Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༦ པ་དབུ་འཛུགས།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པའི་ཐོག་ལ་འདི་ལོ་ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་ནང་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཚོགས་ཐེངས་གཅིག་རེ་ཚོགས་རྒྱུ་གཏན་འབེབས་བྱུང་འདུག དེ་རིང་ཟླ་ ༣ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༦ པ་དབུ་འཛུགས་གནང་བ་དང་། ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ལྷན་ཚོགས་དེ་དབུ་འབྱེད་གནང་ཡོད་པ་རེད། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་རྒྱུའི་ལྷན་ཚོགས་དེའི་ཐོག་ལ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཙོས། སཾ་བྷོ་ཊ་དང་། དྷ་སྟེང་བོད་ཁྱིམ། མ་སུ་རི་བོད་ཁྱིམ། ས་རཱ་མཐོ་སློབ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཤེས་ཡོན་དང་འབྲེལ་བའི་འགན་འཛིན་སོགས་ཚོགས་བཅར་གནང་འདུག འདི་ག་རླུང་འཕྲིན་ཁང་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལྷན་ཚོགས་ཉིན་དང་པོའི་ཚོགས་ཐེངས་ཐོག་ལ་འདི་ལོ་ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་ནང་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཚོགས་ཐེངས་ཐེངས་གཅིག་རེ་ཚོགས་རྒྱུ་གཏན་འབེབས་བྱུང་སྐོར་གསུངས་སོང་། གཞི་རྩའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ཞེས་པ་དེ་བཙན་བྱོལ་ནང་ཆེད་ལས་མི་སྣ་དང་། བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན། ཤེས་ཡོན་དང་འབྲེལ་བའི་ལས་བྱེད་ཁག་ཅིག་ལས་གྲུབ་པའི་མཁས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་དེའི་ལས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཁག་ལ་ལམ་སྟོན་དང་གཟིགས་ཞིབ། དེ་བཞིན་ཐུགས་ཐག་གཅོད་རྒྱུ་བཅས་ཡིན་པ་རེད།

བཞུགས་སྒར་དུ་ཕྱི་ལོ་ ༡༩༨༨ ལོར་ལྷ་སའི་ཞི་རྒོལ་ཆེན་མོ་རྗེས་དྲན་ཞུས་པ།

དེ་རིང་ཟླ་ ༣ ཚེས་ ༥ ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་སྒེར་ལངས་གནང་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྐབས་དེར་རྒྱ་གཞུང་གིས་བོད་མི་ཞི་རྒོ་བའི་ཐོག་དྲག་གནོན་བྱས་པའི་པར་རིས་འགྲེམས་སྟོན་གནང་སྟེ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་བློས་བཏང་ལ་རྗེས་དྲན་སྲུང་བརྩི་ཞུས་སོང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་མདུན་དུ་དེ་སྔ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པའི་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཞི་རྒོལ་བར་ཆེས་དྲག་གནོན་གྱིས་དམར་བསད་བཏང་བ་དང་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་པར་རིས་ཁག་བཤམ་སྟོན་གནང་དང་འབྲེལ། རྒྱལ་གཅེས་པ་འདས་གསོན་ཚོའི་ཞུམ་པ་མེད་པའི་བློས་བཏང་ལ་རྗེས་དྲན་གྱི་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལས་ཐོག་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་རྒྱལ་ཚོགས་དང་རྒྱལ་སྤྱིིའི་གཞུང་ཁག་ནས་རྒྱ་ གཞུང་གི་གནོན་ཤུགས་འོག་མི་འགྲོ་བར་བོད་ཀྱི་གནད་དོན་དང་དྲང་བདེན་གྱི་འཐབ་རྩོད་ཐོག་དོ་སྣང་དགོས་པར་འབོད་སྐུལ་གནང་ཡོད། རྩ་བའི་བཞུགས་སྒར་དུ་ཉེ་ཆར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ལྔས་ཕྱི་ལོ་ ༢༠༡༨ དེ་བཞིན་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་དྲན་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད།

རྒྱ་གར་གྱི་དཔོན་རིགས་ཚོར་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མེད་པའི་བརྡ་ཁྱབ་བཏང་བ།

རྒྱ་དཀར་ནག་གཉིས་ཀྱི་དབར་ཚོར་བ་རྣོ་བའི་འབྲེལ་ལམ་རྒྱུ་མཚན་དུ་བཀོད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་རྒྱ་གར་གྱི་དཔོན་རིགས་རྣམས་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་འདུག དེའང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ Vijay Gokhale ལགས་ཀྱིས་དབུས་གཞུང་གི་འཛིན་སྐྱོང་དྲུང་ཆེ་ PKSinha ལགས་སུ་ཞུ་སྐུལ་གནང་བ་ལྟར་སྐུ་ཞབས་ Sinha ལགས་ཀྱིས་དེ་རྗེས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་མཐོ་གྲས་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་ནང་ཁུལ་བཀོད་ཁྱབ་ཞིག་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ལས་རིམ་ཁག་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་འདུག སྐུ་ཞབས་ Sinha ལགས་ཀྱིས་བརྡ་ཁྱབ་དེའི་ནང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Gokhale ལགས་ཀྱིས་གནང་བའི་བཀའ་མོལ་ཁག་ཅིག་ལུང་འདྲེན་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་དང་འབྲེལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཆེ་གྲས་ཤིག་གོ་སྒྲིག་གནང་གི་ཡོད་པ་དང། དེའི་ཐོག་རྒྱ་གར་གཞུང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་གདན་འདྲེན་ཞུ་འཆར་ཡོད་པ་མ་ཟད། དེ་བཞིན་རིམ་པས་རྒྱལ་ས་ལྡི་ལི་དང་མངའ་སྡེ་གཞན་ཁག་གི་ནང་དུ་དེ་འབྲེལ་ལས་རིམ་ཚོགས་ཀྱི་ཡོད་པ་རེད། དུས་སྐབས་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་ལ་ཆེས་ཚོར་བ་རྣོ་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་སྟབས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་མཐོ་གྲས་རྣམས་ནས་ལས་རིམ་དེ་དག་ཐོག་མཉམ་ཞུགས་གནང་ན་འོས་འཚམས་མེད་པ་དང། དེ་ལྟར་གནང་རྒྱུ་མེད་པར་ཞུ་སྐུལ་གནང་དགོས་ཀྱི་རེད་ཅེས་བཀོད་འདུག རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་དྲུང་ཆེ་ PKSinha ལགས་ཀྱིས་བཏང་བའི་བརྡ་ཁྱབ་དེའི་སྐོར་གྱི་གནས་ཚུལ་ཕྱིར་འགྱར་བྱུང་མ་ཐག་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ནས་དབུས་གཞུང་ལ་གནད་དོན་དེའི་སྐོར་འདྲི་རྩད་གནང་བ་ལྟར། དེ་རིང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་གར་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པ་ཁ་གསལ་ཡིན་པ་དང། ༸གོང་ས་མཆོག་ནི་རྒྱ་གར་མི་མང་གི་གུས་བརྩི་ཆེན་པོ་ཞུ་བཞིན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་པ་ལྟར། ༸གོང་ས་མཆོག་ལ་རྒྱ་གར་གྱི་ས་གནས་གང་ཞིག་ཏུ་ཆོས་ཕྱོགས་ཀྱི་གནང་སྒོ་སྤེལ་རྒྱུའི་ཁེ་དབང་ཡོངས་རྫོགས་ཕུལ་ཡོད་སྐོར་འགྲེལ་བརྗོད་དང་ལྷན་ཅིག་ཏུ་རྒྱ་གར་གཞུང་ནས་༸གོང་ས་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་མེད་པར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང། རྒྱ་གར་གྱི་དཔོན་རིགས་ཚོར་གནང་བའི་བརྡ་ཁྱབ་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མི་འདུག གཞི་རྩའི་འདི་ལོ་ཕྱི་ལོ་ ༢༡༠༨ ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གཉིས་བཅས་ལྷན་ཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Press Club of India ནང་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཕྱི་ཟླ་ ༣ ཚེས་ ༣༡ དང་ཕྱི་ཟླ་ ༤ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་གནད་ཡོད་མི་སྣ་སོགས་གདན་ཞུ་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཚོགས་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་ནང་བོད་མི་གནས་ཡུལ་རྒྱ་གར་གི་ས་ཁུལ་གང་སར་གཞུང་འབྲེལ་གྱི་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་སྐོར་གསུངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིགས་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་གནད་དོན་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་ཆར་གནད་དོན་དེའི་ཐད་ལ་ལན་འདེབས་གང་ཡང་གནང་རྒྱུ་མེད་ཅེས་གསུངས་ཡོད།

ལ་དྭགས་ཀྱི་མི་མང་ཚོས་བ་ཀུ་ལ་རིན་པོ་ཆེ་དམ་པའི་རྗེས་དྲན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་བ།

དེ་རིང་ཟླ་ ༢ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལ་དྭགས་དྷ་རྨ་ས་ལའི་ནང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བ་ཀུ་ལ་རིན་པོ་ཆེ་དམ་པ་མཆོག་སྐུ་འཁྲུངས་ནས་ལོ་ ༡༠༠ ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་དབུས་པའི་ལ་དྭགས་ཀྱི་གྲོས་ཚོགས་ཚོགས་མི་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་བློ་བཟང་ལགས།  ས་གནས་ཀྱི་བློན་ཆེན། སོག་ཡུལ་གྱི་གཞུང་ཚབ་པ།  འབྲེལ་ཡོད་ལ་དྭགས་ཀྱི་གནད་ཡོད་མི་སྣ། ལྡི་ལི་བོད་མིའི་ས་གནས་འགོ་འཛིན། ས་གནས་བོད་མིའི་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་ལ་དྭགས་ཀྱི་མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠ སྐོར་ཞིག་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། མཛད་སྒོ་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་བློ་བཟང་ལགས་ནས་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་མཆོག་བོད་ནས་དགེ་བཤེས་ལྷ་རམས་པ་ཐོན་རྗེས་ལ་དྭགས་སུ་ཕྱིར་ཕེབས་ནས་ལ་དྭགས་ཀྱི་མི་མང་ཚོར་ཆོས་སྲིད་ གཉིས་ཀྱི་ཐོག་ནས་ཤིན་ཏུ་ནས་བཀྲིན་ཆེན་པོ་ཡིན་པའི་སྐོར་སོགས་འགྲེལ་བརྗོད་གནང་པ་མ་ཟད། རིན་པོ་ཆེ་མཆོག་ནི་ལ་དྭགས་དེང་དུས་ཅན་དུ་བསྒྱུར་མཁན་གྱི་རླབས་ཆེན་དབུ་ཁྲིད་ཞིག་ཡིན་པར་གསུངས་ཡོད། སྐུ་མགྲོན་གཙོ་བོ་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་  Kiren Rijiju མཆོག་ནས་རང་ཉིད་ལ་དྭགས་སུ་བསྐྱོད་སྐབས་ཁུལ་དེའི་ས་ཆའི་གནས་བབ་ཐོག་ནས་མང་ཚོགས་ལ་འཚོ་བའི་དཀའ་ངལ་མང་པོ་ཞིག་དང་། ལྷག་པར་རྒྱ་ནག་དང་པ་ཀིས་ཐན་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་པར་ལྟོས་མེད་མི་མང་ཚོའི་རྒྱལ་ཞེན་གྱི་སྙིང་སྟོབས་དང་སོ་སོའི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་གང་ཡོང་གནང་བཞིན་པར་ཡི་རང་བསྔགས་བརྗོད་གནང་ཡོད། དེ་བཞིན་མི་རབས་གཞོན་པ་ཚོས་བ་ཀུ་ལ་རིན་པོ་ཆེ་མཆོག་གིས་དབུས་པའི་མི་རབས་རྒན་པ་ཚོའི་བཀྲིན་དག་ལ་བསམ་ཤེས་གནང་དགོས་གལ་ཡིན་པར་གསུང་བཤད་གནང་སོང་། གཞི་རྩའི་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་ ༡༩ པ་མཆོག་ནི་ཕྱི་ལོ་ ༡༩༡༧ ལོར་ལ་དྭགས་ཀྱི་རྒྱལ་བརྒྱུད་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༡༣ ལ་སོན་སྐབས་བོད་ལ་ཆེད་ཕེབས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་ཐོག་གསན་བསམ་སློབ་གཉེར་མཛད་ནས་བོད་ནང་དགེ་བཤེས་རྒྱུགས་སྤྲོད་གནང་འདུག་པ་མ་ཟད། ཕྱིས་སུ་ལ་དྭགས་ལ་ཕྱིར་ཕེབས་གནང་ནས་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་ཁོང་བ་ཀུ་ལ་སྐུ་ཕྲེང་ ༡༨ པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྲོས་ཚོགས་འཐུས་མི་གནང་སྟེ་ས་གནས་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་བཅས་མང་ཚོགས་ཀྱི་བདེ་དོན་སླད་ཕྱག་ལས་མང་དག་གནང་ཡོད་པ་རེད། གཞན་ཡང་སོག་ཡུལ་ནང་དུ་རྒྱ་གར་གཞུང་ཚབ་པའི་ཕྱག་ལས་གནང་ནས་རུ་སུ་དང་སོག་པོ་གཉིསསུ་ནང་ཆོས་སླར་གསོ་མཛད་དེ་ཕྱི་ལོ་ ༢༠༠༥ ལོར་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཕྱིར་སླེ་གནམ་ཐང་ལ་བ་ཀུ་ལ་གནམ་ཐང་ཞེས་མིང་བསྒྱུར་གནང་ཡོད་པ་རེད། ལྷག་པར་དུ་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་མཆོག་འཁྲུངས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་གྱི་རྗེས་དྲན་དེ་རྒྱ་གར་རྒྱལ་ཡོངས་སུ་ཞུ་བཞིན་ཡོད་པ་ལྟར། དེ་རིང་ལྡི་ལི་ལ་དྭགས་དྷ་རྨ་ས་ལའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ལ་དྭགས་སློབ་ཕྲུག་དང་ཚོགས་པ་ཁག་ཅིག་ནས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད།

བཞུགས་སྒར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་བ།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་ཚོགས་ཁང་དུ་རབ་གནས་ས་ཁྱི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༢ ཚེས་ ༢༦  ཉིན་གྱི་སྔ་དྲོ་ཚོུད་ ༦།༣༠ སྟེང་བཞུགས་སྒར་དུ་རྟེན་གཞིས་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། རབ་གནས་ས་ཁྱི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དཔལ་ལྡན་སྟོད་བརྒྱུད་གྲྭ་ཚང་གྱི་མཁན་པོ་ཐུབ་བསྟན་བསྟན་འཛིན་མཆོག་དབུ་བཞུགས་གཙོས། བཞུགས་སྒར་ཉེ་འཁོར་བཙུན་དགོན་གྱི་དགེ་བཙུན་རྣམ་པ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་བ་མ་ཟད། དུས་ཚིགས་དང་བསྟུན་དཔལ་སྟོད་བརྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ངོ་སྤྲོད་དང་སྟོན་པའི་སྐྱེས་རབས་ཀྱི་གསུང་ཆོས་བསྩལ་ཡོད། རྩ་བའི་བཞུགས་སྒར་ཁུལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ལོ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དགེ་རྩ་ཚོགས་པའི་ངོས་ནས་གོ་སྒྲིག་ཞུ་གྱི་ཡོད་པ་དང་། འདི་ལོའི་སྨོན་ལམ་དེ་དེ་རིང་བོད་ཚེས་ ༡༡ ནས་ ༡༦ བར་ཉིན་གྲངས་ལྔའི་རིང་ཚོགས་ཀྱི་འདུག དུས་ཡུན་དེའི་ཁྲོད་གཙོ་བོ་རྣམ་རྒྱལ་གྲྭ་ཚང་དང་དཔལ་ལྡན་སྟོད་བརྒྱུད་གྲྭ་ཚང་གཉིས་ཀྱི་མཁན་པོ་གཉིས་རེས་མོས་ཀྱིས་སེར་སྐྱ་མང་ཚོགས་ལ་སྐྱེས་རབས་ཀྱི་གསུང་ཆོས་བསྩལ་རྒྱུ་རེད་འདུག ལྷག་པར་དུ་བོད་ཟླ་དང་ ༡ ཚེས་ ༡༦ དང་ཕྱི་ཟླ་ ༣ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་སེར་སྐྱ་མང་ཚོགས་ལ་སྐྱེས་རབས་ཀྱི་གསུང་ཆོས་དང་། རྟེན་འབྲེལ་སྟོན་པའི་ལྗགས་ལུང་བཅས་བཀྲིན་བསྩལ་རྒྱུ་ཡིན་པ་རེད།

སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་རྩིས་ལོ་ ༢༠༡༨་་༡༩ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་དབུ་འཛུགས།

 སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་རྩིས་ལོ་ ༢༠༡༨་་༡༩ ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་རྟོག་ཞིབ་ཀྱི་ལས་དོན་དབུ་འཛུགས་གནང་འདུག དེ་ཡང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ཚོགས་ཀྱི་ཡོད་ཅིང། ལོ་ལྟར་ཕྱི་ཟླ་གསུམ་པའི་སྔོན་རྩིས་གྲོས་ཚོགས་མ་ཚོགས་གོང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མི་འགྲོ་ལྔ་ཡོད་པའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་ལོ་འཁོར་སྔོན་རྩིས་སྤྱི་འཐུས་ལྷན་ཚོགས་སུ་འཆར་འབུལ་ཞུས་པར་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་རྩིས་ལོ་ ༢༠༡༨་་་༡༩ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་ཁག་ཟླ་བ་འདིའི་ཚེས་ ༢༡ ཉིན་དངོས་སུ་དབུ་འཛུགས་གནང་འདུག རྩ་བའི་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ནས་བསྐོ་གཞག་གནང་བའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། ཚོགས་དྲུང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། དེ་བཞིན་ཚོགས་མི་ཁོངས་སུ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བློ་བཟང་གྲགས་པ་ལགས་བཅས་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་གིས་སྔོན་རྩིས་འཆར་འབུལ་ལ་རྟོག་ཞིབ་ཀྱི་ལས་དོན་དང་འབྲེལ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བཅར་འདྲི་ཞུས་ཡོད།

མགོ་ལོག་འཇིགས་མེད་ལགས་ཀྱིས་ཇི་ནི་ཝ་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

ཚོགས་ལ་ཉེ་བའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༣༧ པ་དང་བསྟུན་ཁ་སང་ནས་དབུ་འཛུགས་ཀྱིས་ཁུལ་དེར་འགྲོ་བ་མིའི་ཐོབ་དང་མང་གཙོའི་རང་དབང་སོགས་དང་འབྲེལ་བའི་ Geneva ལྷན་ཚོགས་ཐེངས་ ༡༠ དེ་འཚོགས་བཞིན་ཡོད་སྟབས། སྐབས་དེར་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་གནང་འདུག ཁོང་ནས་གཙོ་བོ་དེ་སྔ་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་མནར་གཅོད་ཇི་མྱངས་དང་རྒྱ་གཞུང་གིས་བཙོན་པ་རྣམས་ལ་བཏང་འཛིན་བྱེད་སྟངས་སོགས་ཀྱི་གནད་དོན་འགྲེལ་བརྗོད་གནང་བའི་བརྒྱུད་འདི་ལོ་ཕྱི་ལོ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་བཅུ་ཧྲིལ་པོ་འཁོར་གྱི་ཡོད་པ་དྲན་གསོ་དང་སྦྲགས། བོད་ནང་དུས་ད་ལྟའང་ཆབ་སྲིན་བཙོན་པ་མང་དག་ཞིག་རྒྱ་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཀྱི་གནས་འབབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་སྙན་གསེང་ཞུས་འདུག དེ་བཞིན་རྒྱལ་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་གི་གནས་སྟངས་ཙམ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་དོན་འབྲས་སོན་པའི་སྲུང་སྐྱོབ་གནང་དགོས་གལ་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཚོང་གི་སྟོབས་ཤུགས་འོག་འགྲོ་བ་མིར་ཉེ་བར་འཁོ་བའི་ཐོབ་ཐང་ཁག་མུ་མཐུད་རྩ་མེད་གཏོང་བཞིན་པར་སྔ་ལྷག་སྲུང་སྐྱོབ་གནང་དགོས་པར་འབོད་སྐུལ་ཞུས་ཡོད་འདུག གཞི་རྩའི་ཐེངས་འདིའི་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གན་འགན་འཛིན་སྐལ་ལྡན་མཚོ་མོ་ལགས། དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། རྒྱལ་སྤྱིའི་རྒྱལ་ཁབ་འདྲི་མིན་གྱི་སྐུ་ཚབ་མི་སྣ་དང་གནད་ཡོད་མི་སྣ་སོགས་ནས་མཉམ་ཞུགས་གནང་འདུག ཕྱོགས་མཚུགས་ཐེངས་འདིའི་ Genava ལྷན་ཚོགས་ཐེངས་ ༡༠ ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་ཆབ་སྲིད་བཙོན་པ་ ༣༥ འི་རྒྱབ་ལྗོངས་ལོ་རྒྱུས་དང་། ལྷག་པར་དུ་ཁོང་རྣམས་འཛིན་བཟུང་གིས་ད་བར་དུས་ཡུན་ཇི་ཙམ་འགྲོ་གི་ཡོད་མེད་སོགས་པར་རིས་དང་བཅས་པ་གསལ་སྟོན་གནང་འདུག་པ་དང་། ཁྱད་པར་དུ་བོད་ཀྱི་ཆབ་སྲིད་བཙོན་པ་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས། རྒྱལ་གཅེས་པ་དཀོན་མཆོག་དབང་མོ་ལགས་ཀྱི་ཨ་མ་སྒྲོལ་མ་སྐྱབས་ལགས། བོད་ཀྱི་ཁོར་ཡུག་ལས་འགུལ་བ་ཀརྨ་བསམ་གྲུབ་ལགས། དེ་བཞིན་ཕྱི་ལོ་ ༢༠༠༨ ཀྱི་དོན་རྐྱེན་དང་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པ་དང་འབྲེལ་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་ཡེ་ཤེས་ཆོས་སྒྲོན་ལགས་དང་བོན་ཀོ་སྐྱིད་ལགས་བཅས་ཀྱི་གནད་དོན་གངོན་གསལ་གནང་འདུག

བོད་དོན་ལ་དོ་སྣང་མ་གནང་ན་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཕོག་ངེས་ཡིན།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་ཆོས་དང་ལེགས་བྱང་གལ་ཆེན་པོ་ཡིན་པ་ཤེས་བཞིན་དུ་བོད་དོན་ལ་དོ་སྣང་མ་གནང་པར་བཞག་ཚེ་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཞིག་ཕོག་ངེས་ཡིན་པ་གསུངས་ཡོད། ཁ་ཉིན་ཟླ་ ༢ ཚེས་ ༢༠ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་གཟའ་རུ་བོད་ཀྱི་ཐེབས་རྩ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག རིན་པོ་ཆེ་མཆོག་གིས་ཐོག་མར་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ཀྱི་དཀའ་རྙོག་དྲིལ་བསྒྲགས་སྤེལ་སྟངས་དང། དེ་བཞིན་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་དཀའ་རྙོག་ངོས་འཛིན་བྱེད་སྟངས་སྐོར་གཉིས་ལུང་འདྲེན་དང་འབྲེལ། བོད་ཀྱི་དཀའ་རྙོག་དེ་ནི་མི་རིགས་ཀྱི་འཐབ་རྩོད་དང་ཆབ་སྲིད་ཀྱི་ལྟ་གྲུབ་དབར་གྱི་འགལ་ཟླའི་འཐབ་རྩོད།  དེ་བཞིན་སྲིད་དབང་གི་འཐབ་རྩོད་ལྟ་བུ་ཞིག་མིན་པར་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག དེ་བཞིན་ལེགས་བྱང་བཅས་ལ་གཞིར་བཞག་པའི་འཛམ་གླིང་སྤྱི་ལ་སྨན་པའི་ལེགས་བྱང་ལ་རྒྱ་ནག་གཞུང་གིས་དྲག་ཤུགས་དང་བཙན་གནོན་ཐོག་འགལ་ཟླ་དང་འགོག་རྐྱེན་བཟོ་བཞིན་ཡོད་པ་ལས་བྱུང་བ་ཞིག་ཡིན་པ་མང་ཚོགས་ཚོས་ངེས་པར་དུ་ཤེས་དགོས་གལ་ཡིན་པ་གསུངས་ཡོད། ལྷག་པར་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བབ་ཀྱི་རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་ཞེས་པའི་བརྗོད་གཞི་དང་འབྲེལ། ད་ལྟའི་དུས་རབས་ ༢༡ པའི་འཛམ་གླིང་ཐོག་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་ནང་པ་སངས་རྒྱས་པའི་བསྟན་པ་ཚང་ལ་མ་ནོར་བ་ཞིག་རྒྱལ་ཁབ་སུ་གང་ཞིག་གི་སྐད་ཡིག་ནང་དུ་མེད་པ་དང་། དེ་ཡང་གཞུང་ལུགས་དང་འགྱུར་གྱི་ཆ་ནས་ཚད་མཐོ་ཤོས་དང་བཟང་ཤོས་ཆགས་ཀྱི་ཡོད་པ་མ་ཟད། རྩོམ་ཡིག་དང་རང་རྩོམ་བཅས་ཀྱི་ཆ་ནས་ཀྱང་འཇིག་རྟེན་འདིའི་ཐོག་བོད་པ་ལྟར་བྱུང་མེད་སྐོར་གསུངས་ཡོད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ནང་ཡོད་པའི་ལྟ་གྲུབ་ཀྱི་རྣམ་བཞག་དང་ཚན་རིག་རྣམ་བཞག་དེ་དག་ལ་དེང་རབས་ཚན་རིག་པ་ཚོ་ལའང་ཤུགས་རྐྱེན་པ་ཐེབས་པ་ཙམ་མ་ཟད་འགྲོ་བ་མིའི་སྤྱི་ལ་ཕན་ནུས་དང་ཁ་ཕྱོགས་བསྒྱུར་ཐུབ་པའི་ནུས་པ་ཡོད་པར་བརྟེན་རྒྱལ་སྤྱིའི་ཁྲོད་ནས་བོད་ཀྱི་ཆོས་དང་ལེགས་བྱང་གལ་ཆེན་པོ་ཡིན་པ་ཤེས་བཞིན་དུ་བོད་དོན་ལ་དོ་སྣང་མ་གནང་པར་བཞག་ཚེ་འབྱུང་འགྱུར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་ཏུ་མེད་པའི་གྱོང་རྒུད་ཆེན་པོ་ཞིག་ཕོག་ངེས་ཡིན་པ་གསུངས་ཡོད། དེ་བཞིན་བོད་ཀྱི་ཁོར་ཡུག་དང་ས་བབ་ཀྱི་གལ་གནད་སྐོར་གསུང་པ་དང་འབྲེལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་དབང་སྒྱུར་མ་བྱེད་གོང་དུ་རྒྱ་དཀར་ནག་དང་ཧོར་གསུམ་དབར་ལ་བོད་དེ་བར་གནས་རྒྱལ་ཁབ་ཞིག་ཏུ་གནས་པའི་དབང་གིས་ཕན་ཚུན་དབར་དམག་འཐབ་བྱུང་མེད་པ་དེ་ལྟར་ཡང། དེང་སྐབས་རྒྱ་དཀར་ནག་གཉིས་དབར་བཟང་ཕྱོགས་ཀྱི་འབྲེལ་ལམ་དང་གྲོགས་རོགས་ཆགས་མ་ཐུབ་པའི་གནས་སྟངས་སུ་འགྱུར་ཡོད་པ་དང། དེ་ཡང་གཙོ་བོ་ས་མཚམས་ཀྱི་གནད་དོན་ལ་ཐུག་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་རྒྱལ་སྤྱིའི་བརྟན་ལྷིང་གནས་བབ་ལ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འདི་གནད་ཆེ་ཆགས་ཀྱི་ཡོད་པ་སོགས་གསུངས་ཡོད།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གསེར་ཁྲིར་མངའ་གསོལ་གནང་བ།

དེ་ཡང་ཁ་སང་ཟླ་ ༠༢ ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༧།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོང་དུ་ཆགས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་དང་བསྟུན་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་ཁྲི་གསོལ་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད། ཁྲི་གསོལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག བོད་ཕྱི་ནང་གཉིས་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་ཁག  དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ནས་གནད་ཡོད་མི་སྣ་མང་དག་ཞིག་ཆེད་ཕེབས་གནང་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད། སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་གནང་རྗེས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་། ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ མཆོག་ལ་འཚམས་འདྲི་དང་སྦྲགས་ཏེ་གཡུང་དྲུང་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་སོ་གསུམ་པ་༸སྐྱབས་རྗེ་དམ་པ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བསྟན་པ་སྤྱི་ལ་སྨན་པའི་ཞབས་འདེགས་བླ་མེད་ཞུས་པར་བཀའ་དྲིན་རྗེས་དྲན་ཞུས་འདུག དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་ནས་རྒྱ་ཆེའི་སེར་སྐྱ་མི་མང་ཀུན་ལ་བླང་དོན་གྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། དེ་བཞིན་ཚོུད་ ༡༠ སྟེང་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་དབུ་བཞུགས་གཙོས། དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དང་སློབ་དཔོན་གཙོས་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་གདན་འཛོམས་ཐོག་༸རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་ཆེན་མོ་ཞལ་ཕྱེས་ཏེ་གཤེན་གྱི་འདུལ་བའི་གསོ་སྦྱོང་གི་ཆོ་ག་གསུངས་ཡོད། ཉིན་རྒྱབ་ཏུ་སྔར་སྲོལ་ལྟར་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དང་། སྨན་རིའི་བླ་བྲང་གསར་རྙིང་གཉིས། བཀྲ་ཤིས་ལྷ་རྒྱལ་རི། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། གསང་སྔགས་སྒོམ་སྒྲུབ་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། བོན་ཕྲུག་བདེ་དོན། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བཙུན་དགོན་རདྣ་སྨན་གླིང་སོགས་ཀྱི་གསེར་ཁྲིར་བཞུགས་གསོལ་མཛད་ཡོད་པ་རེད།

Latest news