Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རིས་མེད་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ཆེས་ཐོག་མའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་བཀྲིན་བསྐྱང་གཏན་ཁེལ་ཡོད་པ་རེད། དེའང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ངོས་ནས་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་  ༦༠༠ འཁོར་བ་བསྟུན་༸རྗེ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ངོ་བོའི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་མཁན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་སུ་བགྲོ་གླེང་གི་དགོས་དམིགས་གཙོ་བོ་གང་ཡིན་པ་དང་། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ཕྱག་ལེན་གནང་སྒོ་ཁག་དང་ཐུན་མིན་གྱི་འབྲེལ་བ། དེ་བཞིན་འབྲོག་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་དང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབར་ཐུན་མིན་གྱི་འབྲེལ་བ་ཇི་ཡོད་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་དོན་ལྟར། བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་དབུ་བཞུགས་མཛད་རྒྱུ་དང་། བགྲོ་གླེང་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་མཆོག་དབུ་བཞུགས་གནང་གི་ཡོད་པ་དང་། བགྲོ་གླེང་ཉིན་གསུམ་པའམ་མཇུག་སྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕེབས་ཀྱི་འདུག ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་གསུང་གནང་མཁན་ས་དགེ་བཀའ་རྙིང་དང་རྒྱལ་བ་ཇོ་ནང་པ། དེ་བཞིན་བུ་སྟོན་བཅས་ཀྱི་སྐུ་ཚབ་ཕེབས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཉི་ཧོང་གི་གོང་མ་གསར་པར་དགའ་བསུའི་འཚམས་འདྲི་བསྩལ་བ།

ཉི་ཧོང་གི་གོང་མ་ཁྲི་ཐོག་ ༡༢༥ པའི་རྒྱལ་སྲས་བགྲེས་པ་ Naruhito མཆོག་གིས་ཁ་སང་ཉི་ཧོང་གི་གོང་མ་ཁྲི་ཐོག་ ༡༢༦ པའི་རྒྱལ་སྲིད་འགན་དབང་བཞེས་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་བསྩལ་འདུག དེ་ཡང་གུང་ལོ་ ༨༥ ཕེབས་པའི་ཉི་ཧོང་གི་གོང་མ་ཁྲི་ཐོག་ ༡༢༥ པ་ Akihito མཆོག་གི་སྐུ་ན་དང་སྐུ་གཟུགས་ཀྱི་འཕྲོད་བཞེས་གནས་སྟངས་ལ་བརྟེན་རྒྱལ་སྲིད་ཀྱི་འགན་དབང་ཆ་ཚང་བ་ཞིག་གྲུབ་པར་སྐུ་ངལ་འཕྲད་ཀྱི་ཡོད་སྟབས། ཁ་ཉིན་ཟླ་ ༤ ཚེས་ ༣༠ ཉིན་གོང་མའི་རྒྱལ་སྲིད་ཀྱི་སྐུ་དབང་བློས་བཏང་གནང་སྟེ་ Heisei རྒྱལ་སྲིད་ཀྱི་དུས་རབས་མཇུག་སྒྲིདྲིལ་གནང་བ་དང་འབྲེལ། དགུང་ལོ་ ༥༩ སོན་པའི་ཁོང་གི་རྒྱལ་སྲས་བགྲེས་པ་ Naruhito མཆོག་ནས་རྒྱལ་སྲིད་འཛིན་རྒྱུ་ཡིན་པའི་གསལ་སྒྲགས་གནང་བ་བཞིན། ཁ་སང་ཕྱི་ཟླ་ ༥ ཚེས་ ༡ ཉིན་ན་རུ་ཧེ་ཏུ་མཆོག་གོང་མ་གསར་པ་ཁྲི་ཐོག་ ༡༢༦ པའི་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད།སྐབས་དེར་ན་རུ་ཧེ་ཏུ་མཆོག་གིས་ད་རེས་ཁོང་གིས་རྒྱལ་སྲིད་ཀྱི་སྐུ་དབང་བཞེས་པ་དང་བསྟུན་ཁོང་གིས་ཡབ་ཆེན་ Akihito མཆོག་གིས་འདས་པའི་མི་ལོ་ ༣༠ རིང་འཛམ་གླིང་ནང་ཞི་བདེ་དང་ཉི་ཧོང་མང་ཚོགས་ཀྱི་བདེ་སྐྱིད་སླད་དུ་ཕྱག་ལས་གནང་སྟེ། མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་ཐོག་ནས་རྒྱལ་སྲིད་བསྐྱངས་པར་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ། ཁོང་ནས་གོང་མའི་སྐུ་དབང་བཞེས་པ་དང་བསྟུན་རྒྱལ་པོ་གོང་མ་རྣམས་ཀྱི་མཛད་རྗེས་ཡིད་ལ་བཅང་སྟེ་མང་ཚོགས་ཀྱི་བདེ་དོན་གཙོ་བོར་བཟུང་ཐོག་དུས་རྟག་ཏུ་རང་ཉིད་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་འབད་རྒྱུ་ཡིན་པ་དང། ཁོང་གིས་ཉི་ཧོང་རྒྱལ་ཁབ་དང་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཐོག་ནས་འགན་དབང་བཞེས་རྒྱུ་ཡིན་པ་མ་ཟད། མང་ཚོགས་ཀྱི་བདེ་སྐྱི་དང་རྒྱལ་ཁབ་གོང་འཕེལ། དེ་བཞིན་འཛམ་གླིང་ཞི་བདེའི་ཐོག་རེ་བ་དང་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོང་མ་གསར་པ་ན་རུ་ཧེ་ཏུའི་ Reiwa རྒྱལ་སྲིད་ཀྱི་དུས་རབས་གསར་པ་ཞིག་དབུ་འཛུགས་གནང་བར་དགའ་བསུའི་འཚམས་འཕྲིན་ཞིག་བསྩལ་བ་དང་འབྲེལ། གོང་མ་ན་རུ་ཧེ་ཏུ་མཆོག་གིས་ཡབ་ཆེན་ Akihito མཆོག་གིས་ཉི་ཧོང་མང་ཚོགས་དང་ལྷན་དུ་སེམས་ཐག་ཉེ་བའི་འབྲེལ་བ་བཟང་པོ་ཡོད་པ་འདི་རྒྱུན་འཛིན་གནང་རྒྱུའི་ཆོད་སེམས་ལ་བསྔགས་བརྗོད་མཛད་འདུགདེ་བཞིན་༸གོང་ས་མཆོག་གིས་དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་ནང་ས་ཡོམ་དང་མཚོ་རླུང་གི་གོད་ཆག་ཕོག་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་ཡོད་པ་དང། སྐབས་དེར་མགོན་པོ་མཆོག་ནས་གོད་ཆག་ཕོག་པའི་ཉི་ཧོང་མང་ཚོགས་རྣམས་དང་མཇལ་འཕྲད་གནང་སྟེ་ཁོང་རྣམས་ཀྱི་ལྷན་དུ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སླད་བསྔོ་སྨོན་གསུངས་འདོན་གནང་སྐོར་ལུང་འདྲེན་དང་འབྲེལ། ཉི་ཧོང་རྒྱལ་ཁབ་འདི་འཛམ་གླིང་དམག་ཆེན་གཉིས་པ་དང་རང་བྱུང་གོད་ཆག་དུ་མའི་ཁྲོད་ནས་ཧུར་བརྩོན་དང་སྙིང་སྟོབས་ཀྱིས་གདོང་ལེན་གནང་སྟེ་བསྐྱར་གསོ་གནང་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། མང་ཚོགས་ཀྱི་ཆོད་སེམས་ལ་བསྔགས་བརྗོད་མཛད་འདུག འདས་པའི་ལོ་ངོ་ ༥༠ ཙམ་གྱི་རིང་ལ་༸གོང་ས་མཆོག་མཆོག་ཡུལ་དེར་ཆིབས་བསྒྱུར་རིམ་པ་མཛད་སྐབས་སུ་མགོན་པོ་མཆོག་གིས་བྱམས་བརྩེ་དང་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གྱི་དགོངས་པར་ཉི་ཧོང་མང་ཚོགས་ཡོངས་ནས་དགའ་མོས་དང་དོ་དབྱིངས་བསྟན་པར་ཡི་རང་བསྔགས་བརྗོད་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག གོང་མ་གསར་པའི་རྒྱལ་སྲིད་ཀྱི་དུས་རབས་གསར་པ་དེ་ལམ་ལྷོང་ལྡན་པ་ཞིག་དང་མང་ཚོགས་ལ་བདེ་སྐྱིད་དང་འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་ཡོང་བར་ཐུགས་སྨོན་མཛད་འདུག

བོད་མིས་༸དཔལ་ནཱ་ལནྡཱའི་མཁས་པའི་བཞེད་གཞུང་ཉར་ཚགས་གནང་བ་དེ་དེང་གི་གོ་ལར་དགོས་མཁོ་ཆགས་ཡོད།

རྒྱ་གར་རྒྱལ་ས་ལྡི་ལི་ནང་གནས་བཞུགས་ས་གནས་བོད་མིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དེ་རིང་ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོ་ལྡི་ལི་གསར་པའི་རོ་ཧི་ནི་ཁུལ་དུ་ཡོད་པའི་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་དུ་༸གོང་ས་མཆོག་གིས་བོད་མིས་༸དཔལ་ནཱ་ལནྡཱའི་མཁས་པའི་བཞེད་གཞུང་ཉར་ཚགས་གནང་བ་དེ་དེང་གི་གོ་ལར་དགོས་མཁོ་ཆགས་ཡོད་པར་བཀའ་བསྩལ་ཡོད།༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་མ་བསྩལ་གོང་དུ་མགོན་པོ་༸གང་ཉིད་མཆོག་ལ་སྙུན་གཞི་བཞེས་རྐྱེན་ངོ་སྤྲོད་མཛད་པ་དང་འབྲེལ། སྨན་པས་༸གོང་ས་མཆོག་གི་མགུལ་གློ་དང་མཁལ་མར་སྙུན་གཞི་བཞེས་ཡོད་པ་ཞུས་སྐོར་ལུང་འདྲེན་གྱིས་ཉེ་ལམ་སྙུན་གཞི་བཞེས་རྐྱེན་སྨན་པས་སྨན་ཁབ་རྒྱག་སྐབས་ཅུང་མི་བདེ་བ་དང་སུན་པོ་བྱུང་སོང་། འོན་ཀྱང་ད་ཆ་སྙུན་གཞི་དྭངས་སྐྱེད་སངས་དྲག་བྱུང་ཡོད་ཅེས་བཀའ་བསྩལ་བསྩལ་འདུག ༸གོང་ས་མཆོག་གིས་སྐབས་དེར་བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་རྒྱ་གར་གྱི་གནའ་བོའི་རིག་གནས་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཉར་ཚགས་གནང་བ་དང་སྦྲགས། ད་ཆ་འཛམ་གླིང་ཁྲོད་དུ་ནང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ་སོགས་ལ་ཚན་རིག་པ་དང་གཙུག་ལག་སློབ་ཁང་སོགས་ནས་ཐུགས་སྣང་དང་། ངོ་མཚར་སྐྱེས་གཞིར་གྱུར་ཡོད་སྟབས། བོད་མིས་༸དཔལ་ནཱ་ལནྡཱའི་མཁས་པའི་བཞེད་གཞུང་ཉར་ཚགས་གནང་བ་དེ་དེང་གི་གོ་ལར་དགོས་མཁོ་ཆེན་པོ་ཆགས་ཡོད་པ་མ་ཟད། སྒོས་སུ་ནུབ་ཕྱོགས་པ་ཚོ་སེམས་ཁམས་རིག་པའི་ཐོག་དེ་ཙམ་ཤེས་རྟོགས་མེད་སྟབས།  འཇིག་རྟེན་ཁམས་ཀྱི་རིག་པ་ Cosmology ཐོག་གནས་ཚད་ཡག་པོ་ཡོད་པའི་ང་ཚོ་བོད་མིའི་ངོས་ནས་དེའི་ཐོག་སློབ་གཉེར་བརྗེ་ལེན་བྱེད་དགོས་པར་བཀའ་བསྩལ་འདུག  ༸གོང་ས་མཆོག་གིས་རིག་གནས་ཆེ་བ་ལྔ་ལས་ལྟ་གྲུབ་རིག་པ་དང་ཚད་མ་རིག་པ། སེམས་ཁམས་རིག་པ་སོགས་འགྲེལ་བརྗོད་སླད་བོད་ཡིག་དེ་ཧ་ཅང་ཡར་རྒྱས་ཕྱིན་ཡོད་སྟབས་ནཱ་ལནྡཱའི་གཞུང་ཐོག་འགྲེལ་བརྗོད་ཡག་ཤོས་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་ཡིན་པས་བོད་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་བྱ་འོས་ཤིག་ཡིན་པར་བརྟེན་བོད་མི་ན་གཞོན་ཚོས་བོད་ཡིག་ལ་དོ་སྣང་བྱེད་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་འདུག ལྷག་དོན་སློབ་གྲྭ་ཁག་ཏུ་ཕྱིའི་འཕྲོད་བསྟེན་སྐོར་སློབ་བཞིན་ཡོད་ཀྱང་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་ཧ་ཅང་ཞན་པས་སློབ་གྲྭ་ཁག་གི་བྱིས་པ་ཚོར་ཆུང་དུས་སྐབས་ནས་དེའི་ཐད་སློབ་སྦྱོང་གནང་གནད་ཡིན་པར་བསྩལ་ཡོད།ལྷག་དོན་རྒྱ་གར་ནས་རྒྱལ་ཁབ་འདིའི་གནའ་བོའི་རིག་གནས་ཉར་ཚགས་དེ་ཙམ་གནང་གི་མེད་སྟབས་མགོན་པོ་༸གང་ཉིད་མཆོག་གིས་ཡང་ཡང་འབོད་སྐུལ་གནང་བར་བརྟེན་དེང་སྐབས་དེའི་ཐད་དོ་སྣང་གནང་བཞིན་པ་དང་། ད་ཆ་འཛམ་གླིང་སྤྱི་ཡོངས་ནས་བྱམས་བརྩེ་དང་སེམས་ཞི་བདེ་བག་ཕེབས་ཐོག་དོ་སྣང་གནང་སྟབས་དེ་འབྲེལ་ཤེས་རྟོགས་ཡོད་མཁན་བོད་པ་ཁོ་ན་ལས་མེད་པས་བོད་མི་གཞོན་སྐྱེས་ཚོས་དེང་དུས་ཀྱི་ཤེས་ཡོན་ཙམ་མིན་པར་བོད་རང་གི་སེམས་ཁམས་རིག་པའི་ཤེས་ཡོན་ཐོག་སློབ་གཉེར་བྱེད་ཐུབ་ཚེ་དེས་མི་རབས་རྗེས་མར་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་སློབ་བཀྲིན་ཆེ་བ་མཛད་ཡོད་པ་རེད། དེ་རིང་སྔ་དྲོ་རོ་ཧི་ནི་བོད་ཁྱིམ་དུ་བཀའ་སློབ་ཀྱི་མཛད་འཕྲིན་བསྐྱངས་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དྷ་རྨ་ས་ལའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། སྐབས་དེར་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཉེ་སྔོན་མགོན་པོ་༸གང་ཉིད་མཆོག་ལ་སྙུན་གཞི་ལྗིད་པོ་བཞེས་ཡོད་ཀྱང་། ད་ལྟ་མཆོག་༸སྐུ་ཁམས་ཧ་ཅང་དྭངས་སྐྱེད་སངས་དྲག་བྱུང་སྟབས་མཛད་དཀའ་གང་ཡང་མི་འདུག་ཅེས་བཀའ་བསྩལ་སོང་། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་གློ་བུར་དུ་མགུལ་གློར་གཉན་ཕྲན་བཞེས་རྐྱེན་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་སྨན་པ་བསྟེན་གཏུག་གིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བ་དང་ཁུལ་དེར་གཟའ་འཁོར་གཉིས་ལྷག་ཙམ་རིང་ལ་༸སྐུ་ངལ་གསོ་བཞུགས་མཛད་དགོས་བྱུང་ཡོད་པ་ལྟར། ༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་༸སྐུ་ཁམས་ཆེས་དྭངས་སྐྱེད་ལེགས་གྲུབ་ཀྱིས་དེ་རིང་ཟླ་ ༤ ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༡༡ ཡོལ་ཙམ་ལ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།

༸གོང་ས་མཆོག་༸སྐུ་ཁམས་དྭངས་སྐྱེད་སངས་དྲག་བྱུང་ནས་རོ་ཧི་ནི་བོད་ཁྱིམ་གྱི་༸རྒྱལ་བའི་གཟིམ་ཆུང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་༸སྐུའི་འཕྲོད་བཞེས་བདེ་མིན་གྱི་རྐྱེན་པས་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་སྨན་པ་བསྟེན་གཏུག་དང་དེ་ནས་༸སྐུ་ངལ་གསོ་བཞུགས་དང་འབྲེལ་སྨན་ཁང་གི་ཉེ་འགྲམ་ Sheraton བཞུགས་གནས་གསོལ་མགྲོན་ཁང་དུ་ཉིན་ཤས་༸སྐུ་བཞུགས་མཛད་དགོས་བྱུང་ཡོད་ནའང་། ད་ལྟའི་ཆར་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་སངས་དྲག་བྱུང་སྟེ་དེ་རིང་ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ ཐོག་ལྡི་ལི་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་གི་༸རྒྱལ་བའི་གཟིམ་ཆུང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ནས་རོ་ཧི་ནི་བོད་ཕྲུག་སྡོད་ཁང་དུ་༸ཞབས་སོར་འཁོད་མ་ཐག་ཏུ་རྒྱལ་སྒོ་ཕྱི་མར་ཆིབས་གྲུ་བཀག་གནང་ནས་༸ཞབས་ཐང་ཐོག་ཕེབས་སྐབས་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷ་རྨམ་ས་ལ། རོ་ཧི་ནི་བོད་ཁྱིམ་གྱི་སློབ་ཕྲུག་སོགས་ཉེ་འཁོར་བོད་མི་ཚོས་ཕེབས་བསུའི་སེར་བང་སྒྲིག་མཁན་རྣམས་ལ་ཞལ་མཇལ་འཚམས་འདྲི་དང་འབྲེལ། ངོས་ཀྱི་གདོང་ལ་སྐྱོན་མི་འདུག་གམ། ད་བདེ་པོ་ཡིན། བློ་བདེ་པོ་བྱོས་ཞེས་སོགས་བཀའ་བསྩལ་སོང་། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་གྱི་རིང་ལ་རྒྱལ་ས་ལྡི་ལིར་སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་གྲུབ་རྗེས་༸རྒྱལ་བའི་བཞུགས་གནས་དྷ་རྨ་ས་ལར་ཕྱིར་༸ཞབས་སོར་འཁོད་ཡོད་ཀྱང་། གློ་བུར་དུ་མགུལ་གློར་གཉན་ཕྲན་བཞེས་རྐྱེན་ཕྱི་ཚེས་ ༩ ཉིན་སླར་ལྡི་ལིར་ཆིབས་བསྒྱུར་གྱིས་ Max སྨན་ཁང་དུ་ཉིན་གྲངས་ ༣ རིང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བ་དང་སྨན་ཁང་དུ་༸སྐུ་བཞུགས་མཛད་དགོས་བྱུང་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་༸སྐུ་གཟུགས་བདེ་མིན་རྐྱེན་པས་གློ་བུར་སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་སྟབས་བོད་མི་གཙོས་པའི་རྒྱལ་སྤྱིའི་ཁྲོད་དུ་མགོན་པོ་མཆོག་ལ་དད་མོས་ཞུ་མཁན་མང་ཚོགས་ས་ཡ་མང་པོར་བློ་འཚབ་ཆེན་པོ་ཞིག་བྱུང་ཡོད་པ་རེད།  ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སངས་དྲག་གིས་རྣམ་ཀུན་ལྟར་༸སྐུ་ཁམས་གསལ་ཐང་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ད་དུང་ཉིན་ཤས་རིང་རྒྱལ་ས་ལྡི་ལིར་༸སྐུ་བཞུགས་གནང་རྒྱུའི་མཛད་འཆར་ཡོད་པ་གསུངས་སོང་།རྩ་བའི་དེ་རིང་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུ་ཞུ་བར་བོད་མི་ ༣༠༠ ལྷག་ཆེད་བཅར་ཞུས་འདུག

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དབུལ་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་རྒྱ་གར་དབུས་ཀྱི་གྲོས་ཚོགས་འཐུས་མི་ཉིས་བརྒྱ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་བཀའ་དྲིན་ཆེན་པོས་མཛད་འཕྲིན་བསྐྱངས་ཡོད་པ་ཁག་ཅིག་དྲན་གསོའི་ཆེ་བསྟོད་ཞུས་པ་དང་སྦྲགས། རྒྱ་གར་དབུས་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུགཁ་སང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་གིས་གསར་འགོད་བསྒྲགས་གཏམ་ཞིག་ཡོངས་ཁྱབ་གནང་བའི་ནང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་རྒྱ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ཐུན་མོང་གིས་ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་རྒྱ་གར་དབུས་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པའི་ཞུ་སྙན་གཏན་འབེབས་གནང་ཐོག་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་ལ་ཕུལ་ཡོད་པ་རེད།ལྷག་པར་དུ་སྐུ་ཞབས་ Shanta Kumar མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་དྲུག་བཅུ་ལྷག་རིང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་དབུ་ཁྲིད་མཛད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གི་ཡང་དག་པའི་མཛད་བཟང་ལ་རྒྱལ་སྤྱིའི་ཁྱོན་ནས་ངོས་འཛིན་གྱིས་ཆེ་བསྟོད་ཞུས་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་རེད། མགོན་པོ་༸གང་ཉིད་མཆོག་གི་མཛད་བཟང་དེ་དག་ལ་བརྟེན་ནས་ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྐང་འགན་བཞེས་ཐོག་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་མགྱོགས་མྱུར་འབུལ་ལམ་ཞུ་དགོས་པའི་དགོས་འདུན་འདི་ལྟར་ཆེད་བཏོན་གནང་བ་ཡིན་ཞེས་གསུངས་འདུག སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་ཁོང་གིས་བརྩམས་པའི་ཧི་མཱ་ལ་ཡའི་སྟེང་གི་གྲིབ་གཟུགས་དམར་པོའམ་ Red Shadow over Himalaya དང་། ཁོང་གི་སྐུ་ཟླ་ Santosh Shailja ལས་ཀྱིས་བརྩམས་པའི་གལ་ཏེ་སྟོན་ཀ་ཤར་ཚེའམ་   If Autumn Comes ཞེས་པའི་དཔེ་དེབ་གཉིས་དང་གཞན་ཡང་སྐུ་ཞབས་ Hemraj Kaushik ལགས་ཀྱིས་སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་ལ་ཆེ་བསྟོད་ཀྱི་དཔེ་དེབ་གཅིག་བཅས་ཁྱོན་དཔེ་དེབ་གསུམ་དབུ་འབྱེད་མཛད་སྒོ་གཙོ་གྱུར་བོད་དོན་དང་འབྲེལ་བའི་མཛད་སྒོ་རིམ་པའི་ཐོག་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུ་དགོས་པ་གསུངས་ཡོད།

༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དབུལ་དགོས་པའི་ཞུ་སྐུལ།

དེ་རིང་རྒྱ་གར་གྱི་ Times of India གསར་ཤོག་ཐོག་གནས་ཚུལ་ཐོན་པར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་ནུབ་བྷེན་གྷལ་གྱི་སྲིད་སྐྱོང་ཟུར་པ་ Gopalkrishna Gandhi ལགས་ཀྱིས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་དབུལ་དགོས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེར་རྒྱབ་སྐྱོར་གནང་ཡོད་པ་བཀོད་འདུགNitish Kumar མཆོག་གིས་རྒྱ་གར་གྱི་རིན་ཐང་ལྡན་པའི་བྱམས་བརྩེ་དང་འཚེ་མེད་ཞི་བ། དེ་བཞིན་ཕན་ཚུན་མཛའ་མཐུན་དང་འཛམ་གླིང་ཞི་བདེའི་ལྟ་གྲུབ་ཀྱིས་རྒྱ་གར་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་ལྟར། ༸གོང་ས་མཆོག་དབུ་བཞུགས་ཀྱི་ཐོག་ནས་ལྟ་གྲུབ་རང་བཞིན་གྱི་ལམ་སྟོན་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་འདུགཉེ་སྔོན་ཧིཾ་དུའི་གསར་ཤོག་ཅིག་གི་ཐོག་ཏུ་རྒྱ་གར་གྱི་མངའ་སྡེ་ནུབ་བྷེན་གྷལ་གྱི་སྲིད་སྐྱོང་ཟུར་པ་གྷོ་པཱལ་ཀྲི་ཤྞཱ་ལགས་ཀྱིས་རྒྱ་གར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་བར་མཁོ་གལ་ཞེས་པའི་བརྗོད་གཞི་ཐོག་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱ་གར་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་འབུལ་མ་ཐུབ་པ་ཡིན་ན། དེ་ནི་རྒྱ་གར་རྒྱལ་ཁབ་ཀྱི་གྱོང་གུད་ཡིན་པ་ལས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གྱོང་གུད་མ་རེད་ཅེས་བྲིས་ཡོད་པ་དེར་ཁ་སང་བྷི་ཧར་མངའ་སྡེ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་རྒྱབ་སྐྱོར་གནང་སྟེ་ཁོང་གི་སྤྱི་ཚོགས་དྲྭ་ལམ་དུ་རྩོམ་ཡིག་དེ་ཆེད་སྤེལ་གྱིས་ཁོང་ནས་གནས་ཚུལ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་རེད།ནུབ་བྷེན་གྷལ་གྱི་མངའ་སྡེའི་སྲིད་སྐྱོང་ཟུར་པ་ Gopalkrishna Gandhi ལགས་ཀྱིས་རྒྱ་གར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་བར་མཁོ་གལ་ཞེས་པའི་རྩོམ་ཡིག་ནང་ད་ལྟ་བར་དུ་རྒྱ་གར་སྲིད་གཞུང་གིས་༸གོང་ས་མཆོག་གི་གནད་དོན་དེར་འཛེམ་ཟོན་གནང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་གི་ཡ་ལན་ལ་མགོ་འཐོམ་ནས་ཡོད་པ་རེད་དམ་ཞེས་དོགས་འདྲི་གནང་བ་བརྒྱུད་ནས་༸གོང་ས་མཆོག་གིས་ཀྱང་མགོན་པོ་མཆོག་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་ཏུ་གཏོང་འདོད་མེད་པ་ལྟར། རྒྱ་གར་གྱི་ངོས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་རྒྱུར་རོགས་འདེགས་དང་སྲུང་སྐྱོབ་གནང་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཅིའི་ཕྱིར་འབུལ་མ་ཐུབ་པ་རེད་ཅེས་ཞུ་སྐུལ་གནང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་འབུལ་མ་ཐུབ་པ་ནི་རྒྱ་གར་རྒྱལ་ཁབ་ཀྱི་གྱོང་གུད་རེད་ཅེས་གསུངས་ཡོད། ཁོང་གིས་ད་དུང་༸གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་ཀྱང་མི་མང་གིས་མགོན་པོ་མཆོག་ནི་སངས་རྒྱས་དངོས་ཤིག་ཡིན་པར་ངོས་བཞེས་ཞུ་བཞིན་ཡོད་པ་ལྟར་རྒྱ་གར་གྱི་ངོས་ནས་དེ་ལྟར་ངོས་བཞེས་གནང་གི་མེད་པར་སྐྱོན་བརྗོད་གནང་འདུགརྩ་བའི་ཁ་སང་བྷི་ཧར་མངའ་སྡེ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་དང་སྲིད་སྐྱོང་ཟུར་པ་གྷོ་པཱལ་ཀྲི་ཤྞཱ་ལགས་རྣམ་གཉིས་ཀྱིས་རྒྱ་གར་གྱིས་༸གོང་ས་མཆོག་ལ་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་དགོས་པའི་གླེང་སློང་གནང་བ་དེ་ནི་ཆེས་ཐོག་མ་མ་ཡིན་པར་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ཞེས་པ་དེ་དབུལ་དགོས་པའི་ཞུ་འབོད་གནང་ཡོད་པ་རེད། གཞི་རྩའི་རྒྱ་གར་གྱི་ཆེས་མཐའི་གཟེངས་རྟགས་ भारत रत्न ཞེས་པ་དེ་ནི་རྒྱ་གར་ནང་གི་ཚན་རིག་དང་སྒྱུ་རྩལ། རྩོམ་རིག་ཐོག་མཛད་རྗེས་ཅན། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ཐད་ནས་རླབས་ཆེན་གྱི་ཕྱག་ལས་གནང་མཁན་སོགས་ལ་འབུལ་སྲོལ་ཡོད་པ་རེད།

༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་ཧ་ཅང་ཡག་པོ་བྱུང་ནས་རྣམ་ཀུན་ལྟར་༸སྐུ་ཁམས་གསལ་ཐང་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༧༌༣༠ ཐོག་ Sheraton བཞུགས་གནས་གསོལ་མགྲོན་ཁང་ནས་༸སྐུའི་འཕྲོད་བཞེས་ཀྱི་མཇུག་སྐྱོང་བརྟག་དཔྱད་གནང་ཕྱིར་ Max སྨན་ཁང་དུ་སླར་ཡང་ཆིབས་བསྒྱུར་མཛད་ཡོད་པ་དང་། སྐར་མ་ ༡༥ ལྷག་ཙམ་གྱི་བརྟག་དཔྱད་ལེགས་པར་གྲུབ་མཚམས་སུ་རླུང་འཕྲིན་ཁང་གིས་༸སྐུ་བཅར་ཕྱི་ལུགས་དང་བོད་ལུགས་ཀྱི་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ལ་བཅར་དྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་ཧ་ཅང་བྱུང་ནས་རྣམ་ཀུན་ལྟར་༸སྐུ་གཟུགས་གསལ་ཐང་ཡིན་པ་དང་། གཉན་འཇོམས་ཀྱི་གསོལ་སྨན་ཉིན་གྲངས་འགའ་ཤས་རིང་མུ་མཐུད་མཆོད་དགོས་པ་མ་གཏོགས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་གསུང་ཤུགས་མཚོན་པའི་༸སྐུའི་འཕྲོད་བཞེས་སྤྱི་ཡོངས་ཀྱི་ཐོག་ལ་ཧ་ལས་པའི་ཡག་པོ་ཡོད་པ་སོགས་ངོ་སྤྲོད་གནང་སོང་།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་ཕྱི་ཚེས་ ༩ ཉིན་༸སྐུ་གཟུགས་བདེ་མིན་རྐྱེན་པས་འདི་ག་རྒྱལ་ས་ལྡི་ལིར་གློ་བུར་དུ་ཆིབས་བསྒྱུར་མཛད་དགོས་བྱུང་ཡོད་པ་དང་། Max སྨན་ཁང་དུ་ཉིན་གྲངས་ ༣ རིང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་མཚམས་ཕྱི་ཚེས་ ༡༡ ཉིན་ནས་ Sheraton བཞུགས་གནས་གསོལ་མགྲོན་ཁང་དུ་༸སྐུ་ངལ་གསོ་ཞུགས་མཛད་མུས་ཡིན་པ་རེད།ཁ་སང་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ Jagat Prakash Nadda མཆོག་ཆེད་མངགས་༸རྒྱལ་བའི་བཞུགས་གནས་གསོལ་མགྲོན་ཁང་དུ་ཆེད་ཕེབས་དང་སྦྲགས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་སོགས་ཐོག་ལ་དགོངས་སྐོར་ཞུས་པ་མ་ཟད་གང་མྱུར་དྭངས་བསྐྱེད་ཡོང་བའི་ཐུགས་རེ་སོགས་གནང་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ད་ལྟའི་ཆར་རྒྱུན་ལྡན་ལྟར་དྭངས་སྐྱེད་ཧ་ལས་པའི་ཡག་པོ་བྱུང་ཡོད་པ་དང་མགོན་པོ་༸གང་ཉིད་མཆོག་ད་དུང་ཉིན་ཤས་རིང་རྒྱལ་ས་ལྡི་ལིར་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གི་སྙུང་གཞི་དྭངས་གསལ་ཡོང་སླད་ཧིཾ་དུ་དགོན་པ་ཞིག་གིས་སྨོན་ལམ་གསུང་འདོན་གནང་བ།

༸གོང་ས་ཏཱ་ལའི་བླ་མ་ནི་གང་ཟག་སུས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་དང་། བོད་འབངས་ཡོངས་ཀྱི་དཔུང་གཉེན་གྱི་ནོར་བུ་ཁོ་ན་དེ་རེད་ཅེས་བརྗོད་དེ་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་སྙུན་གཞི་ལ་བློ་འཚབ་མ་བྱེད་རོགས་ཞེས་རེ་འབོད་ཞུས་པ་དང་སྦྲགས། ཧིཾ་དུ་དགོན་པ་ཞིག་གིས་༸གོང་ས་མཆོག་མགྱོགས་མྱུར་༸སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་ལམ་གསུང་འདོན་གནང་འདུགརྒྱ་གར་གྱི་གྲོང་ Hyderabad ནང་གི་ Chilkur Balaji དགོན་པའི་སྨོན་ལམ་ཚོགས་འདུ་དེའི་ཐོག་དགོན་པའི་ཆོས་དཔོན་ M V Soundararajan མཆོག་དང་ C S Gopalakrishna མཆོག་གཉིས་གཙོ་གྱུར་གྲྭ་ཚང་གི་དགེ་འདུན་པ་སྟོང་ཕྲག་ལྷག་དབུ་བཞུགས་གནང་བའི་ཐོག་ནས་༸གོང་ས་མཆོག་གི་སྙུན་གཞི་དེ་གང་མགྱོགས་དྭངས་གསལ་ཡོང་པའི་སྨོན་ལམ་འཚོགས་པ་དང་འབྲེལ་ཏེ་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་ཐད་ལ་ཐེ་གཏོགས་མ་བྱས་ན་ཡག་པོ་འདུག་ཅེས་གསུངས་ཡོད། གཞི་རྩའི་དེ་སྔ་ Chilkur Balaji དགོན་པའི་ཆོས་དཔོན་ Archaka CS Rangarajan  མཆོག་གིས་ཕྱི་ལོ་ ༢༧༠༠ གོང་ལ་ Sanatana Dharma འམ་གཡུང་དྲུང་ཆོས་ཀྱི་ནང་གསུངས་པ་ལྟར་འབྱུང་པོ་ཀུན་ལ་མཉམ་པ་བལྟ་ཞེས་པ་ལྟར་འགྱུར་མེད་གཡུང་དྲུང་ཆོས་དེ་བསྐྱར་འཕེལ་གནང་སྟེ་རྒྱ་གར་ནང་གི་ Dalit ཞེས་པའི་རིགས་དམན་པ་རྣམས་ལ་དགོན་པར་ཆོས་ཞུ་ཆོག་པའི་བསྒྱུར་བཅོས་བཏང་སྐབས་རྒྱ་གར་ནང་གི་ཆོས་དཔོན་ཉུང་ཤས་ཤིག་མ་གཏོགས་ཁོང་ལ་འཚམས་འཕྲིན་ཕུལ་ཡོད། ༸གོང་ས་མཆོག་གིས་ཆོས་དཔོན་སྐུ་ཞབས་ CS Rangaranjan མཆོག་ནས་རིགས་དམན་སྐྱེས་བུར་གཅིག་གྱུར་གྱི་ཕྱག་བཞེས་གནང་བར་བསྔགས་བརྗོད་དང་བླ་མེད་མིག་གི་དཔེ་ཞིག་ཡིན་སྐོར་འཚམས་འཕྲིན་བསྩལ་ཡོད་སྟབས། Chilkur Balaji དགོན་པ་དང་དང་༸གོང་ས་མཆོག་གི་དབར་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རེད།

༸གོང་ས་མཆོག་གི་༸སྐུ་གཟུགས་སྔར་བས་དྭངས་སྐྱེད་ཐོག་སྨན་ཁང་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོའི་ཆུ་ཚོད་ ༨༌༣༠ ཐོག་༸སྐུ་གཟུགས་དྭངས་སྐྱེད་ཐོག་ Max སྨན་ཁང་ནས་ Sheraton Hotel བཞུགས་གནས་གསོལ་མགྲོན་ཁང་དུ་ ༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཙམ་མ་ཟད་དེ་བཞིན་འཛམ་གླིང་མི་མང་ས་ཡ་མང་པོས་མགོན་པོ་མཆོག་གི་༸སྐུ་ཕྱཱའི་ཐད་བློ་འཚབ་དང་སེམས་ཁུར་ཆེན་པོས་ཐུགས་སྨོན་མཚམས་སྦྱོར་གནང་ཡོད་སྟབས་ཕན་ཐོགས་ཏན་ཏན་བྱུང་ཡོད་པ་དང་། ད་ཆ་མགོན་པོ་༸གང་ཉིད་མཆོག་རྣམ་ཀུན་ལྟར་༸སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོད་སྟབས་ཚང་མར་བདེ་པོ་བྱོས་ཞེས་བཀའ་བསྩལ་མཛད་སོང་།གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༢ ཉིན་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སཱི་ཤེས་ཡོན་གྱི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་དབུ་འབྱེད་གནང་ཕྱིར་༸ཞབས་སོར་བདེ་བར་འཁོད་པ་ཡོད་པ་དང་། ཕྱི་ཚེས་ ༤ ནས་ ༦ བར་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེ་ལེགས་པར་གྲུབ་མཚམས་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་ཀྱང་། གློ་བུར་དུ་མགུལ་གློར་གཉན་ཕྲན་བཞེས་རྐྱེན་ཕྱི་ཚེས་ ༩ ཉིན་སླར་ལྡི་ལིར་ཆིབས་བསྒྱུར་གྱིས་༸ཞབས་སོར་བདེ་བར་འཁོད་དོན་ལྟར་ Max སྨན་ཁང་དུ་ཉིན་གྲངས་ ༣ རིང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་དགོས་བྱུང་ཡོད་པ་རེད།༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་གི་སྙུན་གཞི་དེ་གཞི་ལྗིད་པོ་གང་ཡང་མིན་པ་དང་ད་ཆ་༸སྐུ་གཟུགས་ཆ་ཚང་དྲག་སྐྱེད་བྱུང་ཡོད། ད་དུང་ཉིན་ཤས་རིང་གསོལ་མགྲོན་ཁང་དུ་༸སྐུ་ངལ་གསོ་བཞུགས་གནང་ཕྱིར་རྒྱལ་ས་ལྡི་ལིར་༸སྐུ་བཞུགས་མཛད་རྒྱུ་ཡིན་པ་རེད།

Latest news