Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བའི་ཁུལ་གྱི་ཉིན་གྲངས་གསུམ་རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཁ་སང་མུམ་བའི་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་དང་། དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་ཐོག་ཆིབས་ཞལ་བསྒྱུར་གནང་སྟེ། འདི་ག་གནས་མཆོག་རྡོ་རྗེ་གདན་དུ་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་སོང་། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་༸ཞབས་སོར་འཁོད་སྐབས། གནས་མཆོག་འདིར་འཛམ་གླིང་ཡུལ་འགྲུ་འདྲ་མིན་ཁག་དང་། ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད། དེ་བཞིན་རྒྱ་གར་གྱི་ས་གནས་གང་ས་ནས་ཆོས་ཞུ་བ་མང་པོ་ཞིག་ཆེད་འབྱོར་བྱུང་ཡོད་པ་ལྟར། ཆོས་ཞུ་བ་དེ་དག་གིས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་ཞིམ་གདུག་སྤོས་སོགས་བསྣམས་ནས་༸གང་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང་། མཛད་འཆར་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༨ བར་འདི་ག་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་བཞུགས་ཞག་མཛད་རྒྱུ་ཡིན་པ་མ་ཟད། ཟླ་བ་གཅིག་ཙམ་རིང་གི་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་ཞག་དེའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཆོས་འབྲེལ་ཁག་གཅིག་དང་། དེ་བཞིན་བརྟན་བཞུགས་བསྟར་འབུལ། ཚོགས་འདུ་ཁག་གཅིག་བཅས་སུ་དབུ་བཞུགས་ཀྱི་མཛད་འཆར་ཡོད་པ་ལྟར། འབྲེལ་ཡོད་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་ཆོས་ཞུ་བ་མི་གྲངས་ལྔ་ཁྲི་ལྷག་ཙམ་ཞིག་ཕེབས་རྒྱུར་ཚོད་དཔག་གནང་གི་འདུག མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཕྱྭ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་འོག་སྔར་ལྷག་གྲ་སྒྲིག་ཚགས་ཚུད་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ད་ལྟ་བར་མཛད་འཆར་ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་ཆིབས་བསྒྱུར་མཛད་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ཀིརྟི་བྱིས་པ་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ཀྱི་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་མཁས་པའི་བགྲོ་གླེང་དབུ་འབྱེད་བཀྲིན་བསྩལ་གནང་གི་ཡོད་པ་དང་། བགྲོ་གླེང་གི་ལྷན་ཚོགས་དེའི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་སེར་སྐྱ་ཕོ་མོ་མཁས་པ་ཁག་གཅིག་ནས་ལྷན་ཞུགས་གནང་གི་ཡོད་པ་རེད། ཕྱི་ཚེས་ ༢༢ ཉིན་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་གསོལ་འདེབས་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཉིན་གྲངས་གཉིས་རིང་འཚོགས་རྒྱུའི་པཱ་ལི་ཆོས་བརྒྱུད་དང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འབྱེད་བཀྲིན་བསྩལ་གནང་གི་ཡོད་པ་དང་། ཕྱི་ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་མགོན་པོ་༸གང་ཉིད་མཆོག་ནས་དུས་འཁོར་དབང་ཆེན་གྱི་ཆོས་རྭའི་ནང་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བཀྲིན་བསྩལ་གྱི་ཡོད་པ་དང་། ཆོས་སྐོར་དེ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་ནུས་པ་རྣམས་ཀྱི་ཆེད་དུ་དམིགས་བསལ་བཀྲིན་བསྩལ་བ་ཞིག་ཡིན་པ་རེད། ཕྱི་ཟླ་ ༡༢ ཚེས་ ༢༨ ནས་ ༣༡ བར་མགོན་པོ་༸གང་ཉིད་མཆོག་ནས་ཆོས་ཞུ་བ་མང་ཚོགས་ལ་ཚད་མ་རྣམ་འགྲེལ་དང་། ལག་ལེན་སོ་བདུན་མའི་གསུང་ཆོས་བཀྲིན་བསྩལ་གྱི་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ལ་སྟོད་ཤེལ་དཀར་ཆོས་སྡེ་དང་འབྲེལ་ཡོད་དགོན་ཁག་ཤེལ་དཀར་མངའ་ཞབས་སེར་སྐྱ་མང་ཚོགས་བཅས་ནས་བརྟན་བཞུགས་བསྟར་འབུལ་རྒྱུ་སོགས་ཐུགས་གཏན་ཁེལ་ཡོད་པ་རེད། ཕྱི་ལོ་ ༢༡༠༩ ཟླ་ ༡ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཕྱིར་བཞུགས་སྒར་དྷ་སར་ཆིབས་བསྒྱུར་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ།

རྒྱ་གཞུང་གི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཟླ་བ་འདིའི་ཚེས་ ༡༢ ནས་ ༡༤ བར་བཅས་ཉིན་གྲངས་གསུམ་བསྟུད་མར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ནས་ཆོས་ལུགས་དང་ཆབ་སྲིད། བྱེད་ཐབས་བཅས་ཀྱི་ཐོག་ནས་སླར་མཚན་སྨད་ཤུགས་ཆེ་ཞུས་འདུག དེའང་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་དཔྱད་རྩོམ་དེའི་ནང་གཙོ་བོ་ཆོས་ལུགས་ཀྱི་ཆ་ནས་བཅོས་མའི་རང་བཞིན་དང་བྱེད་ཐབས་ཀྱི་ཆ་ནས་མགོ་སྐོར་རང་བཞིན། ཆབ་སྲིད་ཀྱི་ཆ་ནས་ངོ་ལོག་རང་བཞིན་བཅས་སྡེ་ཚན་གསུམ་དབྱེ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུས་འདུག་པ་མ་ཟད། ༸གང་ཉིད་མཆོག་ནི་བོད་རང་བཙན་གྱི་ལྐོག་གཡོ་བྱེད་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། དེ་བཞིན་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་སྤྱིའི་གཞི་རྩ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་ཡིན་པ་ཙམ་མ་ཟད། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་འཚོང་བ་རེད་ཅེས་བརྗོད་འདུག ལྷག་པར་དུ་ཏཱ་ལའི་བླ་མས་ད་བར་དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་བརྒྱུད་ནས་དོན་ངོ་མར་རང་བཙན་ཐོབ་ཐབས་བྱས་ཏེ་རྒྱ་གཞུང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། བོད་དུ་བཀས་བཀོད་རྒྱུན་འཛིན་དང་གྲལ་རིམ་གྱི་དབང་སྒྱུར་གནས་བབ་སླར་གསོ་བྱེད་བཞིན་པ་སོགས་བརྗོད་ནས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་མིའི་བསམ་སྤྱོད་ལས་འདས་པ་ཞུས་ཡོད་པ་རེད། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་བའི་ཆར་རྒྱ་གཞུང་དང་ནུབ་ཕྱོགས་ཀྱི་རང་དབང་མང་གཙོ་རྒྱལ་ཁབ་དབར་འགལ་ཟླ་ཤུགས་ཆེ་འབྱུང་བཞིན་པ་དང་ལྷག་དོན་རྒྱ་ནག་རྒྱལ་ནང་དུ་མི་རིགས་རིང་ལུགས་ཀྱི་གནད་དོན་དེའང་ཚ་ཚ་འུར་འུར་ངང་སློང་བཞིན་པའི་དུས་མཚམས་འདིར་རྒྱ་གཞུང་གིས་ད་རེས་སླར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཡིན་ཚུལ་བརྗོད་ནས་མཚན་སྨད་ཞུས་ཐབས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གང་ཉིད་མཆོག་རྒྱ་རིགས་མང་ཚོགས་ཁྲོད་ནག་པོ་བཟོ་ཐབས་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ནས་རང་ཉིད་ཀྱི་མ་འོངས་མདུན་ལམ་དང་གོ་གནས་བཅས་ཀྱི་སླད་ཡུལ་དེའི་ནང་མར་ཁེ་སི་རིང་ལུགས་ཀྱི་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་ཕྱིར་ཡིན་པར་ནན་བརྗོད་དང་ཆབ་ཅིག ད་ཆ་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་ནས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ་ཆེན་པོ་ཆགས་སྐོར་གསུངས་སོང་། སྤྱིར་གནད་དོན་དེའི་ཐད་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་། ད་རེས་རྒྱ་གཞུང་གིས་༸གོང་ས་མཆོག་ལ་སླར་ཡང་མཚན་སྨད་ཞུས་པའི་ཆེད་རྩོམ་སྤེལ་བ་དེ་ནི་ཡོང་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་དང་བསྟུན་ནས་བོད་ནང་གི་བོད་མི་ཚོར་ཉེན་བརྡ་གཏང་ཕྱིར་ཡིན་པར་འགྲེལ་བརྗོད་གནང་བཞིན་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Mumbai གྲོང་ཁྱེར་ནང་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་ཁ་སང་གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གསུང་བཤད་ལས་རིམ་ཐོག་དབུ་བཞུགས་མཛད་ནས་༸གང་ཉིད་མཆོག་གིས་མི་ལོ་ ༧༠ རྗེས་སུའང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད་པ་བཀའ་བསྩལ་བ་དང་སྦྲགས་ཏེ། དེ་སྔ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་འདོད་ཀྱི་ཡོད་ཀྱང་ད་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པར་བསྐྱར་ནན་མཛད་འདུག

༸གོང་ས་མཆོག་གི་གྲོང་ཁྱེར་མུམ་བའི་ནང་གི་མཛད་འཆར་ལེགས་གྲུབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མུམ་བའི་ནང་རྟེན་གཞི་བྱས་པའི་  IIT རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་དབུ་བཞུགས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གནས་འོས་བབ་སྐོར་བཀའ་སློབ་བཀའ་འདྲིན་བསྩལ་བ་དང་སྦྲགས། གྲོང་ཁྱེར་ མུམ་བའི་ནང་གི་ཉིན་གྲངས་གསུམ་རིང་གི་མཛད་འཆར་ལེགས་གྲུབ་མཛད་ཡོད་པ་རེད།དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་ཚོུད་ ༡༠ སྟེང་ Mumbai IIT འམ་འཕྲུག་རིག་མཐོ་སློབ་ཀྱི་ངེས་སྟོན་པ་སློབ་དཔོན་ Devang V. Khakhar ལགས་ནས་མགོན་པོ་༸གང་ཉིད་མཆོག་མཐོ་སློབ་ཀྱི་ཚོགས་ཁང་ཆེན་མོར་གདན་འདྲེན་ཞུས་ཡོད་པ་རེད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་གལ་གནད་དང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་སོང་བའི་དེང་གི་འཛམ་གླིང་ཐོག་ནང་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་འཕྲོད་བསྟེན་བཅས་ཀྱི་གལ་འགངས་ཇི་ཆེ་ཐོག་ལམ་སྟོན་རྒྱ་ཆེ་བཀྲིན་བསྩལ་བ་དང་ཆབས་ཅིག རྒྱ་གར་ལ་གོ་ལ་སྤྱིར་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་དམིགས་བསལ་གྱི་ཁྱད་ནུས་ལྡན་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་གིས་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དབུ་བརྙེས་ཏེ་ལོ་ངོ་ ༡༠ འཁོར་བ་ལ་འཚམས་འདྲི་མཛད།

སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་ཆེ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དབུ་བརྙེས་ཏེ་ལོ་ངོ་ ༡༠ འཁོར་བའི་དུས་སྟོན་ཐོག་དགའ་བསུའི་འཚམས་འདྲི་བསྩལ་བ་དང་འབྲེལ། ཚོགས་ཆུང་དེའི་ངོས་ནས་གཞན་གྱི་བཙན་གནོན་འོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མྱོང་བཞིན་པ་ཚོའི་གནས་སྟངས་འབུར་འདོན་སླད་ད་བར་ཕྱག་ལས་རླབས་པོ་ཆེ་གནང་ཡོད་པར་ཡི་རང་བསྔགས་བརྗོད་མཛད་འདུག དེའང་ཕྱི་ཚེས་ ༡༡ ཉིན་ Tom Lantos Human Rights Commission ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེའི་དྲྭ་རྒྱའི་ཐོག་བཀོད་པའི་འཚམས་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ཏུ་ཨ་རི་རྒྱལ་ཁབ་དེ་མང་གཙོ་དང་རང་དབང། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཅིག་དང་། ལྷག་པར་དུ་འཛམ་གླིང་ཁྱོན་ལ་ཞི་བདེ་གོང་འཕེལ་སླད་རང་དབང་ལྡན་པའི་རྒྱལ་ཁབ་རྣམས་སྣེ་ཁྲིད་གནང་མཁན་་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་མཛད་ཀྱི་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གང་ཟག་སྒེར་གྱི་རང་དབང་ཐེ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་སྔ་ཕྱི་བར་གསུམ་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཀྱང་མཛད་འདུག ལྷག་དོན་ཚོགས་ཆུང་དེའི་ངོས་ནས་ད་བར་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་མུ་མཐུད་གསལ་འདོན་གནང་བར་བཀྲིན་ཆེ་ཞེས་བཀའ་བསྩལ་བ་དང་འབྲེལ། ཁྱེད་རྣམས་ཀྱིས་ཕྱག་ལས་གནང་བ་དེ་བརྒྱུད་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བོད་ནང་རང་དབང་མེད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ལའང་བོད་མི་ཚོར་ཆེ་མཐོང་དང་གུས་བརྩི་མ་ཞུས་ཚེ་དེ་སྲིད་དུ་རྒྱལ་སྤྱིའི་ཚོགས་སྡེའི་ཁྲོད་ནས་ཀྱང་རྒྱ་ནག་ལ་ཡི་རངས་ཀྱི་ཆེ་མཐོང་ཐོབ་དཀའ་བ་ཡིན་སྐོར་དྲན་སྐུལ་གནང་ཡོད་པར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་འགྲོ་བ་མི་ཚང་མས་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་། ཆེ་མཐོང་བཅས་ འདོད་ཀྱི་ཡོད་པ་བཞིན་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ནི་འགྲོ་བ་ཀུན་གྱི་གནད་དོན་ཞིག་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། དེའི་ཐོག་ཕྱག་ལས་རླབས་ཆེན་གནང་མཁན་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་དང་ Randy Hultgren ལགས་རྣམ་གཉིས་ཀྱིས་དབུས་པའི་ཚོགས་ཆུང་དེའི་ནང་སྔ་ཕྱི་བར་གསུམ་དུ་ཕྱག་ལས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུའི་བཀའ་བསྩལ་འདུག དེང་སྐབས་འགྲོ་བ་ཡོངས་ནས་འཛམ་གླིང་དེའི་ཐོག་རླབས་ཆེན་དང་གོང་འཕེལ་གྱི་འགྱུར་ལྡོག་ཅིག་འགྲོ་བར་འདོད་པ་དང་། དེའང་བཟང་སྤྱོད་དང་ཤེས་རབ་ཀྱི་རིན་ཐང་ལྡན་པའི་ཐོག་ནས་ཞི་འགྲིག་དང་གྲོས་མོལ། འཚེ་མེད་ཞི་བདེ་བསྐྱར་གསོ། འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཆེ་མཐོང་། དེ་བཞིན་འགྲོ་བ་མིའི་འོས་འགན་སོགས་རྒྱུན་འཛིན་ཐུབ་པའི་འགྱུར་བ་ཞིག་ཡོང་བར་འབད་སྒུག་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་འདུག ང་ཚོས་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་ཐབས་དང་དེའི་མི་རབས་གསར་པའི་སྒོ་གསུམ་གྱི་ཀུན་སྤྱོད་སོགས་གོང་འཕེལ་དང་རང་དབང་སླད་དགོས་དམིགས་གཙོ་བོ་གཟུང་དགོས་པ་ལྟར་། Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་དེའི་ཐད་ཕྱག་ལས་ཇི་གནང་ཐམས་ཆད་བསམ་དོན་ཡིད་བཞིན་འགྲུབ་པའི་ཐུགས་སྨོན་མཛད་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Lantos ལགས་དང་ John Edward Porter ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༡༩༨༣ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་དེའི་རྐང་འགན་བཞེས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་ནས་སྐུ་ཞབས་ Tom Lantos ལགས་དམ་པ་དེ་ཉིད་ཀྱི་མཚན་གནས་རྗེས་འབྲེལ་དང་འབྲེལ་ཚོགས་ཆུང་དེར་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཞེས་ངོས་བཞེས་གནང་ཡོད་པ་ཞིག་རེད་འདུག

གནས་མཆོག་རྡོ་རྗེ་གདན་དུ་༸སྐུ་ཕྱྭའི་སྲུང་སྐྱོབ་གྲ་སྒྲིག་རྒྱ་ཆེར་གནང་བཞིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་འཆར་ཡོད་པ་དང་བསྟུན། ས་གནས་ཉེན་རྟོག་རུ་ཁག་གིས་༸སྐུ་ཕྱྭའི་བདེ་འཇགས་དོ་དམ་གྱི་ལས་གཞི་རྒྱ་ཆེར་གྲ་སྒྲིག་གནང་ནས་གྲོང་ཚོ་ཡོངས་སུ་ཉེན་རྟོག་རུ་ཁག་འགྲེམས་འཇོག་གནང་འདུག དེ་རིང་རྡོ་རྗེ་གདན་གྱི་ས་གནས་ཉེན་རྟོག་པས་རྒྱ་གར་གྱི་བརྒྱུད་ལམ་དུ་གསལ་བསྒྲགས་གནང་བར་གཞིགས་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་རྒྱུ་ཡིན་སྟབས། གྷ་ཡ་ཉེན་རྟོག་ལས་ཁང་གིས་གོ་སྒྲིག་གནང་ཐོག་ཁུལ་དེར་བདེ་སྲུང་དམག་མི་ ༨༠༠ ལྷག་འགྲེམས་འཇོག་གནང་ཟིན་ཡོད་པ་མ་ཟད་དམག་མི་ ༢༠༠ ལྷག་འཕར་མ་ཆེད་གཏོང་དགོས་པའི་ཞུ་འབོད་ཀྱིས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་བདེ་འཇགས་དོ་ནན་ཚགས་ཚུད་ཡོང་རྒྱུར་སྟ་གོན་གནང་བཞིན་འདུག རྩ་བའི་༸གོང་ས་མཆོག་སྔ་ལོར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་སྐབས་གསུང་ཆོས་རྭ་བའི་ཉེ་འཁྲིས་ནས་འབར་རྫས་གཉིས་རྙེད་སོན་གྱི་གནད་དོན་བྱུང་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཞིབ་འཇུག་གནང་མཐར་འབར་རྫས་འཇོག་མཁན་ནི་བྷང་ལ་དེ་ཤ་རྒྱལ་ཁབ་ནང་གི་དྲག་སྤྱོད་རུ་ཁག་ཞིག་གི་ཚོགས་མི་ཡིན་པ་ཤེས་རྟོགས་ཐུབ་ཡོད་པ་ལྟར། གནས་ཚུལ་དེའི་རིགས་འདི་ལོར་སླར་མི་ཡོང་བའི་སླད་༸སྐུ་ཕྱྭའི་སྲུང་སྐྱོབ་གྲ་སྒྲིག་རྒྱ་ཆེ་གནང་མུས་ཡིན་པ་རེད་འདུག གྷ་ཡ་ཉེན་རྟོག་རུ་ཁག་གི་འགོ་གཙོ་སྐུ་ཞབས་ Rajeev Mishra ལགས་ཀྱིས་ཁ་སང་ས་གནས་ཀྱི་བདེ་སྲུང་ཐད་ལ་ཞིབ་འཇུག་དང་འབྲེལ། རྡོ་རྗེ་གདན་གྱི་ཕྱོགས་ཡོངས་སུ་ཉེན་རྟོག་པ་ ༡༠༠༠ ལྷག་འགྲེམས་འཇོག་གིས་དུས་ཚོད་ངེས་མེད་ཐོག་དོགས་སྲུང་ལྟ་ཞིབ་ནན་པོ་གནང་རྒྱུ་མ་ཟད། ཉེན་རྟོག་རུ་ཁག་གི་དམག་དཔོན་དང་གྷ་ཡ་རྫོང་དཔོན་གཉིས་ཀྱིས་རྡོར་གདན་གྱི་མགྲོན་ཁང་དང་འགྲིམ་འགྲུལ་ཁང་སོགས་ཀྱི་མཚོན་པའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་ལམ་སྟོན་གནང་ནས་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་མི་མང་རྣམས་ས་གནས་སུ་འབྱོར་མ་ཐག་གང་ཟག་སྒེར་གྱི་ཐོ་འགོད་འགེངས་ཤོག་ངེས་པར་དུ་བསྐང་དགོས་ཡོད་པར་བཀའ་རྒྱ་གནང་ཡོད་པ་གསུངས་འདུག དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གྷ་ཡ་རྫོང་དཔོན་ལས་ཁུངས་དང་རྡོར་རྗེ་གདན་མཆོད་རྟེན་དོ་དམ་ལྷན་ཚོགས་སོགས་ལ་ཞུ་སྐུལ་གནང་སྟེ་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་ཞག་མཛད་རིང་ལ་༸སྐུ་ཕྱྭའི་བདེ་འཇགས་ཐོག་སྲུང་སྐྱོབ་འོས་འཚམས་གནང་དགོས་པར་འབོད་སྐུལ་ཞུས་ཡོད་པ་བཀོད་འདུག ༸གོང་ས་མཆོག་གི་མཛད་འཆར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་ཟླ་ ༡༢ ཚེས་ ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ནས་ཕྱི་ཟླ་དང་པོའི་ཚེས་ ༨ བར་དུ་༸སྐུ་བཞུགས་མཛད་རྒྱུ་ཡིན་པ་དང་། ༸གང་ཉིད་མཆོག་ནས་ཁུལ་དེར་བཞུགས་ཞག་གནང་རིང་ལ་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་བཀའ་ཆོས་དང་ས་གནས་དེའི་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་མཛད་སྒོ་ཁག་གཅིག་ལ་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

མི་ལོ་ ༧༠ རྗེས་སུའང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་ Mumbai གྲོང་ཁྱེར་ནང་དུ་གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གསུང་བཤད་ལས་རིམ་ཐེངས་ ༡༡ ཐོག་དབུ་བཞུགས་མཛད་པ་དང་འབྲེལ། བོད་ཀྱི་གནད་དོན་སྐོར་བཀའ་འདྲི་ཞུས་པར་མི་ལོ་ ༧༠ རྗེས་སུའང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད་པ་བཀའ་བསྩལ་འདུགདེ་རིང་ཟླ་ ༡༢ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་༸གོང་ས་མཆོག་གུ་རུ་ནཱ་ནཱཀ་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་པ་དང་འབྲེལ། མུམ་བའི་གྲོང་ཁྱེར་དུ་ཞི་རིམ་སློབ་གྲྭ་དང་འབྲིང་རིམ་སློབ་གྲྭ དེ་བཞནི་མཐོ་སློབ་ ༣༨ ཙམ་འཛིན་སྐྱོང་གནང་མཁན་གུ་རུ་ནཱ་ནཱཀ་སློབ་གཉེར་ཚོགས་པའི་ཚོགས་གཙོ་ Sardar Manjit Singh Ji Bhatti མཆོག་དང་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་ Sardar Tara Singh Ji ལགས། Sardar Raghubir Sing Ji Gill ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་མཛའ་བརྩེའི་དྲན་རྟེན་འབུལ་བཞེས་གནང་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་བསྩལ་འདུགབཀའ་སློབ་གྲུབ་མཚམས་སུ་ཚོགས་བཅར་བ་ཞིག་གིས་བོད་ཀྱི་གནད་དོན་ཐད་༸གོང་ས་མཆོག་གི་ཐུགས་རེ་ཇི་ཡོད་ཐད་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་རྒྱལ་ཚོགས་ནང་གྲོས་ཆོད་ཐེངས་གསུམ་ཙམ་བཞག་ཟིན་པའི་ལོ་ངོ་ ༧༠ ལྷག་ཙམ་གྱི་གནད་དོན་རྙིང་པ་ཞིག་ཡིན་ཀྱང་། རྒྱ་གཞུང་གིས་འཇམ་རྩུབ་དང་བསླུ་ཁྲིད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པར་ལྟོས་མེད་བོད་མིའི་སྙིང་སྟོབས་ལ་ཞུམ་པ་མེད་པར་བརྟེན་ནས་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད་པ་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ད་དུང་དེང་སྐབས་རྒྱ་གཞུང་གིས་ཤེས་ལྡན་མི་སྣ་དང་འགོ་ཁྲིད་ཚོས་རྒྱ་གཞུང་གིས་ས་འདས་པའི་ལོ་ ༧༠ ཙམ་གྱི་རིང་ལ་བོད་ནང་སྤེལ་བའི་སྲིད་བྱུས་རྣམས་ལམ་ལྷོང་བྱུང་མེད་པར་ངེས་རྙེད་བྱུང་ནས་དངོས་ཡོད་གནས་སྟངས་དང་མཚུངས་པའི་ཐབས་ལམ་ཐོག་དགོངས་བཞེས་གནང་གནད་ཡིན་པའི་བསམ་བློ་འཁོར་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག འཛམ་གླིང་ཆབ་སྲིད་འགྲོ་ལུགས་ལ་གཞིགས་ཚེ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་འཛིན་དེ་དག་མཐའ་འཁྱོལ་དཀའ་བས་རིམ་བཞིན་འགྱུར་ལྡོག་འགྲོ་ངེས་ཡིན་པར་ལམ་སྟོན་མཛད་འདུགརྩ་བའི་༸གོང་ས་མཆོག་གིས་དེ་རིང་གུ་རུ་ནཱ་ནཱཀ་མཐོ་སློབ་ཏུ་བཀའ་སློབ་བསྩལ་བའི་ཁྲོད་༸སྐུ་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་དང་རྒྱ་གར་རང་གི་ནང་དུ་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལནྡཱེའི་རིག་གནས་བསྐྱར་གསོ་མཛད་རྒྱུའི་ཐུགས་བསྐྱེད་བཅས་ངོ་སྤྲོད་མཛད་ཡོད་པ་དང་། རྒྱ་གར་གྱི་རིང་གཞུང་བཟང་པོ་འདིའི་ཐོག་ནས་ལོ་ངོ་སྟོང་ཕྲག་གོང་དུ་རྒྱ་གར་ནང་ཧིཾདུ་དང་ནང་པ། གཅེར་བུ་བ། ཁ་ཆེ་ སིཀ་སོགས་ཆོས་ལུགས་མང་དག་ཞི་བདེ་བག་ཕེབས་ཐོག་མཉམ་གནས་བྱེད་བཞིན་ཡོད་པར་བསྔགས་བརྗོད་དང་རྒྱ་གར་འདི་འཛམ་གླིང་ཐོག་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ཞིག་ཆགས་ཡོད་པར་བཀའ་བསྩལ་ཡོད་པ་རེད།

བཞུགས་སྒར་དྷ་ས་རྒྱལ་སྤྱིའི་ས་བཀྲ་ཐོག་འབུར་དུ་ཐོན་ཐུབ་པ་ནི་༸གོང་ས་མཆོག་གི་བཀའ་དྲིན་རེད།

ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། ཁ་སང་དགོང་དྲོ་ཚོུད་ ༥༌༠༠ མ་ཟིན་ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མངའ་སྡེའི་གྲོས་ཚོགས་སུ་ཆེད་བཅར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་མཛའ་བརྩེའི་འཚམས་འདྲི་མཚོན་ཆེད་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་སོང་། མཛའ་བརྩེའི་གསོལ་ཇ་ཞལ་ཏོག་འདེགས་འབུལ་གྱི་ལྷན་འཛོམས་དེའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Rajeev Bindal མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་བཅས་ཀྱིས་གཙོས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་བཅས་ཕེབས་འདུགསྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་ཧི་མཱ་ཅལ་མངའ་སྡེ་འདི་ནི་༸གང་ཉིད་མཆོག་གི་ནང་ལྟ་བུར་ངོས་བཞེས་མཛད་ཀྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་ཁྱེད་ནི་དུས་རྟག་ཏུ་ངོས་ཀྱི་སྤྱི་ཁྱབ་བློན་ཆེན་རེད་ཅེས་ཐུགས་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཞུགས་སྒར་དྷ་རྨ་ས་ལ་འདི་རྒྱལ་སྤྱིའི་ས་བཀྲའི་སྟེང་འབུར་དུ་ཐོན་ཐུབ་ཡོད་པ་རེད།ད་ལྟའི་ཆར་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཧི་མཱ་ཅལ་གྱི་མི་མང་དང་བོད་མི་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ལྟར་ང་ཚོས་འབྱུང་འགྱུར་ཡང་སྐྱིད་སྡུག་མཉམ་མྱོང་དང་། མཉམ་རུབ་ཀྱི་ཐོག་ནས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་རེད་ཅེས་གསུངས་ཡོད།དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བར། ཁོང་ད་རེས་ལྷན་འཛོམས་ཐོག་བཅར་དོན་གཙོ་བོ་ནི་བོད་པ་དང་ས་གནས་ཡུལ་མིའི་དབར་གྱི་འབྲེལ་བ་བཟང་པོ་ཡོད་པ་དེ་གོང་འཕེལ་གནང་རྒྱུ་དང་། ལྷག་པར་དུ་༸གོང་ས་མཆོག་ལ་གུས་བརྩི་དང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཕྱིར་ཆེད་ཕེབས་གནང་བ་ཡིན་ཞེས་གསུངས་ཡོད།   གཞི་རྩའི་ལྷན་འཛོམས་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པའི་དབར་ཕན་ཚུན་ངོ་སྤྲོད་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲིལ་བསྒྲགས་ཡིག་ཆ་ཁག་གཅིག་ཕུལ་ནས་བོད་ཀྱི་གནད་དོན་གསལ་བཤད་སོགས་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཚོགས་གཙོ་རྣམ་གཉིས་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་དང་འབྲེལ། བོད་མི་རྣམས་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་ལ་ཉེ་ཡང་རྒྱ་གར་གྱི་མངའ་སྡེའི་ཁག་ཏུ་ད་ལྟའང་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་མེད་སྐོར་འགྲེལ་བརྗོད་དང་ཆབས་ཅིག འབྱུང་འགྱུར་གྱི་དུས་ཚོད་དེའི་ནང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་དང་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་ཐོག་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།གཞི་རྩའི་ཧི་མཱ་ཅལ་མངའ་སྡེའི་དབྱར་ཁའི་གྲོས་ཚོགས་དེ་གྲོང་ཁྱེར་ Shimla དང་དགུན་ཁའི་ཚོགས་འདི་བཞུགས་སྒར་དུ་ཚོགས་གནང་གི་ཡོད་པ་དང་། ཐེངས་འདིའི་དགུན་དུས་ཀྱི་གྲོགས་ཚོགས་འདི་ཟླ་ ༡༢ ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་གནངས་ཚེས་ ༡༥ བར་ཚོགས་ཀྱི་ཡོད་པ་དང་། ཧི་མཱ་མངའ་སྡེའི་གྲོས་ཚོགས་འདི་ནི་རྒྱ་གར་གྱི་ eVidhan ཞེས་ཤོག་བུ་མེད་པའི་གྲོས་ཚོགས་ཆེས་ཐོག་མ་དེ་ཡིན་པ་རེད།

དུས་རབས་ཉེར་གཅིག་འདི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་སྒྱུར་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་མུམ་བའི་ནང་ཉིན་གྲངས་གསུམ་རིང་གི་མཛད་འཆར་དབུ་འཛུགས་དང་སྦྲགས། དེ་རིང་མུམ་བའི་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་གཞུང་ནས་གསུངས་པའི་རྒྱུ་འབྲས་མན་ངག་བདུན་གྱི་བྱམས་པ་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དུས་རབས་ཉེར་གཅིག་འདི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་སྒྱུར་དགོས་ཞེས་ལམ་སྟོན་མཛད་འདུག དེ་རིང་མུམ་བའི་ནང་རྟེན་གཞི་བྱས་པའི་མུམ་བའི་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁུལ་དེའི་ Green Technology Auditorium ཞེས་པའི་ཚོགས་ཁང་ཆེན་མོར་རྒྱལ་སྤྱིའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་དུས་རབས་དེའི་ནང་རྒྱལ་ཞེན་དང་ཆོས་ལུགས་སོགས་ཀྱི་གནད་དོན་ཐོག་ནས་མི་སྟོང་ཕྲག་མང་པོ་བསད་རེས་བཏང་ཡོད་པ་རེད།ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསུངས་པར་དུས་རབས་ཉི་ཤུའི་ནང་དམག་འཁྲུག་སོགས་ཀྱི་ཁྲོད་ཁྱོན་མི་ས་ཡ་ ༢༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་ལྟར། ད་ལྟའི་དུས་རབས་འདིའི་ནང་ Iraq གཙོ་གྱུར་རྒྱལ་ཁབ་ཁག་གཅིག་གི་ནང་དུ་འཁྲུག་འཛིང་དང་མི་བསོད་ཁྲག་སྦྱོར་གྱི་གནད་དོན་འཕྲད་སྐབས། རྒྱལ་ཁབ་མང་དག་ཅིག་ནས་དེར་སྐྱོན་བརྗོད་བྱས་ཡོད་པ་དང ། དམག་ཆེན་གཉིས་པ་དང་གྲང་དམག་གི་རྗེས་སུ་རང་རང་སོ་སོའི་རྒྱལ་ཁ་ལས་ཕན་ཚུན་བསམ་ཤེས་ཀྱི་བློ་འཛིན་མཁན་ཇེ་མང་དུ་སོང་བའི་ཁྲོད་དེ་སྔ་དམག་འཁྲུགག་ཤུགས་ཆེ་ཤོས་ནང་མཉམ་ཞུགས་གནང་མཁན་ཕ་རན་སི་དང་འཇར་མ་ནི་བཅས་ཡུ་རོབ་མཐུན་ཚོགས་གསར་འཛུགས་གནང་བའི་གཙོ་གྲས་སུ་ཆགས་སྐོར་དང་འབྲེལ་གོ་ལའི་འགྲོ་བ་ཀུན་འཚེ་བའི་ལས་ལ་མི་འཇུག་པར་འགྱུར་ལྡོག་ཕྱིན་པ་མངོན་གསལ་ཆགས་ཡོད་པ་ལམ་སྟོན་མཛད་འདུག ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཕན་ཚུན་དབར་འཁྲུག་འཛིང་དང་མི་མཐུན་པའི་གནད་དོན་བྱུང་སྐབས་འཚེ་མེད་ཞི་བ་དང་གྲོས་མོལ་གྱིམ་ལམ་ནས་དཀའ་ངལ་སེལ་ཐབས་གནང་གནད་ཡིན་པར་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཡོང་བར་དམག་དཔུང་དང་མཚོན་ཆ་མེད་པའི་འཛམ་གླིང་ཞིག་སྐྲུན་དགོས་པ་དང། དེའང་ཕྱིའི་མཚོན་ཆ་མེད་པ་མ་བཟོ་བའི་སྔོན་ལ་ནང་སེམས་ཀྱི་གོ་ཚོན་མེད་པ་བཟོ་གལ་ཡིན་སྟབས་བྱམས་བརྩེའི་བསམ་བློ་རྒྱ་སྐྱེད་དང་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གནང་གལ་ཡིན་པ་མ་ཟད། ལྷག་པར་དུ་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་སོགས་རྒྱལ་ཁབ་བྱེ་བྲག་དང་ས་མཚམས་ལ་ལྟོས་མེད་ཡོང་གི་ཡོད་སྟབས། གནད་དོན་དེ་དག་གི་ཐོག་ནས་འཛམ་གླིང་འདིའི་ཐོག་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ཆིག་སྒྲིག་ཐོག་ཕྱག་ལས་གནང་གནད་ཡིན་པ་ལྟར། ཤེས་ཡོན་དེ་གལ་འགངས་ཆེན་པོ་ཡིན་པས་དེང་སང་གི་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་པའི་ཤེས་ཡོན་གཅིག་པོ་མ་ཡིན་པར་ནང་སེམས་ཀྱི་རིན་ཐང་དང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་ཤེས་ཡོན་སྤྲོད་དགོས་གལ་ཡིན་པར་བཀའ་བསྩལ་འདུག དེང་སྐབས་སུ་འཕྲད་བཞིན་པའི་དཀའ་ངལ་རྣམས་མིས་བཟོས་པའི་ངལ་བ་ཤ་སྟག་ཆགས་ཡོད་པ་དང་། ང་དང་ཁྱོད་ཅེས་ཕན་ཚུན་དབར་རིམ་པ་གཉིས་པའི་ཐོག་ནས་ངལ་བ་དེ་དག་འཕྲད་པ་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་བློ་འཛིན་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད་དེའི་ཆེད་དུ་ Maitri འམ་བྱམས་བརྩེ་དང་བཟོད་སྒོམ་གྱི་བློ་འཛིན་དགོས་གལ་ཡིན་པ་སོགས་བླང་དོར་གྱི་ལམ་སྟོན་མཛད་ཡོད་པ་རེད།༸གོང་ས་མཆོག་གིས་དེང་སྐབས་འགྲོ་བ་མིའི་རིགས་ལ་ཤེས་ཡོན་གྱི་ལམ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་སྦྱོང་བརྡར་གནང་གལ་ཡིན་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་ཕྱི་ལ་འཚེ་མེད་ཞི་བའི་སྐོར་མ་བཤད་གོང་དུ་རང་རྒྱལ་ཁབ་ནང་ལོ་ངོ་ ༣༠༠༠ ལྷག་གི་སྔོན་ནས་དར་སྤེལ་ཡོད་པའི་འཚེ་མེད་ཞི་བ་དང། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་ཀྱི་གནའ་བོའི་རིག་གནས་རྣམས་བསྐྱར་གསོ་གནང་དགོས་གལ་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་གནའ་བོའི་རིག་གནས་དེ་བསྐྱར་གསོ་ཡོང་ཐབས་སུ་འབད་མུས་ཡིན་སྐོར་བཀའ་བསྩལ་འདུག དེ་རིང་གི་ལྷན་ཚོགས་འདིའི་ཐོག་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་མ་ཧཱརཱཤྚ་མངའ་སྡེའི་སྤྱི་དམངས་ཐོབ་དང་དམིགས་བསལ་དགོས་མཁོ་ཅན་རྣམས་ཀྱི་བདེ་དོན་དང་འབྲེལ་བའི་སྡེ་ཚན་གྱི་བློན་ཆེན་སྐུ་ཞབས་ Rajkumar Badole མཆོག དེ་བཞིན་མུམ་བའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་  Suhas Pandekar མཆོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག གཙུག་ལག་སློབ་གཉེར་ཁང་དེའི་དགེ་ལས་དང་འབྲེལ་ཡོད་ཡན་ལག་སློབ་གཉེར་ཁང་གི་དགེ་ལས་བཅས་མཉམ་ཞུགས་གནང་འདུག མཛད་འཆར་ལྟར་ན། སང་ཉིན་༸གོང་ས་མཆོག་ནས་ Mumbai གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གཏམ་བཤད་ལས་རིམ་ཐེངས་ ༡༡ ཐོག་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང། ཚེས་ ༡༤ ཉིན་ IIT རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་བཀའ་སློབ་བསྩལ་མཛད་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་བཞུགས་སྒར་དྷ་རྨ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Pradeep Tamta མཆོག་དང། དམིགས་བསལ་སྐུ་མགྲོན་ Sassoufit འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་ཚོགས་གཙོ་སྐུ་ཞབས་ Andrea Papus Ngombet Malewa མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ད་བར་མགོན་པོ་༸གང་ཉིད་མཆོག་གིས་བོད་འབངས་སྤྱི་དང་ཡང་སྒོས་མཐའ་ཡས་པའི་སྐྱེ་འགྲོའི་ཕན་བདེའི་སླད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ང་ཚོ་བོད་མི་ཚོའི་ངོས་ནས་༸མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གྲུབ་ཕྱིར་འཚེ་བ་མེད་པ་དང་། ཡ་རབས་བཟང་སྤྱོད། དེ་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས། སེམས་ཀྱི་འཕྲོད་བསྟེན་སྤྱོད་རྒྱུ་སོགས་ཀྱི་ཐོག་བཀའ་སློབ་བསྩལ་བ་རྣམས་ཉམས་ལེན་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས་ཚང་མས་དེ་མཚུངས་ལག་བསྟར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་འགག་ནས་རི་ཉིལ་རྐྱེན་ཆུ་འགག་པས་མཚོ་གླིང་གསར་ཆགས་བྱུང་ནས་ཉེ་འདབས་སུ་ཆགས་པའི་དུད་ཚང་རྣམས་ཡུལ་གཞན་དུ་གནས་སྤོས་བྱས་དགོས་པ་དང་། དེ་བཞིན་ལོ་རྒྱུས་ལྡན་པའི་དགོན་པ་དང། སློབ་གྲྭ་སོགས་ཆུས་བསྣུབས་ནས་དཀའ་ངལ་དུ་མ་འཕྲད་པ་རྣམས། རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་སྔོག་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ལས་གཞི་ལ་བརྟེན་ནས་ཡིན་སྟབས། རྒྱ་གཞུང་ནས་དཀའ་ངལ་དེ་དག་གཙང་སེལ་སླད་འགན་ཁུར་སྒོ་ནས་གླེང་སློང་ཐོག་འཕྲལ་མར་དཀའ་ངལ་སེལ་དགོས་པར་སྐུལ་མ་གནང་སོང་བ་དང་། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ད་ཆ་དགུང་ལོ་མཐོ་པོར་ཕེབས་པས་བོད་མི་རྣམས་ནས་༸གང་ཉིད་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྒྲིག་འཛུགས་དང་ཚོགས་སྒེར་ཁག་ནས་མཇལ་ཞུ་སོགས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་གནད་ཡིན་པར་འབོད་སྐུལ་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་མགོན་པོ་༸གང་ཉིད་མཆོག་ལ་གུས་ཕྱག་དང་བཅས་བཀའ་དྲིན་རྗེས་དྲན་ཞུས་པ་དང་། མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་ཁག་སོགས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་བུ་གླིང་ནང་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་སྐོར་དང་སྦྲགས། ༸མགོན་པོ་མཆོག་དང་མཇལ་འཕྲད་གནང་མྱོང་མཁན་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་སོགས་ནས་༸གང་ཉིད་མཆོག་གི་ཕྱག་དེབ་བཀླགས་ནས་རང་ཉིད་ཀྱི་མི་ཚེ་དང་། ནང་མི། དེ་བཞིན་མང་ཚོགས་ལ་སེམས་འགུལ་དང་འགྱུར་ལྡོག་ཕྱིན་སྐོར་གསུངས་ཁག་ལུང་འདྲེན་དང་འབྲེལ། བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ཅེས་ནན་པོ་གསུངས་སོང་།དེ་རིང་གི་ཉིན་མོ་འདི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བ་དང་སྦྲགས། རྒྱ་གཞུང་ནས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་གཏང་ཕྱིར་འདི་ལོའི་ལོ་མགོར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་སྤེལ་བ་དང། དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དབུ་མའི་ལམ་སྐོར་དྲིལ་བསྒྲགས་གནང་ཚེ་ལོག་སྤྱོད་དང་བསམ་བློ་གུ་དོག་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་རྡུང་རྡེག་གཏང་དགོས་སྐོར་འཁོད་ཡོད་པ་དང་འབྲེལ། རྒྱ་གཞུང་གི་ཕྱོགས་གཅིག་ནས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་པ་བརྗོད་ཀྱང་དབུ་མའི་ལམ་དྲིལ་བསྒྲགས་གནང་ཚེ་ནག་གཤེད་ཁོངས་སུ་རྩིས་པ་དེ་ཁ་ཞེ་མི་མཚུངས་པ་ཡིན་པར་གསུངས་ཡོད།ཨ་རིའི་མི་སེར་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཨ་རི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་གཏན་འབེབས་གནང་ཡོད་པ་བཞིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་གནང་ཡོད་པ་དང། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་རྒྱུ་དང་དེ་འབྲེལ་ཁྲིམས་སུ་གྱུར་པར་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།བོད་མི་རྣམས་གཞན་ཡུལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཟིན་པ་དང་སྦྲགས། བོད་མི་ཚོས་༸གོང་ས་མཆོག་གི་དགུང་ནའི་བབས་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་ལ་འཁྲི་བའི་ལས་འགན་རྣམས་ལྷག་བསམ་རྣམ་དག་ཐོག་ཞུ་རྒྱུ་དང་ཕྱར་བ་གྲུ་འདེགས་ཞུ་དགོས་པའི་ཐོག་བོད་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེར་གསོག་དགོས་གལ་ཡིན་པར་འབོད་སྐུལ་གནང་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་སྐུ་ཞབས་ Shri Pradeep Tamta མཆོག་གིས་དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོར་ཁོང་དང་ཁོང་གི་སྐུ་ཟླ་གཉིས་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གནང་བར་གོ་སྒྲིག་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རང་ཉིད་ནས་༸མགོན་པོ་མཆོག་དང་དངོས་སུ་མཇལ་མྱོང་མེད་ཀྱང་། ད་ཆ་རྩོད་རྙོག་དང་དྲག་པོའི་དུས་རབས་འདིའི་ནང་འགྲོ་བ་མི་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་དེ་དག་སེལ་རྒྱུར་འབད་རྩོན་བྱེད་པའི་ཐོག་སྙིགས་མའི་དུས་རབས་འདིའི་ནང་ང་ཚོའི་ཁྲོད་༸གོང་ས་མཆོག་ལྟ་བུ་སྐྱེས་བུ་ཆེན་པོ་ཞིག་ཡོད་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་དང། ༸མགོན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་སྨོན་འདུན་གནང་སོང་།ནང་པའི་སྐྱབས་སྟོན་པ་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་འཛམ་བུ་གླིང་ཀུན་གྱི་སྡུག་བསྔལ་སེལ་ཐབས་སླད་སེམས་ཅན་གྱི་ལས་དོན་ལ་ཞུགས་སྟབས་དེང་གི་འཛམ་གླིང་ནང་སྟོན་པ་མིའི་གཟུགས་སུ་འབྱོན་པ་ནི་༸མགོན་པོ་མཆོག་ཡིན་པ་སོགས་གསུངས་ཡོད།དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གཙོས་པའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་བརྒྱད་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲིད་ཞུ་བ་བགྲེས་ཡོལ་ཕེབས་མཁན་ལ་ལེགས་གསོའི་ཕྱག་འཁྱེར་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ པ་སྲུང་བརྩི་ཞུ་གནང་གི་ཡོད་པ་རེད། བོད་མིའི་གཞིས་སྒར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གསར་འགྱུར།

Latest news