Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་བཞིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༢ ཚེས་ ༢༧  ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།སྐབས་དེའི་༸རྒྱལ་བའི་བརྟན་ཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་རྗེས་མའི་ཕྱི་ཚེས་ ༢༡ ནས་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་དང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་གི་༸སྐུའི་དགུང་སྐེག་འཁེལ་གྱི་ཡོད་སྟབས། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོའི་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་ཡོད་པ་རེད། ༸རྒྱལ་བའི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པ་གཞིས་བྱེས་རྒྱལ་རོང་ཐུན་མོང་གི་སྐུ་ཚབ་དཀོན་མཆོག་དར་རྒྱས་ལགས་ཀྱིས་གཞིས་བྱེས་རྒྱལ་རོང་ཐུན་མོང་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་འདི་༸སྐུའི་དགུང་སྐེག་དང་འབྲེལ་ནས་དམིགས་བསལ་གྱི་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་སླད་དུ་ཚེ་སྒྲུབ་གནང་རྒྱུ་ཤིན་ཏུ་ནས་གནད་ཆེ་བར་གཟིགས་ཏེ་༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག འབྲི་གུང་༸སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག ད་ལྟ་དགུང་ལོ་བརྒྱར་ཕེབས་ཟིན་པ་དགེ་བཤེས་སྟོབས་རྒྱལ་ལགས་སོགས་བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་སུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་བརྒྱད་ཅུ་ལྷག་ལ་༸རྒྱལ་བའི་སྐུ་ཚེར་སྨན་པའི་ཚེ་སྒྲུབ་གནང་སྐྱོང་ཡོང་བའི་དམིགས་བསལ་གསོལ་འདེབས་ཞུས་དོན་ལྟར་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་དང་གནང་མུས་ཡིན་སྐོར་གསུངས་ཡོད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཞབས་རིམ་གསོག་གྲུབ་སོགས་གནང་མུས་རེད་འདུག གཞི་རྩའི་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེ་རིགས་ཀྱི་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་དོན་བཞིན་བརྟན་ཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རེན་པོ་ཆེ་མཆོག་ནས་གནང་རྒྱུ་ཡིན་པ་དང་། བརྟན་ཞུགས་སྐབས་སུ་ཆོས་རྫས་ཀྱི་གཙོ་བོར་སྟོན་པའི་སྐུ་བརྙན་ ༡༢༥ དང་༸རྒྱལ་དབང་ཚེ་དཔག་མེད་ཀྱི་སྐུ་འདྲ་སོགས་ཡིན་པ་རེད།

ཨ་རི་གཞུང་མང་གཉིས་ནས་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད།

ཁ་སང་ཨ་རི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ཐོག་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་རེད།ཁ་སང་གི་མཛད་སྒོ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནི་ཕྱོགས་གཅིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། སྟོབས་ཆེན་རྒྱལ་ཁབ་དེའང་རང་དབང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་ལྡན་པ། འཛམ་གླིང་སྤྱིའི་མིག་ལྟོས་བྱེད་ས་ཞིག་ཡིན་པ་མ་ཟད་བློ་གཏད་བཅོལ་ས་ཞིག་ཀྱང་ཆགས་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་སྔ་རྗེས་རྣམ་པས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར། སེམས་ཁུར་གནང་བར་བརྟེན་བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་བསྩལ་འདུགཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དབུས་པའི་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང་གྲོས་ཚོགས་འཐུས་མི་ཁག་གཅིག།དེ་བཞིན་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ཨ་རིའི་མངའ་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་སུ་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་མང་དག་ཅིག་ནས་བོད་མིར་རྒྱབ་སྐྱོར་མ་གནང་བའི་སྐབས་ཨ་མི་རི་ཀའི་གཞུང་ནས་དོགས་ཟོན་མེད་པར་རོགས་སྐྱོར་གང་ཐུབ་ཅི་ཐུབ་གནང་ཡོད་པ་དང་སྦྲགས། བོད་མི་རྣམས་ནས་དུས་རྟག་ཏུ་ཨ་རི་གཞུང་མང་གཉིས་ལ་བློ་གཏད་བཅོལ་སའི་གྲོགས་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་བ་མ་ཟད་འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བ་དང་བསྟུན་བོད་མི་རྣམས་ནས་མི་ལོ་ ༦༠ རིང་ཨ་རི་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་གདོང་ལེན་གནང་ཐུབ་པ་དང་འབྲེལ། བོད་ཀྱི་ལོ་རྒྱུས་ལ་གཞིགས་ཚེ་བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཨ་མི་རི་ཀའི་གཞུང་མང་གཉིས་ཡིན་པར་འགྲེལ་བརྗོད་གནང་འདུག ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་མང་དག་ཅིག་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་སྐོར་ལུང་འདྲེན་དང་སྦྲགས་ཏེ་མཛད་སྒོར་ཕེབས་པའི་ལྕམ་ནེན་སི་པི་ལོ་སི་མཆོག་ནས་ད་བར་དེ་མཚུངས་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད།སྲིད་སྐྱོང་མཆོག་གིས་ད་དུང་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཨ་མི་རི་ཀའི་གཞུང་ནས་བོད་མིར་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐད་རོགས་སྐྱོར་གནང་བ་མ་ཟད་ཁོང་རང་ཉིད་ལའང་ཨ་རི་གཞུང་གི་མཐུན་རྐྱེན་འོག་ཧར་ཝཊ་མཐོ་སློབ་ཏུ་སློབ་སྦྱོང་གནང་རྒྱུ་གོ་སྐབས་ཐོབ་སྐོར་གསུངས་འདུག ཨ་རི་གྲོས་ཚོགས་ནས་ཉེ་ཆར་ཨ་མི་རི་ཀའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པ་དང་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་གྲོས་འཆར་ལ་སོགས་པར་གཏན་འབེབས་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་དེ་དངོས་སུ་ལག་བསྟར་དང། ཨ་རིའི་ནང་བོད་གནས་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་རྒྱུ། དེ་བཞིན་ཨ་རི་གཞུང་ནས་བོད་ལ་རང་སྲིད་རང་སྐྱོང་མ་ཐོབ་ཀྱི་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་ Nancy Pelosi མཆོག་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཆོས་ཀྱི་འཁོར་ལོའི་ཕྱག་རྟགས་ཕུལ་བ་དང་སྦྲགས། ལྕམ་མཆོག་གིས་ང་ཚོའི་བོད་ཀྱི་གནད་དོན་དེ་གོ་སྐབས་ནམ་བྱུང་ལ་རྒྱ་ནག་གི་ཤུགས་རྐྱེན་ལ་ལྟོས་མེད་གླེང་སློང་གནང་དགོས་པ་དེ་གལ་ཆེ་དོན་ཆེ་ཞིག་ཡིན་པ་དང། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་ནས་ཨ་རི་མི་སེར་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་གྲོས་འཆར་གཏན་འབེབས་གནང་ཐུབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་འོག་བོད་མི་རྣམས་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་འདུག མཛད་སྒོ་དེའི་ཐོག་ཕེབས་པའི་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་གཞན་རྣམས་ནས་ཀྱང་གསུང་བཤད་གནང་བ་དང་སྦྲགས། བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་བོད་རིགས་ཁག་ཅིག་ནས་ཐུགས་རྗེ་ཆེ་ཞུའི་གླུ་གཞས་བླངས་ཐོག་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

ཤེས་ཡོན་སློབ་གསོ་བརྒྱུད་ Ukraine ནང་ཞི་བདེ་བསྐྲུན་དགོས།  

༸གོང་ས་མཆོག་གིས་ Ukraine ཤེས་རིག་བློན་ཆེན་མཆོག་གི་སློབ་སྟོན་པ་སྐུ་ཞབས་ Oleksandr ElKIN ལགས་ཀྱིས་སྣེ་ཁྲིད་པའི་ཤེས་རུ་ཁག་ཅིག་དང་མཇལ་འཕྲད་གནང་ཐོག་ Ukraine ཤེས་ཡོན་སློབ་སྟོན་པ་ཚོས་ཡུལ་དེའི་ནང་ཤེས་ཡོན་སློབ་གསོ་བརྒྱུད་ནས་ཞི་བདེ་བསྐྲུན་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་བསྩལ་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་སྐུ་ཞབས་ Oleksandr ElKIN ལགས་སུ་མཇལ་ཞུ་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་དགོས་གལ་སྐོར་དང་ལྷག་དོན་དེང་དུས་ཤེས་ཡོན་ལམ་ལུགས་ནང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་སྦྱོང་སྤྲོད་དགོས་པར་བཀའ་བསྩལ་བ་མ་ཟད། ཤེས་ཡོན་སློབ་སྟོན་པ་ཚོས་རྐང་འགན་བཞེས་ཐོག་ Ukraine ནང་ཤེས་ཡོན་སློབ་གསོ་བརྒྱུད་ནས་ཞི་བདེ་བསྐྲུན་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་བསྩལ་ཡོད་པ་གསུངས་སོང་། དེ་བཞིན་ལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་འཛམ་གླིང་ཞི་བདེ་བསྐྲུན་པར་ཤེས་ཡོན་གྱི་གལ་གནད་དང་དེར་དགེ་རྒན་གྱི་འགན་འཁྲི་ཇི་ཡོད་དང་ཤེས་ཡོན་སློབ་སྟོན་པ་ཚོར་བསྐྱར་དུ་སློབ་གསོ་སྤྲོད་ཕྱོགས་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་གནང་འདུགལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་ཤེས་ཡོན་གྱི་རུ་ཁག་དེར་རིང་མིན་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འཆར་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་Ukraine གི་སྐུ་ཚབ་ཆེད་གཏོང་ཐུབ་ཚེ་དགེ་མཚན་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་མཛད་འདུག ཤེས་རྟོགས་བྱུང་བར་གཞིགས་ན་ཡུཀ་རེན་ཤེས་ཡོན་རུ་ཁག་ནས་བཞུགས་སྒར་དུ་ཟླ་ ༢ ཚེས་ ༡༦ བར་འཚམས་གཟིགས་གནང་གི་འདུག་པ་དང་། ཁོང་རྣམས་ནས་གཙོ་བོ་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་ཤེས་ཡོན་དང་རིག་གཞུང་ལྟེ་གནས་ཁག་འདྲ་མིན་དུ་འཚམས་གཟིགས་གནང་ནས་བོད་མིའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་དང་རིག་གཞུང་བཅས་རྒྱུས་མངའ་ཡོང་ཐབས་གནང་རྒྱུ་རེད་འདུག

རྒྱལ་སྤྱིའི་རྒྱལ་ཁབ་ ༧༥ འི་མང་ཚོགས་ནས་བཞུགས་སྒར་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ།

འདས་པའི་ཕྱི་ལོ་ ༢༠༡༨ ལོར་གོ་ལ་འདིའི་ནང་རྒྱལ་ཁབ་ ༡༩༥ ཙམ་ཡོད་པའི་ཁོངས་ནས་རྒྱལ་ཁབ་ ༧༥ འི་མང་ཚོགས་ ༤༠༠༠ ལྷག་ནས་བཞུགས་སྒར་དུ་ཆེད་བཅར་གྱིས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་༸སྐུ་སྒེར་དང་མཇལ་འཕྲད་ཞུས་འདུགཁ་སར་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་གྱི་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བར་ཉེ་བའི་ཆར་གསར་ཁང་དེའི་གསར་འགོད་པས་༸སྐུ་སྒེར་ཡིག་ཚང་དང་ས་གནས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་བཅར་ནས་འདས་ལོ་སྟེ་ ༢༠༡༨ ལོར་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་རིགས་ཁག་གི་ཐོ་གཞུང་བླངས་འབྲས་སུ་འདས་ལོའི་ནང་རྒྱལ་ཁབ་ ༡༩༥ ཙམ་ཡོད་པའི་ཁོངས་ནས་རྒྱལ་ཁབ་ ༧༥ འི་མང་ཚོགས་ ༤༠༠༠ ལྷག་ནས་༸གོང་ས་མཆོག་གི་བཀའ་ཆོས་ཞུས་ཡོད་པ་ལྟར་དེ་དག་གི་གྲངས་འབོར་ཕུད་པའི་རྒྱ་ནག་སྐམ་ས་ནས་རྒྱ་མི་རིགས་ ༢༥༠ དང་ཐེ་ཝན་གྱི་མི་རིགས་ཡིན་པ་གང་ཞིག་རྒྱ་གཞུང་གི་ཕྱིར་བསྐྱོད་ལག་ཁྱེར་གྱི་ཐོག་ནས་ཕེབས་པའི་མི་གྲངས་ ༣༣༠ བཅས་ནས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་བཀོད་གནང་འདུགསྐབས་དེར་ས་གནས་རྒྱ་གར་ཉེན་རྟོག་ལས་ཁུངས་ཀྱི་འགོ་གཙོས་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ནས་༸གོང་ས་མཆོག་དང་མཇལ་ཁ་ཞུ་ཕྱིར་ཟླ་བ་དང་ལོ་མང་པོའི་གོང་ནས་ཐོ་གཞུང་ནང་སྒུག་གི་ཡོད་ཀྱང་། ༸གང་ཉིད་མཆོག་དང་མཇལ་ཁ་ཞུ་རྒྱུའི་ཆེད་དུ་རྒྱ་གར་དང་བོད་པའི་བདེ་སྲུང་ལས་ཁུངས་ནས་ངོས་སྦྱོར་ཞུས་ཐོག་བསྐྱོད་དགོས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཕྱྭའི་བདེ་སྲུང་སླད་དུ་མཇལ་ཁ་མ་ཞུ་བའི་གོང་དུ་ཚང་དགོས་པའི་ཡིག་ཆ་དང་ལུས་བཤེར་སོགས་དོ་ནན་གནང་གི་ཡོད་སྐོར་གསུངས་འདུག རླུང་འཕྲིན་ཁང་ནས་ཉེ་ལམ་ཕྱི་ལོ་ ༢༠༡༩ ལོའི་ལོ་གསར་གྱི་དམིགས་བསལ་ལེ་ཚན་ནང་༸གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་བསྐྱར་ཞིབ་ཞུས་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ས་ཁྱི་ལོ་དེའི་ནང་སྔར་དང་མི་འདྲ་བར་དགུང་ལོ་ ༨༤ བདག་གིར་བཞེས་ལ་ཉེ་བའི་དགུང་ནའི་བབས་དང་བསྟུན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུའི་མཛད་འཆར་ཉུང་འཕྲི་གནང་སྟེ་ཤར་ནུབ་རྒྱལ་ཁབ་ཁག་ལས་ཨེ་ཤ་ཡའི་རྒྱལ་ཁབ་ཉི་ཧོང་ཁུལ་དུ་ཆིབས་བསྒྱུར་ཐེངས་གཅིག་དང་། ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་ཐེངས་གཉིས་མ་གཏོགས་བསྐྱངས་མེད་པ་དང། དེའི་ཚབ་ཏུ་ལོ་འཁོར་མོའི་ནང་ཉིན་གྲངས་ ༣༦༥ ཡོད་པ་ལས་ཁྱོན་ཉིན་གྲངས་ ༡༠༠ ལྷག་གི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་པའི་མངའ་སྡེ་འདྲ་མིན་ ༧ དང་ཕྱི་རྒྱལ་གྱི་ཡུལ་གྲུ་མཁྱོན་ ༧ ནང་ཆིབས་བསྒྱུར་གྱི་མཛད་འཕྲིན་མང་དག་བསྐྱངས་ཡོད་པ་མ་ཟད། བཞུགས་སྒར་དུ་༸སྐུ་བཞུགས་གནང་བའི་རིང་ལའང་ཆོས་ཞུ་བ་སྟོང་ཕྲག་དུ་མར་སྔ་རྗེས་ཆོས་འབྲེལ་ཁག་བཞི་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་བཀའ་སློབ། གལ་ཆེའི་མི་སྣ་མཇལ་འཕྲད། དེ་བཞིན་གཡས་གཡོན་ས་གནས་སུ་ཚོགས་འདུ་འདྲ་མིན་དབུ་འབྱེད་སོགས་རླབས་ཆེན་གྱི་མཇད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་ཆེད་བཀོད་ཞུས་ཡོད།རྩ་བའི་ཉེ་ལམ་ལོ་གསར་གྱི་དུས་སྐབས་སུ་ས་གནས་རྒྱ་གར་གྱི་ཚོང་པ་དང་རླངས་འཁོར་ཁ་ལོ་པ། དེ་བཞིན་ཟ་ཁང་དང་འགྲིམ་འགྲུལ་ཚོང་གཉེར་ཁང་བཅས་ཀྱི་སྐུ་ཚབ་རུ་ཁག་ཞིག་༸རྒྱལ་བའི་ཕོ་བྲང་དུ་བཅར་ནས་ས་གནས་སུ་དུས་འཁོར་དབང་ཆེན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དེ་ལྟར་ཡང་། སྐབས་དེར་༸སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ times of India འི་གསར་ཁང་ལ་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནད་དོན་རྐྱེན་པས་ད་བར་བཀའ་ཆོས་གནང་རྒྱུ་ཐུགས་གཏན་ཁེལ་མེད་པ་དང་ས་གནས་རྒྱ་གར་ཚོང་པའི་སྐུ་ཚབ་རུ་ཁག་ལའང་འགྲེལ་བརྗོད་དེ་ལྟར་གནང་ཡོད་པ་རེད།

སྐུ་ཞབས་དི་པཱཀ་ལགས་ཀྱིས་སྣེ་ཁྲིད་པའི་རུ་ཁག་དང་མཇལ་མོལ་མཛད་པ།

༸གོང་ས་མཆོག་གིས་རྩོམ་པ་པོ་གྲགས་ཅན་ Deepak Chopra ལགས་ཀྱིས་སྣེ་ཁྲིད་པའི་རུ་ཁག་ཅིག་དང་མཇལ་འཕྲད་གནང་ཐོག་རིང་མིན་ལོ་འདིའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་ཐད་ནོ་སྦེལ་ཞི་བདེའི་དེད་དཔོན་རྣམ་པའི་ལྷན་ཚོགས་ཤིག་འཚོགས་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་བསྩལ་འདུགདེ་རིང་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་པའི་རྒྱལ་སྤྱིའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Deepak Chopra ལགས་ཀྱིས་སྣེ་ཁྲིད་པའི་མི་སྣ་ ༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དུས་རབས་ ༢༡ པ་འདི་ཞི་བདེ་དང་འཆམ་མཐུན། དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་གལ་ཡིན་པར་བཀའ་བསྩལ་བ་མ་ཟད། ལོ་ཤས་སྔོན་མགོན་པོ་མཆོག་ཨི་ཊ་ལི་རྒྱལ་ས་ Rome ནང་དུ་ནོ་སྦེལ་ཞི་བདེའི་དེད་དཔོན་གྱི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་སྐབས་རྡུལ་ཕྲན་མཚོན་ཆའི་ཉེན་ཚབས་སྐོར་གླེང་སློང་བྱུང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་རྡུལ་ཕྲན་མཚོན་ཆ་མེད་པའི་འཚེ་མེད་ཞི་བའི་འཛམ་གླིང་ཞིག་བསྐྲུན་དགོས་རྒྱུར་ཚིག་སྐམ་པོ་བཤད་པ་ཙམ་གྱིས་ཕན་འབྲས་གང་ཡང་མེད་སྟབས། འཛམ་གླིང་ཞི་བདེའི་བདེ་དེད་དཔོན་ཚོས་ཐུགས་འགན་གཙོ་བཞེས་ཐོག་གོ་མཚོན་མེད་པའི་ལས་འགུལ་ཤུགས་ཆེ་སྤེལ་གནད་ཡིན་པར་ལམ་སྟོན་བསྩལ་དོན་བཞིན་འདི་ལོར་རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་དེད་དཔོན་པོས་སྣེ་ཁྲིད་འོག་རྒྱལ་ལ་ལྡི་ལིར་ནོ་སྦེལ་ཞི་བདེའི་དེད་དཔོན་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང། དེའི་ཐོག་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་དང་ George W Bush སྐུ་གཞོན་རྣམ་གཉིས་ཀྱང་ཕེབས་ཐུབ་པར་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་བསྩལ་འདུགརྩ་བའི་དེ་རིང་སྔ་དྲོ་ལས་རིམ་དབུ་འཛུགས་དང་བསྟུན་༸གོང་ས་མཆོག་གིས་དེང་སང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་ཡོད་པའི་འཛམ་གླིང་འདིའི་ནང་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་སྟབས། ཚན་རིག་པའི་ཉམས་ཞིབ་ཁྲོད་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་ར་འཕྲོད་གསལ་པོ་ཆགས་དོན་ལྟར་ང་ཚོ་དང་ཁོང་ཚོ། ཆོས་ལུགས་དང་རྒྱལ་ཁབ་སོགས་རིམ་པ་གཉིས་པའི་ཁྱད་པར་ལ་དོ་སྣང་གནང་བ་ལས་འགྲོ་བ་མི་ཀུན་གཅིག་གྱུར་ཡིན་པའི་འདུ་ཤེས་ལ་དོ་སྣང་ཆེ་བ་གནང་གནད་ཡིན་པ་དང་། དེའང་བྱམས་བརྩེའི་གཞི་རྩ་ཡོད་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ལ་དམིགས་གསལ་གྱི་འགན་ཡོད་པའི་ལམ་སྟོན་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུ་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་འཕྲོས་ནས་དེང་སྐབས་ཀྱི་རྒྱ་གར་ནང་དཔལ་ནཱ་ལེནྡཱའི་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་སླར་གསོ་མཛད་བཞིན་ཡོད་པ་བཅས་བཀའ་བསྩལ་ཡོད་པ་མ་ཟད། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་དགོས་གལ་ཡིན་པ་དང་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་སྦྱོང་སྤྲད་དགོས་པར་བཀའ་བསྩལ་ཡོད།རྩ་བའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Deepak Chopra ལགས་ནི་རྒྱ་གར་ནང་འཁྲུངས་པའི་ཨ་རིའི་མི་སེར་ཡིན་པ་མ་ཟད། སྨན་བཅོས་ཀྱི་ཐབས་ལམ་གཞན་ལག་བསྟར་གོང་འཕེལ་ཐད་མཚན་སྙན་ལྡན་པའི་ཕྱག་ལས་གནང་མཁན་དང་། མང་ཚོགས་ལ་སེམས་འགུལ་ཐེབས་པའི་གསུང་བཤད་གནང་མཁན་སོགས་ཀྱི་ཁྱད་ཆོས་ལྡན་པའི་དེང་སྐབས་སུ་མི་སྣ་གཙོ་བོ་ཞིག་ཆགས་ཡོད་པ་རེད། དེ་སྔ་ཡང་ཁོང་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཐེངས་ཁ་ཤས་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༠༩ ལོར་ Forbes ལས་རིམ་ཐོག་ Deepak Chopra ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ནུས་པ་ལྡན་པའི་འཛམ་གླིང་གི་དགེ་རྒན་ཕུལ་དུ་བྱུང་བ་བདུན་གྱི་ནང་མཚན་བཏོན་གནང་མྱོང་ཡོད་པ་རེད།

༸གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ས་ཁྱི་ལོའི་བོད་ཟླ་ ༡༢ རྒྱལ་ཟླ་བའི་གནམ་གང་ཉིན་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་བཞད་ཀྱི་དགའ་བསུའི་འཚམས་འདྲི་བསྩལ་བ་དང་འབྲེལ། བོད་ཀྱི་བདེན་དོན་དེ་ནམ་ཡང་ཟུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་༸རྒྱལ་བའི་ཕོ་བྲང་དུ་ལོ་ན་ ༩༠ བརྒལ་བའི་བོད་མི་རྒན་རྒོན་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་བསྟུན། གཞིས་བྱེས་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་དུ་བཞད་པར་འཚམས་འདྲི་གནང་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་པ་རྒྱལ་སྤྱིའི་སྟེང་ངོམས་སུ་ཆོག་པ་དང་ཚང་མས་མ་སྐུལ་དོ་སྣང་བྱ་ཡུལ་དུ་འགྱུར་བཞིན་ཡོད་པ་དེ་གཙོ་བོ་གཞིས་ལུས་རྒྱ་ཆེ་མང་ཚགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ཆིག་སྒྲིལ་ངང་གནས་ཡོད་པར་བསྔགས་བརྗོད་མཛད་པ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་དེ་བདེན་པའི་ནུས་པ་འཁྱེར་ནས་རྩོད་པ་མ་གཏོགས་གོ་མཚོན་ཆ་འཁྱེར་ནས་རྩོད་ཀྱི་མེད་པས་བདེན་པའི་ནུས་པ་དེ་དུས་ཡུན་ཇི་ཙམ་འགོར་ཡང་དེ་ཚོད་ཤུགས་ཆེ་རུ་དང་གསལ་དུ་འགྲོ་གི་ཡོད་སྟབས། བོད་ཀྱི་བདེན་དོན་ནམ་ཡང་ཟུབ་རྒྱུ་མེད་པས་བོད་མི་རྣམས་བློ་བདེ་བབ་ཕེབས་ངང་བཞུགས་དགོས་པའི་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་དགུང་ལོ་བརྒྱ་ཙམ་བཞུགས་རྒྱུའི་སྨོན་ལམ་དང་ཐུགས་རེ་གནང་བཞིན་ཡོད་སྟབས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་སེམས་ཤུགས་མུ་མཐུད་བསྐྱེད་པའི་ཐོག་ཧུར་ཐག་གནང་དགོས་གལ་གྱི་སྐུལ་ལྕག་མཛད་ཡོད་པ་རེད། Photos by OHHDL

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡ ཚེས་ ༢༩ ཉིན་སྔ་དྲོ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་རྒྱ་གར་ཆབ་སྲིད་ཚོགས་པ་ Samata Party སྲོལ་གཏོད་པ་པོ་སྐུ་ཞབས་ George Fernandes མཆོག་དགུང་གྲངས་ ༨༨ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་སྐུ་ཟླ་ལྕམ་ Leila kabir ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགཐུགས་གསོའི་གསུང་འཕྲིན་དེའི་ནང་༸གང་ཉིད་མཆོག་གིས་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་མཆོག་ནི་རྒྱུན་རིང་ནས་བོད་ཀྱི་འཐབ་རྩོད་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་བརྟན་པོ་དང་། ཁོང་སྐུ་འཚོ་བཞུགས་སྐབས་སུ་གོ་སྐབས་དང་དུས་ཚོད་ནམ་བྱུང་ལ་བོད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་དོན་ལྟར་དཀའ་ངལ་འཕྲད་བཞིན་པའི་མི་སེར་རྣམས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ནི་རྒྱུན་དུ་རང་ཉིད་ཀྱི་ཕྱག་ལས་ནན་ཏན་ཐོག་ཕྱི་ནང་གི་བགེགས་རྐྱེན་ཡོངས་ལ་གདོང་ལེན་གནང་སྟེ་མི་སེར་དགོས་མཁོ་ཅན་རྣམས་ལ་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་པ་དང་། དམ་པ་ཁོང་ཆབ་སྲིད་ཀྱི་ཕྱག་ལས་ནས་དགོངས་ཞུ་གནང་རྗེས་སྔ་རྫེས་སུ་༸གང་ཉིད་མཆོག་དང་མཇལ་འཕྲད་ཡང་ཡང་བྱུང་ཡོད་པ་སོགས་དྲན་གསོ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དང་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ཆོས་ལུགས་ཀྱི་ཆ་ནས་ཐ་དད་ཡིན་ཀྱང་། མགོན་པོ་༸གང་ཉིད་མཆོག་ནང་པ་ཞིག་ཡིན་པའི་ཆ་ནས་དམ་པ་ཁོང་སྐྱེ་བ་མྱུར་དུ་བཞེས་ཏེ་སླར་ཡང་རང་རྒྱལ་ཁབ་དང་ལྷག་པར་དུ་ཆེས་དམིགས་བསལ་གྱི་ཞབས་ཞུ་གནང་དགོས་པ་དག་ལ་སྤྱི་སྨན་གྱི་ཞབས་འདེབས་ཞུ་ཐུབ་པའི་གདེང་སྤོབས་ཡོད་ཅེས་བཀའ་བསྩལ་འདུག གཞི་རྩའི་སྐུ་ཞབས་ George Fernandes དམ་པ་མཆོག་ནི་ཕྱི་ལོ་ ༡༩༣༠ ལོར་རྒྱ་གར་ལྷོ་ཕྱོགས་ Manglore གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་། སྐུ་འཚོ་བཞུགས་རིང་ལ་སྤྱི་ཚོགས་ཞབས་ཞུ་དང་རྒྱ་གར་གྱི་གྲོས་འཐུས་མི་སྐབས་ ༩ གནང་ཡོད་པ་མ་ཟད། རྒྱ་གར་གྱི་བཟོ་ལས་བློན་ཆེན། མེ་འཁོར་འགྲིམ་འགྲུལ་བློན་ཆེན། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་ Pakistan དབར་བྱུང་བའི་ Kargil དམག་གི་སྐབས་སུའང་རྒྱ་གར་བདེ་སྲུང་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། ཁོང་བདེ་སྲུང་བློན་ཆེན་གནང་བའི་སྐབས་སུ་ཁོང་ནས་རྒྱ་གར་གྱི་དགྲ་བོ་ཨང་དང་པོ་ནི་རྒྱ་ནག་རེད་ཅེས་གསུངས་ཡོད་པ་དང་། དེ་ནི་རྒྱ་གར་གཞུང་གི་བློན་ཆེན་ཞལ་ནས་གསུངས་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་རེད། དམ་པ་ཁོང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་གྱི་ཐུགས་ཉེ་པོ་ཡོད་མཁན་ཞིག་དང་། འདས་པའི་ལོ་ངོ་བཞི་ཙམ་གྱི་གོང་ནས་དམ་པ་ཁོང་སྙུང་གཞི་བཞེས་ཡོད་སྟབས་སྨན་བཅོས་ཀྱི་གནང་སྒོ་ཁག་གནང་བཞིན་པའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་གི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་མཇལ་འཕྲད་དང་ཐུགས་སྨོན་སོགས་གནང་ཡོད་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱལ་ས་ལྡི་ལིར་ཚོགས་པའི་ཨེ་ཤ་ཡའི་མང་གཙོ་གོང་འཕེལ་དང་འབྲེལ་བའི་ལྷན་ཚོགས་ཐོག་སྐུ་ཞབས་ George Fernandes དམ་པ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་གནང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དམ་པ་ཁོང་དང་མཇལ་འཕྲད་ནམ་གནང་མཛད་ཀྱང་ ཁོང་གིས་བོད་ཀྱི་གནད་དོན་གླེང་སློང་གནང་གི་ཡོད་པ་དང་། རང་ཉིད་ཀྱི་ཡིད་ཆེས་ཡོད་པའི་ཕྱག་ལས་དེ་ལྷག་བསམ་རྣམ་དག་གི་ཐོག་ནས་གནང་མཁན་ཞིག་ཡིན་པ་སོགས་ཀྱི་ཆེ་བསྟོད་མཛད་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་སྐུ་ཞབས་དམ་ George Fernandes མཆོག་དགོངས་པ་རྫོགས་པར་ཐུགས་གསོ་དང་སྦྲགས། དམ་པ་ཁོང་ནི་རྒྱ་གར་གཞུང་གི་སྲི་ཞུ་བའི་ཕྱག་ལས་གནང་སྐབས་དང་། ཕྱིས་སུ་བགྲེས་ཡོལ་གནང་རྗེས་བོད་དོན་ཐོག་རྒྱབ་སྐྱོར་དང་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཆགས་ཡོད་པ་སོགས་འགྲེལ་གསུངས་པ་དང་ཆབས་ཅིག དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་ནི་བོད་མི་ཚོར་མཚོན་ན་བོད་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་མེད་པར་གྱུར་བ་རེད་ཅེས་གསུངས་འདུག

ཇིའུ་མི་རིགས་ཀྱི་དགེ་སློབ་དྲུག་ཅུ་ལྷག་ལ་བཀའ་སློབ་བསྩལ་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཆར་ཞུས་པའི་ཨ་རིའི་ Kivunim ཤེས་ཡོན་ལྟེ་གནས་ཁང་གི་ Jewish མི་རིགས་ཀྱི་དགེ་སློབ་དྲུག་ཅུ་ལྷག་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་མ་རྣམས་ད་རེས་འདིར་ཆེད་མངགས་༸གང་ཉིད་མཆོག་གི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བཞུགས་གནས་དྷ་རྨ་ས་ལར་ཆེད་བཅར་གནང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། འཛམས་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་རྣམས་ཨ་མའི་ནུ་གསོའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་སྟབས་ཇིའུ་ཤ་དང་ཡི་ཤུ། ཁ་ཆེ། ནང་པ། དེ་བཞིན་ཧིཾ་དུ་སོགས་ཀྱི་དབྱེ་འབྱེད་དེ་དག་དགོས་མེད་རེད་ཅེས་བཀའ་བསྩལ་ཡོད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་འགྲོ་བ་མིའི་འཚར་ལོངས་ཁྲོད་ལ་གཞན་གྱི་བྱམས་སྐྱོང་དང་བརྩེ་བ་འདོད་མཁན་ཤ་སྟག་ཡིན་པས་རྒྱུན་དུ་རང་ཉིད་ལ་བདེ་བ་འདོད་པ་ལྟར་འགྲོ་བ་གཞན་ལའང་བྱམས་སྐྱོང་དང་བརྩེ་བའི་ཐོག་ནས་སྐྱོང་དགོས་གལ་ཡིན་པ་དང་། རྣམ་ཀུན་ནས་ཁོང་ཁྲོའི་གཞན་དབང་དུ་སོང་ཚེ་གཞན་ལ་ཕན་རྒྱུ་མེད་པ་མ་ཟད། རང་ཉིད་ཀྱི་ལུས་པོའི་བདེ་ཐ་ངལའང་གནོད་ངེས་ཡིན་པ་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག ཕྱི་ལུས་པོའི་འཕྲོད་བསྟེན་ཐོག་དོ་སྣང་གནང་བ་བཞིན་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་དེ་མཚུངས་དོ་སྣང་གནང་སྟེ་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་གནད་ཡིན་པར་ལམ་སྟོན་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུ་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་འཕྲོས་ནས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་བསླབ་བྱ་གཙོ་བོ་བྱམས་བརྩེ་གསུང་མཁན་གཅིག་མཚུངས་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེང་སྐབས་Afganistan དང་ Syria སོགས་ཀྱི་ནང་ཁ་ཆེའི་ཆོས་ལུགས་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་ Sunni and Shia ཞེས་པའི་རྣམ་དབྱེ་ཐོག་ནས་དཀའ་རྙོག་དང་། Egypt གཙོ་གྱུར་རྒྱལ་ཁབ་ཁག་གཅིག་ཏུ་ཡི་ཤུ་དང་ཁ་ཆེའི་དབར་འཁྲུག་རྩོད་བྱུང་བ་མ་ཟད། ཆོས་ཀྱི་མིང་ཐོག་ནས་འཁྲུག་རྩོད་དང་མི་བསད་ཁྲད་སྦྱོར་འཚབ་ཆེན་འབྱུང་བཞིན་པ་དེ་ནི་བློ་ཕམ་གྱི་གནས་སྟངས་ཤིག་ཡིན་པར་བཀའ་བསྩལ་ཡོད།མགོན་པོ་༸གང་ཉིད་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། དེ་བཞིན་ནཱ་ལེནྡཱའི་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་སླར་གསོ་མཛད་བཞིན་ཡོད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་གྱི་མཛད་འཁུར་བཞེས་བཞིན་ཡོད་པ་སོགས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་སློབ་མ་ཁག་ཅིག་ནས་མགོན་པོ་མཆོག་ལ་སྐྱབས་བཅོལ་ནང་ཕེབས་པའི་རྗེས་སུ་ཤུགས་རྐྱེན་ཆེ་ཤོས་གང་བྱུང་ཡོད་མེད་པ་དང་། དྲྭ་རྒྱའི་དུས་སྐབས་འདིར་སེམས་པ་རྩེ་གཅིག་ཏུ་གནས་ཐབས་ཇི་ལྟར་བྱེད་དགོས་པ་སོགས་དང་འབྲེལ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་རིག་གཞུང་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་བོད་པའི་ནང་ཆོས་ལས་ཚན་རིག་དང་ལྟ་གྲུབ་གཉིས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཚན་རིག་མཁས་པ་དུ་མའི་ལྷན་དུ་གྲོས་བསྡུར་གནང་ནས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད་ཤེས་ཡོན་སྡེ་ཁག་ཏུ་སློབ་ཚན་གྱི་ངོ་བོར་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ལྡན་ཡོད་པ་སོགས་བཀའ་ལན་མཛད་ཡོད།གཞི་རྩའི་ Kivunim ཤེས་ཡོན་ལྟེ་གནས་ཁང་ནས་འདས་པའི་ལོ་ངོ་ ༣༠ ཙམ་གྱི་གོང་ནས་ཤེས་ཡོན་ལྟེ་གནས་ཁང་དེའི་སློབ་མ་ཁག་གཅིག་སློབ་གྲྭའི་གུང་གསེང་དང་བསྟུན་བཞུགས་སྒར་གཙོས་པའི་རྒྱ་གར་གྱི་ས་གནས་ཁག་ཅིག རིག་གཞུང་དང་འབྲེལ་བ་ཆེ་བའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་གི་ས་གནས་ཁག་གཅིག་ལ་ཆེད་བཅར་གནང་གི་ཡོད་པ་རེད། ས་གནས་དེ་དག་གི་ཡུལ་གོམས་གཤིས་ལུགས་དང་སྐད་ཡིག་ཐོག་སློབ་སྦྱོང་གནང་གི་ཡོད་པ་མ་ཟད། ཁོང་རྣམས་ནས་ད་རེས་བཞུགས་སྒར་དུ་ཉིན་གྲངས་ལྔ་ཙམ་རིང་བཞུགས་ཀྱི་ཡོད་པ་ལྟར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྒོམ་གྲུབ་ཉམས་ལེན་དང་བོད་ཀྱི་རྒྱལ་རབས་སོགས་ལ་སློབ་གཉེར་གནང་གི་ཡོད་པ་རེད།

རྒྱ་གར་གྱི་ན་གཞོན་རྣམས་ནས་ནཱ་ལེནྡཱི་རིག་གནས་ཐོག་དམིགས་བསལ་དོ་སྣང་གནང་དགོས།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ན་གཞོན་བོད་དོན་ཉམས་ཞིབ་པའི་ཚོགས་འདུ་ཐོག་བཅར་བའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་ནས་དར་བའི་དཔལ་ནཱ་ལེནྡཱི་རིག་གནས་དེ་དག་ཆོས་ཀྱི་གནད་དོན་ཙམ་མིན་པར་རིག་གནས་དེ་དག་ལས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་། འཚེ་བ་མེད་པའི་ལྟ་གྲུབ། དེ་བཞིན་འགྲོ་བ་མིའི་སེམས་ཚོར་དྲག་པོ་ལ་གདོང་ལེན་གནང་སྟངས་སོགས་ནི་དེང་གི་དུས་སྐབས་འདིར་ཤིན་ཏུ་གནད་ཆེ་དང་བེད་སྤྱོད་ཡོད་པ་སོགས་ངོ་སྤྲོད་མཛད་པ་དང་སྦྲགས། རྒྱ་གར་གྱི་ན་གཞོན་རྣམས་ནས་རང་ཉིད་ཀྱི་ཕ་ཡུལ་ནས་དར་བའི་རིག་གནས་དེ་དག་ཐོག་དོ་སྣང་དམིགས་བསལ་གནང་སྟེ་བེད་སྤྱོད་ཐུབ་པ་ཞིག་གནང་དགོས་ཞེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་ད་ལྟའི་ཆ་ལ་ནཱ་ལེནྡཱི་རིག་གནས་དེ་དག་ཐོག་མར་དར་ཡུལ་རྒྱ་གར་གར་ཕགས་པའི་ཡུལ་དང་ནང་པ་མང་པོ་ཡོད་ས་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནས་ཀྱང་བདག་གཅེས་དེ་ཙམ་གནང་ཐུབ་མེད་ཀྱང་། བོད་པའི་ངོས་ནས་རིག་གནས་དེ་དག་བདག་གཅེས་གནང་བ་ཙམ་མ་ཟད་ལོ་ངོ་ ༣༠ ལྷག་གི་རིང་ལ་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་གྲོས་མོལ་གནང་འབྲས་སུ་ཕྱོགས་གཉིས་དབར་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་ན་གཞོན་ཉམས་ཞིབ་པ་ཁག་གཅིག་ནས་བོད་དོན་དང་འབྲེལ་བའི་གནད་དོན་གང་གི་ཐོག་ལ་ཉམས་ཞིབ་གནང་ན་དགེ་མཚན་ཆེ་བ་ཡོད་མེད་དང་། ནང་ཆོས་ཀྱི་ཐོག་ནས་མ་འོངས་པའི་འཛམ་བུ་གླིང་ལ་ཕན་ཐོགས་གང་འདྲ་བསྒྲུབ་ཐུབ་མིན་སོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་དག་གིས་བོད་མི་ཚོར་དམིགས་བསལ་གྱི་གདེང་ཚོད་དང་སེམས་ཤུགས་འཕར་མ་བསྐྲུན་ཐུབ་ཡོད་སྟབས། ད་བར་བོད་མི་ཚོར་ཆབ་སྲིད་ཀྱི་དཀའ་ངལ་དང་ལྷག་པར་དུ་རྒྱ་ནག་གཞུང་ནས་དངུལ་དང་བསམ་བློའི་སློབ་གསོ་ག་ཚོད་སྤྲད་ཀྱང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཐུབ་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ་ནས་བོད་པའི་རིག་གནས་དེ་དག་གི་གཞི་རྩ་གཙོ་བོ་གཅིག་ནི་ནཱ་ལེནྡཱི་རིག་གནས་ཡིན་པས་དེའི་ཐོག་ཉམས་ཞིབ་མང་ཙམ་གནང་དགོས་པར་བཀའ་ལན་མཛད་ཡོད།༸གང་ཉིད་མཆོག་གིས་རྒྱུན་དུ་ནང་ཆོས་འདི་ནང་པའི་ཆོས་དང་ནང་པའི་ཚན་རིག དེ་བཞིན་ནང་པའི་ལྟ་གྲུབ་བཅས་དབྱེ་བ་གཙོ་བོ་གསུམ་ལ་ཕྱེ་གནང་གི་ཡོད་པ་ལྟར་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀྱི་ནང་ལ་གཙོ་བོ་སེམས་ཀྱི་རྣམ་གཞག་དང་ཚན་རིག་གི་རྣམ་གཞག་སྐོར་གསུངས་ཡོད་པར་བརྟེན་བར་སྐབས་ཤིག་ནས་བོད་པའི་དགོན་སྡེ་གྲྭ་ཚང་དང་། ཉེ་དུས་ནས་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁག་གཅིག་ཏུ་སློབ་ཚན་གྱི་ངོ་བོར་གཏན་འབེབས་གནང་ཡོད་པ་སོགས་བཀའ་བསྩལ་དང་སྦྲགས། གང་ཟག་སུ་འདྲ་ཞིག་ཡིན་རུང་དེ་གཉིས་ཐོག་སློབ་གཉེར་གནང་རྒྱུ་དང་མང་ཚོགས་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཀའ་ནན་བསྩལ་ཡོད། གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་འདིའི་ཐོག་ང་ཚོས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་དགོངས་པ་བཞེས་དགོས་གནད་ཡིན་པ་མ་ཟད། ང་དང་ཁྱོད་ཅེས་ཕན་ཚུན་དབར་རིམ་པ་གཉིས་པའི་ཐོག་ནས་ངལ་བ་དེ་དག་འཕྲད་བཞིན་ཡོད་སྟབས་དེ་ནི་འཁྲུག་རྩོད་ཀྱི་གཞི་རྩ་ཡིན་པ་སོགས་བཀའ་བསྩལ་བ་དང་འབྲེལ། ང་ཚོ་བོད་མི་ཚོས་ཀྱང་རྒྱ་ནག་དང་བོད་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་བསམ་བློ་བཏང་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་དང་། ང་ཚོས་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་པ་དེ་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་ལའང་གསལ་ཡོད་པས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་མིན་་སྐོར་བཀའ་བསྩལ་ཡོད།ལྷག་དོན་ད་ལྟའི་ཆར་རྒྱ་ནག་རང་གི་ནང་དུ་དཀའ་ངལ་གཙོ་བོ་འཕྲད་བཞིན་པ་ནི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་ཡིན་པ་དང་། ལམ་ལུགས་དེ་ད་ལྟའི་རྒྱལ་སྤྱིའི་གནས་བབས་ཐོག་ནས་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་ཤིག་རེད་ཅེས་ལམ་སྟོན་མཛད་ཡོད།

Latest news