Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

Royal Cafe ཞེས་པའི་གློག་བརྙན་དེ་རྒྱལ་སྤྱིའི་ཐོག་ཆེས་ཐོག་མ་གཟིགས་འབུལ་ཞུས་པ།

དེ་རིང་ཡོ་རོབ་ཕྷ་རན་སིར་གནས་སྡོད་བྱེད་བཞིན་པའི་བོད་པའི་བེུད་བསྟན་འཛིན་ཟླ་གསལ་ལགས་དང་།  Remi Caritey གཉིས་ཀྱིས་བཟོ་བསྐྲུན་གནང་པའི་ Royal Cafe ཞེས་པའི་གློག་བརྙན་དེ་རྒྱལ་སྤྱིའི་ཐོག་ཆེས་ཐོག་མ་གཟིགས་འབུལ་ཞུས་གནང་སོང་། སྐར་མ་ ༤༠ ཅན་གྱི་ Royal Cafe ཞེས་པའི་གློག་བརྙན་དེ་ནི་ France ནང་ལ་འཚར་ལོངས་བྱུང་བའི་བོད་པའི་བེུད་ Dazel ལགས་ཀྱིས་སྐྱབས་བཅོལ་བོད་མིའི་གནས་སྟངས་ཐོག་ལ་གློག་བརྙན་ཞིག་བཟོ་འདོད་ཆེན་པོ་བྱུང་བ་ལྟར།  ཁུལ་དེར་རྟེན་གཞི་བྱས་པའི་ Royal Cafe ཞེས་པའི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཡང་ཡང་ཡོང་འཛོམས་བཞིན་པའི་སྐྱབས་བཅོལ་བོད་རིགས་ཁག་ཅིག་གི་གནས་སྟངས་ལ་རྒྱུས་ལོན་གནང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིར་ལྟ་སྟངས་ཐད་རྣམ་པ་གསར་པ་ཞིག་མངོན་གསལ་གནང་ཐབས་བྱས་འདུག གཞི་རྩའི་བསྟན་འཛིན་ཟླ་བསལ་ལགས་ནི་སྤྱི་ལོ་ ༡༩༧༩ ལོར་རྒྱ་གར་ལྷོ་ཕྱོགས་ Mysor དུ་འཁྲུངས་ཤིང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་སློབ་མཐར་སོན་རྗེས་རྒྱལ་ས་ལྡི་ལི་ནང་དུ་དཔེ་གསར་དང་བརྐོས་རིས་འཆར་བཀོད་ཀྱི་ཐོག་ལ་སློབ་སྦྱོང་གནང་ཡོད་པ་དང་། དེ་རྗེས་ཡོ་རོབ་རྒྱལ་ཁབ་ France ནང་ལ་གཞི་སྤོ་གནང་སྟེ་མུ་མཐུད་དཔེ་གསར་འཆར་བཀོད་ཐོག་ལ་སློབ་སྦྱོང་གནང་པ་མ་ཟད། སྤྱི་ལོ་ ༢༠༠༩ ལོར་ SEEDS ཞེས་ཁོ་མོའི་གློག་བརྙན་དང་པོ་དེ་བཟོ་བསྐྲུན་གནང་ཡོད་པ་རེད།

རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དབུ་འཛུགས་གནང་སོང་།

ཁ་སང་ཟླ་ ༡༡ ཚེས་ ༣ ཉིན་ཕྱི་དྲོ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ DIFF འམ་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་དབུ་འཛུགས་གནང་སོང་བ་དང་། འདི་ལོའི་དུས་སྟོན་ཐོག་རྒྱ་གར་གཙོ་བོར་གྱུར་པའི་ Korea དང་ Hong kong དེ་བཞིན་ Iran སོགས་ནས་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་ ༢༢ ཕེབས་འདུག ཁ་སང་དུས་སྟོན་དབུ་འཛུགས་ཀྱི་གློག་བརྙན་དང་ཤོས་དེ་རྒྱ་གར་རྒྱལ་ནང་དང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཅིག་ཐོག་བྱ་དགའ་ཐོབ་ཡོད་པ་ Thi Thi ཞེས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་གོམས་གཤིས་ལུགས་དང་འབྲེལ་བའི་གློང་བརྙན་ཞིག་གཟིགས་འབུལ་ཞུས་སོང་། ཉིན་གྲངས་བཞིའི་གློག་བརྙན་དུས་སྟོན་འདིའི་སྟེང་རྒྱ་གར་དང་རྒྱལ་སྤྱིའི་ནང་གི་བྱིས་པའི་གློག་བརྙན་དང་དངོས་བྱུང་གློག་བརྙན། ཆེད་སྒྲིག་དུས་ཐུང་གློག་བརྙན་སོགས་ཁྱོན་བསྡོམས་གློག་བརྙན་ ༤༣ གཟིགས་འབུལ་ཞུས་གནང་གི་འདུག་པ་དེ་ཡང་ཉིན་རེར་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་གཉིས་ནང་གློག་བརྙན་ལྔ་རེ་གཟིགས་འབུལ་ཞུ་རྒྱུ་རེད་འདུག རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བོད་པའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ནས་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Sudhir Sharma མཆོག་གིས་གཙོས་ས་གནས་ཀྱི་དཔོན་རིགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་བོད་མི་མང་སྤྱི་འཐུས་ཚགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སོགས་སྐུ་མགྲོན་སུམ་བརྒྱ་ཙམ་ཞིག་ལ་དུས་སྟོན་ངོ་སྤྲོད་ཀྱི་དགའ་བསུའི་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་བསྟན་འཛིན་བསོད་ནམས་ལགས་ཀྱིས་དུས་སྟོན་འདི་ནི་གཙོ་བོ་རྒྱལ་སྤྱིའི་ནང་གི་གློག་བརྙན་བཟོ་སྐྲུན་པ་ཙམ་མ་ཟད། ཆེད་ལས་དེ་ལ་དགའ་མོས་གནང་མཁན་རྣམས་མཉམ་འཛོམས་ཡོང་རྒྱུའི་སྡིངས་ཆ་ཞིག་དང་། དེ་མཚུངས་ས་གནས་མང་ཚོགས་ལ་གོ་རྟོགས་དང་མཉམ་ཞུགས་གང་མང་ཡོང་ཆེད་དུ་ཆེད་དམིགས་གནང་ཡིན་སྐོར་གསུངས་སོང་། ད་དུང་བསོད་ནམས་ལགས་ཀྱིས་གསུངས་པར་བོད་མི་ཚོ་དང་འབྲེལ་བ་ཡོད་པའི་གློག་བརྙན་ལྔ་ཡོད་པའང་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་གློག་བརྙན་དུས་སྟོན་གཞན་དང་མི་འདྲ་བ་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཆ་རྐྱེན་དང་ལྟ་བ་ལངས་ཕྱོགས་ཀྱི་འགག་སྒོ་གང་ཡང་མེད་པར་གཞི་རྐང་སྒྱུ་རྩལ་བའི་འཆར་སྒོ་དང་སྤྱི་ཚོགས་ཀྱི་གནད་དོན་ཁག་གློག་བརྙན་གྱི་ལམ་ནས་བསྟན་ཐུབ་པར་མཁོ་བ་གཟིགས་གནང་གི་ཡོད་པ་གསུངས་ཡོད། གློག་བརྙན་གོ་སྒྲིག་ཚོགས་པས་ཐེངས་འདིའི་དུས་སྟོན་དང་བསྟུན་འདས་པའི་བདུན་ཕྲག་གཅིག་རིང་རྡ་སའི་ཉེ་འཁོར་གྱི་རྒྱ་གར་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག་ལ་གློག་བརྙན་བཟོ་སྐྲུན་དང་འབྲེལ་ཟབ་སྦྱོང་དང་ལྷག་པར་དུ་ ས་ཡ་ཧི་ཟེར་བའི་གློག་བརྙན་གཟིགས་འབུལ་དང་སྦྲགས་སློབ་མའི་དཔྱད་གཏམ་འགྲན་བསྡུར་ཞིག་ཀྱང་ཚོགས་ཡོད་སྟབས། ཁ་སང་གི་དུས་སྟོན་འདིའི་ཐོག་ནས་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Sudhir Sharma མཆོག་བརྒྱུད་དཔྱད་གཏམ་ལེགས་ཤོས་སྤེལ་མཁན་སློབ་ཕྲུག་བཞི་ལ་ལེགས་གསོལ་བྱ་དགའ་ཡང་གནང་སོང་། Diff འམ་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་ཞེས་པ་དེ་ནི་བཞུགས་སྒར་དུ་ ༢༠༡༢ ལོ་ནས་དབུ་འཛུགས་གནང་པ་ཡོད་པ་དང། དུས་སྟོན་འདིའི་ཐོག་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་བྱ་དགའ་མང་པོ་ཐོབ་མྱོང་མཁན་མང་དག་ཅིག་ཕེབས་ཡུལ་རྒྱལ་སྤྱིའི་རང་བཞིན་ཞིག་ཆགས་ཡོད་པ་མ་ཟད། གཟིགས་མོར་ཕེབས་མཁན་མང་ཆེ་བ་དུས་རྒྱུན་ནས་གློག་བརྙན་བརྒྱུད་ལམ་ལ་དོ་སྣང་དང་དགའ་མོས་གནང་མཁན་ཤ་སྟག་ཕེབས་ཀྱི་ཡོད་པ་རེད། འདི་ལོའི་དུས་སྟོན་ཁོངས་སུ་ Mickey lemle ལགས་ཀྱིས་༸གོང་ས་མཆོག་སྐོར་གྱི་གློག་བརྙན་ The last Dalai Lama དང་། ཧྥ་རན་སི་ནང་བཅའ་བཞུགས་བ་བསྟན་འཛིན་ཟླ་གསལ་ལགས་ཀྱིས་བཟོ་པས་ Royal Cafe ཞེས་པ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་ལྟར། བསྟན་འཛིན་ཟླ་གསལ་ལགས་ཆེད་མངགས་དུས་སྟོན་འདིའི་ཆེད་དུ་ཕེབས་འདུག

Doctor Strange ཞེས་པའི་གློག་བརྙན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གནང་པ།

ཨ་རིའི་ Marvel Studio དང་ Disney གློག་བརྙན་བཟོ་བསྐྲུན་ཁང་ནས་བཟོ་བསྐྲུན་གནང་པའི་ Dr. Strange ཞེས་པའི་གློག་བརྙན་དེའི་ནང་ The Ancient One ཞེས་བོད་རིགས་དང་འབྲེལ་བའི་འཁྲབ་སྟོན་གནང་མཁན་དེ་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་ཞིག་བཞག་པ་མ་ཟད། བོད་མི་རིགས་ཀྱི་རྣམ་པ་མཚོན་པའི་གློག་བརྙན་གྱི་ཚན་པ་ཁག་ཅིག་ལ་འགྱུར་བཅོས་གནང་པར་བརྟེན་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོས་གློག་བརྙན་དེ་བལྟ་རྒྱུ་མིན་སྐོར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག ཁ་སང་ཚེས་ ༣ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ AMC གློག་བརྙན་ལྟེ་གནས་ཁང་དུ་གློག་བརྙན་དེ་དབུ་འབྱེད་དང་མང་ཚོགས་ལ་གཟིགས་འབུལ་ཞུ་འཆར་ཡོད་པ་དང་བསྟུན། ཁུལ་དེར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྐང་འགན་བཞེས་ཐོག་ཚོགས་པའི་ཚོགས་མི་དང་ས་གནས་བོད་རིགས་ཁག་ཅིག བོད་དོན་རྒྱབ་བསྐྱོར་བ་བཅས་ཁྱོན་མི་གྲངས་ ༡༥ ཙམ་གྱིས་གློག་བརྙན་ལྟེ་གནས་ཁང་གི་མདུན་སར་ཕྱག་ཏུ་བོད་གནས་ཡོད། བོད་མི་ཡོད། བོད་མི་རིགས་ཀྱི་མི་སྣའི་རྣམ་པ་ཕྱིར་འཐེན་བྱ་མི་རུང་ཞེས་སོགས་འཁོད་པའི་སྦྱར་ཡིག་བསྣམས་ནས་ཨ་རིའི་ Marvel Studio དང་ Disney གློག་བརྙན་བཟོ་བསྐྲུན་ཁང་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་འདུག གཞིན་རྩའི་ Dr. Strange ཞེས་པའི་གློག་བརྙན་དེ་ནི་ཨ་རིའི་ནང་སྙན་གྲགས་ཆེ་བའི་རི་མོའི་སྒྲུང་དེབ་སྟོན་མཁན་ Marvel Comics ཡིས་འདོན་སྤེལ་བྱས་པའི་སྒྲུང་ཞིག་ཆགས་ཀྱི་ཡོད་པ་དང་། སྒྲུང་ངོ་མའི་ནང་ The Ancient One ཞེས་གློག་བརྙན་འཁྲབ་སྟོན་གྱི་མི་སྣ་གཙོ་བོ་དེ་བོད་དུ་བསྐྱོད་ནས་བོད་མིའི་དྲུང་ནས་རྫུ་འཕྲུལ་གྱི་མན་ངག་ཞུས་ཏེ་མཐུ་ནུས་ཆེན་ཞིག་ཆགས་སྐོར་སོགས་བོད་མི་རིགས་ཀྱི་རྣམ་པ་མངོན་པའི་ཚན་པ་ཞིག་ཡོད་པ་རེད། ཐེངས་འདིའི་ཨ་རིའི་ Marvel Studio དང་ Disney གློག་བརྙན་བཟོ་བསྐྲུན་ཁང་ནས་བཟོ་བསྐྲུན་གནང་པའི་ Dr. Strange ཞེས་པའི་གློག་བརྙན་དེའི་ནང་བོད་རིགས་དང་འབྲེལ་བའི་འཁྲབ་སྟོན་གནང་མཁན་དེར་བོད་རིགས་སམ་ཨེ་ཤེ་ཡའི་མི་རིགས་ཤིག་མ་བཞག་པར་དབྱིན་ཇིའི་གློག་བརྙ་འཁྲབ་སྟོན་པ་ Tilda Swinton བཞག་པ་མ་ཟད། གློག་བརྙན་དེའི་ཁྲབ་སྟོན་རྩོམ་སྒྲིག་པ་ Robert Cargill ལགས་ཀྱིས་གློག་བརྙན་དེའི་ནང་བོད་རིགས་དང་འབྲེལ་བའི་འཁྲབ་སྟོན་གནང་མཁན་དང་བོད་ཀྱི་རྣམ་པ་མཚོན་པའི་གློག་བརྙན་གྱི་ཚན་པ་ཁག་གཅིག་ལ་འགྱུར་བཅོས་གནང་དོན་ནི་གློག་བརྙན་དེ་རྒྱ་ནག་གི་ཁྲོམ་རར་ལམ་ལྷོངས་ཡོང་ཕྱིར་ཆེད་དམིགས་གནང་པ་ཞིག་དང་། ལྷག་དོན་གློག་བརྙན་དེའི་ནང་འཁྲབ་སྟོན་པ་བོད་མི་ཞིག་བཞག་ཚེ་རྒྱ་གཞུང་གིས་ཆབ་སྲིད་སོགས་ཀྱི་གནད་དོན་གླེང་བར་དོགས་ནས་སྙན་གྲགས་ཆེ་བའི་བེུད་གློག་བརྙན་འཁྲབ་སྟོན་པ་ཞིག་བཞག་ཡོད་སྐོར་བརྗོད་འདུག འོང་ཀྱང་ཁ་སང་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་ཞུ་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པ་དབུ་རྒྱན་ལགས་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་གནང་པར་ཁོང་གིས་ Dr. Strange ཞེས་པའི་སྒྲུང་ངོ་མའི་ནང་བོད་མིའི་རྣམ་པ་མངོན་ཡོད་ཀྱང་། ད་རེས་ Marvel Studio དང་ Disney གློག་བརྙན་བཟོ་བསྐྲུན་ཁང་ནས་རང་ཉིད་ཀྱི་གློག་བརྙན་དེར་རྒྱ་ནག་གཞུང་ནས་ངོས་ལེན་ཐོབ་ཐབས་སོགས་ལ་ཆེད་དམིགས་ཀྱིས་བོད་མི་རིགས་ཀྱི་རྣམ་པ་མངོན་པ་དེ་དག་ལ་འགྱུར་བཅོས་གནང་པར་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་རངར་ཉིད་ཀྱི་ངོས་ནས་གློག་བརྙན་དེ་བལྟ་རྒྱུ་མིན་པ་དང་། གློག་བརྙན་དེ་བལྟ་བར་བསྐྱོད་མཁན་ཚོས་ཀྱང་དཔྱད་པ་ཞིག་གནང་སྟེ་དོན་དམ་གྱི་གསུང་ཞིག་གནང་གལ་ཡིན་པ་གསུངས་འདུག གཞི་རྩའི་ Dr. Strange ཞེས་པའི་གློག་བརྙན་གསར་པ་དེ་ཉེ་ཆར་ཟླ་ ༡༠ ཚེས་ ༡༣ ཉིན་ཧོང་ཀོང་ནང་དུ་ཆེས་ཐོག་མ་གཟིགས་འབུལ་ཞུས་ཡོད་པ་དང་། དེ་རིང་ཨ་རི་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གཅིག་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཨ་རིའི་སྲིད་འཛིན་འོས་མི་གཉིས་ལ་མང་ཚོགས་བརྒྱད་སྟོང་གི་རྒྱབ་སྐྱོར་མཚན་རྟགས་འཁོད་པའི་བོད་དོན་ཞུ་ཡིག་ཕུལ་བ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ལ་ཞུ་སྙན་གཅིག་ཕུལ་བའི་བརྒྱུད་ཨ་རི་གཞུང་ནས་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་དགོས་པར་བསྐྱར་ནན་གནང་འདུག དེ་ཡང་རིང་མིན་ཟླ་ ༡༡ ཚེས་ ༨ ཉིན་ཨ་རིའི་འོས་བསྡུ་ཆེན་མོ་གནང་གཏན་འཁེལ་དོན་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་མ་འོངས་སྲིད་འཛིན་གྱི་འོས་མི་གཉིས་ལ་ཞུ་ཡིག་གཅིག་ཕུལ་རྒྱུའི་ལས་འགུལ་དབུ་འཛུགས་གནང་འདུག་པ་དང་། ཨ་རིའི་སྲིད་འཛིན་གྱི་འོས་མི་གཉིས་ལས་སུ་ཞིག་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་གཙོ་བོ་ཨ་རིའི་གཞུང་གིས་གཏན་འབེབས་གནང་པའི་བོད་དོན་སྲིད་བྱུས་སམ་ US Tibetan Policy Act 2002 ཞེས་པ་གཞིར་བཟུང་གིས་བོད་མིའི་མངོན་འདོད་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་དེ་ཕྱག་བསྟར་གནང་རྒྱུའི་འགན་དབང་ཡོད་སྟབས། བོད་ཀྱི་གནད་དོན་དེ་གཙོ་གྲས་སུ་ངོས་འཛིན་དགོས་པར་འབོད་སྐུལ་ཞུས་འདུག           དེ་ལ་མང་ཚོགས་ ༨༠༠༠ ལྷག་གིས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་པའི་ཞུ་ཡིག་དེ་ཁ་ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Hillary Clinton དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཨ་རིའི་ནང་གི་ཚོང་གཉེར་བ་གྲགས་ཅན་ Donald Trump གཉིས་ཀྱི་མཚན་ཐོག་ལ་ཕུལ་འདུག ལྷག་དོན་དུ་ཞུ་ཡིག་དེའི་བརྒྱུད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ George W. Bush གཙོས་པའི་ད་བར་གྱི་ཨ་རིའི་སྲིད་འཛིན་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་མཇལ་མོལ་གནང་པ་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཚོན་ཆེད་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཤིག་ཀྱང་གཏན་འབེབས་གནང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་སྲིད་འཛིན་འོས་མི་གཉིས་ནས་མང་ཚོགས་ལ་༸གོང་ས་མཆོག་དང་བོད་མི། ཁྱད་པར་དུ་བོད་མིའི་འཚེ་མེད་ཞི་བའི་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་གནང་ཤུགས་ཆེ་རུ་གཏོང་དགོས་པར་བསྐྱར་ནན་གནང་པ་དང་ཆབས་ཅིག ཁྱད་པར་དུ་བོད་མི་དང་རྒྱ་གཞུང་། དེ་བཞིན་བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་མི་མང་རྣམས་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་སྐོར་གསུངས་འདུག

འཇར་མ་ནི་སྲིད་བློན་གཞོན་པས་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་གློད་གྲོལ་གཏོང་དགོས་པར་རེ་འདུན་བཏོན་འདུག

 འཇར་མ་ནི་སྲིད་བློན་གཞོན་པ་དང་དཔལ་འབྱོར་བློན་ཆེན་སྐུ་ཞབས་ Sigmar Gabriel མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁག་ཅིག་དང་མཇལ་མོལ་གྱིས་རྒྱ་གཞུང་ལ་ཁུལ་དེའི་ནང་བཙོན་འཇུག་བྱེད་བཞིན་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་གློད་གྲོལ་གཏོང་དགོས་པར་རེ་འདུན་བཏོན་འདུག དེའང་སྐུ་ཞབས་ Sigmar Gabriel མཆོག་གིས་ཟླ་བ་འདིའི་ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་ནག་ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང། ཁ་སང་རེས་གཟའ་ལྷག་པའི་ཉིན་ཁོང་གིས་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་འཇར་མ་ནིའི་གཞུང་ཚབ་ཁང་དུ་རྒྱ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་གནང་མཁན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ HU Jia དང་། ད་ལྟའི་ཆར་རྒྱ་གཞུང་གིས་བཙོན་འཇུག་བྱེད་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Xie  yang ཡི་བཟའ་ཟླ་ Chen Guiqui དང་། དེ་བཞིན་རྒྱ་གཞུང་གི་སྲིད་བྱུས་ལ་རྒྱུན་དུ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མཁན་ Murong Xuecun གཙོས་པའི་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མི་སྣ་དགུ་དང་ཟུར་དུ་མཇལ་མོལ་གནང་འདུག སྐུ་ཞབས་ Sigmar Gabriel མཆོག་གིས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དེ་དག་དང་མཇལ་མོལ་གྲུབ་རྗེས་བརྒྱུད་ལམ་ཁག་ཏུ་ད་རེས་ཁོང་གིས་མཇལ་འཕྲད་གནང་པའི་མི་སྣ་དེ་དག་ནི་ད་ལྟའི་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་འབའ་ཞིག་ཆགས་ཡོད་པ་གསུངས་འདུག ལྷག་དོན་ཁོང་གིས་རྒྱ་གཞུང་ལ་ཁུལ་དེའི་ནང་བཙོན་འཇུག་བྱེད་བཞིན་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་གློད་གྲོལ་གཏོང་དགོས་པར་རེ་འདུན་བཏོན་འདུག     དེ་བཞིན་ཁོང་གིས་ད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་གཞུང་འབྲེལ་མཇལ་མོལ་དེའི་བརྒྱུད་ནས་ཁུལ་དེའི་ནང་གི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་གནད་དོན་ཐོག་གླེང་སློང་གནང་པ་ཙམ་མིན་པར་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུ་འབོད་གནང་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་པ་རེད། སྲིད་དོན་དཔྱད་ཞིབ་པ་ཁག་ཅིག་གིས་བརྒྱུད་ལམ་ཐོག་བརྗོད་པར་གཞིགས་ཚེ་གནད་དོན་དེ་ནི་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་སྲིད་འཛིན་གོ་གནས་བླངས་པ་ནས་བཟུང་རྒྱ་རིགས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིན་བཟུང་དང་དྲག་གནོན་གྱི་ལས་གཞིན་གཞི་རྒྱ་ཆེ་ཤོས་ཞིག་ཆགས་ཡོད་པ་གསུངས་འདུག རྩ་བའི་རྒྱ་གཞུང་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་གཞུང་དེས་སྔ་ལོ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་དང་ལས་འགུལ་བའི་ཐོག་རྒོལ་བརྡུང་གཏོང་རྒྱུའི་ལས་འགུལ་ཞིག་བརྩམས་པ་ནས་བཟུང་རྒྱ་རིགས་ཁྲིམས་རྩོད་པ་ ༣༠༠ ལྷག་འཛིན་བཟུང་བྱས་པ་དང། འདི་ལོ་ནང་སླར་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་དེ་དག་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་དུས་ཚོད་འདྲ་མིན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་མུས་ཡིན་པ་རེད།

ཐེ་ཝན་ནང་གི་སྐྱབས་བཅོལ་བོད་མི་རྣམས་ཁུལ་དེར་གཏན་སྡོད་ཆོག་པའི་ཁྲིམས་འཆར་གཏན་འབེབས།

ཐེ་ཝན་རྒྱལ་ཡོངས་གྲོས་ཚོགས་ནང་དུ་ཐེ་ཝན་ནང་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ཁུལ་དེར་གཏན་སྡོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་འདུག ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kolas Yotaka ལགས་ཀྱིས་བོད་མི་ཚོ་བོད་ནས་རྒྱ་གར་དང་བལ་ཡུལ་བརྒྱུད་དེ་ཐེ་ཝན་ནང་དུ་སྐྱབས་བཅོལ་ལ་ཡོང་བ་དེ་དག་གི་ངལ་བ་སེལ་ཕྱིར་ཕྱི་མི་ཞིབ་བཤེར་ལས་ཁུངས་བརྒྱུད་སྟེ་བོད་མི་དེ་དག་ཡུལ་དེར་གཏན་སྡོད་ཆོག་པའི་ཡིག་ཆ་གནང་སྐྱོང་ཡོང་བའི་བསྐྱར་བཅོས་ཁྲིམས་འཆར་ཞིག་ཐེ་ཝན་གྲོས་ཚོགས་སུ་ཕུལ་ཡོད་པ་རེད། ཁ་སང་ཟླ་ ༡༡ ཚེས་ ༡ ཉིན་ཐེ་ཝན་གྲོས་ཚོགས་ནང་དུ་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་འཁོད་དོན་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ གོང་དུ་ཐེ་ཝན་ནང་འབྱོར་བའི་སྐྱབས་བཅོལ་བོད་མི་རྣམས་ཡུལ་དེར་གཏན་སྡོད་ཆོག་པའི་ཡིག་ཆ་གནང་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་གཏན་འབེབས་བྱུང་བའི་ཁྲིམས་འཆར་དེའི་བརྒྱུད་ནས་ཁུལ་དེར་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ཁྲིམས་མཐུན་ཐོག་ཐེ་ཝན་དུ་གཏན་སྡོད་ཆོག་པའི་ཡིག་ཆ་རག་པ་དང་། སྨན་བཅོས། འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་བཟོ་རྒྱུ་གཙོས་ལས་ཀའི་ཐོབ་ཐང་སོགས་ངལ་བ་མང་དག་ཞིག་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་། གཞི་རྩའི་དེ་སྔ་ཐེ་ཝན་གྲོས་ཚོགས་ནས་ཁུལ་དེར་ ༡༩༩༩  ཟླ་ ༥ ཚེས་ ༢༡ ནས་ ༢༠༠༨ ཟླ་ ༡༢ བར་འབྱོར་ཟིན་པའི་སྐྱབས་བཅོལ་བོད་མི་ཚོར་གཏན་སྡོད་ཆོག་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ནས་གཏན་སྡོད་ཆོག་པའི་ཡིག་ཆ་གནང་ཟིན་ཡོད་ཀྱང་།  ༢༠༠༨ ལོའི་རྗེས་སུ་ཁུལ་དེར་འབྱོར་བའི་སྐྱབས་བཅོལ་བོད་མི་དག་ལ་གཏན་སྡོད་ཆོག་པའི་ཡིག་ཆ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གྲོས་ཚོགས་སུ་ལན་མང་ཞུ་གཏུགས་བྱས་མཐར་ད་ལན་གྲོས་ཚོགས་ནས་དེ་སྔའི་ཁྲིམས་འཆར་གྱི་དུས་བཀག་འདི་བཞིན་ཕྱི་ལོ་ ༢༠༡༦ བར་བསྐྱར་བཅོས་ཀྱིས་གཏན་འབེབས་གནང་པ་ཞིག་ཆགས་ཡོད་པ་རེད། རྩ་བའི་ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ཚེ་ད་ལན་གྲོས་ཚོགས་སུ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kolas Yotaka ལགས་ཀྱིས་ཁྲིམས་འཆར་ཆེད་འདོན་གནང་པ་ཞིག་ཡིན་པ་རེད་འདུག ཁོང་གིས་གྲོས་ཚོགས་ནས་ཁྲིམས་འཆར་དེར་བསྐྱར་བཅོས་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་ཡོད་སྟབས་བོད་མི་མང་དག་ཞིག་སྐྱབས་བཅོལ་དུ་འགྱར་ཡོད་པ་དང་།  ཁྱད་པར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་དུ་བོད་མི་ ༡༠༠ ལྷག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱ་ཕྱིར་རང་ལུས་མེར་བསྲེགས་བཏང་བ་དང་།  རྒྱ་གཞུང་གིས་བོད་མིར་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད་བོད་མི་ ༦༨༠༠ ལྷག་འཛིན་བཟུང་བྱས་ཡོད་པ་སོགས་ཛད་དྲག་གྱི་གནས་ཚུལ་ཐེར་བཏོན་གནང་འདུག

དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ལ་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་དོན་མཚམས་འཇོག་གི་ དགོས་འདུན་བཏོན་པ།

ཁ་སང་ཟླ་ ༡༠ ཚེས་ ༢༧ ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་ཉིན་མོའམ་ International Religious Freedom Day དང་བསྟུན། All Party Parliamentary Group for Tibet ཞེས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གཞུང་ལ་བོད་གསེར་རྟ་བླ་རུང་ཆོས་སྒར་དུ་གཏོར་བཤིག་གི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་ཁག་ཅིག་མངོན་བཏོན་གནང་འདུག དེ་ཡང་ཁ་སང་  Tibet Society ཞེས་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་དབྱིན་ཡུལ་ནང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་འཁོད་དོན་ལ། བོད་ཤར་ཕྱོགས་ཁུལ་དུ་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་བོད་མིའི་ཆོས་དད་རང་དབང་ལ་དམ་དབསྒྲགས་ཀྱི་ལས་གཞི་སྣ་མང་ཞིག་སྤེལ་བཞིན་པའི་གནས་ཚུལ་རིམ་པ་འབྱོར་ཁག་ལ་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ། རྒྱ་ནག་གཞུང་ལ་བླ་རུང་ནང་བསྟན་སློབ་གླིང་ཆོས་སྒར་དང་ཡར་ཆེན་སྒར་གཉིས་སུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད། དེ་བཞིན་དགོན་པའི་འཛིན་སྐྱོང་གི་ལས་དོན་ལ་ཐེ་བྱུས་བྱེད་པའི་ལས་དོན་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། དགོན་པ་ནས་ཕྱིར་ཕུད་བཏང་ཟིན་པ་རྣམས་རང་དགོན་དུ་ཕྱིར་ལོག་གནང་བཅུག་སྟེ་གཏོར་བཤིག་བཏང་པའི་གྲྭ་ཤག་རྣམས་བསྐྱར་བཟོ་དགོས་པའི་དགོས་འདུན་བཏོན་གནང་འདུག དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཡུལ་གཞུང་འཛིན་པ་རྣམས་ལ་རྒྱ་ནག་དང་ལྷན་དུ་གནད་དོན་དེའི་ཐོག་ཐད་ཀར་གླེང་སློང་གནང་པ་དང་འབྲེལ་དབྱིན་གཞུང་གི་རུ་ཁག་གཅིག་བོད་ནང་དང་། ལྷག་པར་དུ་བླ་རུང་ཆོས་སྒར་དང་ཡར་ཆེན་སྒར་བཅས་ལ་བཀག་སྡོམ་གང་ཡང་མེད་པར་བསྐྱོད་ཆོག་པར་གནོན་ཤུགས་སྤྲོད་དགོས་པ་དང། རྒྱ་ནག་གཞུང་ལ་རང་རྒྱལ་ཁབ་ཀྱི་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ལྟར་མང་ཚོགས་ལ་ཆོས་དད་རང་དབང་སྤྲོད་དགོས་པར་དྲན་གསོའང་གནང་དགོས་པ་མ་ཟད། ལྷག་དོན་བླ་རུང་སྒར་གི་གནས་སྟངས་དང་འབྲེལ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཤུགས་ཆེ་ཡོད་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་དགོས་པ་སོགས་གསུངས་འདུག རྩ་བའི་ APPGT ཞེས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་གསར་བཙུགས་གནང་ཞིང་། དབྱིན་ཡུལ་ཁུལ་དུ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཚོགས་འཐུས་མི་དང་དཔོན་རིགས་རྣམས་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་རེད།  ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་དེ་རྒྱ་ནག་གི་དབང་བསྒྱུར་བྱས་པའི་རྒྱལ་ཁབ་གཅིག་དང་། ལོ་རྒྱུས་སུ་རང་བཙན་གྱི་གནས་བབ་འོག་དབྱིན་ཡུལ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་ཞུས་ཏེ་དབྱིན་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་ནས་བོད་རྒྱ་གཉིས་དབར་གྲོས་མོལ་གྱི་མཐུན་འགྱུར་བསྐྲུན་རྒྱུ་དེ་ཡིན་པ་རེད།

ཨ་རིའི་གཞུང་ནས་རྒྱ་གཞུང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐོག་གནས་ལུགས་དང་མི་མཐུན་པའི་ཆ་རྐྱེན་བཏོན་བཞིན་པར་སེམས་འཚབ་ཡོད་ཅེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ནང་རྒྱ་ནག་གཞུང་གིས་བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་ཐོག་གནས་ལུགས་དང་མི་མཐུན་པའི་སྒྲུབ་པར་དཀའ་བའི་ཆ་རྐྱེན་བཏོན་བཞིན་པར་སེམས་འཚབ་ཡོད་ཅེས་གསུངས་པ་དང་སྦྲགས། བཞེངས་ཕྱོགས་མུ་མཐུད་གནས་ཚེ་དེས་བོད་དང་རྒྱ་ནག་ནང་གི་གནས་སྟངས་ཛ་དྲག་ཏུ་གྱུར་རྒྱུ་ཡིན་པ་གསུངས་འདུག རྩ་བའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེ་ནི་འདོན་ཐེངས་ ༡༤ པ་དེ་ཆགས་འདུག་པ་དང་། ཉེ་ཆར་སྙན་ཐོ་དེ་ཕྱི་སྲིད་བློན་ཆེན་ John Kerry མཆོག་གི་མཚན་ཐོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Bob Corker མཆོག་གི་མཚན་ཐོག་ཏུ་ཕུལ་ནས་ཁོང་ལ་ད་བར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་མ་ཐུབ་པའི་རྒྱུ་རྐྱེན་དང་། ཨ་རིའི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་འདི་བཞིན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐོག་ཨ་རིའི་གཞུང་གི་བཞེངས་ཕྱོགས། ལྷག་པར་དུ་སྔོན་འགྲོའི་ཆ་རྐྱེན་གང་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་གལ་ཡིན་པ་སོགས་སྙན་གསེང་ཞུས་འདུག དེ་བཞིན་ཐེངས་འདིའི་སྙན་ཐོ་ནང་ ༢༠༡༠ ལོ་ནས་བཟུང་ད་བར་བོད་རྒྱ་འབྲེལ་མོལ་ཆད་པ་དེའི་ཐོག་སྲིད་འཛིན་ཨོ་བྷ་མའི་གཞུང་ནས་༸གོང་ས་མཆོག་དང་རྒྱ་གཞུང་གི་འགོ་ཁྲིད་དབར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་རེ་བ་དང་དམིགས་ཡུལ་ཆེན་པོ་འཛིན་པ་ལྟར། བོད་རྒྱ་ཕྱོགས་གཉིས་ཀས་ད་ལྟའི་བོད་ནང་གི་ཛ་དྲག་དང་སེམས་འཚབ་ཅན་གྱི་གནས་སྟངས།  དེ་བཞིན་རྒྱ་ནག་སྤྱིའི་བརྟན་ལྷིང་ཆེད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཕྱོགས་གཉིས་དབར་ཐད་ཀར་འབྲེལ་མོལ་བསྐྱར་གསོ་གནང་གལ་ཡིན་པ་དང་། ད་དུང་འདས་པའི་དུས་ཡུན་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་བ་ཡོད་ཀྱང་དོན་ཕན་ལྡན ་པའི་གྲུབ་འབྲས་ཤིག་སོན་མེད་སྟབས། ཨ་རིའི་གཞུང་གིས་ངོས་འཛིན་གནང་རྒྱུར་ད་ལྟའི་བོད་མི་དང་རྒྱ་གཞུང་གི་འགོ་ཁྲིད་དབར་ཛ་དྲག་དངངས་འཚབ་ཅན་གྱི་གནས་སྟངས་དེ་མེད་པར་བཟོ་ཕྱིར་ཕྱོགས་གཉིས་བར་འབྲེལ་མོལ་བསྐྱར་གསོ་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེར་གཟིགས་ཀྱི་ཡོད་ཅེས་གསུངས་འདུག ཁྱད་པར་དུ་ཨ་རིའི་གཞུང་གིས་༸གོང་ས་མཆོག་གིས་རྒྱ་ནག་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་ཡོད་པའི་ཐོག བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་དང་ཁོར་ཡུག་སྲུང་སྐྱོབ་ཐུགས་རེ་གནང་གི་ཡོད་པ་ལས་རང་བཙན་རྩོད་གནང་གི་མེད་པ་ངོས་འཛིན་ཞུས་ཐོག་༸གང་ཉིད་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་འདི་ནི་རྒྱ་བོད་དཀའ་རྙོག་སེལ་ཆེད་ཀྱི་ལྡེ་མིག་ཆགས་ཡོད་པ་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་རྒྱ་འབྲལ་མོལ་བསྐྱར་གསོའི་ཐད་སྒྲུབ་པར་དཀའ་བའི་སྔོན་འགྲོའི་ཆ་རྐྱེན་བཏོན་ཚེ་དེས་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་ཉེན་ཡོད་པ་ཙམ་མ་ཟད། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་བ་གནང་པ་ལས་རྒྱབ་འགལ་ཞིག་ཆགས་རྒྱུ་ཡིན་པ་གསུངས་འདུག ལྷག་དོན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་དང་འབྲེལ་སྙན་ཐོའི་ནང་ཨ་རིའི་གཞུང་ནས་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐུ་དབང་ཆ་ཚང་༸གོང་ས་མཆོག་རང་ལ་ཡོད་པ་ངོས་འཛིན་གནང་ཡོད་སྐོར་དང་། ད་ལྟ་༸གང་ཉིད་མཆོག་༸སྐུ་འཚོ་ཞིང་བཞུགས་པའི་རིང་ལ་རྒྱ་ནག་གཞུང་ནས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་དོན་ལ་དམིགས་ཏེ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་ནས་གྲོས་མོལ་གང་མགྱོགས་གནང་རྒྱུ་དུས་ཀྱི་དགོས་མཁོ་ཅན་ཞིག་ཏུ་གཟིགས་ཀྱི་ཡོད་པའང་གསུངས་ཡོད་པ་རེད། རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་སྙན་ཐོ་དེ་ནི། ཕྱི་ལོ་ ༢༠༠༢ ལོར་བོད་དོན་སྲིད་བྱུས་རྩ་འཛིན་གྱི་ཡིག་ཆ་གཞིར་བཟུང་། ལོ་ལྟར་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་གྲོས་ཚོགས་སུ་ཕུལ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་། འདི་ལོའི་སྙན་ཐོ་ནང་བོད་ཀྱི་གནད་དོན་སེལ་རྒྱུ་དང་བོད་རྒྱ་འབྲེལ་སླར་གསོའི་ཆེད་ཨ་རིའི་གཞུང་ནས་ཕྱག་ལས་གང་དང་གང་གནང་མིན་གསལ་བཏོན་གནང་པའི་ཁྲོད། སྲིད་འཛིན་ Obama མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ John Kerry མཆོག་གིས་དབུས་པའི། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Sara Sewell མཆོག་སོགས་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཁག་ཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞི ན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཐུགས་འཚབ་ཡིད་པའི་གསུང་བཤད་གནང་པ་ཁག་ལུང་འདྲེན་གནང་འདུག ཁྱད་པར་དུ་སྲིད་འཛིན་ Obama མཆོག་གིས་འདི་ལོའི་ཕྱི་ཟླ་ ༦ ནང་༸གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། ད་དུང་སྔ་ལོ་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་མཇལ་མོལ་སྐབས་འབྲེལ་མོལ་བསྐྱར་གསོ་གནང་གལ་དང་བོད་མི་རིགས་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་སྐོར་གསུངས་ཡོད་པ་མ་ཟད། ཨ་རི་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་ཆེད་མཐོའི་གྲོས་མོལ་ཁག་ཅིག་གི་སྐབས་སུ་ཨ་རིའི་ཕྱོགས་ནས་བོད་དོན་གླེང་བ་སོགས་གནད་དོན་ཁག་ཅིག་ཀྱང་ཟུར་བཏོན་གནང་འདུག  

རྒྱའི་བཙོན་ཁང་ནང་ཚེ་བཙོན་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་ Ilham Tohti ལགས་ལ་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཐོབ་འདུག

རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་རྒྱའི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ལ་ Martin Ennals Award ཞེས་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཐོབ་ཡོད་པ་རེད། སྐབས་རེ་འགྲོ་བ་མིའི་ཐོབ་ཐང་གིས་ནོ་བེལ་ཞེས་འབོད་སྲོལ་ཡོད་པའི་གཟེངས་རྟགས་དེ་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Martin Ennals ལགས་ཀྱི་རླབས་ཆེན་མཛད་རྗེས་ལ་ཆེ་བསྟོད་ཞུ་སླད་ཕྱི་ལོ་ ༡༩༩༣ ལོར་གསར་བཙུགས་གནང་པ་ཞིག་ཡིན་པ་དང། དེའང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དེ་བཞིན་ Frontline སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་གྲགས་ཅན་འདྲ་མིན་བཅུ་མཉམ་འབྲེལ་གྱིས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གང་ཟག་སོ་སོར་འབུལ་སྲོལ་ཡོད་པ་ཞིག་ཡིན་པ་རེད། Martin Ennals ཐེབས་རྩ་ཁང་གིས་དེ་རིང་སྤྱི་བསྒྲགས་ཤིག་སྤེལ་ཏེ་འདི་ལོའི་གཟེངས་རྟགས་དེ་སྐུ་ཞབས་ Ilham Tohti ལགས་སུ་འབུལ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་པ་དང་འབྲེལ། སྐུ་ཞབས་ཁོང་གིས་འདས་པའི་ལོ་ངོ་ ༢༠ ཙམ་རིང་ནས་རྒྱ་ནག་གི་ཧན་མི་རིགས་དང་ཤིན་ཅང་གི་ཡུ་གུར་མི་རིགས་གཉིས་དབར་ཕན་ཚུན་གྲོས་མོལ་དང་གུས་བརྩིའི་བློ་གོང་འཕེལ་ཡོང་ཐབས་སུ་སྐུ་ངལ་ཚད་མེད་སྐྱོན་པར་ཆེ་བསྟོད་ཞུ་ཕྱིར་ཕུལ་བ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཁོང་གིས་འཚེ་བ་དང་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་ནས་ཡུ་གུར་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་གུས་བརྩིའི་བསམ་བློ་གཞི་རྩར་འཛིན་ཐོག་རྒྱ་ནག་དང་ཡུ་གུར་མི་རིགས་དབར་འགྲིག་འཇགས་ཡོང་ཐབས་གནང་ཡོད་པར་འགྲེལ་བརྗོད་གནང་འདུག རྩ་བའི་རང་ལོ་ ༤༦ ལ་ཕེབས་པའི་སྐུ་ཞབས་ Ilham Tohti ལགས་ནི་རྒྱ་ནག་དབུས་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཞིག་ཡིན་པ་དང། ཁོང་གིས་ཕྱི་ལོ་ ༢༠༠༦ ལོར་ Uyghur Online ཞེས་པའི་དྲ་རྒྱ་གསར་བཟོ་གནང་སྟེ་ཡུ་གུར་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩོམ་ཡིག་སོགས་སྤེལ་བའི་བརྒྱུད་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟབས། རྒྱ་གཞུང་གིས་ཁོང་གི་དྲ་རྒྱ་ལ་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་མ་ཟད། ཁོང་གི་དྲ་རྒྱ་དེའི་བརྒྱུད་ཕྱི་སྡོད་ཡུ་གུར་དྲག་སྤྱོད་པའི་ལྷན་དུ་རྒྱ་ནག་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བར་ཉེས་འཛུགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། Martin Ennals ཐེབས་རྩ་ཁང་གི་ཚོགས་གཙོ་ Dick Oostinga ལགས་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ Tohti ལགས་ལྟ་བུ་ཞི་བའི་ཐོག་རང་ཉིད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ལ་དྲག་གནོན་དེ་ལྟར་བྱས་པའི་དབང་གིས་དྲག་སྤྱོད་པའི་དཀའ་རྙོག་དེ་མང་དུ་གཏོང་བར་དམིགས་རྟེན་བཟུང་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས།  རྒྱ་གཞུང་གིས་བྱེད་སྟངས་དེ་ནི་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡིན་པར་སྐྱོན་བརྗོད་གནང་འདུག སྐུ་ཞབས་ཀྲོ་ཀྲི་ལགས་ཀྱི་མཛའ་གྲོགས་ད་ལྟ་བཙན་བྱོལ་དུ་གནས་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Teng Biao ལགས་ཀྱིས་ད་རེས་ཁོང་གི་གྲོགས་པོར་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་ཐོབ་པར་དགའ་བསུ་ཞུས་པ་དང་འབྲེལ། གཟེངས་རྟགས་དེའི་བརྒྱུད་སྐུ་ཞབས་ཀྲོ་ཀྲི་ཁོང་བཙོན་ཁང་ནས་མགྱོགས་མྱུར་གློད་གྲོལ་གཏོང་རྒྱུ་གང་ཡང་མེད་ཀྱང་། གཟེངས་རྟགས་དེའི་བརྒྱུད་ཁོང་གི་གནས་སྟངས་སྐོར་ལ་གོ་རྟོགས་འཕེལ་ངེས་ཡིན་པ་དང་ལྷག་དོན་རྒྱ་ནག་གི་ཆབ་སྲིད་བཙོན་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་གསུངས་ཡོད་པ་རེད། ད་དུང་ Teng Biao ལགས་ཀྱིས་གསུངས་པར་རྒྱ་གཞུང་གིས་སྐུ་ཞབས་ཀྲོ་ཀྲི་ལགས་འཛིན་བཟུང་བྱས་རྗེས་ཁོང་གི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་ཡོད་སྟབས། ད་ལྟའི་ཆར་སྐུ་ཞབས་ཀྲོ་ཀྲི་ལགས་ཀྱི་བཟའ་ཟླ་དང་ཁོང་གི་བུ་ཕྲུག་གཉིས་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ནང་མི་ཚོར་ཁོང་དང་ལྷན་ཟླ་བ་གསུམ་ནང་ལ་ཐེངས་གཅིག་མ་གཏོགས་ཐུག་ཆོག་གི་མེད་པ་མ་ཟད། དེའང་དུས་ཡུན་སྐར་མ་ ༢༠ ནང་ཐུག་འཕྲད་གནང་སྐབས་བཙོན་ཁང་ནང་གི་གནས་སྟངས་དང་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་སྐོར་ལ་རྩ་བ་ནས་བཀའ་མོལ་གནང་ཆོག་གི་མེད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ ༡༠ ནས་ལོ་ལྟར་གཟེངས་རྟགས་འདི་བཞིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དང་མཉམ་འབྲེལ་གྱིས་འབུལ་བཞེས་གནང་སྲོལ་ཡོད་པ་དང། ཕྱི་ལོ་ ༢༠༡༤ ལོའི་ནང་རྒྱ་རིགས་ཁྲིམས་རྩོད་པ་དང་མང་གཙོའི་ལས་འགུལ་བ་ Cao Shunli ལགས་རྒྱ་ནག་གིས་དོ་དམ་བཀག་ཉར་འོག་འདས་གྲོངས་སུ་གྱུར་རྗེས་ཁོང་གི་མཚན་ཡང་གཟེངས་རྟགས་དེ་བཞེས་མཁན་གྱི་འོས་མིའི་ཁོངས་སུ་འཇོག་སྟབས། རྒྱ་གཞུང་གིས་སུད་སི་གཞུང་དང་། Martin Ennals ཐེབས་རྩ་ཁང་གི་སྦྱིན་བདག་ཚོར་གནོན་ཤུགས་ཆེན་པོ་སྤྲད་མྱོང་ཡོད་པ་རེད་འདུག

Latest news