་དང་ཁོང་ཆུང་དུས་ནས་སྤྲོ་ཚིགས་དགོན་པར་ཆོས་ཞུགས་གནང་སྟེ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྤྲོ་ཚིགས་ཡུལ་ཚོའི་ཐོག་ནས་ངོ་རྒོལ་སྐད་འབོད་དང་རྒྱའི་དར་དམར་མེར་སྲེག་གནང་བའི་ཉེས་མིང་གཡོག་ནས་ལོ་གཅིག་དང་ཟླ་བ་དྲུག་ལ་ངལ་རྩོལ་སྒྱུར་བཀོལ་གྱི་མིང་ཐོག་ནས་བཙོན་འཇུག་བྱས་ཡོད་པ་མ་ཟད། ཁོང་གི་ཕ་སྐལ་བཟང་ལགས་ཀྱང་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ངོ་རྒོལ་སྐད་འབོད་གནང་རྐྱེན་འཛིན་བཟུང་གིས་བཙོན་འཇུག་གནང་མྱོང་ཡོད་པ་རེད་འདུག དེ་དང་ཆབས་ཅིག་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་གིས་ལོ་གསུམ་གི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་རེད།

རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་བརྡ་ཁྱབ་བཏང་ནས་སྨྲ་བརྗོད་རང་དབང་ལ་དམ་དྲག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་དུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་སྲིད་གཞུང་གི་དྲྭ་རྒྱའི་དམ་དྲག་དང་འབྲེལ་བའི་བརྡ་ཁྱབ་སྐོར་དང་འབྲེལ། བོད་ནང་གི་ས་གནས་སྲིད་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་བརྡ་ཁྱབ་བཏང་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་སོང་། ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲྭ་རྒྱར་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲྭ་འཕྲིན་གཞུང་ལས་ཁང་དང་སྤྱི་བདེ་ལས་ཁུངས། དེ་བཞིན་ལྗོངས་འཕྲིན་གཏོང་དོ་དམ་ལས་ཁུངས་བཅས་གསུམ་གྱི་མཉམ་རུབ་ཐོག་བརྡ་ཁྱབ་ཞིག་སྤེལ་ཏེ་བརྡ་ཁྱབ་དེ་ཉིན་དེ་རང་ནས་དངོས་སུ་ལག་བསྟར་བྱེད་དགོས་པའི་སྐུལ་འདེད་བྱས་ཡོད་པ་འཁོད་འདུག བརྡ་ཁྱབ་དེའི་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཉེས་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་བཅའ་ཁྲིམས། ཉེས་དོན་གཏུག་བཤེར་བཅའ་ཁྲིམས། དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་ ༥ དང་། དེ་བཞིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་དྲྭ་རྒྱའི་བདེ་འཇགས་སྐོར་གྱི་གཏན་འདེབས་ཟེར་བ་སོགས་ཚུད་ཡོད་པ་དང་བརྡ་ཁྱབ་དེར་མང་ཚོགས་ནས་ལག་ཐོགས་ཁ་པར་དང་གློག་ལས་སོགས་ཡོ་བྱད་སྤྱི་རིགས་ཀྱི་ཐོག་ནས་གནས་འཚོལ་བསྡུ་དང་སྒྲིག་བཟོ། ཕབ་ལེན། གསོག་ཉར། ཁྱབ་སྤེལ། བརྒྱུད་སྐུར་བྱེད་པ་སོགས་གཏན་འགོག་དང་། དེ་བཞིན་དམར་པོའི་གཞུང་དང་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་བཅས་ལ་སྐྱོན་བརྗོད་དང་འབྲེལ་བའི་གནས་ཚུལ་སྤེལ་བ། དྲྭ་ཐོག་ཏུ་དངུལ་གཏོང་ལེན་དང་གློག་རྡུལ་དངུལ་འཛིན་། དངུལ་འཛིན་བྱང་བུ། འཕྲིན་ཕྲན་སོགས་དྲ་རྒྱའི་དངུལ་རྩའི་ཐོན་རྗེས་བེད་སྤྱད་ནས་མི་རིགས་ཁ་བྲལ་བའི་སྟོབས་ཤུགས་དང་ཆོས་ལུགས་ཐལ་སྐྱོད་ཀྱི་སྟོབས་ཤུགས། གཏུམ་སྤྱོད་འཇིགས་སྐུལ་བའི་སྟོབས་ཤུགས་དང་འབྲེལ་བའི་མི་སྣ་དང་སྒྲིག་འཛུགས་སྤྱི་རིགས་དང་འབྲེལ་བ་བྱེད་རྒྱུར་དམ་དྲག་དང་དེ་དག་ནག་ཉེས་ཀྱི་ངོ་བོར་བསྒྱུར་འདུག དེ་བཞིན་རྒྱ་ནག་ཕྱི་ཕྱོགས་ཀྱི་མི་སྣ་དང་སྒྲིག་འཛུགས་བཅས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། དམག་དོན། རིག་གནས། ཆོས་ལུགས་སོགས་ཡོངས་རྫོགས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གསང་བའམ་གསར་འཕྲིན་བརྒྱུད་གཏོང་གནང་བར་དམ་དྲག་དང་དེའི་ཁོངས་སུ་མི་རིགས་དབར་གྱི་འབྲེལ་བ་དང་མི་རིགས་འགལ་ཟླ་བཟོ་བ། ཆོས་དད་མི་འདྲ་བ་དང་ཆོས་དད་གཅིག་གི་གྲུབ་མཐའ་མི་འདྲ་བའི་དད་ལྡན་པའི་དབར་ལ་འཁོན་འཛིན་དང་། ཁ་གཏད། གཏོང་གཏུག་སོགས་ཀྱི་དཀྲུག་ཤིང་རྒྱག་པ་སོགས་བཏོན་འདུག ལྷག་དོན་དྲྭ་རྒྱའི་འཕྲིན་གཏོང་ཡོ་བྱད་བེད་སྤྱོད་མཁན་ཚོས་སྤྱི་ཕན་དང་ཁོར་ཡུག་སྲུང་སྐྱོབ་། སློབ་གསོ། སྨན་བཅོས། དབུལ་སྐྱོར་སོགས་ལ་ཁ་གཡར་ཏེ་ཚོགས་པ་འཛུགས་པའམ་ཁྲིམས་འགལ་གྱི་རྩ་འཛུགས་ནང་ཞུགས་སོགས་ཀྱི་གནད་དོན་བཀོད་ཡོད་པ་མ་ཟད། ཁྲིམས་འགལ་ཉེས་གསོག་ཐེར་འདོན་གྱི་བྱ་དགའ་མཐོ་ཤོས་རྒྱ་སྒོར་འབུམ་གསུམ་སྤྲད་རྒྱུ་ཡིན་ལུགས་སོགས་ཆེད་བཀོད་བྱས་ཡོད་པ་རེད། དེའང་རྒྱུ་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༡ པོའི་ནང་སྤེལ་བའི་ནག་སེལ་གཤེད་བཅོམ་གྱི་བརྡ་ཁྱབ་དང་བསྡུར་ན་འདི་ལོའི་བརྡ་ཁྱབ་ནང་དུ་སྤྱིར་གནད་དོན་ཁག་གཅིག་སྔ་ལོ་དང་གཅིག་མཚུངས་འཁོད་ཡོད་ཐོག་ཉེས་གསོག་གི་གནད་དོན་འཕར་མ་མང་པོ་ཁ་སྣོན་གྱིས་བཅུག་ནས་དམ་དྲག་ཤུགས་ཆེ་བ་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་དང་། དེའི་ཁྲོད་སྲིད་གཞུང་ལ་ཉེས་ཅན་པ་རྩིས་སྤྲོད་བྱེད་མཁན་རྣམས་ལ་བྱ་དགའ་མཐོ་ཤོས་ཀྱང་སྔ་ལོའི་འབུམ་ ༡ ནས་སྤར་ཏེ་འབུམ་ ༣ བཟོས་ཡོད་པ་ཐེར་འདོན་དང་འབྲེལ། རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་ལ་རྐྱོན་བརྗོད་དང་། གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཞི་བའི་ལས་འགུལ་བ་ཚོར་སྡུག་སྦྱོང་བཏང་འཛིན་བྱེད་ཐབས་སུ་དབང་འཛིན་དཔོན་རིགས་ཚོས་གསལ་ཁ་ཅི་ཡང་མེད་པའི་ཁྲིམས་འགལ་སྲུང་སྐྱོང་ཟེར་བ་དེ་ཆབ་སྲིད་ཀྱི་ལག་ཆར་སྤྱོད་བཞིན་ཡོད་པ་དང་། སྤྱི་ཚོགས་དོ་དམ་གྱི་ཐབས་བྱུས་ཟེར་བའི་མིང་བྱང་འོག་ཏུ་རྒྱ་གཞུང་གིས་མང་ཚོགས་སྲིད་གཞུང་གི་མྱུར་མར་བསྒྱུར་སྟེ།བོད་མི་ཚོར་ཕན་ཚུན་གྱི་གནས་ཚུལ་ཡོད་ཚད་འབྲེལ་ཡོད་སྡེ་ཁག་ལ་ལྐོག་ཞུ་བྱེད་དགོས་པའི་སྐུལ་འདེད་གཏོང་མུས་ཡིན་པ་དང་། འདི་ནི་གཞུང་གིས་ཉེས་རྟོགས་ཀྱི་དབང་ཤུགས་སྤྱད་དེ་བོད་ནང་ལ་དྲག་གནོན་བྱེད་བཞིན་པའི་དཔེ་མཚོན་འཁྲུལ་མེད་ཅིག་ཡིན་པ་གསུངས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དེ་འབྲེལ་གསུངས་པར་སྤྱིར་རྒྱ་ནག་གཞུང་གི་བརྡ་ཁྱབ་འདི་རིགས་སྤེལ་དགོས་དོན་ནི་རྒྱ་གཞུང་གིས་སྔ་ལོའི་ལོ་མགོར་རྒྱ་ནག་རྒྱལ་ཡོངས་ནང་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་སྤེལ་བ་དེ་བོད་ནང་ལམ་ལྷོང་ལྡན་པ་ཞིག་ཡོང་ཆེད་དུ་ཡིན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་བརྡ་ཁྱབ་འདི་རིགས་སྤེལ་བ་བརྒྱུད་ནས་བོད་ས་གནས་སྲིད་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བརྡ་ཁྱབ་བཏང་སྟེ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་པ་གསུངས་སོང་།

Latest news