Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་གྱི་བརྒྱུད་རིམ་གང་ཡང་དབུ་འཛུགས་གནང་མེད་པ།

ཟླ་བ་འདིའི་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་གསར་ཁང་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་ཡང་སྲིད་དང་འབྲེལ་ནས་བཅར་འདྲི་ཁག་གཅིག་ཞུས་པར་ད་ལྟའི་ཆར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་གྱི་བརྒྱུད་རིམ་གང་ཡང་དབུ་འཛུགས་གནང་མེད་སྐོར་བཀའ་ལན་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནམ་ཞིག་༸སྐུ་ཚེ་མ་ཟིན་པའི་གནས་སུ་གྱུར་རྗེས་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གི་ཐོག་ནས་གནད་དོན་དེར་ཐག་གཅོད་དགོས་ཀྱི་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་༸སྐུ་བཞུགས་གནང་མུས་དང་བསྟུན། རྒྱ་གར་གྱི་ Hindustan Times གསར་ཁང་གིས་ཚེས་ ༢༣ ཉིན་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང། བོད་རྒྱའི་འབྲེལ་ལམ། ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་གནས་བབས་ལ་སོགས་པའི་གནད་དོན་འདྲ་མིན་ཐོག་དམིགས་བསལ་བཅར་འདྲི་ཞུས་འདུག སྐབས་དེར་༸གོང་ས་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་བཀའ་བསྩལ་བར་གནད་དོན་དེའི་ཐོག་དངོས་སུ་བཀའ་བསྡུར་སོགས་ཀྱི་བརྒྱུད་རིམ་གང་ཡང་དབུ་འཛུགས་གནང་མེད་པ་དང་། སྤྱིར་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་གནས་དང་མི་གནས་ཞེས་པ་དེ་བོད་མི་མང་ཚོགས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད། ༸རྒྱལ་བ་སྐུ་འཕྲེང་རིམ་འབྱོན་གྱི་བརྒྱུད་རིམ་དང་སོག་ཡུལ་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་སྟབས། གནད་དོན་དེའི་ཐོག་སོག་པོ་རྣམས་ཀྱང་མཉམ་ཞུགས་དགོས་པ་རེད། ཧི་མཱ་ལ་ཡའི་རི་རྒྱུད་གཙོ་གྱུར་ནང་པའི་རྒྱལ་ཁབ་གཞན་ཁག་ཀྱང་མཉམ་ཞུགས་ཡོད་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གི་ཐོག་ནས་གནད་དོན་དེར་ཐག་གཅོད་དགོས་ཀྱི་རེད་ཅེས་བཀའ་བསྩལ་ཡོད་པ་རེད། གསར་འགོད་པས་སྐབས་དེར་བོད་ནང་གི་བོད་མི་ཚོས་གནད་དོན་དེའི་ཐོག་མཉམ་ཞུགས་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་པར་དེ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཤིག་མ་གཏོགས་རང་དབང་བྲལ་བའི་བོད་ནང་ནས་ཐག་གཅོད་ཐུབ་པ་ཞིག་མ་རེད་ཅེས་བཀའ་བསྩལ་འདུག གསར་ཁང་དེས་༸གོང་ས་མཆོག་ལ་རྒྱ་ནག་ཏུ་གནས་མཇལ་ལ་ཕེབས་རྒྱུའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་རྒྱ་ནག་རིི་བོ་རྩེ་ལྔ་དེ་༸རྒྱལ་དབང་སྐུ་ཕྲེང་ ༡༣ པའི་བཞུགས་གནས་ཡིན་སྟབས་༸གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༥༤ ལོ་ནས་རྒྱ་ནག་སྲིད་གཞུང་ལ་གནས་དེར་ཕེབས་འདོད་ཡོད་པར་བཀའ་གནང་ཡོད་ཀྱང་།  རྒྱ་ནག་གིས་ལམ་ཁ་མེད་པར་བརྗོད་སྟབས་ཕེབས་ཐུབ་མེད་སྐོར་བཀའ་བསྩལ་བ་དང་སྦྲགས། གང་ལྟར་སྔོན་བོད་ཀྱི་བླ་ཆེན་ཞིག་གིས་རྒྱ་གར་རྡོར་གདན་དུ་ཕེབས་འདོད་ཆེན་པོ་ཡོད་ནའང་། ཁོང་གི་དགེ་ཕྲུག་གིས་རྡོ་གདན་ངོ་མ་དེ་སེམས་ནང་ན་ཡོད་པར་བརྗོད་ཡོད་པ་ལྟ་བུ་རེད། ལོ་རྒྱུས་ཀྱི་ཐོག་ནས་བརྗོད་ན་རྒྱ་ནག་རི་བོ་རྩེ་ལྔ་དེ་ཤེས་རབ་ཀྱི་ལྷ་ཡི་བཞུགས་གནས་ཡིན་པས་༸གང་ཉིད་མཆོག་དངོས་སུ་གནས་དེར་ཕེབས་མ་ཐུབ་ཀྱང་། ཤེས་རབ་ཀྱི་ལྷ་དེ་༸གང་ཉིད་མཆོག་གི་ཀླད་པའི་ནང་ཡོད་པ་མ་ཟད། ཧ་ཅང་གི་རྣམ་རིག་བཀྲ་བོ་ཡོད་པར་བཀའ་ལན་མཛད་ཡོད་པ་རེད། དེ་བཞིན་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་སྐོར་དང་འབྲེལ་༸གོང་ས་མཆོག་གིས་གསར་ཁང་དེར་ཕྱི་ལོ ༢༠༡༠ ལོ་ནས་བཟུང་བོད་རྒྱ་གཉིས་ཀྱི་གཞུང་འབྲེལ་གྱི་གྲོས་མོལ་དེ་མཚམས་ཆད་ཡོད་པར་བརྟེན། ད་ཆ་རྒྱ་ནག་ནང་གི་རྒས་ཡོལ་ཞུས་ཟིན་པའི་དཔོན་རིགས་དང་ཚོང་པ་དེ་འདྲ་བརྒྱུད་ནས་འབྲེལ་བ་གནང་བཞིན་ཡོད་པ་དང། མི་སྣ་དེ་དག་ཁ་ཤས་རྒྱ་ནག་གཞུང་གི་འགོ་ཁྲིད་དང་ལྷན་དུ་འབྲེལ་བ་ཡོད་མཁན་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༧༤ ནས་བཟུང་བོད་རང་བཙན་དོར་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་རྒྱ་ནག་གིས་ས་བགོས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་དང་མདོ་སྟོད་སྨད་ཀུན་ཏུ་བོད་ཀྱི་རིག་གཞུང་དང་སྐད་ཡིག ཆོས་ལུགས། ཁོར་ཡུག་སོགས་ལ་སྲུང་སྐྱོབ་བྱེད་རྒྱུའི་རང་སྐྱོང་གི་གནས་བབས་ཤིག་ལ་ཐུགས་རེ་གནང་བཞིན་ཡོད་པ་ལྟར།  བོད་རིགས་ཚོ་རྒྱ་ནག་དང་ལྷན་དུ་བསྡད་ན་དཔལ་འབྱོར་གྱི་ཁེ་ཕན་ཡོད་པར་དགོངས་བཞིན་ཡོད་སྐོར་སོགས་བཀའ་བསྩལ་འདུག གསར་ཁང་དེས་ཐེངས་འདིའི་བཅར་འདྲིའི་ལས་རིམ་ཁྲོད་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་གནས་བབས་སྐོར་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་༸དཔལ་རྒྱལ་བ་ཀརྨ་པ་མཆོག་ཕལ་ཆེར་ཕྱིར་རྒྱ་གར་ལ་ཕེབས་མདོག་ཁ་པོ་རེད་ཅེས་བཀའ་བསྩལ་བ་དེ་ལྟར་ཡང་། རྩ་བའི་གནད་དོན་དེ་༸དཔལ་རྒྱལ་བ་ཀརྨ་པ་མཆོག་དང་རྒྱ་གར་གཞུང་གཉིས་དབར་གྱི་དོན་དག་ཅིག་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ནས་དེའི་ཐོག་ཐེ་བྱུས་གནང་ཐབས་མེད་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ལའང་དེ་ལྟར་བཀའ་བསྩལ་ཡོད་སྐོར་བཀའ་ལན་མཛད་འདུག དེ་བཞིན་གསར་ཁང་དེས་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་གནང་རྩིས་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸སྐུ་གཟུགས་གནས་བབས་ཀྱི་ཆ་ནས་ཨ་རི་ལྟ་བུའི་ས་ཐག་རིང་པོར་ཕེབས་ཐུབ་ཐབས་མེད་པ་དང།  ༸གང་ཉིད་མཆོག་སྔོན་ཆད་ཨ་རིར་སྨན་བཅོས་ཀྱི་ཆེད་དུ་ཕེབས་བཞིན་ཡོད་པ་ལྟར་རྒྱ་གར་གྱི་སྨན་པ་ཞིག་གིས་༸གང་ཉིད་མཆོག་ལ་འབྲས་སྐྲན་གྱི་ནད་གཞི་ཡོད་པར་ངོས་འཛིན་གནང་ཡང་ད་ཆ་ནད་གཞི་དེ་ཡོངས་སུ་དྲག་སྐྱེལ་ཐུབ་ཡོད་སྐོར་བཀའ་བསྩལ་བ་མ་ཟད། དགུང་གྲངས་ ༨༤ ལ་ཕེབས་པའི་སྐྱེ་བོ་ཞིག་ལ་དཔག་པའི་༸སྐུའི་འཕྲོད་བཞེས་ད་ཆ་ཡག་ཐག་ཆོད་ཡིན་པ་དང། ༸གང་ཉིད་མཆོག་ནས་བཞུགས་སྒར་དུ་༸སྐུ་བཞུགས་མཛད་རིང་སྔ་དྲོ་འཆར་ཅན་ཞབས་ཐང་ལ་ཕེབས་ཀྱི་ཡོད་པ་མ་ཟད། ད་ཆ་གནས་མཆོག་རྡོ་རྗེ་གདན་དུའང་ཉིན་ལྟར་ཞབས་ཐང་གིས་དགོན་པའི་གོམ་པ་ ༦༠༠ ཙམ་ཕེབས་གནང་གི་ཡོད་པར་བཀའ་བསྩལ་འདུག

རྡོ་རྗེ་གདན་དུ་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ག་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་དྲུག་རིང་ཆོས་འབྲེལ་ཁག་གཅིག་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་ལྟར། དེ་རིང་སྔ་དྲོ་པཱ་ལི་དང་། ལེགས་སྦྱར།   རྒྱ་སྐད་བཅས་ཀྱི་ཐོག་བཀྲ་ཤིས་པའི་མདོ་གསུང་པ་དང་སྦྲགས་བཀའ་ཆོས་དངོས་གཞི་དབུ་འཛུགས་བཀྲིན་བསྐྱངས་ཡོད་པ་རེད།དེ་རིང་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་ཆོས་འབྲེལ་དངོས་གཞི་དབུ་འཛུག་མ་གནང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་འདིར་ས་ཕྱོགས་གང་ས་ནས་འདུ་འཛོམས་བྱུང་བའི་ཆོས་ཞུ་བ་རྣམས་ལ་ཤིན་ཏུ་ནས་སྐལ་བཟང་ཡིན་སྐོར་སོགས་བཀའ་བསྩལ་ཏེ་ནང་ཆོས་ཀྱི་སྤྱི་བཤད་ངོ་སྤྲོད་ཚུལ་དུ་ནང་པ་སངས་རྒྱས་པའི་ཆོས་འདི་སྨོན་ལམ་གསུང་འདོན་གནང་བ་ཙམ་ཞིག་མིན་པར་ཆོས་ལུགས་གཞན་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་དང་། ལྷག་དོན་སྟོན་པ་བཅོམ་ལྡན་འདས་ནི་ཐབས་དང་ཤེས་རབ་ཀྱི་ཉམས་མྱོང་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་ལྡན་ཐོག་གཞན་དོན་མཛད་ཐུབ་མཁན་གྱི་བླང་དོར་གྱི་ཆོས་སྟོན་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྟོན་པའི་ཆོས་འཁོར་གྱི་རིམ་པ་ཁག་ངོ་སྤྲོད་བཀྲིན་བསྩལ་བ་མ་ཟད། ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་དབང་དང་རྗེས་གནང་སོགས་ཞུས་ནས་སྟོང་ཉིད་དང་བྱང་ཆུབ་སེམས་བསྒོམ་དགོས་གལ་ཡིན་པ་དང་ཁྱད་པར་དུ་ཆོས་ཞུ་བ་ཚོས་ཉིན་རེའི་འཚོ་བའི་ཁྲོད་དུ་དེ་ལྟར་ཡོང་བར་དམ་འཇོག་གནང་གནད་ཡིན་པ་སོགས་ལམ་སྟོན་མཛད་ཡོད་པ་རེད།༸གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་བཀའ་ཆོས་དེ་དག་བསྩལ་གྲུབ་རྗེས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་༼མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་༽འཕྲོ་སྐྱོང་བཀའ་དྲིན་བསྩལ་ཡོད་པ་རེད།

འདུལ་བ་འཛིན་པ་སངས་རྒྱས་བསྟན་པའི་གཞི་མ་ཡིན།

དེ་རིང་བོད་ཚེས་ ༡༥ ཉིན་སྔ་དྲོ་ཆུ་ཚོད་ ༩ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་ནས་ཉེ་འཁྲིས་སུ་ཆགས་པའི་ Watpa Temple ཞེས་ཐེ་ལན་ཌི་ནང་པའི་དགོན་པར་གནས་གཟིགས་མཛད་པ་མ་ཟད། ཁུལ་དེར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ། དེ་བཞིན་ Watpa ཐེ་ལན་ཌི་དགོན་པ་བཅས་ཀྱིས་གོ་སྒྲིག་ཞུས་པའི་ནང་པའི་བཀའ་སྡེ་སྣོད་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད། ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཐེ་ལན་ཌི་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་ Phra Dhammabodhivited ལགས། Watpa ཐེ་ལན་ཌི་ནང་པོའི་དགོན་པའི་མཁན་པོ་ Phra Bhodhinandhamunee ལགས། དགོན་པའི་ཚོགས་གཙོ་ Piroon Shinawatra ལགས། དེ་བཞིན་བོད་པའི་དགེ་བཤེས་མཁས་པ་ཁག་གཅིག ཐེ་ལན་ཌིའི་ནང་པ་བཅས་ནས་ལྷན་ཞུགས་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ནང་པའི་ཁྲོད་ལ་ཕྱག་ལེན་མི་འདྲ་བ་གཙོ་བོ་བཞི་ཙམ་བྱུང་ཡོད་ཀྱང་། སངས་རྒྱས་པའི་ཆོས་དེ་ནི་གཙོ་བོ་ཐར་པའི་དོན་དུ་དམིགས་པ་ཞིག་ཡིན་སྟབས། སངས་རྒྱས་ཀྱི་བསྟན་པའི་གཞི་མ་དེ་འདུལ་བ་འཛིན་པ་རྣམས་རེད་ཅེས་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཐེངས་འདིའི་ལྷན་ཚོགས་ཐོག་ལ་འཕགས་པ་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པ་སྨྲ་བའི་སྡེ་པའི་དབར་གཙོ་བོ་སྡེ་སྣོད་གསུམ་དང་འབྲེལ་བའི་ཕན་ཚུན་མཐུན་པའི་ཆ་གང་ཡོད་མེད་དང་།  ལྷག་པར་དུ་འདུལ་བ་དང་འབྲེལ་བའི་ཐོག་ནས་སྡོམ་པ་མ་འཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་སྲུང་བར་བྱེད་ཚུལ་སོགས་ཀྱི་ཐད་གྲོས་བསྡུར་ཞིབ་ཚགས་པོ་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་ལམ་སྟོན་སོགས་ཀྱང་མཛད་ཡོད། གཞན་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཐེ་ལན་ཌི་ནང་པའི་ཆོས་ཚོགས་ཀྱི་དབུ་ཁྲིད་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སོགས་ནས་ནང་པའི་སྡེ་སྣོད་གསུམ་དང་འབྲེལ་ངོ་སྤྲོད་གསུང་བཤད་དང་སྦྲགས་ལྷན་ཚོགས་ཐོག་༸གོང་ས་མཚོག་༸སྐུ་དངོས་དབུ་བཞུགས་མཛད་པར་ཐུགས་རྗེ་ཆེ་སོགས་ཞུས་ཡོད། གཞི་རྩའི་ཐེངས་འདིའི་ནང་པའི་སྡེ་སྣོད་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་ཚོགས་གནང་གི་ཡོད་པ་དང་། ལྷན་ཚོགས་ཐོག་ནང་ཆོས་ཉམས་ལེན་གནང་མཁན་འཕགས་པ་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པ་སྨྲ་བའི་སྡེ་པ་བཅས་ཀྱི་དགེ་འདུན་པ་རྣམ་པའི་དབར་ནང་པའི་སྡེ་སྣོད་གསུམ་སྟེ། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་ཀྱི་བརྗོད་བྱའི་ཐོག་ཕན་ཚུན་དབར་གྲོས་བསྡུར་སྦྱང་བཤད་གནང་གི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་སྔ་དྲོ་ནང་པའི་སྡེ་སྣོད་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་དབུ་བཞུགས་མ་མཛད་པའི་གོང་དུ་Watpa ཐེ་ལན་ཌི་དགོན་པར་གསར་རྒྱག་གནང་འཆར་ཡོད་པ་ Phra Bhodhinandhamunee སློབ་གཉེར་ཁང་གི་རྩིག་རྨང་འཇོག་གནང་བ་དང་རབ་གནས་བཅས་བཀའ་དྲིན་མཛད་ཡོད།

གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ལ་འགྱུར་བ་ཕྱིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྐྱང་རྒྱུའི་མཛད་འཆར་ཁག་ལ་དུས་ཚོད་ཀྱི་ཆ་ནས་སྔ་ཕྱི་འགྱུར་བ་ཕྱིན་པ་མ་གཏོགས་གཞུང་དང་ནང་དོན་སོགས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད། དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་འགྱུར་བ་ཕྱིན་པར་གཞིགས་ན། ཟླ་ ༡༢ ཚེས་ ༢༤ ནས་ ༢༥ ཉིན་གཉིས་རིང་གི་ཞོགས་པར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོར་་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་༼མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་༽ འཕྲོ་སྐྱོང་མཛད་རྒྱུ་དང་། ཚེས་ ༢༦ ཉིན་སྔ་དྲོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད། དེ་རྗེས་ཚེས་ ༢༨ ནས་ ༣༠ བར་དུ་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བསྩལ་རྒྱུའི་ཞལ་བཞེས་ཐོབ་ཡོད་ཀྱང་། ཆོས་སྐོར་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པར་བརྟེན་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་རིགས་རྣམས་ཆོས་གྲལ་དུ་མི་ཕེབས་པ་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་བཞེས་གནང་གལ་ཡིན་པ་རེད་འདུག ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་ཆོས་སྡེ་མངའ་ཞབས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད། གཞི་རྩའི་བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༢ ཚེས་  ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བཀྲིན་བསྐྱངས་ཡོད་པ་དང་། ཆེས་ཐོག་མའི་མཛད་འཆར་ལྟར་ན་མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡  ཚེས་ ༩ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་གནང་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་ཀྱང་། ཤེས་རྟོགས་བྱུང་བར་༸གོང་ས་མཆོག་ཕྱི་ཚེས་ ༢ ཉིན་གནས་ཕྱོགས་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསུང་འབུམ་ཕྱོགས་སྒྲིག་ཚན་པའི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་ལ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་ཡོད།

༸གོང་ས་མཆོག་གིས་རིས་མེད་ཀྱི་དྲང་ངེས་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་པ།

དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་ཀིརྟི་བསམ་ཡས་སྒར་དུ་ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འབྱེད་བཀྲིན་བསྐྱངས་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་ནས་ཚོགས་པ་གཉིས་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མ་འོངས་པར་ས་གནས་དེར་བོད་བརྒྱུད་དཔལ་ནྭ་ལེནྡྲའི་ལྟ་གྲུབ་ཀྱི་སློབ་གཉེར་ཁང་གསར་བཞེངས་གནང་རྒྱུའི་ལས་འཆར་གྱི་རྩིག་རྨང་འཇོག་གནང་དང་ས་གཞིར་བྱིན་འབེབས་བཀྲིན་བསྩལ་ཡོད་པ་རེད།བགྲོ་གླེང་ལྷན་ཚོགས་དེ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནས་ཀི་ལོ་མི་ཀྲར་བཞི་ཙམ་གྱི་སར་གནས་པའི་བྷོལ་ལ་བི་ཀ་ཞེས་པའི་ས་གནས་སུ་གོ་སྒྲིག་ཞུས་པ་དང་། དེ་རིང་ནས་ཉིན་གྲངས་གསུམ་རིང་མུ་མཐུད་ཚོགས་གནང་གི་ཡོད་པ་རེད།༸འཇམ་མགོན་༸རྒྱལ་བ་གཉིས་པའི་རྒྱལ་ཚབ་༸དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག དེ་བཞིན་བྱེས་ཀྱི་གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་མཁན་ལས་ཟུར་རྣམ་པ། རྙིང་མ། ས་སྐྱ། བཀའ་བརྒྱུད། གཡུང་དྲུང་བོན་བཅས་ཀྱི་དགེ་བཤེས་དང་མཁས་དབང་། དགེ་འདུན་པ་སོགས་ཁྱོན་ཚོགས་བཅར་བ་མི་གྲངས་ ༧༠༠ ལྷག་ཙམ་ཞིག་ནས་ལྷན་ཞུགས་གནང་འདུགདེ་རིང་བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ད་རེས་ཐུགས་ཁུར་ཆེ་བཞེས་ཀྱིས་བགྲོ་གླེང་འདི་གོ་སྒྲིག་གནང་ཐུབ་པ་མ་ཟད་ལོ་མང་རིང་བསྟན་པ་དང་འགྲོ་བའི་དོན་དུ་སོ་སོར་ཐད་ཀར་འབྲེལ་བ་ཡོད་པའི་ཕ་ཡུལ་དང་དགོན་སྡེ་ཁག་ཏུ་སློབ་གཉེར་སོགས་ཀྱི་སྒོ་ཀུན་ནས་སློབ་གསོ་གནང་གི་ཡོད་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ། མ་འོངས་པར་ས་གནས་འདིར་འཛུགས་སྐྲུན་གནང་རྒྱུའི་ལས་འཆར་ཆེན་པོ་ཞིག་ཡོད་པ་རེད། དེའང་ཆོས་སྒར་རྫིག་པོ་ཙམ་མིན་པར་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངེས་པ་རྙེད་ཐུབ་པའི་སློབ་གཉེར་ཁང་ཞིག་ཡོང་ཐབས་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་བུ་གླིང་གི་རྩོད་རྙོག་ཚང་མ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དབང་གིས་ཡོང་གི་ཡོད་པ་དང་། ཆོས་ཁས་ལེན་མིན་ལ་ལྟོས་མེད་མི་ཚང་མ་ཞི་བདེ་འདོད་མཁན་འབའ་ཞིག་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ལྟ་གྲུབ་དེ་འཛམ་གླིང་སྤྱི་ལ་ཕན་བདེ་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་སྐོར་སོགས་ཀྱི་ལམ་སྟོན་མཛད་ཡོད།ཉེ་བའི་ཆར་ཨུ་རུ་སུའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་༸གང་ཉིད་མཆོག་དབར་ཐད་ཀར་འབྲེལ་བ་བྱུང་ཡོད་པའི་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ཨུ་རུ་སུའི་ཁུལ་གྱི་ཀལ་མུག་དང་ཐུ་ཝ། སྦུ་རི་ཡ་ཏི་སོགས་ནི་ཕ་མེས་ནས་ནང་པ་ཡིན་པ་མ་ཟད་ཁུལ་དེ་དག་ཏུ་ནང་ཆོས་དར་ཡོད་ཀྱང་ད་ཆ་ཉམས་པའི་ས་ཁུལ་ཆགས་ཡོད་སྟབས། རྒྱུན་དུ་བོད་པའི་དགེ་བཤེས་ཚོས་ནུབ་ཕྱོགས་ཙམ་མིན་པར་བསྟན་པ་ཉམས་པའི་གནས་དེ་དག་ལའང་བསྟན་པ་སླར་གསོ་ཡོང་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད།མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་དེའི་ཐོག་ཕྱི་ལོ་ ༢༠༡༦ ནས་དཔྱད་རྩོམ་འགྲན་བསྡུར་སོགས་ཀྱི་གྲ་སྒྲིག་དང་། ལྷག་པར་དུ་བགྲོ་གླེང་འདི་གནའ་དེང་གཉིས་ཀྱི་ཁྱད་ཆོས་ལྡན་ཐོག་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་ཐོག་རིས་མེད་ཆོས་ལུགས་ཁག་གི་མཁས་དབང་རྣམས་ནས་ལྷན་ཞུགས་གནང་ཡོད་སྐོར་སོགས་སྙན་གསེང་ཞུས་པ་མ་ཟད། མདོ་སྨད་ཁུལ་དང་རིན་པོ་ཆེ་མཆོག་གི་ཕ་ཡུལ་དུ་དྲང་ངེས་ལེགས་བཤད་སྙིང་པོའི་གཞུང་དེ་ཤིན་ཏུ་ནས་རྩ་ཆེན་པོར་ངོས་འཛིན་གནང་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད།

༸གོང་ས་མཆོག་གིས་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་གནས་གཟིགས་མཛད་པ།

༸གོང་ས་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང་འབྲེལ། བྱང་ཆུབ་སེམས་ཀྱི་རྒྱབ་རྟེན་གཙོ་བོ་སྟོང་པ་ཉིད་ཀྱི་ལྟ་བ་རེད་ཅེས་བཀའ་བསྩལ་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་ཡོད་པ་མ་ཟད། རྟེན་གྱི་གཙོ་བོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དྲུང་དུ་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་སྦྲགས་ཐུགས་སྨོན་མཛད་ཡོད་པ་རེད།སྐབས་དེར་ས་གནས་སུ་ཆེད་བཅར་ཞུས་པའི་རྒྱ་གར་དང་བོད་པའི་གསར་འགོད་པ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་སྨོན་གང་མཛད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་གནས་མཆོག་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་སེམས་པ་བཟང་པོ་དང་བྱང་ཆུབ་སེམས་ཐོག་ཐུགས་སྨོན་མཛད་ཡོད་པ་དང་། ཆོས་ལུགས་གཞན་ཚོས་ཀྱང་སེམས་པ་བཟང་པོ་དང་ཆོག་ཤེས། བཟོད་སྒོམ་སོགས་གསུང་གི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ཀྱི་རྒྱབ་རྟེན་གཙོ་བོ་སྟོང་པ་ཉིད་ཀྱི་ལྟ་བ་ཡིན་པ་ལམ་སྟོན་མཛད་ཡོད་པ་ནི་དེང་སྐབས་ཚན་རིག་པ་དང་མཉམ་དུ་འགྲོ་ཐུབ་པ་ངོས་ཀྱིས་ལོ་བཞི་བཅུ་མ་ཟིན་ཙམ་གྱི་ཉམས་མྱོང་ལ་བརྟེན་ནས་གསལ་པོ་ཞེ་དྲག་ཆགས་སོང་ཞེས་བཀའ་བསྩལ་ཡོད་པ་རེད།སྐབས་དེར་ད་དུང་རྒྱ་གར་གྱི་གསར་འགོད་པ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་སྐོར་དམིགས་བསལ་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དེ་ངོ་མཚར་ཅན་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་གལ་སྲིད་འདམ་ག་ཡོད་ཚེ་དཔལ་འབྱོར་རིང་ལུགས་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དེ་ཡག་པ་ཞིག་ཏུ་གཟིགས་ཀྱི་ཡོད་ཀྱང་། སྤྱི་ཚོགས་རིང་ལུགས་ནང་དབང་ཆ་གཅིག་འདུས་བྱེད་པ་དེ་ཡག་པོ་མེད་པ་མ་ཟད། ད་ལྟའི་དུས་ཚོད་འདིར་སོ་སོ་རང་ཉིད་གྱི་རྣམ་དཔྱོད་སྟོན་ཐུབ་པའི་རང་དབང་སྤྲོད་དགོས་གལ་ཡིན་སྐོར་སོགས་བཀའ་བསྩལ་ཡོད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་གནས་མཆོག་རྡོ་རྗེ་གདན་དུ་ཁ་སང༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། གནངས་ཕྱི་ཚེས་ ༡༩ ཉིན་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་དངོས་སུ་དབུ་འཛུགས་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བའི་ཁུལ་གྱི་ཉིན་གྲངས་གསུམ་རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་ཁ་སང་མུམ་བའི་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་དང་། དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་ཐོག་ཆིབས་ཞལ་བསྒྱུར་གནང་སྟེ། འདི་ག་གནས་མཆོག་རྡོ་རྗེ་གདན་དུ་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་སོང་། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་༸ཞབས་སོར་འཁོད་སྐབས། གནས་མཆོག་འདིར་འཛམ་གླིང་ཡུལ་འགྲུ་འདྲ་མིན་ཁག་དང་། ལྷག་པར་དུ་ཧི་མཱ་ལ་ཡའི་རི་རྒྱུད། དེ་བཞིན་རྒྱ་གར་གྱི་ས་གནས་གང་ས་ནས་ཆོས་ཞུ་བ་མང་པོ་ཞིག་ཆེད་འབྱོར་བྱུང་ཡོད་པ་ལྟར། ཆོས་ཞུ་བ་དེ་དག་གིས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་ཞིམ་གདུག་སྤོས་སོགས་བསྣམས་ནས་༸གང་ཉིད་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང་། མཛད་འཆར་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༨ བར་འདི་ག་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་བཞུགས་ཞག་མཛད་རྒྱུ་ཡིན་པ་མ་ཟད། ཟླ་བ་གཅིག་ཙམ་རིང་གི་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་ཞག་དེའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཆོས་འབྲེལ་ཁག་གཅིག་དང་། དེ་བཞིན་བརྟན་བཞུགས་བསྟར་འབུལ། ཚོགས་འདུ་ཁག་གཅིག་བཅས་སུ་དབུ་བཞུགས་ཀྱི་མཛད་འཆར་ཡོད་པ་ལྟར། འབྲེལ་ཡོད་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་ཆོས་ཞུ་བ་མི་གྲངས་ལྔ་ཁྲི་ལྷག་ཙམ་ཞིག་ཕེབས་རྒྱུར་ཚོད་དཔག་གནང་གི་འདུག མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཕྱྭ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་འོག་སྔར་ལྷག་གྲ་སྒྲིག་ཚགས་ཚུད་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ད་ལྟ་བར་མཛད་འཆར་ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་ཆིབས་བསྒྱུར་མཛད་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ཀིརྟི་བྱིས་པ་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ཀྱི་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་མཁས་པའི་བགྲོ་གླེང་དབུ་འབྱེད་བཀྲིན་བསྩལ་གནང་གི་ཡོད་པ་དང་། བགྲོ་གླེང་གི་ལྷན་ཚོགས་དེའི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་སེར་སྐྱ་ཕོ་མོ་མཁས་པ་ཁག་གཅིག་ནས་ལྷན་ཞུགས་གནང་གི་ཡོད་པ་རེད། ཕྱི་ཚེས་ ༢༢ ཉིན་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་གསོལ་འདེབས་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཉིན་གྲངས་གཉིས་རིང་འཚོགས་རྒྱུའི་པཱ་ལི་ཆོས་བརྒྱུད་དང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འབྱེད་བཀྲིན་བསྩལ་གནང་གི་ཡོད་པ་དང་། ཕྱི་ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་མགོན་པོ་༸གང་ཉིད་མཆོག་ནས་དུས་འཁོར་དབང་ཆེན་གྱི་ཆོས་རྭའི་ནང་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བཀྲིན་བསྩལ་གྱི་ཡོད་པ་དང་། ཆོས་སྐོར་དེ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་ནུས་པ་རྣམས་ཀྱི་ཆེད་དུ་དམིགས་བསལ་བཀྲིན་བསྩལ་བ་ཞིག་ཡིན་པ་རེད། ཕྱི་ཟླ་ ༡༢ ཚེས་ ༢༨ ནས་ ༣༡ བར་མགོན་པོ་༸གང་ཉིད་མཆོག་ནས་ཆོས་ཞུ་བ་མང་ཚོགས་ལ་ཚད་མ་རྣམ་འགྲེལ་དང་། ལག་ལེན་སོ་བདུན་མའི་གསུང་ཆོས་བཀྲིན་བསྩལ་གྱི་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ལ་སྟོད་ཤེལ་དཀར་ཆོས་སྡེ་དང་འབྲེལ་ཡོད་དགོན་ཁག་ཤེལ་དཀར་མངའ་ཞབས་སེར་སྐྱ་མང་ཚོགས་བཅས་ནས་བརྟན་བཞུགས་བསྟར་འབུལ་རྒྱུ་སོགས་ཐུགས་གཏན་ཁེལ་ཡོད་པ་རེད། ཕྱི་ལོ་ ༢༡༠༩ ཟླ་ ༡ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཕྱིར་བཞུགས་སྒར་དྷ་སར་ཆིབས་བསྒྱུར་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ།

རྒྱ་གཞུང་གི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཟླ་བ་འདིའི་ཚེས་ ༡༢ ནས་ ༡༤ བར་བཅས་ཉིན་གྲངས་གསུམ་བསྟུད་མར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ནས་ཆོས་ལུགས་དང་ཆབ་སྲིད། བྱེད་ཐབས་བཅས་ཀྱི་ཐོག་ནས་སླར་མཚན་སྨད་ཤུགས་ཆེ་ཞུས་འདུག དེའང་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་དཔྱད་རྩོམ་དེའི་ནང་གཙོ་བོ་ཆོས་ལུགས་ཀྱི་ཆ་ནས་བཅོས་མའི་རང་བཞིན་དང་བྱེད་ཐབས་ཀྱི་ཆ་ནས་མགོ་སྐོར་རང་བཞིན། ཆབ་སྲིད་ཀྱི་ཆ་ནས་ངོ་ལོག་རང་བཞིན་བཅས་སྡེ་ཚན་གསུམ་དབྱེ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་སྐུར་མཚན་སྨད་ཞུས་འདུག་པ་མ་ཟད། ༸གང་ཉིད་མཆོག་ནི་བོད་རང་བཙན་གྱི་ལྐོག་གཡོ་བྱེད་མཁན་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། དེ་བཞིན་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་སྤྱིའི་གཞི་རྩ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་ཡིན་པ་ཙམ་མ་ཟད། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་འཚོང་བ་རེད་ཅེས་བརྗོད་འདུག ལྷག་པར་དུ་ཏཱ་ལའི་བླ་མས་ད་བར་དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་བརྒྱུད་ནས་དོན་ངོ་མར་རང་བཙན་ཐོབ་ཐབས་བྱས་ཏེ་རྒྱ་གཞུང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། བོད་དུ་བཀས་བཀོད་རྒྱུན་འཛིན་དང་གྲལ་རིམ་གྱི་དབང་སྒྱུར་གནས་བབ་སླར་གསོ་བྱེད་བཞིན་པ་སོགས་བརྗོད་ནས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་མིའི་བསམ་སྤྱོད་ལས་འདས་པ་ཞུས་ཡོད་པ་རེད། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་བའི་ཆར་རྒྱ་གཞུང་དང་ནུབ་ཕྱོགས་ཀྱི་རང་དབང་མང་གཙོ་རྒྱལ་ཁབ་དབར་འགལ་ཟླ་ཤུགས་ཆེ་འབྱུང་བཞིན་པ་དང་ལྷག་དོན་རྒྱ་ནག་རྒྱལ་ནང་དུ་མི་རིགས་རིང་ལུགས་ཀྱི་གནད་དོན་དེའང་ཚ་ཚ་འུར་འུར་ངང་སློང་བཞིན་པའི་དུས་མཚམས་འདིར་རྒྱ་གཞུང་གིས་ད་རེས་སླར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཡིན་ཚུལ་བརྗོད་ནས་མཚན་སྨད་ཞུས་ཐབས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གང་ཉིད་མཆོག་རྒྱ་རིགས་མང་ཚོགས་ཁྲོད་ནག་པོ་བཟོ་ཐབས་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ནས་རང་ཉིད་ཀྱི་མ་འོངས་མདུན་ལམ་དང་གོ་གནས་བཅས་ཀྱི་སླད་ཡུལ་དེའི་ནང་མར་ཁེ་སི་རིང་ལུགས་ཀྱི་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་ཕྱིར་ཡིན་པར་ནན་བརྗོད་དང་ཆབ་ཅིག ད་ཆ་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་ནས་བོད་ཐོག་མཁྲེགས་འཛིན་དང་གཡོ་ཐལ་གྱི་ལངས་ཕྱོགས་སྔར་ལྷག་ཆེ་རུ་གཏང་རྒྱུའི་ཉེན་ཁ་ཆེན་པོ་ཆགས་སྐོར་གསུངས་སོང་། སྤྱིར་གནད་དོན་དེའི་ཐད་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་། ད་རེས་རྒྱ་གཞུང་གིས་༸གོང་ས་མཆོག་ལ་སླར་ཡང་མཚན་སྨད་ཞུས་པའི་ཆེད་རྩོམ་སྤེལ་བ་དེ་ནི་ཡོང་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་དང་བསྟུན་ནས་བོད་ནང་གི་བོད་མི་ཚོར་ཉེན་བརྡ་གཏང་ཕྱིར་ཡིན་པར་འགྲེལ་བརྗོད་གནང་བཞིན་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Mumbai གྲོང་ཁྱེར་ནང་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་ཁ་སང་གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གསུང་བཤད་ལས་རིམ་ཐོག་དབུ་བཞུགས་མཛད་ནས་༸གང་ཉིད་མཆོག་གིས་མི་ལོ་ ༧༠ རྗེས་སུའང་བོད་ཀྱི་གནད་དོན་དེ་གསོན་པོར་གནས་ཡོད་པ་བཀའ་བསྩལ་བ་དང་སྦྲགས་ཏེ། དེ་སྔ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་འདོད་ཀྱི་ཡོད་ཀྱང་ད་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པར་བསྐྱར་ནན་མཛད་འདུག

༸གོང་ས་མཆོག་གི་གྲོང་ཁྱེར་མུམ་བའི་ནང་གི་མཛད་འཆར་ལེགས་གྲུབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མུམ་བའི་ནང་རྟེན་གཞི་བྱས་པའི་  IIT རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་དབུ་བཞུགས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གནས་འོས་བབ་སྐོར་བཀའ་སློབ་བཀའ་འདྲིན་བསྩལ་བ་དང་སྦྲགས། གྲོང་ཁྱེར་ མུམ་བའི་ནང་གི་ཉིན་གྲངས་གསུམ་རིང་གི་མཛད་འཆར་ལེགས་གྲུབ་མཛད་ཡོད་པ་རེད།དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་ཚོུད་ ༡༠ སྟེང་ Mumbai IIT འམ་འཕྲུག་རིག་མཐོ་སློབ་ཀྱི་ངེས་སྟོན་པ་སློབ་དཔོན་ Devang V. Khakhar ལགས་ནས་མགོན་པོ་༸གང་ཉིད་མཆོག་མཐོ་སློབ་ཀྱི་ཚོགས་ཁང་ཆེན་མོར་གདན་འདྲེན་ཞུས་ཡོད་པ་རེད།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་གལ་གནད་དང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་སོང་བའི་དེང་གི་འཛམ་གླིང་ཐོག་ནང་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་འཕྲོད་བསྟེན་བཅས་ཀྱི་གལ་འགངས་ཇི་ཆེ་ཐོག་ལམ་སྟོན་རྒྱ་ཆེ་བཀྲིན་བསྩལ་བ་དང་ཆབས་ཅིག རྒྱ་གར་ལ་གོ་ལ་སྤྱིར་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་དམིགས་བསལ་གྱི་ཁྱད་ནུས་ལྡན་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད།

Latest news