Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་མི་ཚོས་རང་གི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་བ།

དེ་རིང་ Netherlands ནང་གི་མཛད་འཆར་ཉིན་གཉིས་པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Netherlands གཙོ་བོར་གྱུར་པའི་ Belgium དང་ཕ་རན་སི། འཇར་མ་ནི། དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་མི་ཁྱོན་ ༤༠༠༠ ཙམ་དང་མཇལ་འཕྲད་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་། སྐབས་དེར་མགོན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་མི་མང་དག་ཞིག་དཔལ་འབྱོར་དོན་གཉེར་ཐོག་ནས་བཞུགས་བཞིན་ཡོད་ཀྱང་། ཁོང་རྣམས་རྒྱལ་ཁབ་དེ་དག་ནང་དུ་བོད་རྒྱ་ཆེ་མི་མང་གི་ངོ་ཚབ་གནང་ནས་བཞུགས་བཞིན་ཡོད་སྟབས་བོད་མིའི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་། དེ་ཡང་ Netherlands ནང་གི་ Stiching Bozoek Heiligheid ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དེ་རིང་ Netherlands ཡི་ Rotterdam གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Ohoy ཚོགས་ཁང་ཆེན་མོར་མང་ཚོགས་ཁག་ཅིག་ལ་བཀའ་སློོབ་ཀྱི་མཛད་རིམ་བསྐྱང་གཏན་ཁེལ་བ་དང་བསྟུན། སྔ་དྲོ་བཀའ་སློབ་ཀྱི་མཛད་རིམ་སྔོན་ཚུད་དུ་ Netherlands དང་ཉེ་ཁྲིས་ཀྱི་བྷལ་ཇམ། ཕ་རན་སི། དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་ཅིག་གི་བོད་མི་རྣམས་ལ་བཀའ་སློབ་ཀྱི་མཛད་རིམ་ཞིག་བསྐྱངས་གནང་སོང་བ་དང་། མགོན་པོ་མཆོག་གིས་གཞིས་བྱས་བོད་མི་རྣམས་ཀྱིས་ད་བར་བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་དང་གཤིས་རྒྱུད་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་བཞིན། བོད་མི་རྣམས་ཕྱོགས་གང་སར་ཡོད་ཀྱང་བོད་རྒྱ་ཆེ་མང་ཚོགས་ཀྱི་ངོ་ཚབ་གནང་ནས་བཞུགས་བཞིན་ཡོད་སྟབས། བོད་མི་རིགས་ཀྱི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་བྱེད་དགོས་པར་ལམ་སྟོན་བཀའ་སློབ་བསྩལ་གནང་སོང་། མགོན་པོ་མཆོག་གིས་ད་དུང་ད་ལྟའི་དུས་རབས་ ༢༡ པ་འདིའི་ནང་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་ཆགས་འགྲོ་བཞིན་པ་དང་ཕྱོགས་གཞན་ནས་དོ་སྣང་གསར་པ་སླེབ་བཞིན་པའི་དུས་སྐབས་འདིར་ང་ཚོ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དང་གཞུང་རྣམས་ཆོས་མེད་མཁན་ཚོ་ལ་ཡང་བློ་གྲོས་ཀྱི་མིག་སྦྱིན་ཡག་ལྟ་བུ་ཡོད་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་སྟབས། བཙན་བྱོལ་བོད་མི་དང་ལྷག་པར་དུ་མནར་གཅོད་མྱོང་བཞིན་རང་མི་རིགས་ཀྱི་ངོ་བོ་རྩ་བརླག་མི་འགྲོ་བར་གནང་མཁན་གཞིས་ལུས་བོད་མི་རྣམས་ནས་དད་པ་གཅིག་པོ་མ་ཡིན་པར་རྒྱུ་མཚན་གྱི་ཐོག་ནས་དངོས་ཡོད་གནས་ཚུལ་ར་ཕྲོད་གནང་ཐུབ་རྒྱུ་ཡོད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དར་འཕེལ་བྱུང་ཡོད་པ་དེ་ད་བར་བདག་ཉར་ཡག་པོ་བྱས་ནས་ཡོད་པ་བཞིན་མུ་མཐུད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དགོས་གལ་ཡིན་པར་བཀའ་བསྩལ་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཡིག་དང་བོད་སྐད་ངེས་པར་དུ་བསླབ་དགོས་པའི་ལམ་སྟོན་བསྩལ་བ་དང་འབྲེལ། སྤྱིར་འཛམ་བུ་གླིང་འདིའི་ཐོག་ནང་པའི་ལུང་པ་མང་དག་ཞིག་དང་ནང་པ་ཕལ་ཆེར་དུང་ཕྱུར་ ༡༠ ཙམ་ཡོད་པ་མ་ཟད་དེའི་ཁོངས་ནས་ཕལ་ཆེ་བ་རྒྱ་ནག་ནང་ཡོད་པ་དེ་ལྟར་ཡང་། དངོས་ཡོད་གནས་ཚུལ་རྩད་གཅོད་བྱས་ནས་སངས་རྒྱས་ཀྱི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་མཁན་དེ་བོད་པ་མ་གཏོགས་མེད་སྟབས་སྤོབས་པ་གནང་དགོས་པར་བཀའ་གནང་སོང་། དེ་རིང་སྔ་དྲོ་༸གོང་ས་མཆོག་དང་ཡུ་རོབ་བོད་མིའི་དབར་མཇལ་འཕྲད་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པོའི་ Netherlands བོད་རིག་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་ཀྱིས་བོད་མི་རྣམས་་ལ་བཀའ་སློབ་ཀྱི་མཛད་རིམ་གྲུབ་རྗེས་ Ohoy གི་ཚོགས་ཁང་གཞན་ཞིག་ཏུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ Richard Gere ལགས་དང་ལྷན་གླེང་མོལ་གྱི་ལས་རིམ་ཞིག་གི་ཐོག་དབུ་བཞུགས་མཛད་ཡོད་པ་དང་། དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ཡུལ་དེའི་མང་ཚོགས་ཁག་ཅིག་ལ་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད། དེ་བཞིན་གདན་ཞུ་གནང་མཁན་ཚོགས་པ་དེའི་གོ་སྒྲིག་འོག་ Ahoy ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་བསྐྱང་གནང་གི་ཡོད་པོ་རེད།

༸གོང་ས་མཆོག་ནས་ Amsterdam ནང་བགྲོ་གླེང་ཚོགས་འདུར་དབུ་བཞུགས་དང་གསར་འགོད་པར་མཇལ་འཕྲད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ས་ Amsterdam ནང་གི་ Nieuwe Kerk ཚོགས་ཁང་དུ་སྟོན་པའི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད་དང་དེང་དུས་ཀྱི་འཕྲུལ་ཆས་དང་བྱམས་བརྩེ། དེ་བཞིན་སྐྱེ་རྒ་ན་འཆི་ཞེས་པའི་གླེང་མོལ་གྱི་མཛད་རིམ་གཉིས་ཀྱི་ཐོག་དབུ་བཞུགས་བསྐྱངས་རྗེས་ཡུལ་དེའི་གསར་འགོད་པ་དང་མཇལ་འཕྲད་གནང་འདུག རྩ་བའི་ཁ་སང་༸གོང་ས་མཆོག་ཡུལ་འདིའི་ནང་དུ་༸ཞབས་སོར་འཁོད་རྗེས་༧གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་ཅིག་གིས་བཙན་གཡེམ་གྱི་གནད་དོན་བྱུང་བའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་ར་མགོན་པོ་མཆོག་གིས་རྩ་བའི་དེ་སྔ་ལོ་མང་པོའི་སྔོན་ལ་རྒྱལ་སྤྱིའི་ནང་པའི་འདུ་འཛོམས་ཤིག་གི་ཐོག་བསོད་རྒྱལ་རིན་པོ་ཆེས་གཙོས་པའི་བླ་སྤྲུལ་ཁག་ཅིག་ནས་རང་ཉིད་ཀྱི་སློབ་མའི་ཁྲོད་ཚུལ་མིན་བྱ་སྤྱོད་སྤེལ་བའི་གནད་དོན་བྱུང་བའི་སྐོར་ལ་གླེང་སློང་ཤུགས་ཆེ་བྱུང་སྐབས།  དེ་དུས་མགོན་པོ་མཆོག་གི་ངོས་ནས་གནད་དོན་དེའི་རིགས་མང་ཚོགས་ཁྲོད་ཡོངས་བསྒྲགས་བཟོ་ཚེ་བྱེད་པ་པོ་རྣམས་ནས་ཀྱང་བསམ་བློ་ཞིག་མ་གཏང་དཀའ་མེད་ཆགས་རྒྱུ་ཡིན་སྐོར་བཀའ་གནང་བ་བཞིན། ད་རེས་ཡང་དཀའ་ངལ་དེས་མནར་བའི་མི་སྣ་དེ་དག་དང་མཇལ་འཕྲད་བྱུང་སྐས་མགོན་པོ་མཆོག་གིས་གནད་དོན་དེའི་རིགས་ཡོངས་བསྒྲགས་ཆགས་པ་དེ་ཡག་པོ་བྱུང་ཡོད་པ་དང། རིང་མིན་ལོ་འདིའི་ཕྱི་ཟླ་ ༡༡ ནང་རྒྱ་གར་དུ་བླ་ཆེན་ཁག་གི་ཚོགས་འདུ་འཚོགས་གཏན་ཁེལ་ཡོད་སྟབས། བླ་ཆེན་ཁག་ནས་གནད་དོན་དེའི་ཐོག་དོ་སྣང་གནང་དགོས་གལ་ཡིན་པས་སྐབས་དེ་དུས་གནད་དོན་དེའི་ཐོག་ཞུ་གཏུག་མུ་མཐུད་གནང་དགོས་པར་ལམ་སྟོན་མཛད་འདུག

༸གོང་ས་མཆོག་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་སུད་ཌེན་ནང་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཉིན་རྒྱབ་ Netherlands ཡི་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། ཁུལ་དེའི་མང་ཚོགས་ནས་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Rotterdam དུ་ཆིབས་བསྒྱུར་མ་གནང་གོང་། སུད་ཌེན་ནང་གི་མཛད་འཆར་མཐའ་མ་དང་འབྲེལ། ཁ་སང་སུད་ཌེན་གཙོ་གྱུར་ཉེ་འཁོར་ Denmark དང་ Norway བཅས་ནས་ཆེད་བཅར་ཞུས་པའི་བོད་མི་བརྒྱ་སྐོར་ཞིག་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ ༦༠ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ལོ་ངོ་ ༥༩ ལྷག་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གཞུང་གིས་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་བྱས་ལ་མ་བལྟོས་པར་བོད་ནང་ཡོད་པའི་བོད་མི་རྣམས་གཙོ་གྱུར་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྒྱུན་སྐྱོང་ཐུབ་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་དགོས་གལ་ཡིན་པ་མ་ཟད། ཕ་མ་ཚོའི་ངོས་ནས་རྒྱུན་དུ་རང་ཉིད་ཀྱི་ཁྱིམ་དུ་བུ་ཕྲུག་ཚོ་དང་བོད་སྐད་སྤྱོད་གནད་ཡིན་པར་ལམ་སྟོན་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཡོངས་རྫོགས་ཀྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་སྟབས་རྒྱ་གཞུང་གིས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་ཐོག་སྟངས་འཛིན་བྱེད་བཞིན་པ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཚབས་ཆེན་པོ་བཟོ་ངེས་ཡིན་པ་བཀའ་བསྩལ་འདུག མགོན་པོ་མཆོག་གིས་དབུས་པའི་བོད་མི་ཚོས་ཕྱི་ལོ་ ༡༩༧༤ ནས་བཟུང་སྟེ་རང་བཙན་མི་རྩོད་པར་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བཞིན་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ལོངས་སུ་སྤྱོད་རྒྱུ་བཅས་ཀྱི་ཐད་རྒྱ་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད་པ་བཀའ་བསྩལ་དང་སྦྲགས་ཏེ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ད་ཕན་བོད་མི་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞེས་དང་སླད་མར་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་བཀའ་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཟླ་ ༩ ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་རྗེས་༸གོང་ས་མཆོག་ Germany དང་ Switzerland ནང་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད།

བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཁག་ཅིག་གིས་ཚུལ་མིན་བྱ་སྤྱོད་གནང་བ་༸གོང་ས་མཆོག་ལ་སྙན་གསེང་ཞུ་རྒྱུ།

ནུབ་ཕྱོགས་སུ་གནས་བཞུགས་ནང་ཆོས་དོན་གཉེར་བ་ཚོས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཁག་ཅིག་གི་ཚུལ་མིན་བྱ་སྤྱོད་སྤེལ་བའི་གནས་ཚུལ་༸གོང་ས་མཆོག་ལ་སྙན་གསེང་ཞུ་ཕྱིར་མགོན་པོ་༸གང་ཉིད་མཆོག་ཡོ་རོབ་ནང་གི་མཛད་འཆར་སྐྱོང་བཞིན་པ་དང་བསྟུན་དེ་རིང་གནོད་འཚེ་ཕོག་ཡུལ་གྱི་མི་སྣ་ཚོར་མཇལ་ཁ་བསྩལ་རྒྱུ་རེད་འདུག དེ་རིང་ཕ་རན་སི་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གནོད་འཚེ་ཕོག་ཡུལ་གྱི་ནང་ཆོས་དོན་གཉེར་བ་རྣམས་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་༸གོང་ས་མཆོག་ནས་ནི་ཐར་ལན་ཌི་གྲོང་ཁྱེར་ Rotterdam དུ་མཇལ་ཁ་བསྩལ་གནང་རྒྱུ་དང་། སྐབས་དེར་ཁོང་རྣམས་ནས་༸གོང་ས་མཆོག་ལ་བོད་པའི་བླ་སྤྲུལ་ཁག་ནས་ཚུལ་མིན་བྱ་སྤྱོད་དང་བཙན་གཡེམ་བྱས་པ་རྣམས་སྙན་གསེང་ཞུས་ཐོག་བདེན་དཔང་གི་ཚིག་ཐོ་འབུལ་རྒྱུ་དང་། ཁོང་རྣམས་ནས་༸མགོན་པོ་མཆོག་དང་ལྷན་དུ་གནད་དོན་དེ་རིགས་ལ་གདོང་ལེན་གང་འདྲ་བྱེད་དགོས་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུ་གནང་གི་ཡོད་པ་རེད་འདུག གཞི་རྩའི་དཀའ་སྡུག་ནང་ལྷུང་བའི་མི་སྣ་དེ་དག་གིས་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་བོད་པའི་བླ་སྤྲུལ་ཁག་ཅིག་གིས་བཙན་གཡེམ་དང་ཚུལ་མིན་བྱ་སྤྱོད་གནང་ལུགས་མང་ཚོགས་ལ་ཁྱབ་སྤེལ་དང་འབྲེལ། བྱ་སྤྱོད་དེ་རིགས་འགོག་ཐབས་སུ་མང་ཚོགས་ལས་མཚན་རྟགས་བསྡུ་རུབ་ཀྱིས་ལས་གཞི་འགོ་བཙུགས་འདུག སྙན་ཞུ་དེར་མི་མང་ ༡༠༠༠ ལྷག་ནས་མཚན་རྟགས་བཀོད་ཡོད་པ་དང་། སྙན་ཞུའི་ནང་མངོན་གསལ་མེད་པའི་མི་སྣ་ཞིག་གིས་ང་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་བློ་སེམས་གཉིས་གུ་ཡངས་ཐོག་སྐྱབས་སུ་བཅོལ་ཡོད་ཀྱང་། དུས་ཡུན་རིང་པོ་མ་སོང་བར་བླ་སྤྲུལ་ཁག་ཅིག་ནས་བླ་མིང་ཐོག་ནས་བཙན་གཡེམ་བྱེད་འགོ་བཙུགས་སོང་ཞེས་གསུངས་འདུག དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་༸གོང་ས་མཆོག་གིས་ད་རེས་ཀྱི་གནས་ཚུལ་གསན་སྐབས་ཐུགས་བློ་ཕམ་པོ་བྱུང་སྐོར་དང། མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ནས་ནང་པའི་དགེ་རྒན་ཚོས་ཚུལ་མིན་དང་། སེམས་ཁུར་མེད་པའི་ཀུན་སྤྱོད་ལ་ཡོངས་གྲགས་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པ་མ་ཟད། བཟོད་ཐབས་བྲལ་བའི་མི་རུང་བའི་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་བཀའ་བསྩལ་གྱི་ཡོད་པ་རེད། ལྷག་དོན་ནང་པའི་དགེ་རྒན་ཚོས་དེར་བརྩི་མེད་གནང་ཚེ་སློབ་ཕྲུག་ཚོའི་ངོས་ནས་བླ་སྤྲུལ་དེ་དག་གི་མིང་ཆེད་བཏོན་གྱིས་ཚུལ་མིན་བྱ་སྤྱོད་ཡོངས་བསྒྲགས་གནང་ཐོག་སྐྱོན་བརྗོད་བྱ་དགོས་པའི་བཀའ་བསྩལ་སྐོར་འགྲེལ་བརྗོད་གནང་འདུག གཞི་རྩའི་དེ་སྔ་ཕྱི་རྒྱལ་གྱི་བརྒྱུད་ལམ་མང་དག་ནང་རིག་པ་ཆོས་ཚོགས་ཀྱི་བསོད་རྒྱལ་རིན་པོ་ཆེ་དང། ཤམ་བྷ་ལ་ཆོས་ཚོགས་ཀྱི་ས་སྐྱོང་མི་ཕམ་རིན་པོ་ཆེ་རྣམ་གཉིས་ནས་ནང་ཆོས་དོན་གཉེར་སློབ་ཕྲུག་ཁག་ཅིག་ལ་འཁྲིག་སྤྱོད་ཀྱི་བྱ་སྤྱོད་སྤེལ་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

རྩོད་རྙོག་ཉུང་དུ་གཏང་རྒྱུའི་ཐབས་ལམ་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཡོ་རོབ་རྒྱལ་ཁབ་སུད་ཌེན་གྱི་མལ་མོ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོའི་ཐོག་བཀའ་སློབ་བསྩལ་བ་དང་འབྲེལ།  འཛམ་གླིང་ནང་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐོག་ནས་རྩོད་རྙོག་བྱུང་བ་རྣམས་ཉུང་དུ་གཏང་རྒྱུའི་ཐབས་ལམ་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་རེད་ཅེས་བཀའ་བསྩལ་འདུགམལ་མོ་གཙུག་ལག་སློབ་གཉེར་ཁང་དང་ Individuell Människohjälp ཚོགས་པ་གཉིས་ཟུང་འབྲེལ་ཐོག་༸གང་ཉིད་མཆོག་གི་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་གོ་སྒྲིག་ཞུས་དོན་ལྟར་༸གོང་ས་མཆོག་གིས་ང་ཚོར་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དེ་དག་ཡོངས་རྫོགས་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཁ་ཆེ་ལུང་པ་སི་རི་ཡ་དང་ཨབ་གྷ་ནིས་ཏན་ནང་ཤི་ཡ་དང་སུ་ནི་དབར་གྱི་རྙོག་གྲ་དང་།   དེ་བཞིན་བྷར་མའི་ནང་ནང་པ་དང་ཁ་ཆེ་དབར་གྱི་རྙོག་གྲ་སོགས་ཆོས་ལུགས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་དང་དྲག་པོའི་གཤིས་སྤྱོད་ལས་བྱུང་བའི་དཀའ་ངལ་རྣམས་མིས་བཟོས་པ་ཤ་སྟག་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དཀའ་ངལ་དེ་དག་འགོག་ཐབས་སུ་འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་ཚུལ་སྤྱོད་ཤེས་ཡོན་གྱི་སློབ་གསོ་གོང་འཕེལ་གཏང་དགོས་གལ་ཡིན་པར་བཀའ་་བསྩལ་འདུག ༸གོང་ས་མཆོག་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ནང་སེམས་ཀྱི་ཐོག་ཐུགས་སྣང་གནང་རྒྱུ་དང། རིན་ཐང་སྤྲད་རྒྱུའི་ཚབ་ཏུ་ཕྱིའི་དངོས་པོའི་ཐད་དོ་སྣང་སྤྲད་ཀྱི་ཡོད་པ་མ་ཟད་ཕྱིའི་གཙང་སྦྲའི་ཐོག་སློབ་ཕྲུག་ཚོར་སློབ་གསོ་སྤྲད་ཀྱང་ནང་སེམས་ཀྱི་གཙང་སྦྲའི་ཐོག་གོ་རྟོགས་སྤྲད་ཀྱི་མེད་སྟབས། དེའི་ཐོག་ཐུགས་སྣང་གནང་དགོས་གལ་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག ཚན་རིག་པ་ཁག་ཅིག་གིས་ཞིབ་འཇུག་གནང་བ་ལས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་གྲུབ་དོན་རྙེད་པ་ལྟར་མ་འོངས་པའི་འཛམ་བུ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ཡོང་བར་ང་ཚོའི་ངོས་ནས་བྱམས་སྙིང་རྗེ་གོང་འཕེལ་གཏང་དགོས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག དེ་བཞིན་༸གང་ཉིད་མཆོག་གིས་ལོ་ངོ་ ༡༠༠༠ ལྷག་སོང་བའི་རྒྱ་གར་གྱི་དཔལ་ནཱ་ལནྡཱའི་རིག་གནས་དེ་དག་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་ཐོག་བསྒྱུར་གནང་ཡོད་པ་དང་། དུས་ད་ལྟའང་བོད་མི་རྣམས་ཀྱིས་རིག་གནས་དེ་གཙོ་ཉར་བྱས་པ་མ་ཟད།  སྒོས་སུ་གནའ་བོའི་རིག་གཞུང་དེ་བསྐྱར་གསོ་སླད་རྒྱ་གར་ལ་རམ་འདེགས་ཞུ་བཞིན་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས།   རྒྱ་གར་ལྟ་བུར་མཚོན་ན་གནའ་བོའི་རིག་གནས་དང་དེང་གི་ཤེས་ཡོན་གཉིས་མཉམ་འབྲེལ་ཐུབ་རྒྱུའི་ནུས་པ་ལྡན་ཡོད་སྐོར་བཀའ་ནན་མཛད་འདུག བཀའ་སློབ་ཀྱི་མཛད་འཆར་གྲུབ་མཚམས་སུ་ཚོགས་བཅར་བ་དང་སློབ་ཕྲུག་རྣམས་ནས་བཀའ་འདྲི་ཁག་ཅིག་ཞུས་ཡོད་པ་དང་། དེའི་ཁྲོད་ Global engagement and Challenge based learning ཞེས་པའི་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལྕམ་ CiCilia ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་ལེགས་པོ་དང་ཚགས་ཚུད་ཞིག་ཇི་ལྟར་བྱས་ནས་ཡོང་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་གཙོ་བོ་མིའི་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་བའི་ཐོག་ནས་ལས་དོན་ཚགས་ཚུད་ཡོང་རྒྱུ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། ཉེ་ཆར་རྒྱ་གར་ནང་གི་སློབ་གྲྭ་ཁག་ཅིག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ལས་འཆར་ཞིག་དབུ་འཛུགས་གནང་ཡོད་པ་མ་ཟད།  ཡོང་རྒྱུའི་ཕྱི་ཟླ་བཞི་པའི་ནང་དེ་དང་འབྲེལ་བའི་ཚོགས་ཆེན་ཞིག་ཀྱང་འཚོགས་རྒྱུ་ཡིན་སྐོར་བཀའ་བསྩལ་འདུག གཞི་རྩའི་༸མགོན་པོ་མཆོག་ནས་དེ་རིང་སྔ་དྲོ་སུད་ཌེན་ཁུལ་དུ་བཅའ་བཞུགས་བོད་མི་རྣམས་དང་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང། མགོན་པོ་༸གང་ཉིད་མཆོག་ནས་ཡུལ་དེའི་ནང་གི་མཛད་འཆར་ཁག་གྲུབ་རྗེས།  ནི་ཐར་ལན་ཌིར་ཆིབས་བསྒྱུར་མཛད་དེ་མང་ཚོགས་ལ་བཀའ་སླབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་དང། དེ་རྗེས་འཇར་མ་ནི་དང་སུད་སི་ནང་མཛད་འཆར་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་སུད་ཌེན་གྱི་ལྷོ་ངོས་གྲོང་ཁྱེར་མལ་མོ་ནང་གི་མང་ཚོགས་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་སྐོར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཡུ་རོབ་རྒྱལ་ཁབ་ Sweden ཡི་གྲོང་ཁྱེར་མལ་མོར་མཛད་འཆར་དབུ་འཛུགས་དང་འབྲེལ། ཁུལ་དེའི་མང་ཚོགས་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་སྐོར་བཀའ་སློབ་བཀྲིན་བསྩལ་འདུག དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་ཉིན་རྒྱབ་མགོན་པོ་༸གང་ཉིད་མཆོག་ Sweden ཡི་གྲོང་ཁྱེར་མལ་མོ་ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་སྔ་དྲོ་སུད་ཌེན་ནང་གི་ IM ཞེས་སུད་ཌེན་རོགས་སྐྱོར་ཚོགས་པ་དང་དབྱིན་ཡུལ་སྐུ་ཚབ་དོན་ཁང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸སྐུ་ཉིད་ཀྱི་བཞུགས་གནས་གསོལ་མགྲོན་ཁང་གི་ཚོགས་ཁང་ཆེན་མོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་དང་། དེ་རྗེས་ IM རོགས་སྐྱོར་ཚོགས་པ་ཆེད་འཛུགས་གནང་ནས་མི་ལོ་  ༨༠ འཁོར་བའི་དུས་དྲན་དང་བསྟུན་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དང་ཐོག་འཛམ་གླིང་འདིའི་ཐོག་ཡོད་པའི་འགྲོ་མི་ཐེར་འབུམ་བདུན་པོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་ལྷག་དོན་མིའི་ལྷན་སྐྱེས་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་སྟབས། ༸གང་ཉིད་མཆོག་ནས་རྣམ་ཀུན་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་བར་ཐུགས་འགན་ཆེས་བཞེས་གནང་བཞིན་ཡོད་པ་ལྟར་ཁྱེད་རང་ཚོའི་ངོས་ནས་ཀྱང་དེའི་ཐད་འབད་བརྩོད་གནང་ཐོག་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་དམིགས་བསལ་འགན་འཁུར་དགོས་ཞེས་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་ད་ལྟའི་དུས་སྐབས་འདིར་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུའི་གལ་གནད། སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་བཅས་ཡོང་བ་ལ་ཤེས་ཡོན་གྱི་སློབ་གསོའི་ནང་སློབ་ཁྲིད་གནང་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ནས་སྐབས་དེར་བཅར་བའི་མང་ཚོགས་ཁག་ཅིག་གི་བཀའ་འདྲིར་བཀའ་ལན་གནང་བར་སུད་ཌེན་ནང་ཡོང་བཞིན་པའི་སྐྱབས་བཅོལ་བའི་གནས་བབ་སྐོར་དང་འབྲེལ་ནས་མགོན་པོ་མཆོག་གིས་ཡུལ་གྱར་བ་དང་སྐྱབས་བཅོལ་བ་ཚོར་མཐོང་ཆུང་ཁྱད་གསོད་མེད་པར་སྤུན་མཆེད་ཀྱི་འདུ་ཤེས་འཛིན་ཐོག་སྐྱབས་བཅོལ་གྱི་གནས་བབ་སྤྲོད་ནས་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་དང་གཞོན་སྐྱེས་ལ་དེང་དུས་འཕྲུལ་རིག་གི་སྦྱོང་བརྡར་སྤྲོད་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དང་དེ་ལྟ་བུའི་རྒྱབ་སྐྱོར་ལ་བརྟེན་ནས་མ་འོངས་པར་སྐྱབས་བཅོལ་བ་དེ་དག་རང་ཉིད་ཀྱི་ཡུལ་དུ་འབྱོར་སྐབས་ཧྲ་ཏག་ཏག་ཆགས་ངེས་ཡིན་པར་བཀའ་བསྩལ་འདུག མཛད་འཆར་ལྟ་ན། སང་ཉིན་༸གོང་ས་མཆོག་གིས་སུད་ཌེན་དུ་ཡོད་པའི་བོད་མི་དང་ཉེ་འཁོར་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ་མ་ཟད། ཡུལ་དེའི་གསར་འགྱུར་ལས་ཁང་ཆེ་གྲས་གཉིས་ཀྱི་བཅར་འདྲིར་བཀའ་ལན་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། ༸གོང་ས་མཆོག་ནས་ཕྱི་ཚེས་ ༡༤ ཉིན་སུད་ཌེན་ནང་གི་མཛད་འཆར་ཁག་གྲུབ་རྗེས་གྲོང་ཁྱེར་མལ་མོ་ནས་ Netherlands ཡི་ Rotterdam གྲོང་ཁྱེར་དུ་ཕྱིར་ཕེབས་ཀྱིས་རིམ་པས་འཇར་མ་ནི་དང་སུ་ཛ་ལན་ཌི་བཅས་ཡུ་རོབ་ཡུལ་གྲུ་ཁག་གི་ནང་མཛད་འཆར་བསྐྱང་རྒྱུ་ཡིན་པ་རེད། རྩ་བའི་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་ཌེན་ནང་གདན་ཞུ་གནང་མཁན་ IM ཞེས་རོགས་ཚོགས་དེ་ཐོག་མ་ཕྱི་ལོ་ ༡༩༣༨ ལོར་ Jewish སྐྱབས་བཅོལ་བ་རྣམས་ལ་རམས་འདེགས་ཞུ་ཆེད་གསར་འཛུགས་གནང་བ་ཞིག་ཡིན་ནའང་། ཕྱི་ལོ་ ༡༩༦༤ ལོ་ནས་བཟུང་རྒྱ་གཞུང་གི་བཙན་གནོན་འོག་ནས་གྲོས་བྱོལ་དུ་ཕེབས་པའི་སྐྱབས་བཅོལ་བོད་མི་ཚོར་རམས་འདེགས་ཞུ་རྒྱུའི་ལས་དོན་དབུ་འཛུགས་གནང་བ་ལྟར་་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་སོགས་ཀྱི་ལས་གཞི་འདྲ་མིན་ཐོག་མཐུན་འགྱུར་སྦྱོར་མུས་ཞིག་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གསར་ཁང་ཆེ་གྲས་ de Volkskrant ཡི་དམིགས་བསལ་བཅར་འདྲི་ཞིག་གི་ཐོག་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ལ་ཆོས་འབྲེལ་བསྩལ་རྒྱུ་དང་ཡུལ་དེའི་མཐོ་སློབ་ཁག་ཏུ་ཕེབས་ཆོག་པ་བཅས་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་གི་ནང་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་བ་དང་བསྟུན། ཉིན་ཤས་གོང་ལ་གསར་ཁང་དེའི་གསར་འགོད་པ་ Marije Vlaskamp ལགས་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བཞུགས་སྒར་དུ་རྒྱ་ནག་གི་དད་ལྡན་ཅན་ཆོས་ཞུ་བ་མང་དུ་འགྲོ་བཞིན་པའི་གནས་སྟངས། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཉེ་བའི་དགོངས་བཞེས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་ཐབས་སོགས་ཀྱི་ཐོག་ལ་བཅར་འདྲི་ཞུས་པ་ཞིག་ཡོངས་བསྒྲགས་གནང་འདུག དེའི་ནང་ལ་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་ལོ་ཤས་ནས་བཞུགས་སྒར་དུ་རྒྱ་ནག་གི་དད་ལྡན་ནང་པ་མང་པོ་ཞིག་ཆོས་འབྲེལ་ཐོག་བཅར་བཞིན་པའི་གནས་སྟངས་དང་འབྲེལ། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་ནག་གི་གོང་མ་མང་པོ་ཞིག་གིས་བོད་པའི་དྲུང་ནས་ནང་ཆོས་སློབ་གཉེར་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་འཛམ་བུ་གླིང་འདིའི་ཐོག་གི་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་སོགས་བཀའ་བསྩལ་དང་སྦྲགས། ང་ཚོའི་ངོས་ནས་རྒྱ་ནག་གི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་སྐབས་དམིགས་བསལ་གྱི་མཐུན་རྐྱེན་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གི་ནང་པའི་ཆོས་ཞུ་བ་ཚོའི་ངོས་ནས་ཀྱང་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་གུས་ཞབས་ཡོད་མཁན་ཞིག་ཡིན་སྟབས། བོད་མི་ལ་ཤ་ཚ་དང་། ལྷག་པར་དུ་ཆོས་ལ་དམ་དྲག་བྱེད་མཁན་གྱི་ལྟ་བ་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་ཚོར་དགའ་པོ་བྱེད་མཁན་ཞིག་མིན་པས་ཆབ་སྲིད་ཀྱི་ཆ་ནས་ཀྱང་དགེ་མཚན་དང་ཤུགས་རྐྱེན་ཐེབས་རྒྱུ་ཡོད་པ་ཞིག་རེད་ཅེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ནང་ལ་ལྟ་བ་མཁྲེགས་བཟུང་བྱེད་མཁན་ཁག་ཅིག་ཡོད་པ་དེ་ནི་དཀའ་ངལ་གཙོ་བོ་ཞིག་ཡིན་ཡང་། དེ་སྔ་སྲིད་འཛིན་ Xi Jinping ཡིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནང་ཆོས་ཀྱི་གལ་གནད་སྐོར་གསུངས་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། རིམ་བཞིན་ང་ཚོས་ཞི་ཅིང་ཕིང་གི་གང་བཤད་པ་ལྟར་ལག་བསྟར་ཇི་ཙམ་ཐུབ་ཀྱི་ཡོད་མེད་བལྟ་རྒྱུ་རེད་ཅེས་བཀའ་བསྩལ་ཡོད། ལྷག་པར་དུ་བཅར་འདྲི་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཡོད་སྐབས་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་འདོད་ཡོད་ཅེས་གསུངས་པ་དང་འབྲེལ། གསར་འགོད་པ་ Marije Vlaskamp ལགས་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་ཙམ་རེད་དམ་ཞེས་བཀའ་འདྲི་ཞུས་འདུག་པར་༸གང་ཉིད་མཆོག་གིས་མ་རེད་མ་རེད། ངོས་རང་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་འགྲོ་འདོད་ཡོད། དང་པོ་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་རྒྱུ་དང་ངོས་ཀྱི་མཇལ་ཁར་བཅར་མཁན་གྱི་བོད་པ་དང་རྒྱ་རིགས་ནང་པ་ཚོར་ཆོས་འབྲེལ་ཞིག་བྱེད་འདོད་ཡོད། གཉིས་པ་ངོས་ནས་ད་བར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་གཞོན་སྐྱེས་དང་ཚན་རིག་མཁས་པ་ཚོ་དང་ལྷན་དུ་འགྲོ་བ་མིའི་སེམས་ཁམས་དང་སེམས་ཚོར། ཚན་རིག་གི་ཤེས་བྱའི་ཐོག་གྲོས་བསྡུར་མང་པོ་བྱས་ཡོད་ཞེས་སོགས་བཀའ་བསྩལ་ནས་རྒྱ་ནག་ནང་ལའང་དེ་ལྟར་གནང་འདོད་ཡོད་པར་བཀའ་ལན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གི་ཐུགས་རེ་དེ་གཉིས་པོ་གྲུབ་ཚེ་རིམ་བཞིན་མགོན་པོ་༸གང་ཉིད་མཆོག་གི་འཁྲུངས་ཡུལ་དང་ལྷ་ས་གཙོ་གྱུར་བོད་ཀྱི་ས་གནས་གཞན་ཁག་ཏུ་ཡང་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་གསར་འགོས་པས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་མ་འོངས་པར་རྒྱལ་དབང་༸སྐུ་ཕྲེང་བཅོ་ལྔ་པ་ཕེབས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་ངོས་ཀྱིས་ཕྱི་ལོ་ ༡༩༦༩ མཚམས་ནས་ཏཱ་ལའི་བླ་མའི་བླ་བྲང་འདི་མུ་མཐུད་ནས་དགོས་མིན་བོད་མི་མང་ཚོགས་ནས་ཐག་གཅོད་གནང་རྒྱུ་ཞིག་རེད་ཅེས་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་མུ་མཐུད་ནས་གནས་དགོས་ན་གཙོ་བོ་གྲྭ་བཙུན་དང་མང་ཚོགས་ནས་གཅེས་ཉར་གནང་དགོས་པ་ལས་བླ་བྲང་བྱེད་བྲག་ངོས་ནས་དོ་སྣང་ཆེན་པོ་བྱས་བསྡད་པ་ཡིན་ན་རྨོངས་དད་འཕེལ་གཞི་ཙམ་ལས་གང་ཡང་མེད་པར་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་༸སྐུ་ཉིད་ཀྱི་ཉེ་བའི་དགོངས་བཞེས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་ཐབས་དང་འབྲེལ། རྒྱ་གར་ནང་ལ་ཐོག་མ་ནས་མིའི་སེམས་ཁམས་དང་འབྲེལ་བའི་སྒོམ་གྲུབ་ཉམས་ལེན་གནང་མཁན་མང་པོ་ཡོད་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་དེ་ཡང་རྒྱ་གར་ནས་དར་བ་ཞིག་ཡིན་སྟབས། རིག་གནས་དེ་དག་བསྐྱར་གསོ་གནང་རྒྱུ་དང་རིམ་བཞིན་ཤེས་ཡོན་སློབ་གསོའི་ཁྲོད་དུ་སློབ་ཁྲིད་ཐུབ་ཐབས་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་འདུག བཅར་འདྲིའི་མཐའ་མ་དེར་གསར་འགོད་པ་ Marije Vlaskamp ལགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ད་ལན་ཡོ་རོབ་ནང་གི་ཆིབས་བསྒྱུར་དེ་མཐའ་མ་རེད་དམ་ཞེས་བཀའ་འདྲི་ཞུས་འདུག་པར་༸སྐུ་ཉིད་ཀྱི་དགུང་ལོའི་བབ་ཀྱི་ཆ་ནས་རྒྱང་ཐག་རིང་ས་ཨ་རི་ལྟ་བུར་ཕེབས་རྒྱུ་ཁག་པོ་ཡིན་ཀྱང་།  ཡོ་རོབ་ཁུལ་དུ་སླར་ཡང་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་ལན་མཛད་འདུག

༸གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༩  ཚེས་ ༡༠  ཉིན་དགུང་ཚོུད་ ༡༡།༤༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་སོང་བ་དང་། དེའང་ནི་ཐར་ལན་ཌི་དང་སུ་ཛ་ལན་ཌི། འཇར་མ་ནི། དེ་བཞིན་སུད་ཌེན་བཅས་ཀྱི་ནང་མཛད་འཆར་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཐོག་མར་ཟླ་ ༩ ཚེས་ ༡༢ ཉིན་སུད་ཌེན་ནང་གི་ Malmö Live ཚོགས་ཁང་དུ་ Individuell Människohjälp ཚོགས་པའི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག ༸གོང་ས་མཆོག་གིས་ཟླ་ ༩ ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་ཀྱི་ཡོད་པ་ལྟར་ཁུལ་དེའི་ནང་གི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་རྗེས་༸གོང་ས་མཆོག་ Germany ནང་ཆིབས་བསྒྱུར་བསྐྱང་སྟེ་ Darmstadt གྲོང་ཁྱེར་དུ་ Tibet Initiative Deutschland འམ་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གཉིས་ནས་གོ་སྒྲིག་ཞུས་པ་བཞིན་ཚེས་ ༡༩ ཉིན་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་འདུག དེ་རྗེས་ཚེས་ ༢༠ ཉིན་འཇར་མ་ནི་ Heidelburg གྲོང་སྡེ་དང་ Heidelburg གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་བདེ་སྐྱིད་དང་གུས་བརྩིའི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཀྱི་འདུག འཇར་མ་ནི་ནང་གི་མཛད་འཆར་ཁག་གྲུབ་པའི་རྗེས་སུ་སུ་ཛར་ལན་ཌི་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་ Switzerland ནང་ཆིབས་བསྒྱུར་གནང་སྟེ་རི་ཀོན་དང་། Winterthur དེ་བཞིན་ Zurich གྲོང་ཁྱེར་བཅས་སུ་བཀའ་ཆོས་དང་བཀའ་དབང་བསྩལ་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཚོར་ཉིན་བཞིའི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བཞི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་བུདྡྷ་པཱ་ལི་ཏའི་བཀའ་ཆོས་བཀྲིན་ཆེ་བ་བསྩལ་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་གཞུང་སྐུལ་བ་པོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་གནད་དོན་འདྲ་མིན་ཐད་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བསྩལ་ནས་ཆོས་འབྲེལ་མཇུག་སྒྲིལ་མཛད་སོང་། མགོན་པོ་མཆོག་གིས་དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་དྲི་བ་དྲིས་ལན་གྱི་ཐོག་ནས་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་པ་ལྟར། བཀའ་ཆོས་གསོལ་འདེབས་ཞུས་བ་པོའི་ཁྲོད་ནས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པ་ལས་ཆོས་ཞུ་བ་གཅིག་གིས་མགོན་པོ་མཆོག་ལ་རང་ངོས་ནས་ཉིན་རེའི་བྱ་གཞག་གཅིག་གི་ནང་ཆོས་ཉམས་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་སོང་བར་༸གོང་ས་མཆོག་གིས་དེ་ནི་རང་ཉིད་སོ་སོས་སེམས་གདུལ་ཐབས་བྱས་ནས་ཆོས་རྣམས་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་ཤེས་པ་བྱེད་དགོས་ཞེས་བཀའ་ལན་བསྩལ་སོང་། གཞན་ཡང་ཕྱི་དངོས་པོ་ཡར་རྒྱས་ཁོ་ན་དང་འབྲེལ་ཤེས་ཡོན་ཐོག་ལ་འབད་བརྩོན་བྱས་ནས་མ་བསྡད་པར་ནང་སེམས་རྒྱུད་གདུལ་ཐབས་ཀྱི་ཤེས་ཡོན་ཐད་བརྩོན་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། གཞི་རྩའི་ཐེངས་འདིའི་ལྷོ་ཤར་ཨེ་ཤེ་ཡའི་ཆོས་འབྲེལ་ཐོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༧༡ ས་ཆོས་ཞུ་བ་ཞལ་གྲངས་ ༧༠༠ ཡས་མས་ཤིག་དང་ལྷག་དོན་ལྷོ་ཀོ་རི་ཡ་ནས་ཆོས་ཞུ་བ་ ༤༠༠ ལྷག་བཅས་དང་དེ་བཞིན་ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་ཁྱོན་ཆོས་ཞུ་བ་ ༦༠༠༠ བརྒལ་བར་འདུ་འཛོམས་བྱུང་ཡོད་པ་རེད།

Latest news