Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད།

དེ་རིང་ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་ཐོག་ཚོུད་ ༩ སྟེང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་ཁུར་བ་ཁག་ཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱི་ལྷན་ཚོགས་ཐེངས་གསུམ་པ་དབུ་འཛུགས་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད་ཅེས་བཀའ་བསྩལ་སོང་།དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་ United States Institute of Peace ཞེས་པའི་ཞི་བདེའི་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་གྲུ་ཁག་ཅིག་གི་གཞོན་སྐྱེས་མགོ་ཁྲིད་མི་ཉུང་བ་ཞིག་འདུ་བསྐོང་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ Afghanistan དང་ Tunisia དེ་བཞིན་བྷར་མ། ཨ་ཕི་རི་ཀ། སུ་དཱན། སོ་མཱ་ལི་ཡ།  སིརྱ།  Valenzuela དང་ Nigeria Libya སོགས་རྒྱལ་ཁབ་མི་འདྲ་བ་ ༡༢ ནས་གཞོན་སྐྱེས་གྲངས་ ༢༧ ལྷན་ཞུགས་གནང་འདུགསྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཚོགས་བཅར་བ་དང་ལས་གཞི་འདི་གོ་སྒྲིག་ཞུ་མཁན་ཡོངས་ལ་ལེགས་གསོའི་འཚམས་འདྲི་དང་འབྲེལ། འདས་པའི་ལོ་དུས་ནང་འཛམ་བུ་གླིང་འདིའི་ཐོག་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། དེ་བཞིན་ཀོ་རི་ཡ་དང་ཝེ་ཏི་ནམ་གྱི་དམག གཞན་ཡང་ཨུ་རུ་སུའི་ནང་འཁྲུག་དམག་སོགས་འཚེ་བ་དང་དྲག་སྤྱོད་རིགས་ཤུགས་ཆེ་སྤེལ་ནས་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ང་ཚོའི་ངོས་ནས་འདས་ཟིན་པའི་ལོ་རྒྱུས་དེ་དག་ལ་བསྒྱུར་བཅོས་གཏོང་ཐུབ་ཐབས་མེད་པ་དང་། ང་ཚོའི་ལག་ཏུ་ཡོད་པ་ནི་མ་འོངས་པའི་དུས་ཚོད་དེ་ཡིན་སྟབས། མ་འོངས་པར་འཛམ་བུ་གླིང་འདི་གང་ཆགས་མིན་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལག་ཏུ་ཡོད་ཅེས་བཀའ་བསྩལ་སོང་། དེ་བཞིན་དུས་རབས་ཉིར་གཅིག་འདིའི་ནང་རྒྱལ་སྤྱིའི་ཚོང་འབྲེལ་དང་། གནམ་གཤིས་འགྱུར་ལྡོག དེ་བཞིན་འཕྲུལ་ཆས་ཀྱི་འཛུགས་སྐྲུན་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་། ཤར་ལྷོ་ནུབ་བྱང་གང་སར་ཡོད་པའི་རྒྱལ་ཁབ་རྣམས་གཅིག་ལ་གཅིག་བརྟེན་ཚུལ་དུ་གནས་དགོས་པ་གསལ་པོ་ཡིན་པས་ང་ཚོས་དང་ཐོག་དེར་ང་ཚོ་ཚང་མ་མི་ཞིག་ཡིན་བསམ་པའི་ཐོག་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་མཐོར་གཏང་ཐུབ་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ངེས་ཡིན་པར་བཀའ་བསྩལ་ཡོད།གཞན་ཡང་༸གོང་ས་མཆོག་ནས་དེང་སྐབས་ཚན་རིག་མཁས་པ་ཚོས་ཀྱང་ཞིབ་འཇུག་རིམ་པ་བྱས་ཏེ་འགྲོ་བ་མིའི་རང་གཞིན་གཙོ་བོ་དེ་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཡིན་པ་ཡོངས་གྲགས་གནང་བཞིན་ཡོད་སྟབས་ཚང་མས་རང་གི་གྲོགས་ཕོ་མོའི་བདེ་སྡུག་ཙམ་ལ་དགོངས་བཞེས་གནང་བ་མིན་པར་སྐྱེ་འགྲོ་ཐམས་ཅད་ཀྱི་བདེ་སྡུག་ལ་དགོངས་བཞེས་གནང་ཐོག་རང་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེའི་བསམ་པ་གོང་མཐོར་གཏང་དགོས་པ་དང་། ཆོས་ལུགས་ཀྱི་ཐོག་ནས་དགོངས་བཞེས་གནང་བར་རྒྱ་གར་རྒྱལ་ཁབ་ཆེན་པོའི་ནང་ཆོས་ལུགས་ཀུན་མཐུན་འབྲེལ་ངང་གནས་ཐུབ་ཀྱི་ཡོད་པ་དཔེ་མཚོན་དང་སྦྲགས། ཁ་ཆེ་བ་རྣམས་ཀྱང་ཨ་ལཱ་ཞེས་ཆོས་བྱེད་ཡུལ་གཅིག་པ་ཡིན་སྟབས་ Shia དང་ Sunni ཞེས་དབྱེ་འབྱེད་ཀྱི་རྩོད་པ་མེད་པར་ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པ་དང་། དེ་ནི་ང་ཚོའི་ངོས་ནས་གནང་ཐུབ་པ་ཞིག་ཀྱང་རེད་ཅེས་བཀའ་ནན་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔོན་འགྲོའི་བཀའ་སློབ་གྲུབ་མཚམས་སུ་ཚོགས་བཅར་བ་ཁག་ཅིག་ནས་དོ་བདག་སོ་སོའི་ལུང་པའི་ནང་འཕྲད་བཞིན་པའི་རྩོད་རྙོག་དང་། དེའི་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་སོགས་ངོ་སྤྲོད་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་མགོན་པོ་མཆོག་གིས་མི་ཚེའི་ནང་དཀའ་སྡུག་གང་འདྲ་ཞིག་འཕྲད་ཀྱང་གཙོ་བོ་སོ་སོའི་སེམས་འདི་ཞི་བདེར་གནས་དགོས་པ་དང་། དེ་ལྟར་བྱུང་ན་དཀའ་ཚེགས་དེ་ལས་གཞན་མི་བཟོ་བར་ཕན་ཐོགས་ཡོད་པ་དང་། ལྷག་དོན་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་ལྡོ་ཟླར་བརྩོན་པར་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་བར་སྐབས་ནས་འགྲོ་བ་མིའི་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་བཞིན་ཡོད་པའི་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པའི་ངོ་སྤྲོད་མཛད་ཡོད། སྐབས་དེར་གསར་འགོད་པས་ལྷན་ཚོགས་འདི་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་སྤྱི་དམངས་འབྲེལ་མཐུད་འགན་འཛིན་ Shai Korman ལགས་སུ་ད་བར་ལས་གཞི་འདིའི་བརྒྱུད་གཞོན་སྐྱེས་དང་སྤྱི་ཚོགས་ནང་ཕན་ཐོགས་གང་བྱུང་ཡོད་མེད་ཐོག་བཅར་འདྲི་ཞུས་པས་ལྷན་ཚོགས་འདིའི་ཐོག་ནས་གཞོན་སྐྱེས་ཚོས་༸གོང་ས་མཆོག་གི་དྲུང་ནས་བྱམས་བརྩེ་དང་ནང་སེམས་ཀྱི་ཞི་བདེའི་ཐོག་སློབ་སྦྱོང་བྱས་པ་དང་། ཁྱད་པར་དུ་སོ་སོའི་ལས་དོན་ནང་དངོས་སུ་ལག་བསྟར་བརྒྱུད་རྒྱལ་ཁབ་དང་ཆེ་ས་ནས་འཛམ་གླིང་སྤྱིའི་གནས་བབ་ཡར་རྒྱས་གཏང་རྒྱུར་ཕན་ཐོགས་ཡོང་གི་འདུག་པ་མ་ཟད་དེ་སྔའི་ལྷན་ཚོགས་ཐོག་ཕེབས་པའི་གཞོན་སྐྱེས་རྣམས་ད་ལྟའི་ཆར་སོ་སོའི་རྒྱལ་ཁབ་ཙམ་མིན་པར་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་ཚོར་བཟང་ཕྱོགས་ཀྱི་ལམ་སྟོན་གནང་མཁན་ཡང་ཆགས་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་མཇལ་མོལ་གྱི་ལྷན་ཚོགས་འདི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཚོགས་ཀྱི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་འོག་གི་ལས་བྱེད་སྐུ་ཚབ་ནས་བཞུགས་སྒར་དུ་བོད་དོན་རྒྱུས་ལོན་གནང་བ།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་བྱེད་གསུམ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ནས་བཞུགས་སྒར་དུ་ཆེད་ཕེབས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་གཙོ་གྱུར་ཤེས་ཡོན་དང་འབྲེལ་བའི་སྡེ་ཁག་འདྲ་མིན་ནང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་གནང་འདུགསྐུ་ཚབ་ཚོགས་ཆུང་དེའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་ Michael Schiffer ལགས་དང་སྐུ་ཞབས་ Damian Murphy ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ནང་སྲིད་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་ Sajit Gandhi ལགས་བཅས་ཕེབས་འདུག་པ་དང་། ཁོང་རྣམས་དང་ལྷན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཆེད་ཕེབས་གནང་འདུགཁ་སང་ཚེས་ ༢༢ ཉིན་སྐུ་ཚབ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱག་སྦྲེལ་བཀའ་བློན་ཁག་ཅིག གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་འདུགའཚམས་གཟིགས་འདིའི་སྐོར་ལ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་སྣེ་ལེན་འབྲེལ་མཐུད་པ་བསྟན་འཛིན་གཡུ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་སྐུ་ཚབ་གསུམ་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཆེད་ཡིན་པར་གསུངས་སོང་། སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་དཔེ་མཛོད་ཁང་དང་དབུས་སྣེ་ལེན་ཁང་། ཕྱི་དྲོལ་འགྲེམས་སྟོན་ཁང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་བུ་གླིང་ཁ་སོགས་སུ་གཟིགས་སྐོར་གནང་ཡོད་པ་རེད། རྩ་བའི་རྒྱལ་སྤྱིའི་ཡུལ་གྲུ་སོ་སོའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཡོང་བར་གྲོས་ཚོགས་འཐུས་མི་ཁོ་ན་མ་ཡིན་པར་ཁོང་རྣམ་པ་དང་ལྷན་དུ་ཕྱག་རོགས་ལས་བྱེད་རྣམ་པའི་རྒྱབ་སྐྱོར་དེ་ཡང་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པ་ལྟར། སྔ་ལོའི་ཕྱི་ཟླ་ ༥ པའི་ནང་ཡུ་རོབ་གྲོས་ཚོགས་འཐུསམིའི་ལས་བྱེད་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་བཞུགས་སྒར་དུ་བོད་མིའི་སྤྱི་ཚོགས་རྒྱུས་ལོན་གནང་ཆེད་དུ་གདན་ཞུ་ཕུལ་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས།

ནང་པ་སངས་རྒྱས་པའི་ཆོས་སྲུང་སྐྱོབ་བྱ་བར་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དེ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་དགེ་སློབ་ཁག་ཅིག་བཅས་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་འབྲེལ། ང་ཚོའི་ཕ་མེས་ནས་བརྒྱུད་པའི་ཆོས་དེ་བདག་གཅེས་ལེགས་པོ་གནང་དགོས་ཚེ་ནང་ཆོས་ལ་སློབ་གཉེར་གནང་དགོས་གལ་ཡིན་པར་བཀའ་ནན་མཛད་འདུགཁ་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་རྒྱལ་ས་ Kathmandu ནས་ཆེད་བཅར་ཞུས་པའི་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༥༨ ཙམ་དང་དགེ་རྒན་བཅས་པར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།  སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་པའི་ཆོས་སྤྱི་དང་སྒོས་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ནི་ཆོས་ལུགས་གཞན་དང་མི་འདྲ་བར་རིག་པས་དཔྱད་ནས་མིའི་རྣམ་དཔྱོད་རྩལ་དུ་འདོན་རྒྱུ་ཡོད་པ་དང་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་ཆོས་ཆགས་ཡོད་པར་ལམ་སྟོན་བསྩལ་བ་མ་ཟད་དེ་ལྟ་བུའི་མི་རབས་མང་པོ་ནས་བརྒྱུད་པའི་ཕ་མེས་ཀྱི་ཆོས་དེ་རྒྱུན་འཛིན་གནང་བར་བོད་མི་སྤྱི་དང་སྒོས་སུ་གཞོན་སྐྱེས་ཚོར་འགན་ཡོད་པར་བཀའ་ནན་བསྩལ་འདུགཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞིན་བཙན་བྱོལ་དུ་འབྱོར་རྗེས་བཙུན་མ་རྣམས་ནས་སྔར་ལམ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་སླད་གཞུང་ཆེན་བཀའ་པད་དག་ལ་བསླབ་པ་སློབ་གཉེར་དབུ་འཛུགས་དང་ད་ཆ་དགེ་བཤེས་མ་ཐོན་མཁན་བྱུང་ཡོད་པ་དེ་དག་ལས་མིག་དཔེ་བླངས་ཏེ་ཁྱིམ་པ་ཕོ་མོ་ཚོས་ཀྱང་རིམ་བཞིན་རིགས་ལམ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔའི་ཐོག་སློབ་གཉེར་མཐིལ་ཕྱིན་གནང་ནས་ཤེས་ཐོག་གཞན་ལ་འགྲེལ་བརྗོད་གནང་ཐུབ་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་གནང་མཛད་འདུག༸གོང་ས་མཆོག་གིས་ད་ལྟའི་དུས་སྐབས་འདིར་སློབ་ཕྲུག་རྣམས་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ལྡན་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་དོན་དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེཧ་རུ་མཆོག་གིས་ཀྱང་མགོན་པོ་མཆོག་ལ་བོད་དོན་རྩ་བརླག་མི་འགྲོ་བའི་ཐབས་ལམ་ཡག་ཤོས་དེ་བོད་རིགས་གཞོན་སྐྱེས་ཚོར་གནའ་དེང་གཉིས་ཀྱི་ཤེས་ཡོན་སྤྲོད་དགོས་པའི་དགོངས་འཆར་ཕུལ་མྱོང་ཡོད་པ་བཞིན་༸གང་ཉིད་མཆོག་བཙན་བྱོལ་ལ་ཆིབས་བསྒྱུར་བསྐྱངས་ནས་ཕྱག་ལས་གལ་དགངས་ཆེ་ཤོས་དེ་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་བོད་མིའི་གཞིས་ཆགས་ཁག་འཛུགས་སྐྲུན་དང་ལྷག་དོན་བོད་རིགས་གཞོན་སྐྱེས་རྣམས་ལ་སྲོལ་རྒྱུན་གཙོ་བཟུང་ཐོག་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུའི་སླད་རྒྱ་གར་གཞུང་གི་རོགས་རམ་འོག་བཙན་བྱོལ་བོད་མིའི་གཞིས་རིམ་གཏན་སློབ་མང་དག་གསར་འཛུགས་གནང་ཡོད་པ་བཅས་བཀའ་བསྩལ་ནས་སློབ་མ་ཁྱེད་རང་ཚོས་ངེས་པར་དུ་ནང་ཆོས་དང་གནའ་དེང་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོག་ཧུར་ཐག་གནང་དགོས་པར་སྐུལ་མ་མཛད་འདུགརྩ་བའི་བལ་ཡུལ་རྣམ་རྒྱལ་མཐོ་རིམ་སློབ་གྲྭ་ནི་ཕྱི་ལོ་ ༡༩༨༨ ལོར་ཆེད་འཛུགས་གནང་ཞིང་། སྐབས་དེར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་དང་སློབ་ཕྲུག་ཁྱོམ་བསྡོམས་ ༢༠༠ དང་དགེ་ལས་གྲངས་ ༡༠ བཅས་ཡོད་པ་དང་། ད་ཆ་སློབ་གྲྭ་དེར་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༤༢༤ དང་དགེ་ལས་གྲངས་ ༥༤ ཡོད་པ་རེད།

སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་ནི་ནང་སེམས་ཀྱི་བློ་སྦྱོང་རྒྱུ་དེ་རེད།

ཁ་སང་ཟླ་ ༡༠ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་ནང་གི་སེར་སྐྱ་མང་ཚོགས་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་འབྲེལ། སྐབས་དེར་རྒྱ་གར་བ་ཁག་ཅིག་ལ་སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་ནི་ཁོང་ཁྲོའི་སྐྱོན་དང་ཉེས་དམིགས་ཤེས་པའི་སྒོ་ནས་ནང་སེམས་ཀྱི་བློ་སྦྱོང་རྒྱུ་དེ་རེད་ཅེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་བ་དེ་དག་ལ་ཚན་རིག་པ་ཚོས་ཁོང་ཁྲོ་དང་དྭངངས་སྐྲག་ལ་བརྟེན་ནས་ལུས་ཀྱི་བདེ་ཐང་འཛིན་བྱེད་ལུས་ཟུངས་མ་ལག་ལ་གནོད་ཀྱི་ཡོད་སྐོར་བཤད་དོན་ལྟར། སེམས་བཟང་པོ་ཞིག་བྱ་ཐུབ་ཚེ་ལུས་ཀྱི་བདེ་ཐང་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པར་བཀའ་ནན་བསྩལ་འདུག  མགོན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སུ་ཁ་འདོན་དགེ་སྦྱོར་དང་སྨོན་ལམ་རྒྱག་པ་ཙམ་གྱིས་བསྒྲུབ་ཐུབ་ཀྱི་མེད་པ་ནི་མི་ཁོང་ཁྲོ་ཆེན་པོ་ཡོད་མཁན་ཚོས་ཀྱང་སྨོན་ལམ་འདེབས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་བ་དང་འབྲེལ། གང་ལྟར་སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་ནི་ཁོང་ཁྲོའི་སྐྱོན་དང་ཉེས་དམིགས་ཤེས་པའི་སྒོ་ནས་ནང་སེམས་ཀྱི་བློ་སྦྱོང་རྒྱུ་དེ་རེད་ཅེས་བཀའ་བསྩལ་ནན་པོ་ཕེབས་ཡོད། ༸གོང་ས་མཆོག་གིས་ད་དུང་སྙིང་རྗེའི་བློ་ནི་ཁོང་ཁྲོའི་གཉེན་པོ་ཡིན་པ་དང་། སྙིང་རྗེ་ཉམས་ལེན་གནང་ཚེ་ཁོང་ཁྲོ་ཆུང་དུ་འགྲོ་ངེས་ཡིན་པ་མ་ཟད་སེམས་འཁྲུག་པའི་དཀའ་ངལ་དང་སེམས་ཁྲལ་རྣམས་ཆུང་དུ་འགྲོ་གྱི་རེད་ཅེས་བཀའ་བསྩལ་འདུག

རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱ་ཐུབ་ངེས་རེད་ཅེས་བཀའ་བསྩལ་བ།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སེར་སྐྱ་མང་ཚོགས་ཁག་ཅིག་ལ་གསེར་ཞལ་མཇལ་ཁ་བསྩལ་བ་དང་འབྲེལ། སྐབས་དེར་བོད་སྐད་ཤེས་མཁན་རྒྱ་གར་སློབ་ཕྲུག་གཅིག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་བྱ་རྒྱུའི་ཐོག་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྐབས་དེར་རྒྱ་གར་བ་སློབ་ཕྲུག་དེར་མཁན་ཆེན་ཞི་བ་འཚོས་མཛད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་དུས་རབས་བརྒྱད་པའི་ནང་བོད་པས་སློབ་སྦྱོང་བྱས་ཡོད་པ་དང་། དེ་ལྟ་བུའི་རིག་གཞུང་དེ་དག་རྒྱ་གར་གྱི་རིག་གཞུང་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། བར་སྐབས་ཤིག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཉམས་རྒུད་དུ་ཕྱིན་ཡོད་པ་རེད། རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཆེད་༸གང་ཉིད་མཆོག་ནས་བསྐྱར་གསོ་གནང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་སྐད་ཤེས་མཁན་རྒྱ་གར་བ་སློབ་ཕྲུག་དེ་ལ་ཁྱེད་རང་ནས་བོད་སྐད་དང་བོད་ཡིག་ཤེས་ཀྱི་ཡོད་སྟབས་དེ་དག་བསྐྱར་གསོ་ཐུབ་པར་ཞབས་ཞུ་བསྒྲུབ་ཐུབ་ངེས་ཡིན་པར་བཀའ་བསྩལ་འདུག མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ཀྱི་རིག་གཞུང་དེ་དག་བསྐྱར་གསོ་དང་འབྲེལ་ཏེ་བློ་རིག་ནང་གཙོ་བོ་སེམས་ཁམས་རིག་པའི་རྣམ་བཞག་དང་རྟགས་རིགས་རྣམ་བཞག་བསྟན་ཡོད་པས་མ་འོངས་པར་ཤེས་ཡོན་སྡེ་ཚན་ཁག་ཏུའང་དེ་འབྲེལ་བསླབ་གཞི་གཏན་འབེབས་གནང་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་མ་ཟད། དགེ་རྒན་ཚོར་འོས་སྦྱོང་གྱི་ལས་འཆར་ཞིག་བཀོད་སྒྲིག་གནང་མུས་ཡིན་པ་སོགས་བཀའ་བསྩལ་ཡོད།

༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བསྩལ་བའི་བཀའ་སློབ།

བོད་མིའི་སྒྲིག་འཛུགས་ནས་འདི་ལོ་པྱི་ལོ་ ༢༠༡༨ ལོ་འཁོར་མོ་རྒྱ་གར་གཞུང་མང་གཙོ་གྱུར་བོད་རིགས་གནས་ཡུལ་གྱི་ས་གནས་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༠ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེའི་སྲིད་བློན་སྐུ་ཞབས་ Acharya Dev Vrat མཆོག་དང་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོ་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག གཞན་ཡང་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག ས་གནས་ཡུལ་མི་དང་བོད་མི་བཅས་ལྷན་འཛོམས་ཐོག་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་རེད།དེ་རིང་གི་མཛད་སྒོ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་མི་ཚེ་འདི་ངེས་བརྟན་མེད་པ་ཞིག་ཡིན་སྟབས། དེ་སྔ་ནས་བོད་མི་ལ་རོགས་རམ་ཧུར་ཐག་གནང་མཁན་གྱི་མངའ་སྡེ་བློན་ཆེན་མཆོག་གིས་གཙོས་པའི་ལས་བྱེད་དང་མི་མང་ཁག་ཅིག་ད་རེས་དེར་དངོས་སུ་མེད་ཀྱང་། ཁོང་རྣམ་པའི་བཀའ་དྲིན་དྲན་ཞིང་དུས་རྟག་ཏུ་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་བསྩལ་དང་འབྲེལ་ཏེ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུགམགོན་པོ་མཆོག་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་མངའ་སྡེ་འདིའི་ནང་བཞུགས་པའི་རིང་ལ་དགའ་སྤྲོ་ཆེན་པོ་བྱུང་བ་མ་ཟད། དུས་རྒྱུན་མགོན་པོ་༸གང་ཉིད་མཆོག་ནི་ཧི་མཱ་ཅལ་མངའ་སྡེའི་མི་སེར་ཞིག་ཡིན་པ་དང་མངའ་སྡེ་འདིའི་སྲིད་བློན་དང་སྤྱི་ཁྱབ་བློན་ཆེན་དེའང་༸གང་ཉིད་མཆོག་གི་སྲིད་བློན་དང་སྤྱི་ཁྱབ་བློན་ཆེན་ཡིན་ཞེས་ཡོངས་གྲགས་གནང་གི་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེང་གི་འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་སེལ་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་ཕན་ནུས་ཆེན་པོ་ཞིག་ཐོན་ངེས་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་ལོ་དུས་དེ་དག་ཁྲོད་དུ་རྒྱ་གར་གི་གནའ་བོའི་རིག་གནས་དེ་དག་ནང་ཡོད་པའི་སེམས་ཁམས་ཀྱི་རྣམ་བཞག་དང་། སེམས་ཚོར་དྲག་པོའི་ཆ་རྣམས་གཉེན་པོ་བསྟན་སྟངས་སོགས་ཀྱི་ཐོག་ལམ་སྟོན་མཛད་བཞིན་པ་མ་ཟད། ཉེ་དུས་ནས་རྒྱ་གར་དུ་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་སླར་གསོ་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་དང་སྦྲགས། ཧི་མཱ་ཅལ་མངའ་སྡེ་འདིར་ཆ་མཚོན་ན། ལཱ་ཧོ་དང་སྤི་ཏི་སོགས་ལོ་རྒྱུས་ཐོག་ནས་ནང་པ་དང་ནང་པའི་དགོན་སྡེ་གྲྭ་ཚང་ཡོད་པའི་ས་ཆ་ཞིག་ཆགས་ཡོད་སྟབས། རྒྱ་གར་གི་རིག་གནས་དེ་དག་ཐོག་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་ལ་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་བཅས་པར་གཏོར་སྐྱོན་འཚབ་ཆེན་བཏང་ཡོད་ཀྱང་། བོད་མི་རྒྱ་ཆེ་མང་ཚོགས་ཀྱི་སེམས་ལ་འགྱུར་བ་མེད་པའི་ཐོག་བོད་ཀྱི་གནད་དོན་གསོན་པོ་གནས་ཡོད་སྐོར་གསུངས་པ་དང་སྦྲགས། དུས་ཚོད་དེའི་རིང་ལ་རྒྱ་གར་གཞུང་མང་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག རྒྱ་གར་ནི་ང་ཚོ་བོད་མི་ཚོར་ནང་གཉིས་པ་ལྟ་བུ་ཆགས་ཡོད་པ་གསུངས་ཡོད།དེ་བཞིན་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་བློན་སྐུ་ཞབས་ Acharya Dev Vrat མཆོག་དང་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་སོ་སོ་ནས་གསུང་བཤད་གནང་ཡོད་པ་དང་། དེའང་བོད་དང་རྒྱ་གར་དབར་གྱི་ཐུན་མིན་འབྲེལ་བའི་སྐོར་དང་ལྷག་དོན་༸གོང་ས་མཆོག་གིས་རྒྱ་གར་སྤྱི་དང་འཛམ་གླིང་ཡུལ་གྲུ་ཀུན་ལ་ཞི་བདེ་དང་འཚེ་བ་མེད་པའི་བསླབ་བྱ་ཁྱབ་སྤེལ་མཛད་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་གར་གྱི་ངོས་ནས་བོད་མི་རྣམས་རང་ཉིད་ཀྱི་ནང་མིར་ངོས་འཛིན་གནང་བཞིན་ཡོད་པ་དང་བོད་ལ་རང་དབང་གི་ཉི་མ་མགྱོགས་ནས་འཆར་བར་རེ་སྨོན་ཡོད་པ་བཅས་གསུངས་འདུགགཞན་ཡང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོ་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་ཀྱིས་རྒྱ་གར་གཞུང་མང་གཙོ་གྱུར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད། བོད་ཀྱི་ཟློས་གར་ཚོགས་པས་ཧི་མཱ་ཅལ་ས་གནས་ཀྱི་གླུ་གཞས་གཟིགས་འབུལ་ཞུས་གནང་འདུག ༸སྐུ་པར་བོད་མིའི་སྒྲིག་འཛུགས།

༸གོང་ས་མཆོག་གིས་འཛམ་གླིང་སྤྱི་ལ་ཁྱབ་པའི་ཆོས་ལུགས་མཐུན་སྒྲིལ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་སློབ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་གོང་ནས་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག གཅེས་ནོར་དེ་རིམ་བཞིན་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུའི་འགན་བཞེས་དགོས་པར་ལམ་སྟོན་མཛད་སོང་།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་བྱང་ཕྱོགས་མ་སུ་རིར་རྟེན་གཞི་བྱས་པའི་ Woodstock རྒྱལ་སྤྱིའི་སློབ་གྲྭ་ནས་ཆེད་བཅར་ཞུས་པའི་དགེ་སློབ་ ༤༨ ལ་ཚོུད་གཅིག་ཙམ་རིང་དམིགས་བསལ་མཇལ་མོལ་དང་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་བསྩལ་ཡོད།སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་སློབ་མ་རྣམས་ལ་ཉེ་བའི་ཆར་ཆོས་ལུས་དང་འབྲེལ་བའི་ཐོག་ནས་མི་སྟོང་ཕྲག་མང་པོ་བསད་རེས་བཏང་ཡོད་པ་དང་ལྷག་པར་དུ་ཁ་ཆེའི་ Shia དང་ Sunni གཉིས་དབར་རྩོད་རྙོག་རིགས་མང་དག་འབྱུང་བཞིན་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་ངེས་པར་དུ་རྒྱ་གར་ཁ་ཆེ་ཚོའི་ངོས་ནས་རམ་འདེགས་ཇི་ལྟར་གནང་དགོས་མིན་ཐད་དགོངས་བཞེས་གནང་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་ཉེ་ཆར་ལ་དྭགས་ཀྱི་ཁ་ཆེ་བ་ཚོར་རྒྱལ་ཡོངས་ཀྱི་ཁ་ཆེའི་ལྷན་ཚོགས་ཤིག་དང་དེ་རྗེས་རྒྱལ་སྤྱིའི་ཚད་དང་མཉམ་པའི་ཁ་ཆེའི་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད་སྐོར་བཀའ་ནན་བསྩལ་སོང་། ལྷག་དོན་༸གོང་ས་མཆོག་གིས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་ནས་ཡོད་བཞིན་པའི་ཆོས་ལུགས་མཐུན་སྒྲིལ་དེར་ཡིད་སྨོན་ཆེན་པོ་མཛད་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ད་ཆ་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པ་འདི་ནས་མིག་དཔེ་བླངས་སྟེ་གཅེས་ནོར་དེ་རིམ་བཞིན་འཛམ་གླིང་སྤྱིའི་ཐོག་ཁྱབ་སྤེལ་ཐུབ་པ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་ལམ་སྟོན་རྒྱ་ཆེ་མཛད་ཡོད།  དེ་རྗེས་ Woodstock སློབ་མ་ཁག་ཅིག་ནས་༸གོང་ས་མཆོག་ལ་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་པའི་ཁོངས་ནས་སློབ་མ་ཞིག་གིས་སྒེར་གྱི་ངོས་ནས་མི་ཚེ་སྐྱེལ་རྒྱུར་དམིགས་བསལ་དགོས་དོན་གང་ཡང་མཐོང་གི་མེད་པར་བཀའ་འདྲི་ཞུས་པར་བཀའ་ལན་མཛད་པ་ལས་འཕྲོས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དེང་སང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་དེ་གཙོ་བོ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཞན་ཆ་ཞིག་ཡིན་སྟབས། ཚང་མས་ ཕྱི་ལུས་པོའི་འཕྲོད་བསྟེན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐད་ལའང་དེ་མཚུངས་ཀྱི་དོ་སྣང་བྱེད་དགོས་པ་དང་ལྷག་པར་དུ་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་པོ་བྱུང་ཚེ་རང་ཉིད་ཀྱི་ལུས་པོ་དེ་བདེ་ཐང་དང་སྐྱིད་པོ་ཡོང་ངེས་རེད་ཅེས་བཀའ་བསྩལ་ཡོད།དེ་བཞིན་མཆོག་གིས་སློབ་མ་རྣམ་པར་གཙོ་བོར་དམིགས་ཏེ་འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་མི་ཕན་ཚུན་དབར་མི་བསད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ཁྱེད་རང་ཚོའི་ངོས་ནས་ད་ལྟའི་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་བདེ་སྐྱིད་ལྡན་པ་ཞིག་བསྐུན་ཐུབ་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་ཡོད་སྐོར་ལ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་ནས་ཝུཌ་སེཊོཀ་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་ཁག་ཅིག་དང་ལྷན་མཇལ་མོལ་གྱིས་ཁོང་རྣམ་པའི་བཀའ་འདྲིར་བཀའ་ལན་བསྩལ་བའི་ཁྲོད་འབྲུག་དང་ཨཕ་གྷན། ཨ་རི། སིརྱ། དེ་བཞིན་ཨི་ཊ་ལི། པེ་ལིསྚཱན། ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་ནས་ཁྱོན་སློབ་མ་ ༤༨ ཆེད་བཅར་ཞུས་ཡོད་པ་རེད།

བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་དགོས་པའི་འབོད་སྐུལ།

ཁ་ས་ཚེས་ ༡༠ ཉིན་ CECC ཞེས་ཨ་རི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདི་ལོ་ ༢༠༡༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས།  ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་དང་གྲོས་ཚོགས་ནས་རྒྱ་གཞུང་ལ་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པ་དང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་དགོས་པར་འབོད་སྐུལ་ཞུས་འདུག གཞི་རྩའི་ཟླ་བ་སྔོན་མར་ཨ་རི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet ཞེས་པའི་རྒྱ་ནག་དང་བོད་དུ་ཡོད་པའི་གསར་འགོད་པ་དང་མཁས་དབང་རྣམས་རང་དབང་དང་འགོོག་རྐྱེན་མེད་པར་ཨ་རིར་ཕེབས་ཆོག་པ་ལྟར། ཨ་རིའི་མི་སེར་ཡང་རྒྱ་ནག་ནང་འགོག་རྐྱེན་མེད་པའི་ངང་ཕེབས་འཇུག་དགོས་པའི་ཁྲིམས་འཆར་གཏན་འབེབས་གནང་བ་དང་།   ཉེ་ཆར་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་སྤྱི་འཐུས་ཁག་ཅིག་ནས་ཨ་རིར་གནས་སྡོད་བོད་མི་ཚོས་ཐུགས་འགན་བཞེས་པའི་ཐོག་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་ནས་གྲོས་ཚོགས་གོང་མའི་ནང་དུའང་གྲོས་ཆོད་དེ་བསླེབ་ཐུབ་པ་ཙམ་དུ་མ་ཟད་དེ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ད་རེས་ CECC ཚོགས་ཆུང་དེས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ཨ་རི་གཞུང་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གཏང་དགོས་པ་ཐེར་བཏོན་དང་། དེའི་ཁྲོད་ཉེ་ཆར་ཨ་རི་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་འཆར་ལུང་འདྲེན་དང་འབྲེལ་ཏེ་རྒྱ་ནག་ནང་ཨ་རི་མི་སེར་ཡིན་པ་གསར་འགོད་པ་དང་། མཁས་དབང་རྣམས་བསྐྱོད་པར་དམ་དྲག་བྱེད་པ་བཞིན། དེ་ལྟར་དམ་དྲག་གནང་མཁན་གྱི་རྒྱ་ནག་གི་སྲིད་ཞུའི་ལས་བྱེད་རྣམས་ཨ་རི་ནང་ཡོང་མི་ཆོག་པ་བཟོ་དགོས་སྐོར་མངོན་གསལ་གནང་འདུག  ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ Marco Rubio ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་འདི་ལོའི་ལོ་མཇུག་སྔོན་ཚུད་དུ་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་བཞིན་སྲིད་འཛིན་ Trump མཆོག་ནས་དེར་མཚན་རྟགས་སྐྱོན་པ་རེ་བ་གནང་བཞིན་ཡོད་པ་གསུངས་འདུག འདས་པའི་ལོ་དགུའི་ནང་རྒྱ་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གཅིག་ཀྱང་གནང་མེད་སྐོར་བརྗོད་པ་སྦྲགས།  བོད་རྒྱ་འབྲེལ་མོལ་སླར་གསོ་གནང་དགོས་པ་དང། ༸མགོན་པོ་མཆོག་ནས་ཡང་ནས་ཡང་དུ་རྒྱ་གཞུང་ལ་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་པ་ཡོངས་བསྒྲགས་གནང་ཡོད་ཀྱང་།  རྒྱ་གཞུང་གིས་ད་དུང་བོད་ནང་གནས་བཞུགས་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གི་ཡང་དག་པའི་དགོངས་གཞིར་རྒྱབ་སྐྱོར་དང་། བཀའ་ཆོས་གསན་པ་།  ༸སྐུ་པར་བསྣམས་པ་མཐོང་ཚེ་དེ་མ་ཐག་འཛིན་བཟུང་དང་ཉེས་བརྡུང་གཏོང་བཞིན་པའི་གནད་དོན་ལུང་འདྲེན་གྱིས་ཨ་རི་གྲོས་ཚོགས་འཐུས་མི་དང་གཞུང་ནས་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་པར་ཞུ་སྐུལ་གནང་འདུག

བཙན་བྱོལ་ནང་གི་སངས་རྒྱས་ཞེས་པའི་༸གོང་ས་མཆོག་གི་༸སྐུ་པར་ཆེད་སྒྲིག་གི་དཔེ་དེབ་གསར་ཐོན།

བི་བི་སི་ BBC གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བར་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་རྒྱ་གར་གྱི་པར་པ་སྐུ་ཞབས་ Raghu Rai ལགས་ཀྱིས་ལོ་ངོ་དུ་མིའི་རིང་ཆེད་དུ་ཉར་ཚགས་གནང་ཡོད་པའི་༸གོང་ས་མཆོག་གི་༸སྐུ་པར་ཕྱོགས་སྒྲིག་གི་དཔེ་དེབ་ཞིག་དབུ་འབྱེད་གནང་ཡོད་པ་དང་།   སྐུ་ཞབས་ཁོང་གིས་དཔེ་དེབ་དེ་ནི་ཁོ་རང་ཉིད་སྒེར་གིས་རྒྱ་གར་ནང་དུ་ཆེས་དགའ་མོས་བྱེད་བཞིན་པའི་སྐུ་མགྲོན་༸གོང་ས་མཆོག་ལ་ཕྱག་རྟགས་སུ་ཕུལ་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགརྩ་བའི་༼ཏཱ་ལའི་བླ་མ། བཙན་བྱོལ་ནང་གི་སངས་རྒྱས།༽ ཞེས་པའི་༸སྐུ་པར་ཕྱོགས་སྒྲིག་གིས་ཕྱག་དེབ་དེ་ནི་༸གོང་ས་མཆོག་གི་ཐུགས་གཤིས་གསལ་པོར་མཚོན་པའི་པར་ལམ་གྱི་རྣམ་ཐར་ལྟ་བུ་ཞིག་ཡིན་ཞིང་།  ༸སྐུ་པར་དེ་དག་ནི་ལོ་ངོ་དུ་མའི་རིང་པར་པ་ Raghu Rai ལགས་ནས་དངོས་སུ་༸གོང་ས་མཆོག་དང་མཇལ་བཅར་ཞུས་སྐབས་དང་། ཡང་ན་མགོན་པོ་༸གང་མཆོག་གིས་མང་ཚོགས་ལ་མཇལ་ཁ་སྩལ་སྐབས་སུ་སྒྲོན་པ་འབའ་ཞིག་ཡིན་པ་དང། པར་པ་ཁོང་གིས་༸གོང་ས་མཆོག་ནི་འཕྲུལ་ལས་དང་རྩི་ཤིང་འདེབས་འཛུགས། སེམས་ཅན་ལ་ཐུགས་མཉེས་ཆེན་པོ་གནང་མཁན་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་ལྟར། ཁོང་གི་དཔེ་དེབ་དེའི་ནང་དུའང་༸སྐུ་མདུན་ནས་འཕྲུལ་ལས་ཞིག་གསོ་དང་མེ་ཏོག་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་བཞིན་པའི་༸སྐུ་པར་ཡང་མང་དག་ཅིག་དང་ལྷག་དོན་རྣམ་ཀུན་ནས་མཇལ་དཀོན་པའི་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གྱི་རྟོག་སྒྲུང་མ་ཧཱ་བྷ་ར་ཏཱའི་མི་འབྲེལ་བརྙན་འཕྲིན་ལ་གཟིགས་བཞིན་པ་ཡང་མཇལ་རྒྱུ་འདུག དེ་བཞིན་དྲ་ཐོག་གི་ཚོང་ར་ Amazon གྱིས་དཔེ་དེབ་ཚོང་འགྲེམ་གྱི་འགྲེལ་བརྗོད་སྤེལ་བར་༸སྐུ་མདུན་དང་པར་པ་ Rai ལགས་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཁོང་གཉིས་ཆུང་དུས་ནས་རང་ཡུལ་དང་བྲལ་བའི་ཡུལ་གྱར་བ་གཅིག་མཚུངས་ཡིན་ཚུལ་དང་སྦྲགས།  པར་པ་ Raghu Rai ལགས་ལོ་ངོ་དྲུག་གི་སྟེང་དུ་རྒྱ་གར་དང་པ་ཀིས་ཐན་གཉིས་ལོགས་སུ་གྱེས་རྐྱེན་ཁོང་ཕྱིར་རང་གི་སྐྱེས་ཡུལ་དུ་འགྲོ་ཐབས་མ་བྱུང་བ་དང་། རྗེས་སུ་༸སྐུ་མདུན་དང་ཐག་ཉེ་བའི་གྲོགས་པོར་གྱུར་རྗེས་ཁོང་གིས་༸སྐུ་མདུན་གྱི་བཞད་གད་རང་བཞིན་དང་། སྐུ་རྩེད་གནང་སྟངས། ད་དུང་གུ་ཡངས་རང་བཞིན་གྱི་ཕྱག་ལས་གནང་སྟངས་སོགས་ཀྱི་གནས་སྟངས་འདྲ་མིན་མངོན་པའི་༸སྐུ་པར་མང་པོ་ཞིག་བསྒྲོན་ཡོད་པར་གསལ་བཤད་གནང་བ་དང་འབྲེལ། ༸གོང་ས་མཆོག་དགུང་ལོ་ ༨༠ ལ་ཕེབས་པའི་༸སྐུའི་གྱ་སྟོན་སྐབས་སུ་ཡང་པར་པ་ཁོང་གིས་ཡབ་གཞིས་སྐུ་འཁོར་དང་བཅས་པར་མཉམ་ཞུགས་ཀྱིས་མཛད་སྒོར་བཅར་ནས་གསོལ་ཚིགས་ལྷན་བཞེས་གནང་བ་སོགས་ཀྱང་འགྲེལ་བརྗོད་གནང་འདུག རྩ་བའི་པར་པ་ Raghu Rai ལགས་ནི་དེང་སྐབས་པ་ཀིས་ཐན་གྱི་མངའ་ཁོངས་ཡིན་པའི་ས་གནས་ Punjab’s Jhang ཞེས་པར་ཕྱི་ལོ་ ༡༩༤༢ ལོར་སྐྱེས་ཤིང་། ཕྱིས་སུ་ཆེད་ལས་པར་པ་ཞིག་ཏུ་གྱུར་ནས་ India Today ཞེས་པའི་གསར་ཁང་གི་པར་པའི་འགན་འཛིན་གནང་བཞིན།   world press photo འམ་རྒྱལ་སྤྱིའི་པར་རིས་གསར་ཁང་གི་གཟུ་དཔང་ཐེངས་གསུམ་གནང་མྱོང་ཡོད་པའི་པར་པ་གྲགས་ཅན་ཞིག་ཡིན་པ་དང་། བརྩམས་ཆོས་ཀྱི་ཐད་ནས་ཀྱང་ Reflections in Black and White སོགས་ཡོད་པར་འཁོད་འདུག

Latest news