Tibetan Royal Year of 2151 | Year of the Wood Dragon

བོད།

བཀྲིས་དབང་ཕྱུག་ལགས་ལ་ཐག་གཅོད་ཀྱིས་དཔྱད་ཁྲ་གང་ཡང་བཏང་མི་འདུག

དེ་རིང་ཕྱི་ལོ་༢༠༡༨།༠༡།༠༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བོད་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནག་ཉེས་དང་འབྲེལ་གཏུགས་བཤེར་བྱས་འདུག་ཀྱང་། ཁྲིམས་ཁང་ནས་ཐོག་གཅོད་ཁ་གསལ་གང་ཡང་བྱས་མི་འདུག བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ། Liang Xiaojunn ལགས་དང་། ཨ་རིའི་NewYork Times གསར་ཁང་གི་གསར་འགོད་པ་ Chris Buckly ལགས་གཉིས་ཀྱི་ Twitter བརྒྱུད་ལམ་སྟེང་དེ་དོན་གནས་ཚུལ་སྤེལ་བར་གཞིགས་ན། གཏུགས་བཤེར་ལས་རིམ་དེ་སྔ་དྲོ་བོད་ནང་གི་ཚོུད་ ༩།༣༠ ནས་ཉིན་རྒྱབ་ ༡།༣༠ བར་ཚོུད་ཆུ་ཚོད་ ༤ རིང་འགོར་ཡོད་པ་དང། དཔང་རྟགས་ཀྱི་ཚུལ་དུ་ A Tibetans Journey to Justice ཞེས་དེ་སྔ་ཨ་རིའི་ NewYork Times གསར་ཁང་གི་བཀྲིས་དབང་ཕྱུག་ལགས་ལ་བཅར་འདྲི་ཞུས་པའི་བརྙན་ཐུང་དེ་བསྟན་འདུག དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་ཆེད་པེ་ཅིང་དུ་ཡོད་པའི་ཨ་རི་དང་ཁེ་ན་ཌ། ཨིན་ཡུལ་དང་འཇར་མ་ནི། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཕྱིའི་རྒྱལ་གཞུང་ཚབ་ ༥ ཙམ་གྱི་གཞུང་འབྲེལ་མི་སྣ་ཆེད་མངགས་ཡུལ་ཤུལ་དུ་ཕེབས་འདུག་ཀྱང། ཁྲིམས་ཁང་ནང་དུ་བཞུགས་རྒྱུའིཆོག་མཆན་སྤྲད་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གཞུང་འབྲེལ་བརྒྱུད་ལམ་ཐོག་བཀྲིས་དབང་ཕྱུག་ལགས་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་བོད་མིས་གཙོས་གྲངས་ཉུང་མི་རིགས་ཡོངས་ལ་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲད་པ་དེ་ལོངས་སུ་སྤྱོད་མཁན་ཞིག་ཡིན་སྟབས་ད་རེས་ཀྱི་ཁྲིམས་བཤེར་དེ་ནས་གཏུགས་དེ་ནས་རྒྱ་ནག་གཞུང་དེ་ཁྲིམས་ཀྱི་དབང་འགྱུར་དང། རྒྱལ་སྤྱིའི་ཁྲིམས་གཉིས་ལ་བརྩི་སྲུང་གང་འདྲ་ཞུ་ཡི་ཡོད་མེད་གསལ་པོ་ཆགས་རྒྱུ་ཡིན་པ་གསུངས་འདུག གཞན་ཡང་དེ་རིང་དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་དང་འབྲེལ་ནས་རྒྱལ་སྤྱིའི་སྤེན་རྩོམ་པ་པོ་ཚོགས་པ་དང། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང། ITN འམ་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ཁང། རྒྱལ་ཚོགས་ཀྱི་ UNPO ཚོགས་པ་བཅས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་འདོན་སྤེལ་གནང་ཡོད་པ་རེད། ད་ལྟའི་གནས་སྐབས་སུ་བོད་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་འགྱུར་ཡོད་སྟབས། རིམ་པས་འདོན་སྤེལ་ཞུ་རྒྱུ་ཡིན།

བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གི་གནས་སྟངས་ཕྱི་གྱར་བྱུང་བའི་རྐྱེན་གྱིས་ཁོང་སླར་ཡང་བཟང་བཙོན་འོག་བཞག་འདུག

བཙོན་གྲོལ་རྗེས་སུའང་སུན་བརྩེར་དང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཀྱི་གནས་སྟངས་སྐོར་བཙན་བྱོལ་ནང་དུ་གནས་ཚུལ་གྱར་བའི་རྐྱེན་གྱིས་རྒྱ་ནག་གཞུང་གི་ཁོང་སླར་ཡང་བཟང་བཙོན་འོག་བཞག་འདུག བོད་མདོ་སྨད་རྨ་ཆུ་ཁུལ་ནས་ཡིན་པའི་གཞོན་ནུ་དཔལ་ལྡན་ལགས་ནི་ཕྱི་ལོ་ ༢༠༠༨ ལོའི་བོད་མི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་རྨ་ཆུ་ནང་དུ་ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་འཛུགས་འོག་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་འཛིན་བཟུང་གིས་ཟླ་བ་གཉིས་དང་ཕྱེད་ཀ་ཙམ་བཀག་ཉར་བྱས་རྗེས་ལོ་གཉིས་དང་ཟླ་བ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དེ་ལྟར་ཡང། བཀག་ཉར་འོག་ཁོང་ལ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་བཏང་བའི་རྐྱེན་གྱིས་དེ་སྔ་ནད་གཞི་གང་ཡང་མེད་པའི་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་གཞི་གནས་སྟངས་ཛ་དྲགས་ཆགས་པའི་རྐྱེན་གྱིས་ཁོང་ཕྱི་ལོ་ ༢༠༡༣ ལོར་བཙོན་འཇུག་དུས་ཡུན་མ་ཚང་གོང་དུ་ཀློད་གྲོལ་བཏང་ཡོད་པ་རེད། ཉེ་ཆར་བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་གཞོན་ནུ་དཔལ་ལྡན་ལགས་ཀྱི་གནས་སྟངས་སྐོར་གནས་ཚུལ་སྤེལ་བའི་ནང། ཁོང་ཀློད་གྲོལ་རྗེས་ནས་བཟུང་གཤག་བཅོས་ཐེངས་གཉིས་བཏང་དགོས་འཁེལ་བའི་འོག་ནང་མིར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་མ་ཟད། འདི་ལོ་སློབ་ཞུགས་བྱེད་ལ་ཉེ་བའི་ཁོང་གི་བུ་མོ་སློབ་ཞུགས་སྙན་ཞུའི་ནང་སྐྱེས་ལོ་སྐྱེས་ཚེས་ནོར་བར་ཁ་གཡར་སྟེ་སློབ་ཞུགས་བྱ་རྒྱུར་བཀག་སྡོམ་བྱས་སྐོར་གསུངས་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་དྲ་གནས་ཐོག་ད་ཆ་ཡང་བསྐྱར་གནས་ཚུལ་ཞིག་སྤེལ་བའི་ནང་དུ། ཁ་སང་སྔ་འདྲོ་ཚོུད་ ༡༠ པ་ཙམ་ལ་གཞོན་ནུ་དཔལ་ལྡན་ལགས་ས་གནས་ཉེན་རྟོགས་ལས་ཁུངས་སུ་ཤོག་ཟེར་ནས་བདེ་འཇགས་མི་སྣའི་རུ་ཁག་ཞིག་གིས་ཕྱི་དྲོ་ཚོུད་ ༧ པའི་བར་ཁོང་གི་གནས་ཚུལ་ཕྱི་ལ་གྱར་སྟངས་སྐོར་ལ་འདྲི་རྩད་དང། ཁོང་གི་ལག་ཐོ་ཁ་པར་སོགས་གཞུང་བཞེས་བཏང་པ་མ་ཟད། གཞུང་གི་བརྡ་ཁྱབ་མ་སླེབས་བར་དུ་རང་གི་ཁྱིམ་ནས་ཕྱིར་ཐོན་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། ད་ལྟའི་ཆར་ནང་མི་ཉེ་འབྲེལ་རྣམས་ནས་གཞོན་ནུ་དཔལ་ལྡན་ལགས་རྒྱ་གཞུང་གི་སླར་ཡང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་དང། ཁོང་གི་གཟུགས་གཞིའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་སྲིད་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་པ་རེད་འདུག  

དོན་གྲུབ་དབང་ཆེན་ལགས་ཨ་རིར་བདེ་འབྱོར་བྱུང་འདུག

འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་བའི་རྐྱེན་གྱིས་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་བཙོན་འཇུག་བྱས་མྱོང་ཡོད་པ་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་བོད་ནས་བྲོས་བྱོལ་གྱིས་ཨ་རི་ California མངའ་སྡེའི་San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་འདུག དོན་གྲུབ་དབང་ཆེན་ལགས་སུད་སི་བརྒྱུད་ཟླ་བ་འདིའི་ཚེས་ ༢༥ ཉིན་ San Fransicco གྲོང་ཁྱེར་དུ་གནས་སྡོད་ཁོང་གི་ནང་མི་དང་མཉམ་འཛོམས་བྱུང་ཡོད་པ་དང། རང་ཁྱིམ་དུ་འབྱོར་མ་ཐག་ཁོང་གིས་ད་རེས་ལོ་མང་རྗེས་རང་དབང་ལུང་པའི་ནང་འབྱོར་བར་དགའ་སྤྲོ་དཔག་མེད་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་གཅིག རང་ཉིད་ཀྱི་ཕ་ཡུལ་བཞག་ནས་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་སེམས་ལ་ན་ཟུག་ཆེན་པོ་གཏོང་བཞིན་ཡོད་པའི་འགྲེལ་བརྗོད་ཀྱང་གནང་འདུག གཞི་རྩའི་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་ཀྱིས་ཕྱི་ལོ་༢༠༠༨ལོའི་པེ་ཅིངཨོ་ལམ་སྤིག་རྩེད་འགྲན་གོང་ཙམ་དུ་བོད་ནང་གི་བོད་མི་མང་དག་ཞིག་ལ་ཨོ་ལམ་སྤིག་རྩེད་འགྲན་དང་བོད་ནང་གི་གནས་སྟངས། ༸གོང་ས་མཆོག་ལ་དད་པ་དམ་ཚིག་སོགས་ཀྱི་སྐོར་ལ་བཅར་དྲི་ཞུས་པའི་གློག་བརྙན་འཇིགས་བྲལ་ཞེས་པ་ཞིག་བཟོ་བསྐྲུན་གནང་རྗེས། ཁོང་ལོ་དེ་རང་གི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན།མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་གིས་རྒྱ་ནག་གི་བཙོན་འོག་ནང་ལོ་ ༦ གྱི་བཙོན་འཇུག་ཁྲིམས་ཆད་མྱངས་རྗེས་ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་ ༦ པའི་ནང་ཀློད་གྲོལ་བཏང་ཡོད་པ་རེད། ཁོང་གི་ཕྱག་རོགས་ མགོ་ལོག་འཇིགས་མེད་ལགས་ཀྱང་སྔ་ཕྱི་ཐེངས་ ༣ ཙམ་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་རྡུང་རྡེག་མནར་གཅོད་མང་པོ་བཏང་ཡོད་པ་དང། ཁོང་༢༠༡༢ ཟླ་ ༩ པའི་ནང་བཙོན་ཁང་ནས་བྲོས་བྱོལ་གྱིས་ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༥པའི་ནང་རྒྱ་གར་ལ་བདེ་འབྱོར་བྱུང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དོན་གྲུབ་དབང་ཆེན་ལགས་ཀྱི་ཉིན་ཤས་རྗེས་གསར་འགོད་ལྷན་ཚོགས་ཞིག་གནང་གི་ཡོད་པ་རེད་འདུག

རང་ལུས་མེར་བསྲེགས་གནང་མཁན་དཀོན་པེ་ལགས་ཀྱི་པ་ལགས་ཉེན་རྟོགས་པས་བཀག་ཉར་བྱས་འདུག

ཁེ་ཉིན་ཕྱི་ཚེས་ ༢༣ ཉིན་མདོ་སྨད་རྔ་བ་ནང་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བ་བོད་མི་དཀོན་པེ་ལགས་ཀྱི་ཕ་རྒྱ་སྐྱབས་ལགས་རྒྱ་གཞུང་གིས་འབར་ཁམས་ནང་དཀག་ཉར་བྱས་འདུག དེ་ཡང་ཚེས་ ༢༣ རེས་གཟའ་སྤེན་པའི་ཕྱི་འདྲོ་ཕྱག་ཚོད་ ༦ ཡས་མས་ཞིག་ལ་བོད་མདོ་སྨད་རྔ་བའི་ནང་དུ་བོད་མི་དཀོན་པེ་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཚེས་ ༢༤ སྔ་འདྲོ་ཕྱག་ཚོད་ ༥ པ་ཙམ་ལ་འབར་ཁམས་སྨན་ཁང་ནང་སྐུ་འདས་གྲོངས་སུ་གྱུར་འདུག རྒྱ་ནག་གཞུང་གིས་དཀོན་པེ་ལགས་ཀྱི་ནང་མིར་ཁོང་གི་རུས་ཐལ་ཙམ་ལས་སྤྲད་མེད་པ་མ་ཟད། དམ་པ་ཁོང་གི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་སོང་ཡོད་ཚུལ་བརྗོད་ནས་ཁོང་གི་ཕ་རྒྱ་ཁྱབ་ལགས་འབར་ཁམས་དུ་བཀག་ཉར་བྱས་ནས་བཞག་འདུག ད་ལྟའི་ཆར་རྔ་བ་ནང་དུ་ས་གནས་བོད་མི་རྣམས་ནས་ཚོང་ཁང་དང་བཟའ་ཁང་སོགས་སྒོ་རྒྱབས་ནས་དཀོན་པེ་ལགས་ཀྱི་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པ་རེད་འདུག དཀོན་པེ་ལགས་ཀྱི་རང་ལུས་མེར་བསྲེགས་གནང་པའི་གནད་དོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་རྒྱུ་རྐྱེན་དང། དེ་ལྟར་མུ་མཐུད་མི་ཡོང་བའི་ཐབས་ལམ་གཉིས་ཀ་རྒྱ་གཞུང་རང་གི་ལག་པར་ཡོད་པ་རྟོགས་ཐུབ་དགོས་ཀྱི་རེད་ཅེས་གསུངས་བ་དང་ཆབས་གཅིག རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བོད་མིའི་ཁྲིམས་མཐུན་གྱི་མངོན་འདོད་ཁག་ལ་དྭང་ལེན་བྱེད་དགོས་པ་དང། བོད་ཐོག་འཛིན་པའི་སྲིད་བྱུས་ནོར་བ་རྣམས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག བོད་མི་དཀོན་པེ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རངབསྲེགས་གནང་པའི་གནད་དོན་དང་འབྲེལ། ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཁེ་ཉིན་ཕྱི་འདྲོ་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་དང་སྨོན་ལམ་གསུང་འདོན་གནང་སྟེ། བོད་མི་དཀོད་པེ་ལགས་དམ་པ་དེ་ཉིད་དང་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམས་བསྐྱེད་ཞུས་འདུག  

ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཞན་པོ་ཆགས་འདུག

ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བཙོན་བཅུག་བྱས་པའི་བོད་གསེར་རྟ་ཕུ་གུ་དགོན་པའི་ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་ད་ལྟའི་ཆར་རྒྱ་གཞུང་གི་བཙོན་ཁང་དུ་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད་འདུག དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ པའི་ནང་བོད་མི་གྲྭ་ཆོས་ཀྱིས་ལགས་གློ་བུར་དུ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང། སྐབས་དེར་ཁོང་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་གང་བསགས་ཡོད་པ་ཁ་གསལ་ཤེ་རྟོགས་བྱུང་མེད་པ་མ་ཟད། ས་གནས་སུ་རྒྱ་གཞུང་གིས་ཁ་པར་དང་དྲ་ལམ་ཁག་ཏུ་དམ་དྲག་བྱེད་རྐྱེན་ད་བར་ཕྱི་ཕྱོགས་སུ་ཁོང་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད། དེ་རིང་འདི་ག་རླུང་འཕྲིན་ཁང་ལ་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཆབ་སྲིད་བཙོན་པ་གྲྭ་ཆོས་ཀྱིས་ལགས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་གནང་བར་གྲྭ་ཆོས་ཀྱིས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༡༥ ལོ་དེ་རང་དུ་རྒྱ་གཞུང་གིས་གྲྭ་ཆོས་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་བཅུག་ཁྲིམས་ཐག་བཅད་ནས་མི་ཉག་ར་རྔ་སྒང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད་འདུག དེ་བཞིན་གནས་ཚུལ་མཁོ་སྤྲོད་པས་ཁོང་འཛིན་བཟུང་མ་གནང་སྔོན་ནས་ནད་གཞི་མང་པོ་ཕོག་རྐྱེན་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་དང་། བཙོན་ཁང་དུ་བཙོན་པ་གཞན་ལྟར་མི་འདྲ་བ་ཁོང་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་་མ་ཟད། གཟུགས་གཞིའི་གནས་སྟངས་ཞན་པའི་འོག་བཙན་དབང་གིས་ལས་ཀ་མང་པོར་བྱེད་བཅུག་པར་བརྟེན་ད་ལྟའི་ཆར་ཉིན་རེ་བཞིན་གཟུགས་གཞིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དེ་སྔའི་ནང་མི་ཚོ་ཟླ་རེ་མཚམས་སུ་ཐུག་འཕྲད་ཀྱིས་ཟས་རིགས་དང་ཅ་དངོས་སོགས་སྐྱེལ་ཆོག་གི་ཡོད་ཀྱང་། འདི་ལོའི་ཟླ་ ༡༠ ནས་བཟུང་ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་གནང་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྐོར་གསུངས་སོང་། རྩ་བའི་བོད་མི་ཆབ་སྲིད་བཙོན་པ་གྲྭ་ཆོས་ལགས་ནི། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་པ་དང་། ཁོང་འཛིན་བཟུང་སྐབས་རང་ལོ་ ༣༧ ཡིན་པ་རེད། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུངགིས་གྲྭ་ཆོས་ཀྱིས་ལགས་འཛིན་བཟུང་བྱེད་པ་དང་དུས་མཚུངས་ཁོང་དང་ཕ་མ་གཅིག་པའི་ཨ་ཅེ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཀྱང་གློ་བུར་དུ་བཙན་ཁྲིད་བྱས་ཐོག་ཉིན་ ༡༥ ཙམ་གྱི་རིང་རྡུང་རྡེག་མནར་གཅོད་སྣ་ཚོགས་བཏང་མཐར་ཉེ་སྔོན་གློད་བཀྲོལ་བཏང་ཡོད་རེད།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཚོ་སྡོད་གནས་མེད་པའི་ཐོག་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་བར་བརྟེན་ད་ལྟའི་ཆར་བོད་པའི་གྲྭ་བཙུན་ཚོ་སྡོད་གནས་མེད་པའི་ཐོག་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་ཆོས་སྒར་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་དང་སློབ་གཉེར་བའི་གྲངས་འབོར་ ༥༠༠༠ བར་ཚད་འཛིན་བྱ་རྒྱུ་ཡིན་ཟེར་ནས་བླ་རུང་ཆོས་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་དོན་སྤེལ་ཡོད་པ་དང། ལས་གཞི་དེའི་འོག་ད་བར་གྲྭ་བཙུན་དང་སློབ་གཉེར་བ་ཁྱོན་ ༤༨༢༥ ཙམ་ཕྱིར་འབུད་བཏང་བ་དང་གྲྭ་ཤག་ ༤༧༢༥ ཙམ་གཏོར་བཤིག་བཏང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཉེ་ཆར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པས་དེ་སྔོན་གསེར་རྟ་བླ་རུང་ཆོས་སྒར་དུ་སློབ་གཉེར་གནང་མྱོང་ཡོད་པའི་བོད་མི་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག སྐབས་དེར་བོད་མི་ཁོང་གིས་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་རྐྱེན་ད་ལྟའི་ཆར་དགེ་འདུན་པ་ཚོར་གཏན་སྡོད་ཀྱི་སྡོད་གནས་མེད་སྟབས་རང་ཉིད་ཀྱི་སྡོད་གནས་འཚོལ་ཞིབ་བྱེད་དགོས་པ་དང། དོན་རྐྱེན་དེའི་འོག་དགེ་འདུན་ཁག་ཅིག་བཙན་དབང་གིས་སྐྱ་སར་བབ་དགོས་བྱུང་ཡོད་པ་དང། དེ་བཞིན་རྒྱ་གཞུང་གིས་བླ་རུང་ཆོས་སྒར་ནས་གྲྭ་བཙུན་ཕྱིར་འབུད་གཏོང་བ་ཙམ་མ་ཡིན་པར། ཕྱིར་འབུད་གཏོང་བའི་གྲྭ་བཙུན་དེ་དག་གི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་ལྟ་སྲུང་ནན་པོ་བྱེད་བཞིན་པའི་ཁར་ཁོང་རྣམས་ལ་རང་དབང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག གནད་དོན་དེས་ད་ལྟའི་ཆར་ཁུལ་དེར་གནས་སྡོད་བྱེད་མཁན་མང་ཚོགས་དང་སློབ་གཉེར་བ་ཚོའི་ལུས་སེམས་གཉིས་ལ་དོ་ཕོག་ཧ་ཅང་ཆེན་པོ་བཏང་ཡོད་པ་མ་ཟད་བོད་པའི་བཙུན་མ་དང་སློབ་གཉེར་བྱེད་མཁན་རྒྱ་རིགས་སློབ་མ་ཚོའི་སེམས་ཁོངས་ལའང་ངལ་བ་ཆེན་པོ་བཟོ་མུས་ཡིན་པར་འགྲེལ་བརྗོད་བྱས་འདུག བོད་པའི་དགེ་འདུན་པ་ཚོས་སེམས་མ་ཞུམ་པར་རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བའི་གནད་དོན་དང་འབྲེལ་རྒྱ་གཞུང་གིས་རྩ་ཁྲིམས་གཞིར་བཟུང་རང་དབང་རྩོད་ལེན་གནང་དགོས་བསམ་ཡང་ས་གནས་སུ་དེ་ལྟར་གནང་རྒྱུའི་གོ་སྐབས་མེད་རྐྱེན་སེམས་ཁམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ཐེར་བཏོན་དང་སྦྲགས། རྒྱ་གཞུང་གིས་བྱེད་སྟངས་དེ་དག་ནི་བོད་མི་མང་ཚོགས་ཀྱི་ཐོབ་ཐང་དང་སེམས་ཚོར་ལ་བརྩི་མེད་གཏོང་བའི་བྱ་ངན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག ལྷག་པར་དུ་རྒྱ་གཞུང་འགོ་ཁྲིད་ཚོས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་རྒྱུའི་ལས་གཞི་དང་འབྲེལ་བོད་མི་ཚོར་སྤོབས་པོ་ཆེན་པོས་གནམ་འོག་ཏུ་ཡོད་པའི་བོད་ཀྱི་ས་གཞི་དེའི་བདག་དབང་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་ཅེས་བོད་ནང་དུ་རྒྱ་གཞུང་གིས་སྣང་བ་གང་དྲན་བྱེད་བཞིན་ཡོད་པ་མ་ཟད་ཉེན་རྟོག་ལས་ཁུངས་དང་དངུལ་ཁང་སོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པ་གསུངས་ཡོད། ད་དུང་བོད་མི་དེས་རྩ་བའི་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་དགོས་པའི་རྒྱུ་མཚན་དུ་ས་གནས་སུ་མི་འབོར་མང་དྲག་པ་དང་ཆུའི་འགྲོ་ལམ་ཡག་པོ་མེད་པ། སྡོད་གནས་ཁག་འདང་ངེས་མེད་པར་བརྗོད་ཡོད་ཀྱང། དོན་དངོས་ཐོག་བླ་རུང་ཆོས་སྒར་དེ་སྤྱི་ཚོགས་ཁྲོད་ལ་ཤུགས་རྐྱེན་ཆེན་པ་ཡོད་པའི་སློབ་གཉེར་ལྟེ་གནས་ཁང་ཞིག་ཏུ་འགྱུར་བཞིན་ཡོད་པ་དང།  ལྷག་དོན་བླ་རུང་ཆོས་སྒར་གྱི་མཁན་པོར་རྒྱ་ནག་རང་ནས་རྒྱ་རིགས་སློབ་མ་དང་རྗེས་འབྲང་པ་མང་པོ་ཡོད་སྟབས་རྒྱ་རིགས་མང་ཚོགས་ཁྲོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པར་ཞེད་སྣང་ཆེན་པོ་བྱེད་མུས་ཡོད་པ་གསུངས་འདུག  ཁྱད་པར་དུ་རྣམ་ཀུན་ས་གནས་སུ་མཁན་པོས་བོད་ཀྱི་སྐད་ཡིག་དང་འཕྲོད་བསྟེན་སྔོན་འགོག་གི་ལས་གཞི་སྤེལ་ཁག་ལ་བོད་མི་ཚོས་དོ་སྣང་དང་ཤར་སྐྱོད་གནང་བ་ལས་རྒྱ་ནག་གཞུང་གི་ལས་གཞི་ཁག་ལ་དེ་ཙམ་ནུས་པ་ཐོན་གྱི་མེད་སྐོར་གསུངས་ཡོད། ད་ལྟའི་ཆར་བླ་རུང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཞི་རྒོལ་འགོག་ཐབས་སུ་དམིགས་བསལ་གྱི་ཆས་གོས་གྱོན་པ་དང་མི་གྱོན་པའི་དྲག་ཆས་ཉེན་རྟོག་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་ས་ཁུལ་ཁྱོན་ཡོངས་ལ་ཧ་ཅང་དམ་དྲག་བྱེད་རྐྱེན་མང་ཚོགས་ཚོ་འགུལ་སྐྱོད་གནང་ས་མེད་པ་ཆགས་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་ལས་དོན་འགོ་འཛུགས་ཀྱིས་ཁུལ་དེའི་གྲྭ་བཙུན་དང་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་ཡོད་པ་མ་ཟད། ལས་དོན་དེའི་རྐྱེན་པས་ཆོས་སྒར་དེའི་བཙུན་མ་གསུམ་གྱིས་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་པ་རེད། གནད་དོན་དེའི་ཐོག་ཡོ་རོབ་མཐུན་ཚོགས་དང་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་སོགས་གཞུང་སྒེར་ཚོགས་པ་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པར་ནན་བརྗོད་བྱས་ཡོད་པ་རེད།  འོན་ཀྱང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གཞུང་སྒེར་ཁག་གིས་འབོད་སྐུལ་གནང་བ་དང་ལེན་ཞུ་རྒྱུ་ལས་ལྡོག་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་གགྲྭ་ཤག་ ༣༢༢༥ གཏོར་བཤིག་གཏང་རྒྱུར་ཐག་གཅོད་བྱས་པ་མ་ཟད། ཕྱི་ཟླ་ ༩ པའི་ནང་ཚུད་ལ་ཆ་ཚང་གཏོར་བཤིག་གཏང་རྒྱུའི་དུས་བཀག་བཟོས་པ་དང། དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གཞུང་གིས་སྔར་ཡོད་བོད་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་བྱེད་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་པོ་ལོགས་སུ་དབྱེ་ནས་ཡོངས་རྫོགས་དོ་དམ་བྱ་རྒྱུའི་ཆེད་སྒྲིག་གཞི་གཏན་འབེབས་ཀྱིས་དོ་དམ་ཨུ་ཡུན་ལྷན་ཁང་ཞེས་པ་ཞིག་གསར་དུ་བཙུགས་པ་མ་ཟད། ལས་ཁུངས་དེའི་འགན་འཛིན་དང་ལས་བྱེད་དུ་དམར་ཤོག་ཚོགས་པའི་ལས་མི་ཁག་ཅིག་ཀྱང་བསྐོ་གཞག་བྱས་ཡོད་པ་རེད། དེ་བཞིན་ནང་བསྟན་སློབ་གླིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ་དང་བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ་མ་ཟད། སོ་སོར་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོ་རྗེས་རང་ཉིད་ཀྱི་མིང་དང་ལག་འཁྱེར་དཔང་ཡིག་གཅིག་གྱུར་དགོས་པ་སོགས་བཟོ་ནས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣ་སྔོན་འགོག་བྱེད་དགོས་པར་བཀོད་ཁྱབ་བཏང་ཡོད་པ་རེད།  

བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གི་བུ་མོ་སློབ་གྲྭར་འཛུལ་ཞུགས་བྱེད་པར་འགོག་རྐྱེན་བཟོ་བཞིན་འདུག

རྒྱའི་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་མྱངས་རྐྱེན་ལུས་པོ་ནད་གཅོང་ཐོག་གློད་བཀྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཀྱི་བུ་མོར་ས་གནས་རྒྱ་ནག་སྲིད་གཞུང་གིས་སློབ་གྲྭར་ཞུགས་རྒྱུའི་ཐད་ལ་དཀག་སྡོམ་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་བོད་མི་གཞོན་ནུ་དཔལ་ལྡན་ལགས་ལ་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་རྨ་ཆུ་ཁུལ་དུ་ལས་འགུལ་སྣེ་ཁྲིད་གནང་བའི་ཉེས་མིང་གཡོགས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཟླ་བ་གཉིས་དང་ཕྱེད་ཀ་ཙམ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་རྗེས་ཁོང་ལ་ཆབ་སྲིད་ནག་ཉེས་བཙུགས་ཏེ་ལོ་གཉིས་དང་ཟླ་བ་ ༩ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང། བཙོན་འཇུག་འོག་མནར་སྤྱོད་ཚད་མེད་བཏང་རྐྱེན་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཞན་པས་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་གཞིར་རིམ་བཞིན་ཇེ་ཞན་ཇེ་སྡུག་ཏུ་སོང་བའི་ཛ་དྲག་གནས་སྟངས་འོག་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བཙོན་འཇུག་དུས་ཡུན་མ་ཚང་གོང་དུ་བཙོན་གྲོལ་བཏང་ཡོད་པ་རེད་འདུག དུས་དེ་ནས་བཟུང་ད་བར་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་འོག་དྲག་སྐྱེད་ཧ་ལམ་མེད་པའི་ཐོག་བཤག་བཅོས་ཐེངས་གཉིས་ཙམ་གནང་ཡོད་པའི་ཁར། བཤག་བཅོས་དང་པོ་དེར་རྒྱའི་སྒོར་མོ་ཁྲི་ ༡༡ དང་གཉིས་པ་དེར་ཁྲི་ ༧ གྱི་འགྲོ་གྲོན་བཏང་ཡོད་པ་རེད། བཤག་བཅོས་དང་པོའི་རྗེས་ཁོང་ལ་རྒྱ་སྒོར་ཁྲི་ ༣ མན་ཙམ་གྱི་གུན་གསབ་ཐོབ་པ་ལྟར། དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པའི་ཁོང་གི་ནང་མི་རྣམས་ནས་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བཤག་བཅོས་གཉིས་པ་གནང་སྐབས་དེར་གུན་གསབ་ཕྲན་བུ་རག་རྒྱུར་རེ་བ་གནང་བཞིན་ཡོད་པ་རེད་འདུག ལྷག་དོན་འདི་ལོ་སློབ་གྲྭ་ནང་སློབ་ཞུགས་བྱ་རྒྱུའི་ལོ་ཚད་ཟིན་པའི་རང་ལོ་ ༨ སོན་པ་ཁོང་གི་བོུ་རྣམ་རྒྱལ་སྒྲོལ་མ་ལགས་ལ་སློབ་ཞུགས་སྙན་ཞུའི་ནང་སྐྱེས་ལོ་སྐྱེས་ཚེས་ནོར་བ་བཀོད་ཡོད་ཚུལ་བརྗོད་ནས་སློབ་ཞུགས་བཀག་སྡོམ་བྱས་ཡོད་པ་རེད་འདུག རྩ་བའི་བོད་མི་འབྲོག་པ་ཚོར་ཤེས་ཡོན་མེད་པའི་རྐྱེན་གྱིས་སྙན་ཞུའི་ནང་སྐྱེས་ལོ་སྐྱེས་ཚེས་སོགས་ནོར་བ་བྲིས་པའི་གནད་དོན་མང་དག་ཞིག་བྱུང་མུས་ཡིན་པ་དེ་ལྟར་ཡང། ས་གནས་འགོ་དཔོན་གྱི་རྒྱབ་གཉེར་ཡིག་ཆ་དང་སྦྲགས་ནས་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་རྗེས་བོད་པའི་བོུ་མང་དག་ཞིག་གི་སྐྱེས་ལོ་སྐྱེས་ཚེས་ནོར་བ་རྣམས་བཟོ་བཅོས་བཏང་ཡོད་ཀྱང། རྣམ་རྒྱལ་སྒྲོལ་མ་ལགས་ཀྱི་སྐྱེས་ཚེས་ལ་བཟོ་བཅོས་མ་བྱེད་པའི་ཁར་ཞུ་གཏུགས་རིམ་པ་གནང་ཁག་ལ་གྲུབ་འབྲས་གང་ཡང་སོན་མེད་པ་རེད། གཞོན་ནུ་དཔལ་ལགས་བཟའ་ཚོ་གཉིས་ཀྱིས་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་གིས་དེ་སྔ་ཆབ་སྲིད་ཀྱི་ནག་ཉེས་བསགས་རྐྱེན་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་མི་གཅིག་གིས་ནག་ཉེས་བསགས་པར་ནང་མི་དང་གྲོང་མི་སོགས་ཡོངས་ལ་གཅིག་བསྡུས་ཀྱི་ཉེས་ཆད་གཏང་བའི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་སོང་བ་དང་། ལྷག་དོན་རྒྱ་གཞུང་གིས་དེ་ལྟར་བྱེད་བཞིན་པ་ནི་བོད་ནང་ལ་བོད་མི་ཚོས་ངོ་རྒོལ་གནང་ས་མེད་པ་བཟོ་ཐབས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་བཞིན་རྒྱ་གཞུང་གིས་ཕྱི་ལོ་ ༡༩༨༨ ལོར་རྒྱལ་ཚོགས་ཀྱི་མནར་གཅོད་དང་མི་སྤྱོད་ལས་བརྒལ་བའི་ཉེས་ཆད་གཏང་རྒྱུ་མིན་པའི་གན་རྒྱར་ས་རྟགས་བཀོད་པ་དེ་དངོས་འགལ་ཆགས་ཡོད་པ་སོགས་སྐྱོན་བརྗོད་དང་སྦྲགས། བོུ་རྣམ་རྒྱལ་སྒྲོལ་མར་ཤེས་ཡོན་གྱི་གོ་སྐབས་འཐུས་ཚང་སྤྲོད་དགོས་པར་རེ་སྐུལ་ནན་པོ་ཞུས་སོང་བ་མ་ཟད། བོད་མི་ཆབ་སྲིད་བཙོན་པ་ཚོར་སྨན་བཅོས་སོགས་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་དགོས་པར་རེ་སྐུལ་ཞུས་ཡོད་པ་རེད།

བོད་ནང་གི་འཛུགས་སྐྲུན་ལས་གཞིར་བསྟོད་བསྔགས་བཏང་བར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ཁྲན་ཏུར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ Jim Mullinax ལགས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་འཚམས་གཟིགས་གནང་པ་མ་ཟད། བརྙན་ཐུང་ཞིག་བརྒྱུད་ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཁག་ལ་བསྟོད་བསྔགས་བཏང་ཡོད་པ་རེད། ཁོང་གིས་ད་ལན་ང་རང་བོད་ཀྱི་ས་ཁུལ་དུ་ཐེངས་དང་པོ་བསྐྱོད་རྒྱུ་བྱུང་བ་དེ་ནི་ངའི་མངོན་འདོད་གྲུབ་པ་ལྟ་བུ་ཞིག་དང་། ཀོང་པོ་ཉིང་ཁྲི་ཁུལ་དུ་བསྐྱོད་ཚེ་རྒྱ་ནག་གཞུང་ནས་གསར་རྒྱག་བྱེད་བཞིན་པའི་སློབ་གྲྭ་དེ་དག་ནི་ས་གནས་སློབ་ཕྲུག་ཚོར་ཤེས་ཡོན་གྱི་གོ་སྐབས་འཕར་མ་ཞིག་ཐོབ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་བོད་ནང་ད་བར་གསར་རྒྱག་བྱེད་བཞིན་པའི་རྒྱ་ལམ་དང་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཁོར་ཡུག་སྲུང་སྐྱོབ་ལ་གནོད་འཚེ་མེད་པ་མ་ཟད། ས་གནས་ཡུལ་མི་ཚོ་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་དང་ཡུལ་ལྗོངས་ཀྱི་བཀོད་པར་ཕན་ཐོགས་ཆེན་པོ་བྱུང་འདུག་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་ཁོང་རྒྱལ་ས་ལྷ་ས་ལ་འགྲོ་སྐབས་ས་གནས་ཡུལ་མི་ཚོ་བྲེལ་ཟིང་ཆེན་པོས་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་ཡོད་པ་མ་ཟད། སླད་མར་རྒྱ་ནག་གཞུང་ནས་ས་ཁུལ་དེ་དག་ནང་མེ་འཁོར་ལྕགས་ལམ་གསར་རྒྱག་བྱ་འཆར་ཡོད་པ་དེས་མང་ཚོགས་ཚོར་ཕན་ངེས་ཡིན་པར་འགྲེལ་བརྗོད་བྱས་འདུག ད་དུང་ཁོང་གིས་ས་གནས་གཞུང་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བརྒྱུད་གནད་དོན་དེའི་ཐོག་གླེང་སློང་བྱས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་ཁག་ལ་བསྟོད་ར་བཏང་ཡོད་པ་རེད། འོང་ཀྱང་ཁ་སང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ Twitter ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་དོ་སྣང་ཅན་གྱི་བོད་མི་དང་རྒྱ་རིགས་ཁག་ཅིག་ནས་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་ Jim Mullinax ལགས་ཀྱིས་རྒྱ་གཞུང་གི་ལས་དོན་ལ་བསྟོད་བསྔགས་བཏང་བར་ཟུར་ཟ་དང་སྐྱོན་བརྗོད་ཤུགས་ཆེ་གནང་མུས་རེད་འདུག དེ་ཡང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཕྱི་སྡོད་རྒྱ་རིགས་ཁྲང་ཝེ་ཅིང་ལགས་ཀྱིས་ཨ་རིའི་སྐུ་ཚབ་ Jim Mullinax ལགས་ཀྱི་རྒྱ་གཞུང་གི་ལས་དོན་ལ་བསྟོད་བསྔགས་བཏང་བ་དེ་ནི་ཁོང་རྒྱ་ནག་གི་མགོ་སྐོར་ནང་ཚུད་པ་ཞིག་མིན་པར་ཤེས་བཞིན་དུ་བྱས་པ་ཞིག་རེད་ཅེས་གསུངས་པ་དང་། ལྷག་པར་ཨ་རིའི་གཞུང་ཚབ་ལས་བྱེད་ཞིག་ཡིན་པའི་ཆ་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༥༠ ལྷག་བྱུང་བའི་གནས་སྟངས་མ་ཤེས་མིན་སྟབས། ད་རེས་ཁོང་གྱིས་རྒྱ་ནག་ལ་བསྟོད་བསྔགས་བཏང་བ་དེ་ནི་རྫུན་ཙམ་མ་ཟད། ད་བར་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མི་ཚོ་ལ་མཐོང་ཆུང་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོ་ནན་པོ་གནང་འདུག དེ་བཞིན་རྒྱ་ནག་གྱི་རྒྱལ་ས་ Beijing ནང་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྤྱིར་རྒྱ་གཞུང་གི་སྟངས་འཛིན་འོག་བོད་རིགས་གཙོ་འགྱུར་མི་སྣ་སུ་འདྲ་ཡིན་ཡང་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཤུག་ཆེ་བྱེད་བཞིན་ཡོད་ཀྱང་། ཨ་རིའི་སྐུ་ཚབ་ Jim Mullinax དེ་གཞན་དང་མི་འདྲ་བར་བོད་ཀྱི་ས་ཁུལ་འདྲ་མིན་ནང་བསྐྱོད་རྒྱུའི་གོ་སྐབས་བྱུང་འདུག  དེ་ལྟ་བུའི་རང་དབང་ཐོག་འགྲོ་བསྐྱོད་བྱ་རྒྱུའི་ཕྱིར་སྐྱོད་ལག་ཁྱེར་དང་རང་དབང་ཞིག་ང་ལ་ཡང་བྱུང་ན་ཅི་མ་རུང་ཞེས་ཟུར་ཟའི་མཆན་བཀོད་འདུག་པ་དང་། མང་ཚོགས་ཁག་ཅིག་ནས་ཀྱང་ཁོང་ས་གནས་གང་སར་འགྲོ་གྱི་འདུག ང་ཡང་དེ་ལྟར་འགྲོ་ཐུབ་ན་ཞེས་སོགས་ཟུར་མཆན་བཀོད་གནང་འདུག རྒྱ་ནག་གཞུང་གིས་ལོ་ངོ་བཞི་ལྷག་བཟང་བཙོན་དུ་བཞག་པའི་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་ཀྱང་རང་ཉིད་ཀྱི་ Twitter ཐོག་ Jim Mullinax ལགས་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་རེད་ཅེས་སྐྱོན་བརྗོད་དང་། ང་ཚོས་ཁོང་ལ་ཕྱིར་སྐྱོད་ལག་ཁྱེར་ཞུ་ན་སྤྲོད་སྲིད་པ་རེད་ཅེས་ཟུར་ཟ་གནང་འདུག གཞི་རྩའི་ Jim Mullinax ལགས་དེ་སྔ་བྷང་ལ་དེ་ཤི་ཨིན་ཌོ་ནི་ཤི་ཡ། ཐེའི་པེ། ཧོང་ཀོང་སོགས་ཀྱི་ནང་ཨ་རིའི་ཚོང་འབྲེལ་ལས་དོན་གྱི་སྐུ་ཚབ་གནང་མྱོང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ནས་ཁོང་རྒྱ་ནག་ཁྲན་ཏུར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྐུ་ཚབ་གནང་འགོ་འཛུགས་གནང་ཡོད་པ་རེད།

བོད་ཀྱི་སྲོལ་སྒྱུ་རྩལ་ནང་འཛུལ་མཁན་ཉུང་རུ་འགྲོ་གི་འདུག

དེ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་མཆོག་དང་། ལྟེ་གནས་ཁང་གི་འགན་འཛིན་ལས་ཟུར་རྣམ་པ་བཅས་ལྷན་འཛོམས་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་སོང། འདི་ག་རླུང་འཕྲིན་ཁང་ནས་སྐབས་དེར་ནོར་གླིང་བོད་ཀྱི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་སུ་ལྟེ་གནས་ཁང་གི་ལས་དོན་སྤྱོ་ཡོངས་སྐོར་ལ་བཅར་འདྲི་ཞུས་པར་ལྟེ་གནས་ཁང་དེ་དབུ་བརྙེས་ནས་ད་བར་གྱི་བརྒྱུད་རིམ་ལ་གཞིགས་ན། དཔལ་འབྱོར་གྲུབ་འབྲས་ཡག་པོ་ཆགས་ཡོད་ཀྱང་དཀའ་ངལ་གཙོ་བོ་ཞིག་ནི་དགོས་མཁོ་ལ་གཞིགས་པའི་ཐོན་འབྲས་བཏོན་མ་ཐུབ་པའི་དཀའ་ངལ་ཡོད་པ་དང། ལྟེ་གནས་ཁང་དེའི་ནང་དུ་ཡོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་བཟོ་གྲྭ་ཁག་ཏུ་བོད་མི་འཛུལ་ཞུགས་བྱེད་མཁན་ཉུང་རུ་འགྲོ་གི་ཡོད་པ་གསུངས་སོང་། རྩ་བའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུར་གཙོ་དམིགས་ཀྱིས་ཕྱི་ལོ་ ༡༩༩༥ ལོར་དབུ་བརྙེས་ཡོད་པ་དང་། ད་ལྟའི་ཆར་ལྟེ་གནས་ཁང་དུ་རྟེན་བཞེངས་དང་ལྟ་བྲིས། ཤིང་བསྐོས་དང་ཤིང་བཟོ། གོས་ཐང་དང་ལག་ཚེམ། ཐག་ལས་སོགས་སྒྱུ་རྩལ་སྡེ་ཚན་་དང། དེ་བཞིན་རིག་གནས་ཁོངས་སུ་མཐོ་སློབ་དང་ཉམས་ཞིབ་སྡེ་ཚན། མཛད་རྣམ་སྡེ་ཚན། དེ་བཞིན་ཡིག་ཚགས་སོགས་ཡོད་པའི་བཙན་བྱོལ་ནང་གི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆེ་གྲས་ཤིག་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ད་བར་ལྟེ་གནས་ཁང་དེའི་ངོས་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བའི་ལས་དོན་ཐོག་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། ལྟེ་གནས་ཁང་དེ་ལྟ་བུ་འཛིན་སྐྱོང་གནང་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་དེ་ལྟར་ཡང། ཚང་མས་གཙོ་བོ་བསམ་ཤེས་གནང་རྒྱུ་དེ་སྤྱི་པའི་ལས་དོན་ལ་ཧ་ཅང་གནད་ཆེ་ཆགས་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་ལྟེ་གནས་ཁང་དུ་རྟེན་བཞེངས་སྒྱུ་རྩལ་གྱི་གནས་བབས་ཉག་ཕྲ་པོ་ཆགས་ཡོད་པའི་གནད་དོན་འབྲེལ། སྒྱུ་རྩལ་ཐོག་དོན་གཉེར་བྱེད་མཁན་ཚོར་རིགས་རུས་དབྱེ་འབྱེད་གནང་ཚེ་རིག་པ་ཡོངས་སུ་འགལ་གྱི་ཡོད་པ་གསུངས་ཡོད་པ་རེད།

Latest news