Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཀའ་ཤག་གིས་རྒྱ་གཞུང་གི་རིམས་འགོག་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་བར་གདུང་སེམས་མཉམ་བསྐྱེད་དང་འབྲེལ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་རིམས་འགོག་གི་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་འདུགཕྱི་ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འདི་ལོའི་ཕྱི་ཟླ་ ༨ ཟླ་མཇུག་ནས་བཟུང་རྒྱ་ནག་ཏུ་མི་འབོར་དུང་ཕྱུར་གསུམ་ལྷག་ཐེམ་སྤང་བཀའ་རྒྱའི་འོག་ཏུ་ཟླ་གྲངས་དུ་མར་ཚུད་ཅིང་། ལྷ་ས་དང་ཨུ་རུམ་ཆི་ལྟ་བུར་ཟུར་བཀག་གི་དུས་ཚོད་ཉིན་གྲངས་བརྒྱ་ལྷག་བརྒལ་བ་བྱུང་སྟེ་མི་མང་གི་འགྲོ་འདུག་ཉལ་འཆག་དང་བཟའ་བཏུང་། སྨན་བཅོས། འཚོ་གནས། སེམས་ཁམས་སོགས་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་སྟབས་རྒྱ་ནག་གི་གྲོང་ཁྱེར་དང་མཐོ་སློབ་སོགས་དུ་མར་རིམས་ནད་འགོག་པའི་སྲིད་བྱུས་ལ་ངོ་རྒོལ་དང་རང་དབང་མང་གཙོའི་འདོད་འདུན་བསྒྲགས་འདུག་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་ཕྱི་ཟླ་ ༩ ནང་བོད་ནང་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་ཏོག་དབྱིབས་སྲིད་བྱུས་ལ་བརྟེན་ནས་བོད་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ནོར་འཁྲུལ་དེ་རིགས་བསྐྱར་ལྡབ་མི་ཡོང་བའི་རེ་སྐུལ་བསྐྱར་ནན་གནང་འདུག དེ་བཞིན་རིམས་ནད་ཀྱིས་འཛམ་གླིང་ཁྱོན་དུ་མིའི་ཚེ་སྲོག་དང་འཚོ་གནས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་ཡོད་ཀྱང་། སྲིད་གཞུང་ཁག་གིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ད་ཆ་ཡུལ་ལུང་ཕལ་ཆེ་བ་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་ཀྱི་ཡོད་པ་དང་། ཁ་རས་གྱོན་མ་དགོས་པའི་མི་འབོར་ས་ཡ་བརྒལ་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཡང་དབུས་ཤར་ཨེ་ཤ་ཡར་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་ནི་གོ་ལའི་གྲོང་ཚོའི་ཆ་ཤས་ཤིག་དང་། འགྲོ་བ་མིའི་ཁྱིམ་ཚང་གི་གྲུབ་ཆ་ཞིག་ཡིན་སྟབས། རྒྱལ་མཚམས་ཀྱིས་གཅོད་ཐབས་མེད་ཅིང་། རྒྱལ་ཁབ་ལམ་ལུགས་ཀྱི་དབྱེ་བ་མེད་པའི་རིམས་ནད་འདིར་གདོང་ལེན་གཅིག་མཚུངས་སུ་བྱེད་དགོས་པ་ཡིན་པས། མི་མང་གིས་ནད་འགོག་སྲིད་བྱུས་ལ་འདོད་པ་ཁེངས་མེད་པའི་རྣམ་འགྱུར་བསྟན་པ་དང་། རང་དབང་དང་མང་གཙོའི་དགོས་འདུན་བཏོན་པར་དྲང་ཕྱོགས་ནས་ངོས་འཛིན་གྱིས་དྲག་གནོན་དང་མནར་གཅོད་མི་གཏོང་བར། རྒྱལ་སྤྱིའི་གཞུང་མང་མཉམ་འབྲེལ་གྱི་བྱེད་སྟངས་བཞིན་རིམས་འགོག་གི་སྲིད་བྱུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ་དང་ཆབས་ཅིག རིམས་ནད་ཀྱི་འཇིགས་པ་གང་མྱུར་ཞི་སྟེ། རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུགརྩ་བའི་ཟླ་བ་སྔོན་མའི་ཚེས་ ༢༨ ཙམ་ནས་རྒྱ་ནག་གི་གྲོང་ཁྱེར་མང་པོར་མི་མང་སྟོང་ཕྲག་དུ་མ་ཡར་ལངས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་རིམ་པ་སྤེལ་ཡོད་པ་ལྟར། ད་ཆ་རྒྱ་ནག་ ནང་དུ་རིམས་ནད་ཕོག་མཁན་ཧ་ཅང་མང་པོ་འབྱུང་བཞིན་ཡོད་ཅིང་ཉིན་རེར་ནད་གཞི་གསར་པ་ཕོག་མཁན་མི་ཆིག་སྟོང་ལྷག་བ་ཡོད་པ་དེ་ལྟར་ནའང་། གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་ནས་རྒྱ་ནག་གི་གྲོང་ཁྲེར་ཁག་ཏུ་གཉན་རིམས་དང་འབྲེལ་བའི་དམ་བསྒྲགས་ལྷོད་ཡང་དུ་བཏང་སྟེ་ད་ཆ་མང་ཚོགས་འགྲིམ་འགྲུལ་བྱས་པའི་སྐབས་མ་གཏོགས་ནད་རྟགས་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་མི་དགོས་པ་བཟོས་པ་དང་། དེ་བཞིན་རྒྱལ་ས་པེ་ཅིང་ནང་ཏོག་ནད་བརྟག་དཔྱད་ཀྱི་ས་ཚིགས་ཁག་སྒོ་རྒྱག་པ་མ་ཟད། གྲོང་ཁྱེར་གཞན་ཚོ་ནང་ལའང་ད་ཆ་སློབ་གྲྭ་དང་ཚོང་ཁང་། ཟ་ཁང་སོགས་རིམ་པའི་སྒོ་མོ་ཕྱེ་རྒྱུ་ཡིན་པ་རེད་འདུག

མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་མཇུག་སྒྲིལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཁ་ཉིན་ཕྱི་ཚེས་ ༢༨ ནས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་པ་ལྟར་ཁ་སང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་དང་སྦྲགས་ཏེ་ཉིན་གྲངས་གཉིས་རིང་ཚོགས་པའི་ཚོགས་འདུ་དེའི་ཐོག་ནས་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་ཚོགས་ཆེན་རེ་ཞིག་མཇུག་སྒྲིལ་གནང་ཡོད། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དེ་དག་གི་ངོས་ནས་འདས་པའི་ཉིན་གྲངས་གཉིས་ནང་ས་གནས་སོ་སོའི་ལས་བསྡོམས་སྙན་སྒྲོན་དང་མཁས་དབང་མི་སྣའི་གསུང་བཤད། ལྷག་པར་དུ་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་གྲོས་མོལ་ལྷུག་པོ་གནང་ཡོད་པ་རེད།ཕྱི་ལོ་ ༡༩༥༩ ལོར་ཐོག་མར་གསར་འཛུགས་གནང་སྟེ་དུས་ཡུན་ད་བར་གནས་པའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ད་ཆ་རྒྱལ་ཡོངས་སུ་གོང་འཕེལ་སླར་གསོ་བྱུང་ཡོད་པ་ལྟར། འཕགས་བོད་གཉིས་ཀྱི་རིག་གཞུང་དང་ཆོས་ཕྱོགས། སྤྱི་ཚོགས། དཔལ་འབྱོར་སོགས་དེ་བྱུང་གི་རང་བཞིན་ལྡན་པའི་འབྲེལ་བ་ཡོད་པ་དེ་དག་ངོས་འཛིན་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས། དེ་བཞིན་ཁོར་ཡུག་བཅས་པ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་འཚབ་ཡོད་པ་གསུངས་ཏེ། རྒྱ་གར་གཞུང་མང་གི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲིམས་མཐུན་ངོ་ཚབ་ལ་ངོས་འཛིན་གནང་སྐྱོང་ཡོང་ཐབས་དང་བོད་རྒྱ་གཉིས་དབར་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་གང་མགྱོགས་ཡོང་ཐབས། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གཞུང་མང་གི་ངོས་ནས་བོད་མི་དང་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ལྷག་དོན་རྒྱ་ནག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ངན་པ་དེས་རྒྱ་ནག་ཁོ་ན་ཙམ་མིན་པར་འཛམ་གླིང་ཀུན་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་སྐོར་གསུངས་ཡོད།མཇུག་སྡོམ་གྱི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་སློབ་དཔོན་ Kuldeep Chand Agnihotri མཆོག་གིས་དབུས་པའི་རྩོམ་བྲིས་པ་གྲགས་ཅན་ལྕམ་སྐུ་ Dr. Neerja Madhav ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པར་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཀེར་མཱེ་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༥ ལྷག་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ཚོགས་ཆེན་འདིའི་ཐོག་ནས་དགོངས་པ་པ་དང་སེམས་ཤུགས་འཕར་མ་ཞིག་གི་ཐོག་ནས་སོ་སོའི་ས་གནས་སུ་ཕྱིར་ཕེབས་ཡོད་པ་རེད།

རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་འཛིན་རྐྱེན་མི་མང་ནས་ངོ་རྒོལ་གནང་བཞིན་ཡོད་པ་གསུངས་སོང་།

རྒྱ་ནག་གཞུང་གིས་རིམས་ནད་ཀླད་ཀོར་གྱི་སྲིད་བྱུས་ཞེས་པ་མུ་མཐུད་རྒྱ་ནག་གིས་གཙོས་པའི་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཡོངས་སུ་ལག་བསྟར་གྱིས་ཁྱོན་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་ཆེད་བཞག་བྱས་པ་མ་ཚད་པར་རིམས་ནད་དང་འབྲེལ་བའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་སོགས་ཀྱི་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པར་ལྟོས་མེད་ད་ཆ་རྒྱ་ནག་ནང་ཉིན་རེ་ལས་མ་འདས་པར་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོད་ཇེ་མང་དུ་འགྲོ་མུས་ཁྲོད་འདས་པའི་གཟའ་འཁོར་ནང་ཤིན་ཅང་གི་གྲོང་ཁྱེར་ལྟེ་བ་ Wulumuqi ནང་གི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་ལ་མེ་སྐྱོན་ཕོག་པར་བརྟེན་མི་བཅུ་རྐྱེན་འདས་སུ་གྱུར་བ་དང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་སྟབས་ Shanghai གྲོང་ཁྱེར་དུ་ཡོད་པའི་ Wulumuqi ཞེས་པའི་སྲང་ལམ་དུ་མི་ཚོགས་འགའ་ཤས་འདུ་འཛོམས་ཀྱིས་མྱ་ངན་གྱི་མཆོད་མེ་ལས་འགུལ་ཞིག་སྤེལ་ཡོད་པ་དེ་རིམ་བཞིན་རྒྱ་ནག་རྒྱལ་ཡོངས་སུ་རྒྱ་ནག་དམར་པོའི་གཞུང་དང་ཞི་ཅིན་ཕིང་གཉིས་ལ་ངོ་རྒོལ་གྱི་ལས་འགུལ་ཆགས་པ་དང་འབྲེལ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་བཞུགས་ཡོད་པ་དང་བསྟུན། ས་གནས་གསར་འགོད་པས་བཅར་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་དང་མི་མང་གི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་འབའ་ཞིག་འཛིན་རྐྱེན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གནད་དོན་དེ་བྱུང་བར་འགྲེལ་བརྗོད་དང་སྦྲགས་ཏེ་རྒྱལ་ཁབ་ཀྱི་སྲིད་བྱུས་དེ་དག་མི་མང་གི་མངོན་འདོད་དང་མཐུན་དགོས་ཞེས་གསུངས་སོང་།ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་མང་ཚོགས་ཀྱིས་སྲིད་གཞུང་གི་གཉན་རིམས་ཀླད་ཀོར་ཞེས་དམ་དྲག་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རྒྱ་ནག་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། དབང་ཆ་གཅིག་སྡུད་བྱེད་མཁན་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་པ་དང་འབྲེལ་བའི་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གི་ངོས་ནས་མང་ཚོགས་ཀྱི་གཞི་རྩའི་སྨྲ་བརྗོད་རང་དབང་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་རང་དབང་ལ་གུས་བརྩི་ཞུ་དགོས་པ་དང་། ཁྲིམས་འགལ་ཐོག་ནས་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུགའགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་བགྲེས་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་མང་ཚོགས་ནས་ཉེན་ཁར་མ་འཛེམས་པར་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གི་ངོས་ནས་མང་ཚོགས་ཀྱི་དགོངས་འཆར་ལ་བསམ་ཞིབ་བྱེད་དགོས་གལ་ཡིན་པ་སོགས་གསུངས་ཡོད།རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེལ་བརྗོད་རྣམས་ལུང་འདྲེན་གྱིས། རྒྱ་ནག་ལ་ཕྱི་ནང་གཉིས་ཀའི་ཐོག་ནས་མང་ཚོགས་ལ་ཞི་བའི་ངོ་རྒོལ་གནང་བར་བརྩི་འཇོག་དང་ཁོང་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད་ཅེས་མངོན་གསལ་གནང་འདུགཕྱོགས་མཚུངས་ཁ་སང་ AFP གསར་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མགྲིན་ཚབ་པ་སྐུ་ཞབས་ Jeremy Laurence ལགས་ཀྱིས་བཀའ་མོལ་གསུངས་པ་ཞིག་ཡོངས་གྲགས་གནང་འདུག་པར་ཁོང་གིས་ད་ལྟ་རྒྱ་ནག་ནང་ངོ་རྒོལ་གནང་བཞིན་ཁག་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་གནས་ཚད་དང་མཐུན་པའི་ཐོག་ནས་ཐག་གཅོད་ལག་བསྟར་བྱེད་དགོས་པ་སོགས་གསུངས་ཏེ་འཛིན་བཟུང་བྱས་པར་སྐྱོན་བརྗོད་གནང་འདུག པར་བདག་དབང་། reuters

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་ས་གནས་མི་མང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་སོང་།བོད་དོན་རྒྱབ་སྐྱོར་གྱི་སྡེ་ཚན་ནང་མས་གོ་སྒྲིག་ཞུས་པའི་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་ཐོག་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་བཅོ་ལྔའི་སྐུ་ཚབ་ཚོགས་མི་གྲངས་༢༠༠ ལྷག་མཉམ་ཞུགས་གནང་འདུག་པ་དང་སྐུ་ཚབ་དེ་དག་དབར་འདས་པའི་ལས་བསྡོམས་སྙན་སྒྲོན་དང་མ་འོངས་ལས་དོན་སྤེལ་ཕྱོགས་ཀྱི་ཐབས་བྱུས་འཆར་འགོད་གནང་རྒྱུ་བཅས་ཡིན་པ་རེད།རྒྱལ་ས་ལྡི་ལི་གསར་པའི་ chanakyapuri ཁུལ་གྱི་ VishwaYuwak Kendra ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེ་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་ཁག་གཅིག་བཅས་ཀྱིས་དབུ་འབྱེད་གནང་ཡོད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལས་དོན་གཉེར་ཕྱོགས་བཅས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད། རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱ་གར་དང་བོད་གཉིས་ནི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་ཐུན་མིན་གྱི་འབྲེལ་བ་ཡོད་པ་དང་། ཉི་བའི་རྒྱ་ནག་གི་བྱེད་ཕྱོགས་ཀྱི་རྐྱེན་གྱིས་རྒྱ་གར་མི་མང་གི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་སྟབས། བོད་མི་དང་རྒྱ་གར་གཞུང་མང་ཕྱག་སྦྲེལ་ལྟ་བུའི་ལས་དོན་གཉེར་ཐུབ་ཚེ་ནུས་པ་ཐོན་རྒྱུ་དང་ད་བར་གྱི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཕྱི་གསལ་ནང་གསལ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་ཤེས་ཡོན་ཅན་དང་མཁས་པ་མང་པོ་ཞིག་ཆེད་ཕེབས་གནང་ཡོད་པ་ནི་བཟང་ཕྱོགས་ཀྱི་འགྱུར་ལྡོག་རེད་ཅེས་གསུངས་ཡོད། དབུ་འབྱེད་མཛད་སྒོ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཀེར་མཱེ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་ཡོད་པར་མ་ཟད་། དམིགས་བསལ་སྐུ་མགྲོན་ Dr Anand Kumar མཆོག་དང་སྐུ་ཞབས་ Indresh Kumar ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད། ལྷག་པར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ Sujeet Kumar མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་ཚོགས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་གནད་དོན་སྐོར་གླེང་སློང་ཡོང་ཐབས་དང་། ༸གོང་ས་༸ཡིད་བཞིན་ནོར་བུ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་ཐབས། ལྷག་པར་དུ་རྒྱ་གར་ནང་གཏན་སྡོད་བྱེད་བཞིན་པའི་བོད་མི་ཚོར་ཉིན་རེའི་འཚོ་བའི་ཐོག་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་བཅས་ཀྱི་གནད་དོན་ཐད་ལ་འབད་བརྩོན་གང་ཡོང་གནང་གི་ཡོད་སྐོར་སོགས་གསུངས་སོང་། གཞི་རྩའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་ཀོལ་ཀ་ཊ་གྲོང་ཁྱེར་ནང་ཐོག་མར་གསར་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་པ་དང་། ཪིམ་པས་ཚོགས་དེ་ཉིད་རྒྱ་སྐྱེད་བྱུང་སྟེ་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༧ ལྷག་དང་ཚོགས་མི་གྲངས་ཁྲི་ཕྲག་མང་པོ་ཡོད་པ་རེད། ཚོགས་པ་དེ་དག་གི་དབུས་ཀྱི་འབྲེལ་མཐུད་གནང་མཁན་དེ་རྒྱལ་ས་ལྡི་ལིར་ཡོད་པའི་སྡེ་ཚན་ནང་མ་ཞེས་པ་དེ་ཡིན་པ་དང་ལོ་གསུམ་རེའི་མཚམས་སུ་བོད་དོན་རྒྱབ་སྐྱོར་གྱི་སྡེ་ཚན་ནང་མའི་ངོས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་ཐེངས་རེ་གོ་སྒྲིག་གནང་གི་ཡོད་པ་རེད།

སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་བཅོ་ལྔ་པ་དབུ་འཛུགས།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༡༥ དབུ་འཛུགས་གནང་སོང་བ་དང་། ལྷན་ཚོགས་ཐོག་ཁྱབ་ཁོངས་སློབ་གྲྭ་ཁག་ ༣༤ ཡི་སློབ་སྤྱི་དང་དགེ་ཆེ་སོགས་ཤེས་ཡོན་དང་འཛིན་སྐྱོང་ཐོག་ཐུགས་འགན་བཞེས་མཁན་གྱི་ལས་བྱེད་རྣམས་ཆེད་ཕེབས་གནང་འདུགསྐབས་དེར་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བཙན་བྱོལ་ནང་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་བོད་པའི་སློབ་གྲྭ་ཁག་ཐོག་མར་ཆེད་འཛུགས་གནང་བ་ནས་བཟུང་སྟེ་ད་བར་གྲུབ་འབྲས་ཡག་པོ་ཐོན་ཡོད་པ་དང་། ད་ལྟའི་ཆར་སློབ་མའི་གྲངས་འབོར་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་རྩིས་བླངས་ཟིན་ཡོད་སྟབས། སློབ་མའི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུར་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་ཡོད། སློབ་གྲྭ་ཁག་ཏུ་རྒྱུན་ལྡན་གྱི་ཤེས་ཡོན་སློབ་ཁྲིད་ཙམ་མིན་པར་ཟུར་སྦྱོང་ལས་རིགས་ཐོག་འབད་རྩོན་གནང་ཐུབ་ན་སློབ་མའི་རྣམ་དཔྱོད་གོང་འཕེལ་འགྲོ་བ་རྒྱུ་སོགས་ལ་དགེ་མཚན་ལྡན་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ། གལ་སྲིད་སློབ་གྲྭ་སོ་སོ་ནས་དེ་འབྲེལ་འཆར་གཞི་རིགས་ཡོད་ཚེ་ཤེས་རིག་ལས་ལས་ཁུངས་ནས་དཔལ་འབྱོན་སོགས་ཀྱི་མཐུན་རྐྱེན་གནང་རྒྱུར་འབད་བརྩོན་ཞུ་ངེས་ཡིན་ཞེས་གསུངས་ཡོད།སློབ་གྲྭ་ཁག་ཏུ་དུས་ཀྱི་དགོས་མཁོ་དང་འཚམས་པའི་སློབ་ཚན་སྣོན་ཁྲིད་གནང་ཕྱོགས་དང་ཤེས་ཡོན་སྤྲོད་ཕྱོགས་བཟང་དུ་གཏོང་ཐབས་སོགས་ཀྱི་སྐོར་ལ་གསུངས་སོང་། ལྷག་དོན་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་ཏེ་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ལ་ POCSO Act ཞེས་ཕྲུ་གུའི་བདེ་འཇགས་དང་འབྲེལ་བའི་ཁྲིམས་སྒྲིག་སྐོར་ལ་ཟབ་སྦྱོང་ནན་པོ་གནང་ཟིན་ཡོད་ཀྱང་། བར་སྐབས་སློབ་གྲྭ་ཁག་ཏུ་དེ་འབྲེལ་ཐབས་སྡུག་གི་གནས་ཚུལ་ཁ་ཤས་བྱུང་ཡོད་པ་ནི་བློ་འཚབ་གནང་གཞི་ཡིན་པར་གསུངས་ཡོད། ཁོང་གིས་སླད་མར་སློབ་གྲྭ་ཁག་ཏུ་དེ་འབྲེལ་གནས་ཚུལ་རིགས་བྱུང་སྐབས་ངོ་ཚ་དང་འཛེམ་ཟོན་མེད་པར་ས་གནས་ཀྱི་ཁྲིམས་ལུགས་གཞིར་བཟུང་སྐོར་སྲུང་བར་རྩིས་སྤྲོད་གནང་གལ་ཡིན་པ་གསུངས་ཡོད།གཞི་རྩའི་སཾམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༡༥ པ་འདི་བཞིན་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་རེད། ཚོགས་དུས་རིང་གཙོ་བོ་སློབ་མའི་ཤེས་ཡོན་དང་སློབ་ཁྲིད་ཀྱི་ཐབས་ལམ། སློབ་མའི་འཕྲོད་བསྟེན་དང་བཟང་སྤྱོད། ཤེས་ཡོན་སྲིད་བྱུས་དང་རིག་ལམ་སློབ་ཁྲིད། དེ་བཞིན་དབུས་ས་གཉིས་ཀྱི་འཛིན་སྐྱོང་ལས་དོན་དང་སློབ་གྲྭར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་སོགས་དང་འབྲེལ་བའི་གྲོས་བསྡུར་གནང་རྒྱུ་རེད་འདུག པར་བདག་དབང་། བོད་མིའི་སྒྲིག་འཛུགས།

གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གསུམ་པ་དབུ་འཛུགས།

བཞུགས་སྒར་དྷ་ས་ནོར་གླིང་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་མི་རྣམས་ལྷན་ཞུགས་ཐོག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།དེ་རིང་ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་དབུ་འཛུགས་གནང་བའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གསུམ་པ་འདི་བཞིན་ཕྱི་ཚེས་ ༢༧ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་དང་། ཚོགས་འདུའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས། དམིགས་གསལ་གདན་ཞུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཚོགས་ཆུང་གི་ཚོགས་མི་ཡོངས་རྫོགས་དངོས་སུ་མཉམ་ཞུགས་གནང་འདུགརྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦ པས་སྔ་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་ཏེ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་བཙུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་དེ་སྔ་ལོའི་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༦ ནས་ ༡༨ བར་དང་། ཚོགས་འདུ་ཐེངས་གཉིས་པ་འདི་ལོའི་ཕྱི་ཟླ་ ༧ ཕྱི་ཚེས་ ༢༧ ནས་ ༢༩ བར་བཞུགས་སྒར་ཁུལ་དུ་ཚོགས་ཡོད་པ་རེད།ཚོགས་འདུ་ཐོག་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་རྒྱ་འབྲེལ་མོལ་ཡོངས་ཐབས་སུ་རྒྱ་ནག་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་ཕྱོགས། དེ་བཞིན་བོད་དང་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་གྲོས། དེ་སྔའི་ཚོགས་འདུ་ཐོག་གྲོས་བསྡུར་བྱུང་བའི་གནད་དོན་ཁག་ལ་མཇུག་སྐྱོང་གང་དགོས་སོགས་ཀྱི་ཐོག་གྲོས་བསྡུར་སྦྱང་བཤད་དང་ཐབས་བྱུས་གཏན་འབེབས་སོགས་གནང་གི་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་འཚོགས་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་འཐུས་ཁག་གཅིག་ལ་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ཁྲོད་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་ཀྱི་ལོ་རྒྱུས་གནས་བབ་སོགས་དང་འབྲེལ་བའི་གྲོས་བསྡུར་སྦྱང་བཤད་གནང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་འཚོགས་བཞིན་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འཁྲིས་ Nibaana གསོལ་མགྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་འཚོགས་བཞིན་ཡོད་པ་རེད།ཚོགས་འདུ་ཐོག་གཙོ་བོ་བོད་ནང་གི་གནས་སྟངས་དང་འབྲེལ་ཏེ་ཞི་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གིསཆབ་སྲིད་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་སྒྲོམ་གཞི། ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་གསར་པ་རྣམས་ཀྱི་བསམ་བློ་འཁྱེར་སོ་དང་མ་འོངས་ཁ་ཕྱོགས། བོད་ནང་གི་ཆོས་དད་རང་དབང་དང་ཁོར་ཡུག དཔལ་འབྱོར་བཅས་ཀྱི་གནས་བབ་ཐོག་ནས་བོད་མིའི་བཞེངས་ཕྱོགས། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་འགྲེལ་བཤད་རྒྱག་ཕྱོགས་དང་སྒོས་རྒྱ་ནག་གི་འགྲེལ་བརྗོད་བྱེད་སྟངས་ཁྲོད་ནས་གཞིས་ལུས་བོད་མིའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཆགས་ཉེན་ཡོད་པ་དང་འབྲེལ་ནས་འོས་འགན་ལྡན་པའི་ཐོག་མ་འོངས་མི་རབས་རྣམས་ལ་རྒྱུ་མཚན་དང་རྒྱབ་ལྗོངས་ལྡན་པའི་ཐོག་ནས་རྩིས་སྤྲོད་བྱེད་ཕྱོགས་བཅས་ཀྱི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུགབོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་ཚོགས་འདུ་ཐོག་ཆོལ་ཁ་རེ་རེ་ནས་སྤྱི་འཐུས་ལྔ་རེ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་བཅས་ཁྱོན་སྤྱི་འཐུས་ཉི་ཤུ་མཉམ་ཞུགས་གནང་ཡོད་པར་གསུངས་ཡོད།བརྗོད་གཞི་གལ་ཆེ་བ་གཅིག་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཆགས་ཡོད་པས་དེའི་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དེ་བྱུང་སློབ་དཔོན་མཁས་དབང་བྱམས་པ་བསམ་གཏན་ལགས་དང་། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐོག་གསུང་བཤད་གནང་བར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་བཅས་ཆེད་མངགས་གདན་འདྲེན་ཞུས་འདུགདེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་གནས་བབ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་སྲིད་བྱུས་ཀྱི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་བསྟན་འཛིན་ཚུལ་ཁྲིམས་ལགས། ཚེ་རིང་བསམ་གྲུབ་ལགས་གདན་ཞུས་གནང་དོན་ལྟར་ཁོང་རྣམས་དང་དྲི་བ་དྲིས་ལན་གྱི་ལས་རིམ་གནང་ཡོད་པ་རེད།དེ་སྔོན་ཕྱི་ཟླ་ ༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལྡི་ལི་ཉེ་འགྲམ་ཧར་ཡ་ན་མངའ་སྡེའི་ནང་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་དེའི་ཐོག་རྒྱལ་སྤྱིའི་སྟེང་འབྲེལ་ལམ་གནང་ཕྱོགས་དང་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་འགྲེལ་བཤད་རྒྱག་ཕྱོགས། དོ་སྣང་བྱེད་ཕྱོགས། གནས་ཡུལ་རྒྱ་གར་གྱིས་གཙོས་པའི་ཨེ་ཤ་ཡ་ནང་བོད་དོན་དང་འབྲེལ་བའི་འབྲེལ་ལམ་གནང་ཕྱོགས་སོགས་ཀྱི་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨ་རུ་ནཱ་ཅལ་དང་མེ་གྷ་ལ་ཡའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རུ་ནཱ་ཅལ་དང་མེ་གྷ་ལ་ཡ་ཁུལ་དུ་བདུན་ཕྲག་གཉིས་རིང་གི་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་ཁྲོད་ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མེ་གྷ་ལ་ཡའི་སྤྱི་ཁྱབ་བློན་ཆེན་ Shri Konrad K Sangma མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་འདུག ཁ་སྔོན་ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་གིས་གུ་ཝཱ་ཧཱ་ཊིར་ཨ་རུ་ནཱ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་གནང་འདུག་པ་དང་ཕྱི་ཚེས་ ༡༣ ཉིན་མེ་གྷ་ལ་ཡའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་ཡོད།སྲིད་སྐྱོང་མཆོག་གིས་མཇལ་འཕྲད་ཁྲོད་བོད་མིའི་བདེ་སྡུག་སྙན་སེང་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འགྲོ་སྟངས་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་པ་རེད།སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་ལ་ཉེ་བ་དང་སྦྲགས་དེ་རིང་སྔ་དྲོ་རྒྱ་གར་བྱང་ཤར་ན་ག་ལེན་ཌ་མངའ་སྡེའི་གྲོང་ཁྱེར་ལྡི་མ་སྤུར་ལ་ཕེབས་འབྱོར་བྱུང་སྟེ། ཁུལ་དེའི་བོད་མི་རྣམས་ལ་གསུང་བཤད་དང་མང་ཚོགས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས་ལྡི་མ་སྤུར་ནས་གུ་ཝཱ་ཧཱ་ཊི་བརྒྱུད་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་ཀྱི་ཡོད་པ་རེད། ཐེངས་འདིའི་འཚམས་ཁྲོད་སྲིད་སྐྱོང་མཆོག་གིས་ཏེ་ཛུ་དར་རྒྱས་གླིང་དང་མེའི་ཆོས་འཕེལ་གླིང་། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་།  ཤིས་ལོང་བཅས་སུ་ཕེབས་ཏེ་སློབ་གྲྭ་དང་འཕྲོད་བསྟེན་སྨན་ཁང་ལ་གཟིགས་རྟོག།དགོན་སྡེ་ཁག་ལ་གནས་གཟིགས། ས་གནས་ཀྱི་དཔོན་རིགས་སོགས་དང་མཇལ་འཕྲད། དེ་བཞིན་བོད་མིའི་འདུས་སྡོད་ཀྱི་མང་ཚོགས་དང་ཐུག་འཕྲད་ཀྱིས་སྐབས་ ༡༦ པའི་བཀའ་ཤག་གི་དགོངས་གཞི་དང་ལས་དོན་གནང་ཕྱོགས། མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད། གཞི་རྩའི་སྲིད་སྐྱོང་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་འདི་ནི་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་ཀྱི་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ལྷག་པར་ཐེངས་འདིའི་འཚམས་གཟིགས་ཁྲོད་འདིར་ཕྱི་ཚེས་ ༡༡ ཉིན་ཨ་རུ་ནཱ་ཅལ་གྱི་ས་གནས་རྫོང་དཔོན་ལས་ཁུངས་ནས་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད། མཛད་སྒོ་ཐོག་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་དང་ས་གནས་རྫོང་དཔོན་སྐུ་ཞབས་སྐལ་བཟང་དངོས་གྲུབ་ལགས་ཀྱིས་གཙོས་པའི་ས་གནས་དཔོན་རིགས་དང་ལས་བྱེད་ཁག་གཅིག་ལྷན་ཞུགས་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་སྐབས་དེར་ཨ་རུ་ནཱ་ཅལ་གྱི་འགོ་ཁྲིད་དང་མི་མང་ནས་སྣེ་ལན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས་ཏེ་བོད་མི་དང་མོན་གཉིས་དབར་གྱི་འབྲེལ་བ། ལྷག་པར་བོད་ནང་གི་བོད་མི་རྣམས་རྒྱ་ནག་དམར་ཤོག་གི་སྡུག་རྩུབ་དང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་མི་སྤྱོད་ལས་འདས་པའི་ངལ་བ་མྱོང་བཞིན་ཡོད་སྐོར་གསུངས་ཡོད། རྒྱ་ནག་གཞུང་གི་ངོས་ནས་དུས་རྟག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་ཐབས་བྱེད་བཞིན་ཡོད་སྐོར་དང་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སོགས་སྐོར་འགྲེལ་བརྗོད་གནང་སྟེ་རྒྱ་ནག་ནི་མང་གཙོའི་རྒྱལ་ཁབ་དང་སྤྱི་ཚོགས་ཁྱོན་ལ་ཉེན་ཁ་ཅན་ཞིག་ཆགས་ཡོད་པ་སོགས་གསུངས་ཡོད།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ལྷན་ཞུགས་ཐོག་ལི་ཐུ་ནི་ཡའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ལྷན་ཞུགས་ཐོག་ཡོ་རོབ་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་བོད་དོན་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ནས་ཡུལ་དེའི་གྲོས་ཚོགས་ནས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་སོགས་ཀྱི་ཐོག་ལ་གྲོས་ཆོད་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་འདུགཉེ་ལམ་ཕྱི་ཚེས་ ༧ ཉིན་ཚོགས་པའི་བོད་དོན་ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Michael Van Walt Van Praag ལགས། དེ་བཞིན་ལི་ཐུ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Laima Andrikienė ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrius Navickas ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ལྷན་ཞུགས་གནང་འདུག སྐབས་དེར་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ལི་ཐུ་ནི་ཡ་དང་བོད་དོན་བར་གྱི་འབྲེལ་བ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། གོ་ལ་འདིའི་ནང་ཞི་བདེ་དང་མཉམ་གནས་དགོས་རྒྱུའི་གལ་གནད་སོགས་ཀྱི་ལམ་སྟོན་བཀའ་སློབ་ཁག་ལ་ལི་ཐུ་ནི་ཡའི་མི་མང་རྣམས་ནས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ལི་ཐུ་ནི་ཡས་རང་དབང་དང་། མང་གཙོ། དེ་བཞིན་དྲང་བདེན་སོགས་སྲུང་སྐྱོབ་ཐད་ལ་བཅངས་པའི་སྙིང་སྟོབས་ལ་རྟག་ཏུ་སྔགས་བརྗོད་མཛད་ཀྱི་ཡོད་པ་གསུངས་འདུགད་ལྟའི་ཆར་ཞི་ཅིན་ཕིང་གི་དབང་སྒྱུར་འོག་མི་རིགས་གཅིག རིག་གཞུང་གཅིག སྐད་ཡིག་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་དམས་སུ་འགྲོ་བཞིན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་རྒྱ་འགྱུར་གྱི་སྲིད་བྱུས་དེའི་བརྒྱུད་ནས་བོད་ནང་ལོ་ན། ༦ ནས་ ༡༨ བར་གྱི་ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭར་བཅུག་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་དེ་འབྲེལ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་དེའི་ནང་བོད་ཕྲུག་བརྒྱ་ཆ་ ༧༨ ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གིས་བཟོས་པའི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་འགྲེལ་བརྗོད་གནང་འདུགལྷག་པར་དུ་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་ལ་བཙན་དབང་ཐོག་བོད་མིའི་གཟུངས་ཁྲག་ནས་ DNA རིགས་རྫས་མཁོ་སྒྲུབ་ཇེ་ཆེར་བྱེད་བཞིན་པའི་གནས་ཚུལ་སྐོར་དང་། ཕྱོགས་ཡོངས་ནས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་གཙོས་པའི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་ཉན་ཞིབ་ལས་རིམ་བརྒྱུད་ Lithuania རྒྱལ་ཁབ་ཀྱི་གྲོས་ཚོགས་ངོས་ནས་ལོ་རྒྱུས་ཁྲོད་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་ཐད་ལ་གྲོས་ཆོད་ཞིག་ངེས་པར་དུ་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་ཡོད།གཞན་ཡང་སྐབས་དེར་སྐུ་ཞབས་ Michael Van Walt Praag ལགས་ཀྱིས་དེང་གི་དུས་སུ་རྒྱལ་སྤྱིའི་སྲིད་གཞུང་མང་པོས་རྒྱ་ནག་གཞུང་ལ་ངོ་སྲུང་དང་བསྟུན་མཁས་བྱས་ཏེ་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་རྒྱུར་འཛེམས་ཟོན་བྱེད་བཞིན་པ་དེ་ནི། རྒྱ་ནག་གཞུང་གི་བོད་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པ་ཞིག་མཚོན་གྱི་ཡོད་པ་སོགས་འགྲེལ་བརྗོད་དང་། ང་ཚོས་བོད་ཀྱི་བདེན་པའི་གནས་ཚུལ་འདི་ཉིད་སྣང་མེད་སྐྱུར་འཇོག་བྱ་རྒྱུ་མེད་ཅིང་། བོད་འདི་བཞིན་རྒྱ་ནག་གི་མི་ལོ་ ༧༠ རིང་ལ་ཁྲིམས་མཐུན་གྱི་དབང་སྒྱུར་ཡིན་ལུགས་བཤད་པ་དེར་གདོང་ལེན་མ་བྱེད་པར་གནས་ཐབས་མེད་པ་མ་ཟད། ཁྲིམས་འགལ་གྱིས་དབང་སྒྱུར་བྱེད་པ་དེ་དག་ནམ་ཡང་ཁྲིམས་མཐུན་གྱི་གནས་བབ་ཆགས་ཐབས་མེད་པ་རེད་སོགས་གསུངས་འདུགདེ་བཞིན་ལི་ཐུ་ནི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Laima Andrikienė ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrius Navickas ལགས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལ་ཐུགས་འཚབ་ཀྱི་རྣམ་པ་དང་། རྒྱ་གཞུང་གིས་བོད་ནང་ལས་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་བྱ་སྤྱོད་ཁག་ཁྲིམས་འགལ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད།ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༡༣ ཉིནབོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མ་ཡི་ཀེལ་ཝན་ཝལ་ཊ་ཝན་པ་རག་ Michael van Walt van Praag ལགས་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ Brussels དུ་ཉིན་གྲངས་གཅིག་རིང་ཆེད་ཕེབས་ཀྱིས་ཡུ་རོབ་དང་སྦེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་སྟེ། ཡུ་རོབ་དང་སྦེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཁྲིམས་ཐོག་ནས་ལྟ་སྟངས་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་འགན་ཡོད་པ་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་འདུག

Latest news