Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ལྡི་ལི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་གིས་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འབྱེད་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ India International Centre ཡི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་དེ་རིང་ཟླ་ ༤ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་ཚེས་ ༤ བར་ཉིན་གྲངས་གསུམ་རིང་བོད་ཀྱི་རིག་གཞུང་དུས་སྟོན་ཞིག་འཚོགས་ཀྱི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ལྡི་ལི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ Sheila Dikshit མཆོག་གིས་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འབྱེད་གནང་ཡོད་པ་རེད། ཐེངས་འདིའི་བོད་ཀྱི་རིག་གཞུང་དུས་སྟོན་དེའི་ཆ་ཤས་སུ་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་། རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན། བོད་ཀྱི་གསོ་བ་རིག་པའི་སྐུ་ཐང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེང་སྐྲུན། ལྕགས་དང་ཤིང་རྐོས་སྒྱུ་རྩལ། བོད་དོན་དངོས་བྱུང་གློག་བརྙན། འཐག་ལས་ལག་ཤེས། པང་གདན། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ། ཁ་ཟས་སྒྱུ་རྩལ། བོད་དོན་པར་རིས་འགྲེམས་སྟོན། མཁས་པའི་གསུང་བཤད། དེ་བཞིན་བོད་མིའི་འབྲོག་པ་རྣམས་ཀྱི་འཚོ་བའི་དངོས་ཆས་སོགས་འགྲེམས་སྟོན་གནང་གི་འདུག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་གྱི་ཆ་ཤས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ Sheila Dikshit ཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་ད་བར་འདས་པའི་ལོ་ངོ་དྲུག་བཅུའི་རིང་ཕན་ཚུན་དབར་སྤུན་མཆེད་རྒན་གཞོན་ལྟ་བུའི་འདུ་ཤེས་ཐོག་ནས་གནས་ཡོད་སྐོར་གསུངས་པ་མ་ཟད། བོད་མིའི་རིག་གཞུང་གི་སྒྱུ་རྩལ་ཁག་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། བོད་མི་ཚོའི་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་ས་ཁོངས་དམིགས་བསལ་ཞིག་ཞུས་ཏེ་སོ་སོའི་སྒྱུ་རྩལ་དང་ཟས་རིགས་སོགས་འགྲེམས་ཚོང་ཐུབ་ཐབས་ཀྱི་ལམ་སྟོན་སོགས་གནང་ཡོད། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གར་གཞུང་མང་གཉིས་ནི་བོད་མིར་ཤིན་ཏུ་ནས་བཀྲིན་ཆེན་པོ་ཡིན་པ་མ་ཟད། བོད་མི་ཚོའི་ངོས་ནས་ཀྱང་རྒྱ་གར་གཞུང་མང་གི་བཀྲིན་དེ་ཞལ་ཙམ་མིན་པར་དོན་དམ་པའི་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དགོས་གལ་ཡིན་པ་སོགས་གསུངས་སོང་། བོད་ཀྱི་རིག་གཞུང་དུས་སྟོན་གྱི་དབུ་འབྱེད་ཀྱི་མཛད་རིམ་ཁོངས་སུ་ཉིན་རྒྱབ་ཏུ་ཏའི་སི་ཏུ་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ལྕམ་སྐུ་ Kapila Vatsyayan མཆོག དེ་བཞིན་ལྕམ་སྐུ་ Sondhi མཆོག་བཅས་དབུ་བཞུགས་ཐོག་བོད་དང་རྒྱ་གར་གཉིས་ཀྱི་གནའ་བོའི་འབྲེལ་ལམ་དང་ད་ལྟའི་གནས་སྟངས་བཅས་ཀྱི་ཐད་ལ་བགྲོ་གླེང་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་དང་། མཐའ་མར་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གཞས་འཁྲབ་སྟོན་གནང་རྒྱུ་རེད་འདུག

གཏན་སློབ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༦ དབུ་འཛུགས།

གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འགོ་ཁྲིད་ཡག་པོ་ཞིག་ཡོང་བར་མི་བཟང་པོ་ཞིག་དགོས་གལ་ཡིན་པ་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་འཛིན་སྐྱོང་སྦྱོང་བརྡར་ཁང་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་དང་བལ་ཡུལ་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་ ༡༨ ཀྱི་རྒན་བདག་ཕོ་མོ་ཁྱོན་མི་གྲངས་ ༣༦ ལ་འགོ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ ༦ དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་ཀྱི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འགོ་ཁྲིད་ཡག་པོ་ཞིག་ཡོང་བར་མི་བཟང་པོ་ཞིག་དགོས་གལ་ཡིན་པ་གསུངས་པ་དང་སྦྲགས། ད་ལྟའི་དུས་སྐབས་འདིར་བོད་མིའི་ཡ་རབས་ཀུན་སྤྱོད་ནི་བོད་མི་རིགས་ཀྱི་རྩ་དོན་དང་། ཆོས་རིག དེ་བཞིན་བོད་མིའི་ངོ་བ་བཅས་ཀྱི་ཐོག་ནས་ཤིན་ཏུ་གནད་ཆེ་ཆགས་ཡོད་སྟབས། དེའི་ཐོག་སྣང་ཆུང་རྩ་བ་ནས་གཏང་རྒྱུ་མེད་ཅེས་གསུངས་སོང་། ༸གོང་ས་མཆོག་དང་བོད་མི་དབར་གཡོལ་ཐབས་མེད་པའི་ཁས་ལེན་ཞུ་དགོས་པ་གསུམ་ཡོད་པ་ལྟར། ༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་གནས་ཚད་དབར་ཁྱད་པར་ཆེན་པོ་ཡོད་པ་དང་། ༸གོང་ས་མཆོག་གི་རྗེས་འཇུག་ཡིན་པའི་ཆ་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ཤེས་ཐོག་ལག་ལེན་དུ་འཁྱེལ་དགོས་པ། དེ་བཞིན་འཛམ་གླིང་ཁྲོད་༸གོང་ས་མཆོག་གི་རྗེས་འཇུག་པ་དུ་མ་ཡོད་པ་ལས་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་གཞན་གྱི་རྗེས་སུ་མ་ལུས་པར་སྔོན་ལ་འགྲོ་ཐུབ་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད། གཞི་རྩའི་དེ་རིང་ཟླ་ ༤ ཚེས་ ༢ ཉིན་དབུས་འཛུགས་ཀྱིས་ཚེས་ ༧ བར་ཉིན་གྲངས་དྲུག་རིང་འཚོགས་རྒྱུའི་འགོ་ཁྲིད་ཀྱི་ཟབ་སྦྱོང་དེའི་སྐབས་གཙོ་བོ་འགོ་ཁྲིད་ཀྱི་རྩལ་དང་ཁྱད་ཆོས་མི་འདྲ་བ། འབྲེལ་ལམ་གྱི་རྩལ། རྩོད་རྙོད་འདུམ་འགྲིག་གནང་ཕྱོགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། མང་ཚོགས་ཀྱི་གཏམ་བཤད་སྤེལ་ཕྱོགས། མཉམ་རུབ་ལས་དོན་གནང་ཕྱོགས། ཕོ་མོའི་ཤེས་བྱ། སྲིད་སྐྱོང་མཆོག་དང་ལྷན་དུ་དྲི་བ་དྲིས་ལན་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ལྟ་སྐོར་དང་ངོ་སྤྲོད་སོགས་ཀྱི་ལས་རིམ་བང་སྒྲིག་ཡོད་པ་རེད། རྩ་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གྱི་ཟབ་སྦྱོང་གནང་བ་དེ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་ཐོག་ཕྱི་ལོ་ ༢༠༡༣ ལོར་དངོས་སུ་དབུ་འཛུགས་གནང་བ་བཞིན་ལོ་ལྟར་སློབ་གྲྭ་ཁག་གི་རྒན་བདག་རྣམ་པར་ཟབ་ཁྲིད་གནང་གི་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་དང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་དང་གཏན་འཇགས་སློབ་གྲྭ། དེ་མ་སུ་རི་དང་དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་བཅས་ཀྱི་རྒན་བདག་རྣམས་ཚོགས་བཅར་ཞུས་འདུག

༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༤ དབུ་འཛུགས།

འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ཉི་ཤུ་རྩ་བཞི་པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པར་དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་ཕེབས་ཡོད་པ་དང་། དེ་བཞིན་གཟིགས་མོ་བ་སྟོང་ཕྲག་གཉིས་ཙམ་ཞིག་ཕེབས་འདུག ཐོག་མར་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་རོལ་དབྱངས་དང་བཅས་ཏེ་བླངས་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོ་གྱུར་རྒྱལ་གཅེས་པ་འདས་སོན་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་རྗེས་སུ་དྲན་པའི་སྒོ་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་སོང་བ་དང་། སྐུ་གྲོན་གཙོ་བོ་མཆོག་གིས་རྩེད་འགྲན་དབུ་འབྱེད་གནང་བ་དང་འབྲེལ། རྩེད་འགྲན་དེ་འདྲ་ཞིག་གནང་ཐུབ་པར་ཡི་རངས་བསྔགས་བརྗོད་གནང་ཐོག་སླད་མར་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཁྱབ་ཐུབ་ཐབས་སུ་ཡར་རྒྱས་གཏོང་ཕྱོགས་ཀྱི་བླང་དོར་གསུང་བཤད་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་པ་སངས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་གྱི་བྱུང་རིམ་དང་རྩེད་འགྲན་དེའི་དགོས་དམིགས། དེ་བཞིན་རྩེད་འགྲན་དེ་ཚགས་ཚུད་ལམ་ལྷོང་ཡོང་བར་སྒྲིག་གཞི་ཁག་བརྩི་སྲུང་ཞུ་གལ་ཡིན་པར་འབོད་སྐུལ་གནང་སོང་། དེ་རིང་ཉིན་དང་པོའི་རྩེད་འགྲན་ལས་ཐོག་མ་སྦེལ་ཀོབ་བོད་མིའི་གཞིས་ཆགས་གྷོ་ལ་ཐ་ལ་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག་ཀ་པ་གཉིས་དབར་རྩེད་འགྲན་གནང་ཡོད། རྩེད་འགྲན་དེ་རིང་ཟླ་ ༣ ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༠ བར་ཚོགས་གནང་གི་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་རྩེད་འགྲན་རུ་ཁག་ ༡༩ ཐོ་འགོད་དེབ་སྐྱེལ་བྱས་འདུག འགྲན་སྡུར་སྐབས་རྩེད་འགྲན་གྱི་འགྲོ་ལུགས་ལྟར་ (League Cum knock out System) རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེར་རྩེད་འགྲན་གནང་རྒྱུའི་གོ་སྐབས་ཡོད་འདུག སང་ཉིན་མུ་མཐུད་བོད་ཕྲུག་ཁྱིམ་སྡེའི་སྤྱི་མཐུན་རུ་ཁག་དང་སྦེལ་ཀོབ་གྷོ་ལ་ཐལ་རུ་ཁག་གཉིས་དང་། གྷོ་བ་རུ་ཁག་དང་ཀོ་ཐ་གྷི་རི་རུ་ཁག DYSA དར་ཆེ་གླིང་རུ་ཁག་དང་སམ་བྷོ་ཌ་རུ་ཁག  སྦེལ་ཀོབ་བདེ་སྐྱིད་སླར་གསོ་ཪུ་ཁག་ཁ་པ་དང་ Victory ལྦིག་ཀོ་ཀྲོ་རི་རུ་ཁག་བཅས་རུ་ཁག་བཅུ་དབར་འགྲན་བསྡུར་གནང་རྒྱུ་རེད་འདུག གཞི་རྩའི་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཁྲོད་ནས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་འཐུས་ཆོག་པའི་ཆོག་མཆན་གནང་འདུག

རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་འཐུས་ཆོག་པའི་ཆོག་མཆན་གནང་འདུག དེ་ཡང་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བླ་མ་བསོད་ནམས་ལགས་ནས་ཁ་སང་གནད་དོན་དེ་དང་འབྲེལ། འབྲས་ལྗོངས་ཀྱི་ The Statesman གསར་ཁང་ལ་རྒྱ་གར་གཞུང་ནས་ཀརྨ་པ་རིན་པོ་ཆེ་མཆོག་ལ་ད་རེས་རྒྱལ་དབང་ཀརྨ་པ་༸སྐུ་གོང་མའི་གདན་ས་རུམ་བཏེག་དགོན་པ་མ་གཏོགས། འབྲས་ལྗོངས་ནང་གི་ས་གནས་གང་དུ་ཆིབས་བསྒྱུར་བསྐྱང་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་། མཛད་འཆར་སྔོན་སྒྲིག་ལྟར་ན་ཀརྨ་པ་རིན་པོ་མཆོག་ཕྱི་ཟླ་བཞི་པའི་ཟླ་མཇུག་དང་ལྔ་པའི་འགོ་སྟོད་དུ་ཆིབས་བསྒྱུར་གྲ་སྒྲིག་གནང་གི་ཡོད་པ་གསུངས་འདུག ད་དུང་བླ་མ་བསོད་ནམས་ལགས་ཀྱིས་ད་རེས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དུས་ཡུན་རིང་པོ་ཞིག་གི་འབད་བརྩོན་འོག་འབྲས་ལྗོངས་སུ་ཆིབས་བསྒྱུར་ཐེངས་དང་པོ་བསྐྱང་འཆར་ཡོད་སྟབས། ས་གནས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ནས་རིན་པོ་ཆེ་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ངང་སྒུག་གིས་ཕེབས་བསུའི་གྲ་སྒྲིག་ཞུ་བཞིན་ཡོད་པ་གསུངས་འདུག ཀརྨ་པ་རིན་པོ་ཆེ་མཆོག་གི་ཆིབས་སྒྱུར་དེའི་སྐོར་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pawan Kumar Chamling མཆོག་ནས་སྐུ་སྒེར་གྱི་ངོ་དེབ་སྟེང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་ཁོང་གི་ངོས་ནས་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་ Sushma Swaraj མཆོག་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་མཐུན་འགྱུར་རོགས་རམ་གང་ཐུབ་གནང་དགོས་པའི་ཞབས་སྐུལ་ཞུས་ཡོད་པ་གསུངས་པ་དང་སྦྲགས། ད་རེས་ཀྱིས་གནས་ཚུལ་འདི་ནི་དགའ་ཚོར་ཆེན་པོ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཁོང་གི་ཡང་སྲིད་གཉིས་བྱུང་བའི་གནས་ཚུལ་ལྷག་ཡོད་པ་རེད། ད་རེས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་ད་བར་འབྲས་ལྗོངས་གཞུང་ནས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་དང་ནང་སྲིད་བཀའ་བློན་གཉིས་ལ་ཕྱག་ཡིག་ཐེངས་ ༣༥ ལས་མང་བ་ཕུལ་འདུག་པ་དང་།   ལྷག་པར་དུ་ཕྱི་ལོ་ ༢༠༡༦ ནས་འབྲས་ལྗོངས་ནང་གི་དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་མང་དག་ཞིག་ནས་རྒྱ་གར་གཞུང་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་གསོལ་འདེབས་ཀྱིས་ཟས་བཅད་ངོ་རྒོལ་དང་ཞུ་གཏུགས་སོགས་ཀྱི་ལས་འགུལ་ཡང་སྤེལ་བ་དང་། ད་ལྟའི་གནས་སྐབས་སུའང་དགེ་འདུན་པ་ཁག་ཅིག་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༦༣༠ སོང་ཡང་ཀརྨ་པ་རིན་པོ་ཆེ་མཆོག་ས་གནས་སུ་༸ཞབས་སོར་མ་འཁོད་བར་དུ་མུ་མཐུད་ཟས་བཅད་ངོ་རྒོལ་ལས་འགུལ་གནང་རྒྱུ་རེད་འདུག རྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལོ་ ༢༠༠༠ ལོར་དགུང་ལོ་ ༡༤ ཐོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དང་། དུས་དེ་ནས་བཟུང་རིན་པོ་ཆེ་མཆོག་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཞུ་ཕྱིར་བཞུགས་ཡོད་པ་རེད།

བཞུགས་སྒར་དུ་བོད་གཞུང་མང་གཉིས་ནས་མོན་པའི་ཞི་བའི་གོམ་བགྲོད་པ་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་པ།

དེ་རིང་ཟླ་ ༣ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་ཉེ་སྔོན་ཟླ་ ༣ ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༧ བར་༸གོང་ས་མཆོག་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡུལ་བྱང་ཤར་མོན་རྟ་དབང་གི་ཆུ་དྭངས་མ་ནས་ཨ་སམ་གྲོང་ཁྱེར་ཏེ་ཛ་པུར་བར་ཉིན་གྲངས་བཅུ་གཅིག་ལྷག་ Padayatra ཞེས་གོམ་བགྲོད་ལས་འགུལ་གོ་སྒྲིག་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ RK Khirmey  མཆོག་དང་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག དེ་བཞིན་ལས་འགུལ་དེར་མཉམ་ཞུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་དང་མོན་ཡུལ་མང་ཚོགས་ཀྱི་སྐུ་ཚབ་མི་སྣ་བཅས་ཁྱོན་མི་གྲངས་ ༥༠ ལྷག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་མི་མང་བརྒྱ་སྐོར་ལྷག་ནས་འདུ་འཛོམས་ཀྱིས་ཁོང་རྣམས་ལ་དགའ་བསུའི་མཇལ་དར་སྒྲོན་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། ལས་འགུལ་གོ་སྒྲིག་ཞུ་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ RK Khirmey  མཆོག་གིས་ཕྱི་ནང་གི་གསར་འགོད་པར་ཁོང་རྣམས་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འདྲ་མིན་ནང་འབྱོར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་སྨོན་ལམ་གསུང་འདོན་དང་ཞབས་རིམ་ཁག་ཅིག་གསོག་སྒྲུབ་གནང་བ་མ་ཟད། ས་གནས་སོ་སོའི་མི་རབས་གཞོན་པ་དག་ལ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་དོན་གང་ཡིན་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་ངོ་སྤྲོད། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་དགོས་གལ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སོང་། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་ཧི་མཱ་ལ་ཡའི་མི་རྒྱུད་སྤྱི་དང་ལྷག་པར་དུ་མོན་པའི་མི་རིགས་ཚོའི་ཤེས་ཡོན་དང་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་སོགས་ཀྱི་ཐོག་བཀའ་དྲིན་ཆེན་པོ་ཡིན་སྟབས། ད་ལན་གོམ་བགྲོད་གནང་བ་འདིས་དེ་སྔ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་པའི་དུས་ཚིགས་དྲན་གསོ་ཞུ་རྒྱུ་ཙམ་མ་ཟད། ཧི་མཱ་ལ་ཡའི་མི་མང་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་ཤིན་ཏུ་ཆེ་བ་དེ་དག་རྗེས་དྲན་མཚོན་ཆེད་ཞིག་ཆགས་ཡོད་པ་གསུངས་ཡོད། གཞི་རྩའི་ཐེངས་འདིའི་དྲན་གསོའི་གོམ་བགྲོད་ཀྱི་ལས་འགུལ་འདི་ནི་ཟླ་ ༣ ཚེས་ ༡༧ ཉིན་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་ཆུ་དྭངས་མོ་ནས་འགོ་འཛུགས་གནང་སྟེ། ཁུལ་དེའི་གྲོང་ཁྱེར་རླུང་ལ་གྲོང་ཁྱེར་དང་ས་གནས་རྟ་དབང་དང་བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་དེ་སྔ་༸གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་ས་གནས་སོ་སོར་གོམ་བགྲོད་གནང་ནས་ཕེབས་པ་མ་ཟད་ས་གནས་དེ་དག་ནང་འབྱོར་སྐབས་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་༸སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་རྒྱ་ཆེ་སྤེལ་བ་མ་ཟད། མཐར་ཕྱི་ཚེས་ ༢༧ ཉིན་ཨཱ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛ་པུར་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་བཞུགས་སྒར་རྡ་རམ་ས་ལར་འབྱོར་བའི་མོན་པའི་ཞི་བའི་གོམ་བགྲོད་པ་དེ་རྣམས་སང་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་གི་ཡོད་པ་རེད།

ལྡི་ལིའི་བོད་མི་ཚོས་མོན་པའི་ཞི་བའི་གོམ་བགྲོད་པ་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་པ།

ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ལྡི་ལི་ས་གནས་འགོ་འཛིན་གྱིས་གཙོས་པའི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷ་རྨ་ས་ལ་བཅས་ཀྱི་ཚོགས་པ་ཁག་ནས་རྒྱ་གར་བྱང་ཤར་ཁུལ་གྱི་མོན་ཡུལ་ནས་ཕེབས་པའི་ཞི་བའི་གོམ་བགྲོད་པ་མི་གྲངས་ ༤༠ ལྷག་ལ་སྣེ་ལེན་ཕེབས་བསུ་དང་འབྲེལ་ཁོང་རྣམས་ལ་ཕྱི་དྲོ་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་རེད། དེ་རིང་སྔ་དྲོ་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་དབུ་བཞུགས་ཐོག་ཉིན་གྲངས་བཅིུག་ལྷག་ཞི་བའི་གོམ་བགྲོད་གནང་མཁན་མོན་པ་དེ་དག་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་པ་རེད། གོམ་བགྲོད་པ་དེ་དག་ནི་ཉེ་སྔོན་ཟླ་ ༣ ཚེས་ ༡༧ ཉིན་ནས་༸གོང་ས་མཆོག་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡུལ་བྱང་ཤར་མོན་རྟ་དབང་གི་ཆུ་དྭངས་མ་ནས་འགོ་འཛུགས་ཀྱིས་ཨ་སམ་གྲོང་ཁྱེར་ཏེ་ཛ་པུར་བར་ཉིན་གྲངས་བཅུ་གཅིག་ལྷག་གོམ་བགྲོད་གནང་མཁན་དེ་དག་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་ནི་༸གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཏེ་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་ལོ་རྒྱུས་ལ་རྗེས་དྲན་ཞུ་ཆེད་དུ་ཡིན་པ་རེད། བོད་སྒར་བསམ་ཡས་གླིང་གི་མཛད་སྒོའི་ཐོག་ལས་འགུལ་གོ་སྒྲིག་ཞུ་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ RK Khirmey  མཆོག་གིས་གོམ་བགྲོད་དེ་ནི་ཕྱི་ལོ་ ༡༩༥༩   ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ས་གནས་གང་དུ་ཐོག་མར་ཕེབས་འབྱོར་བྱུང་བ་དང་། དེ་ནས་ཕེབས་ལམ་གང་བརྒྱུད་ནས་འགྲུལ་བཞུད་གནང་ཡོད་པ་དེ་དག་ས་གནས་ཀྱི་མི་མང་ན་གཞོན་རྣམས་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ལ་དྲན་སྐུལ་གོ་རྟོགས་སྤེལ་ཐབས་དང་། ལྷག་པར་དུ་གསར་ལམ་ཁག་གི་བརྒྱུད་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་གར་གྱི་སྲིད་བློན་མཆོག་གིས་དབུས་པའི་འབྲེལ་ཡོད་ཚོར་འབོད་སྐུལ་དགོས་འདུན་བཏོན་རྒྱུ་སོགས་ཀྱི་ཆེད་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ཉིན་གྲངས་བཅིུག་རིང་གོམ་བགྲོད་དེའི་ཐོག་མཐའ་བར་གསུམ་དུ་བྱུང་བའི་གནད་དོན་སྙིང་བསྡུས་ཤིག་ཀྱང་གསུངས་ཡོད། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ནས་ཕྱི་ཚེས་ ༡༧ ཉིན་ལས་འགུལ་དེ་འགོ་འཛུགས་གནང་བ་ནས་བཟུང་ལས་འགུལ་གོ་སྒྲིག་ཞུ་མཁན་ཚོས་ས་གནས་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འགན་གསུམ་གྱི་སྐོར་བགྲོ་གླེང་དང་། མཛད་རྣམ་ངོ་སྤྲོད། བོད་དོན་བདེན་མཐའ་གསལ་ཐབས་སོགས་ཀྱི་སྐོར་རྩ་དོན་དུ་བཟུང་ནས་འགྲེལ་བརྗོད་གནང་ཡོད་པ་མ་ཟད།  ༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་གིས་དབུས་པའི་བོད་མི་ཚོ་ཧི་མཱ་ལ་ཡའི་མི་རྒྱུད་སྤྱི་དང་ལྷག་པར་དུ་མོན་པའི་མི་རིགས་ཚོར་འདས་དང་ད་ལྟའི་གནས་སྐབས་གཉིས་ཀར་ཤིན་ཏུ་ནས་བཀྲིན་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་སོང་། ཁྱད་པར་དུ་ལོ་རྒྱུས་ཀྱི་ཐོག་ནས་རྟ་དབང་ནི་བོད་ཀྱི་མངའ་ཁོངས་ཡིན་པ་རྩོད་མེད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་ཧི་མཱ་ལ་ཡའི་མི་མང་ཚོའི་ངོས་ནས་ཡིད་ཆེས་དང་དད་པ་རྩེ་གཅིག་ཏུ་ཞུ་སའི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་སྟབས། རྟ་དབང་དང་ཧི་མཱ་ལ་ཡའི་མི་མང་ཚོར་བོད་དོན་བདེན་མཐའ་གསལ་ཐབས་སུ་འོས་འགན་ཡོད་སྐོར་སོགས་གསུངས་ཡོད། དེ་བཞིན་རྟ་དབང་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འགན་འཛིན་ལྷུན་གྲུབ་ཆོས་བཟང་ལགས་ཀྱིས་བོད་མི་ཚོར་ཕྱི་ཟླ་ ༣  ཚེས  ༡༧ ཉིན་མོ་འདི་བཞིན་ལོ་རྒྱུས་ཀྱི་དུས་ཚིགས་ནག་པོ་ཞིག་ཡིན་ནའང་། རྒྱ་གར་གྱིས་གཙོས་པའི་ཧི་མཱ་ལ་ཡའི་ནང་པ་སྤྱི་ལ་དུས་ཚོད་དེ་བཟང་པོ་ཞིག་ཡིན་སྐོར་སོགས་གསུངས་ཡོད། མཛད་སྒོའི་མཇུག་ཏུ་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནས་བོད་མིའི་སྒྲིག་འཛུགས་དང་ལྡི་ལི་མི་མང་ཡོངས་ཀྱི་ཚབ་ཞུ་ཐོག་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཚོས་ཀྱང་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་སོགས་སྒྲོན་སྟེ་མཛད་སྒོ་ལེགས་གྲུབ་གནང་ཡོད། དེ་རིང་ཕྱི་དྲོ་གོམ་བགྲོད་པ་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཐོན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་གི་ཡོད་པ་དང་། དེ་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་པ་རེད།

ཉེ་ཆར་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་ཨ་གྲགས་ལགས་བལ་ཡུལ་ནས་ཕྱིར་ཐོན་དགོས་བྱུང་བ།

ཉེ་ཆར་བོད་མི་ཨ་གྲགས་ལགས་ཀྱི་ངོ་དེབ་ཐོག་བལ་ཡུལ་མཆོད་རྟེན་རིན་པོ་ཆེ་མདུན་དུ་ཁོང་གི་ཕྱག་ཏུ་བོད་ཀྱི་རྒྱལ་དར་བཟུང་བའི་འདྲ་པར་ཞིག་བཞག་པ་དང་། བལ་ཡུལ་ནང་གི་རྒྱལ་སྤྱིའི་གཞུང་ཚབ་ཁག་ལ་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཕྱག་ཡིག་ཕུལ་བར་བརྟེན་བལ་ཡུལ་ཉེན་རྟོག་པས་ཁོང་གཅར་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་ཙམ་རིང་བཀག་ཉར་བྱས་མཐར་ཁོང་བལ་ཡུལ་རྒྱལ་ཁབ་ནས་ཕྱིར་ཐོན་དགོས་པ་བྱུང་འདུག རྩ་བའི་བོད་མི་ཨ་གྲགས་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་བའི་བལ་ཡུལ་བོད་མིའི་དང་བླངས་ཚོགས་པའི་ཚོགས་མི་ཡིན་པ་དང་། ཁོང་ནས་ཉེ་ཆར་ཟླ་ ༣ ཚེས་ ༡༠ ཉིན་མོ་སྟེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན། བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ལས་ཁུངས་སུ་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་གསེང་ཞུས་པ་དང་འབྲེལ། ཆབ་སྲིད་བཙོན་པ་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས་པར་འབོད་སྐུལ་གནང་འདུག དེ་བཞིན་ཁོང་གིས་ཕྱི་ཚེས་ ༡༡ ཉིན་ཁོང་རང་ཉིད་ཀྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་བཟུང་བའི་འདྲ་པར་ཞིག་ངོ་དེབ་ཐོག་བཞག་ཡོད་སྟབས། ཚེས་ ༡༤ ཉིན་བལ་ཡུལ་ཉེན་རྟོག་པས་ཁོང་གཅར་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་ཙམ་རིང་བཀག་ཉར་བྱས་མཐར་ཁྲིམས་ཁང་ནས་བོད་ལ་ཕྱིར་སློག་བྱེད་དགོས་པའི་བཀོད་ཁྱབ་བཏང་འདུག འོན་ཀྱང་བལ་ཡུལ་ས་གནས་སུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་དང་ས་གནས་འགོ་འཛིན་། ཨ་རིའི་གཞུང་ཚབ། རྒྱལ་ཚོགས་ཀྱི་གཞུང་ཚབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་རྒྱབ་གཉེར་གནང་ཐོག་རྒྱ་གར་དུ་ཕེབས་ནས་ད་ལྟར་བཞུགས་སྒར་དྷ་རྨ་ས་ལར་བཞུགས་ཡོད་པ་རེད། རྩ་བའི་བལ་ཡུལ་གཞུང་གིས་ཁོང་འཛིན་བཟུང་བཀག་སྐྱིལ་བྱས་པ་མ་ཟད། ཡུལ་དེ་ནས་ཕྱིར་ཐོན་དགོས་པའི་བཀའ་རྒྱ་གནང་ཡོད་ཀྱང་། ཁོང་རང་ཉིད་ཀྱི་ངོས་ནས་ད་ལན་གང་ཞུས་པ་དེ་དག་ཉེས་པ་ཞིག་རྩ་བ་ནས་མིན་པ་དང་། རང་དབང་ལུང་པའི་ནང་དུ་རང་ཉིད་ལ་འཁྲི་བའི་འོས་འགན་ཞིག་ཏུ་ངོས་འཛིན་སྐོར་གསུངས་ཡོད། བལ་ཡུལ་གཞུང་གི་ཉེན་རྟོག་པས་ཁོང་གི་ངོ་དེབ་ཐོག་ཏུ་བོད་ཀྱི་རྒྱལ་དར་བཟུང་བའི་འདྲ་པར་ལ་ཁ་གཡར་ནས་འཛིན་བཟུང་བྱས་ཡོད་ཀྱང་། ཟླ་བ་འདིའི་ནང་བལ་ཡུལ་དུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་བསླེབ་ཀྱི་ཡོད་སྟབས། བལ་ཡུལ་གཞུང་གིས་ཁོང་ནས་རྒྱལ་སྤྱིའི་གཞུང་ཚོགས་ཁག་ལ་ཕྱག་ཡིག་མ་ཕུལ་གོང་ནས་འཛིན་བཟུང་བྱ་འཆར་ཡོད་པ་ཤེས་རྟོགས་བྱུང་འདུག གཞི་རྩའི་ཨ་གྲགས་ལགས་ནི་ཕ་ཡུལ་ཁམས་གོ་འཇོ་ནས་ཡིན་ཞིང། ཕྱི་ལོ་ ༡༩༩༧ ལོར་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་ལོ་ཤས་རིང་རྡ་རམ་ས་ལ་དང་ས་གནས་གཞན་ཁག་ཅིག་ལ་བཞུགས་རྗེས། ཕྱི་ལོ་ཉིས་སྟོང་གཅིག་གཉིས་ཡས་མས་ནས་བལ་ཡུལ་ནང་གནས་བཞུགས་གནང་གི་འདུག ཁོང་གིས་ལོ་མང་རིང་ནས་བལ་ཡུལ་ནང་གི་བོད་མི་རྣམས་གཞན་ལྟར་ཡུལ་དེའི་ནང་ཁྲིམས་ཐོག་ནས་བཞུགས་ཆོག་པའི་སྐྱབས་བཅོལ་བའི་ཡིག་ཆ་རག་ཐབས་ཞུས་ཡོད་ཀྱང་ད་བར་ཡིག་ཆ་གང་ཡང་རག་མི་འདུག ཁོང་གིས་ད་བར་བོད་དོན་ཆེད་བལ་ཡུལ་དུ་ལས་འགུལ་མང་དག་སྤེལ་རྐྱེན་ཐེངས་ ༣༠ ཙམ་འཛིན་བཟུང་བྱས་མྱོང་ཡོད་པ་རེད་འདུག འོན་ཀྱང་ད་ལན་དངོས་སུ་བལ་ཡུལ་ནས་ཕྱིར་ཐོན་གནང་དགོས་བྱུང་བ་དེ་ཆེས་ཐོག་མ་ཆགས་ཀྱི་འདུག་པ་དང་། ཁོང་གི་ངོས་ནས་ཟླ་འདིའི་ཟླ་མཇུག་ཏུ་བལ་ཡུལ་དུ་ཕྱིར་ལོག་གནང་འཆར་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་གྲགས་ལགས་ཀྱི་གནད་དོན་ཐོག་གནས་ཚུལ་ཞིག་སྤེལ་བ་དང་སྦྲགས། ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་ཨ་གྲགས་ལགས་ནས་རང་ཉིད་ཀྱི་འདྲ་པར་ཞིག་དྲ་ཐོག་ཏུ་བཞག་པ་དང་། རྒྱལ་སྤྱིའི་གཞུང་ཚོགས་ཁག་ལ་རྒྱུ་མཚན་ལྡན་པའི་ཞུ་གཏུགས་གནང་བ་ཙམ་གྱིས་འཛིན་བཟུང་བཀག་ཉར་བྱས་པ་དེ་དག་སེལ་ཞུ་ཐབས་མེད་པའི་བྱ་སྤྱོད་ཞིག་ཡིན་པ་མ་ཟད། དེ་ནི་རྒྱལ་སྤྱིའི་ཁྲོད་བལ་ཡུལ་གྱི་ཆེ་མཐོང་ལའང་གནོད་པའི་བྱ་སྤྱོད་ཞིག་དང་། ལྷག་ཏུ་བལ་བོད་གཉིས་ནི་ལོ་ངོ་བརྒྱ་ཕྲག་གོང་ནས་ཆོས་དང་རིག་གཞུང་། དེ་བཞིན་ཚོང་གི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཡིན་སྟབས་བལ་ཡུལ་ནས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་གུས་བརྩི་ཞུ་དགོས་ངེས་ཡིན་པ་གསུངས་འདུག བལ་ཡུལ་བོད་མིའི་དང་བླངས་ཚོགས་པའི་ངོས་ནས་ཕུལ་བའི་ཕྱག་ཡིག་ལྟར་བལ་ཡུལ་ནང་གི་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་མཉམ་རུབ་ཀྱིས་ནུས་པ་སྤུངས་ཐོག་བོད་མི་སྐྱབས་བཅོལ་བ་རྣམས་སྲུང་སྐྱོབ་བྱེད་དགོས་པའི་སྲིད་བྱུས་གཏན་འབེབས་ཁྲོད། བལ་ཡུལ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་གནས་བབ་ཡར་རྒྱས་དང་ཁྲིམས་མཐུན་གྱི་ཡིག་ཆ་ཐོབ་པར་བལ་ཡུལ་གཞུང་ལ་གནོན་ཤུགས་འཕར་མ་སྤྲོད་དགོས་པ་གསུངས་འདུག

འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ།

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེའང་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཚིགས་དང་བསྟུན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་རྒྱ་ནག་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་གནས་ཚུལ་དང་། ལྷག་དོན་རྒྱ་ནག་གཞུང་གི་ནག་ཉེས་དེ་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་ཤེས་རྟོགས་ཐུབ་ཐབས་གནང་ཆེད་ཡིན་པ་རེད། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་ལས་འགུལ་དེའི་ཐོག་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་དང་། དེ་བཞིན་བོད་མིའི་མངོན་འདོད་མཚོན་ཕྱིར་༸སྐུའི་འཁྲུངས་སྐར་གྱི་མངར་ཟས་ Cake ཕི་ཀྲི་ ༡༤༧ ལྷག་ཡོད་པའི་སྟེང་དུ་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་ཕྱི་ལོ་ ༡༩༨༩ ལོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གློ་བུར་དུ་གདན་ས་བཀྲིས་ལྷུན་པོར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༦ ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་ངོས་འཛིན་མཛད་ཡོད། འོན་ཀྱང་སྐབས་དེར་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་ནག་ཆུ་ས་གནས་ལྷ་རི་རྫོང་བཞུགས་གནས་ནས་བཙན་ཁྲིད་བྱས་ཡོད་སྟབས། དུས་དེ་ནས་བཟུང་ད་བར་གར་ཡོད་ཤེས་རྟོགས་མེད་པར་འགྱུར་ནས་མི་ལོ་ ༢༣ ཏག་ཏག་འགྲོ་ཡི་ཡོད་པ་རེད། འདས་པའི་མི་ལོ་ ༢༣ དེའི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་དང་། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་རྒྱ་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ་དང་། ཁོང་གི་ཤེས་ཡོན་དང་༸སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་གསལ་པོ་དགོས་པའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་གི་ནང་མི་དང་ལྷན་པེ་ཅིང་དུ་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པ་ཡོངས་བསྒྲགས་བྱས་པ་ཙམ་ལས། ཁོང་གི་ཤེས་ཡོན་དང་༸སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད།

རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ཏེ་ཧིན་དྷི་ཐོག་ནས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་ཤིག་འདོན་སྤེལ་གནང་བ་དང་སྦྲགས། དབུ་འབྱེད་མཛད་སྒོའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག་ཅེས་གསུངས་སོང་། དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཀའ་ཤག་གི་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཐུགས་རྗེ་ཆེ་ཞུའི་ཆེས་མཐོའི་ཚོགས་ཆུང་གི་ཚོགས་མི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཆེད་ཕེབས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པས་བཟོ་སྒྲིག་ཞུས་པའི་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་དེ་དབུ་འབྱེད་གནང་ཡོད་པ་རེད། གླུ་གཞས་དེའི་ཐོག་ནས་འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོང་ཕྲག་རིང་ནས་ཐོུང་མ་ཡིན་པའི་འབྲེལ་བ་དང་ཁྱད་པར་དུ་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་བ་ཡོད་སྐོར་གསལ་བཏོན་གནང་འདུག་པ་མ་ཟད། སྒོས་སུ་རྒྱ་དམར་གཞུང་ནས་བོད་བཙན་འཕྲོག་བྱས་རྗེས་ད་བར་བོད་མི་རྣམས་ལ་གཟིགས་སྐྱོང་རྒྱ་ཆེ་འོག་གནས་ཚང་གཡར་ཏེ་བཀྲིན་ཧ་ཅང་གི་ཆེན་པོ་ཆགས་ཡོད་པར་རྗེས་དྲན་ཞུས་འདུག གླུ་གཞས་འདོན་སྤེལ་དང་ཆབས་ཅིག་ཏུ་སྲིད་སྐྱོང་མཆོག་ནས་ཕྱི་དྲིལ་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་འཕགས་བོད་དབར་གྱི་འདས་དང་མ་འོངས་པའི་སྐྱིད་སྡུག་མཉམ་མྱོང་གི་མཛའ་འབྲེལ་དེབ་གཅིག་དང་བོད་གནས་ཉམས་ཞིབ་པ་སྐུ་ཞབས་ Claude Arpi ལགས་ནས་ཉམས་ཞིབ་ཕྱོགས་སྒྲིག་གནང་བ་རྒྱ་གར་དང་བོད་ཀྱི་གནའ་བོའི་འབྲེལ་བ་དང་ད་ལྟའི་གནས་བབ་ཞེས་པའི་དེབ་གཅིག་བཅས་དབུ་འབྱེད་གནང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བོད་མི་རྣམས་ལ་རྒྱ་གར་གཞུང་ལས་ལྷག་པ་བཀྲིན་ཅན་གྱི་རྒྱལ་ཁབ་གཞན་སུ་ཡང་མེད་སྟབས་ང་ཚོས་ཚིག་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཉིན་རེ་བཞིན་དུ་བཀྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་སྲུང་བརྩི་ཞུ་གལ་ཡིན་པ་ནན་བརྗོད་གནང་སོང་། དེ་བཞིན་སྐབས་དེར་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ཆར་རྒྱ་གར་དབུས་གཞུང་གིས་བཀོད་ཁྱབ་གནང་ཐོག་གཞུང་འབྲེལ་དཔོན་རིགས་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་ཞུགས་མི་ཆོག་པ་གསུངས་ཡོད་པ་དང་འབྲེལ་ནས་མི་མང་ཞིག་ལ་སེམས་འཚབ་རང་བཞིན་ཞིག་ཆགས་ཡོད་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་དེའི་བཀའ་ལན་དུ་རྒྱ་གར་གཞུང་ནས་བོད་དོན་དང་༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག་ཅེས་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་གཙོ་བོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་འཚོགས་རྒྱུར་གྲ་སྒྲིག་གནང་ཡོད་ནའང་། དེ་འབྲེལ་མཛད་རིམ་ལ་ཕྲན་བུ་འགྱུར་བ་བཏང་དགོས་བྱུང་ནས་མཐར་བཞུགས་སྒར་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་རེད། དེ་མིན་ཐུགས་རྗེ་ཆེ་ཞུའི་ལས་རིམ་གཞན་ཁོངས་སུ་ཁོར་ཡུག་གཙང་བཟོ་དང་གཏམ་བཤད། མཆོད་འབུལ་སྨོན་ལམ། ཉམ་ཐག་དང་དབུལ་ཕོངས་ལ་བྱིན་པའི་བྱ་བ་སོགས་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་སྤེལ་རྒྱུ་རེད་འདུག

Latest news