Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྒེར་གྱི་ལྟ་བ་དང་ལངས་ཕྱོགས་ཁོ་ན་གཙོ་བཟུང་མིན་པར་དྲང་པོ་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་བ།

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ས་གནས་བོད་མི་དང་ཧི་མཱ་ལ་ཡའི་རིི་རྒྱུད་ཀྱི་ནང་པ། དེ་བཞིན་ས་གནས་དད་ལྡན་མང་ཚོགས་རྣམས་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་བཀའ་དྲིན་སྩལ་བ་དང་སྦྲགས། ས་གནས་བོད་རིགས་རྣམས་ལ་དམིགས་བསལ་ལམ་སྟོན་མཛད་་སློབ་བསྩལ་ཡོད་པ་རེད། སྐབས་དེར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་སྐྱབས་བཅོལ་བ་ཆགས་ནས་ལོ་ངོ་ ༦༠ ཙམ་འགྲོ་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཐོག་བོད་མི་རྣམས་མུ་མཐུད་རྒྱལ་ཁབ་གཞན་གྱི་མི་མང་དང་དཔུང་པ་མཉམ་གཤིབ་ཐོག་འགྲོ་ཐུབ་པ་ཞིག་བྱུང་ཡོད་པ་དེ་དག་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། སྐབས་དེའི་མི་རབས་རྒན་པ་རྣམས་ནས་དབུ་ཁྲིད་བཟང་པོའི་ལམ་སྟོན་འོག་མུ་མཐུད་དཀའ་སྤྱད་ཀྱིས་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཡིན་སྟབས། བོད་མི་ཚང་མས་རང་ཉིད་སྒེར་གྱི་ལྟ་སྤྱོད་ཁོ་ན་གཙོ་བཟུང་མིན་པར་སྤྱི་ལ་ཁྱབ་པའི་དབུ་ཁྲིད་བཟང་པོའི་ལམ་སྟོན་གནང་བར་རྒྱབ་སྐྱོར་དང་ཞབས་འདེགས་གང་ཐུབ་ཞུ་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་སྔར་ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་ནས་བཟུང་བོད་པའི་སྤྱི་ཚོགས་འདི་བཟང་ངན་གང་ཡིན་དབྱེ་འབྱེད་དཀའ་བའི་འཁྲུག་ཆ་དོད་པོ་ཞིག་ཏུ་འགྱུར་བཞིན་པའི་སྐབས་འདིར་བོད་མི་ཚང་མས་གཙོ་བོ་བོད་མི་རིགས་ལ་ཤ་ཚ་དང་ལྷག་བསམ་གྱི་ཐོག་ནས་བསམ་བློ་གཏོང་དགོས་གལ་ཡིན་པ་མ་ཟད། ཁྱད་པར་དུ་༸གོང་ས་མཆོག་དགུང་ལོ་མཐོ་པོར་ཕེབས་ཡོད་པའི་དུས་འདིར་ང་ཚོ་འཁྲུག་བསྡད་པ་ཡིན་ན་༸གང་ཉིད་མཆོག་གི་ཐུགས་བློ་བདེ་པོ་ཡོང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག ལྷག་པར་དུ་ཀརྨ་རིན་པོ་ཆེ་མཆོག་ནས་བོད་ནང་ལ་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་མི་རིགས་ཀྱི་ཆེད་དུ་མུ་མཐུད་ལུས་སྲོག་ལ་མ་འཛེམས་པར་སྐུ་ལས་སྐྱོན་བཞིན་ཡོད་ཀྱང་། བཙན་བྱོལ་ནང་བོད་མི་ཚོས་སྐབས་རེ་རྩ་དོན་ལས་ལྟ་བ་དང་ལངས་ཕྱོགས་ཤུགས་ཆེ་བ་འཛིན་པའི་ཚོར་སྣང་ཆེན་པོ་ཡོད་བཞིན་འདུག དེས་ན་ང་རང་ཚོ་ཚང་མས་རང་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་དེ་གཙོ་བཟུང་མ་གནང་བར་དྲང་པོ་གནང་དགོས་གལ་ཡིན་པར་ལམ་སྟོན་བསྩལ་འདུག དེང་སྐབས་བོད་ནང་དུ་སྔར་དང་མི་འདྲ་བ་མདོ་དབུས་ཁམས་གསུམ་ཤ་ཁྲག་རུས་གསུམ་གཅིག་པ་ཡིན་པའི་འདུ་ཤེས་དང་ཤ་ཞེན་སྔར་ལྷག་གནང་བཞིན་ཡོད་སྟབས། བཙན་བྱོལ་ནང་གི་བོད་མི་ཚོའི་ངོས་ནས་ཀྱང་ཇི་ཙམ་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་བློ་རྒྱ་ཇི་ཙམ་ཆེ་བ་བསྐྲུན་ཐུབ་ཚེ་དེའི་ཚོད་ཀྱིས་བོད་སྤྱི་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཡོང་གི་རེད་ཅེས་བཀའ་བསྩལ་འདུག གཞི་རྩའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་དང་ཆོས་འབྲེལ་མཛད་འཆར་སོགས་དང་འབྲེལ་ཨ་རིར་བཞུགས་ཞག་མཛད་བཞིན་ཡོད་པ་མ་ཟད། རིམ་མིན་ཟླ་བ་རྗེས་མའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་ལྗང་གི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་རེད་འདུག

གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲི་འདོན་མཛད་སྒོ་གནང་བ།

དེ་རིང་ཟླ་ ༡ ཚེས་ ༢༦ སྔ་དྲོ་ཚོུད་ ༨ སྟེང་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོ་ནང་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་དགུ་སྟོང་བརྒལ་བ་ལྷན་འཛོམས་ཐོག་དཔལ་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་རྙིང་མའི་སྤྱི་འཐུས་རྣམ་པ། སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་པའི་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་རྟེན་འབྲེལ་བཀྲིས་མཇལ་དར་སྒྲོན་འབུལ་སོགས་གནང་ཐོག་ཀཿ ཐོག་བླ་ཆེན་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བདམས་ཐོན་བྱུང་བའི་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་པ་རེད། དེའང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་གཞན་དོན་དུ་གཤེགས་རྗེས་གནས་དུས་ཀྱི་རྐྱེན་པས་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་གསར་པ་ད་བར་གཏན་འཁེལ་བ་བྱུང་ཐུབ་མེད་པ་རེད། ད་ལན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་དང་འབྲེལ་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། སྐུ་ཚབ་བཅས་ལྷན་འཛོམས་སར་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གོ་བསྡུར་ཐག་གཅོད་གནང་དགོས་པའི་སྐོར་སྔ་འགྱུར་རྙིང་མའི་སྤྱི་འཐུས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་ནས་ཞེན་སྐུལ་གནང་དོན་ལྟར་དེ་དོན་གྲོས་བསྡུར་གནང་ཐོག་དཔལ་༸རྒྱལ་བ་ཀཿ ཐོག་པའི་བླ་ཆེན་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་མོས་མཐུན་གྲོས་ཆོད་བྱུང་བ་བཞིན་གསོལ་འདེབས་ཞུས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༧ པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་ཡོད་པ་རེད། བོད་ལ་དེ་སྔ་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ལམ་སྲོལ་དེ་མེད་ཀྱང་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནང་རྙིང་མའི་མ་དགོན་དྲུག་ནས། དེ་ཡང་དང་པོ་ཀཿ ཐོག་དང་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་ཁག་རིམ་པས་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རིར་རེ་མོས་བཞེས་གནང་རྒྱུའི་ཐུགས་ཐག་བཅད་ཡོད་པ་རེད། གཞི་རྩའི་སྔ་འགྱུར་རྙིང་མའི་དབུ་འཛིན་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿ ཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་། དེ་རྗེས་སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿ ཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿ ཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད། ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་མཛད་གནང་ཡོད།

༸སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲི་ཕུལ་འདུག

དེའང་ཕྱི་ལོ་ ༡༩༥༤ ལོ་ནས་བཟུང་རྒྱ་གར་གྱི་མང་གཙོ་ཉིན་མོ་དང་བསྟུན་རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་སྲིད་འཛིན་མཆོག་གི་ཕྱག་ནས་རྒྱལ་ཁབ་འདིའི་སྒྱུ་རྩལ་བ་དང་བཟོ་རིག་པ། རྩེད་རིགས། ཚན་རིག་ཤེས་བྱ། དེ་བཞིན་རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་དོན་སླད་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་ཁག་ལ་ཆེ་བསྟོད་དང་སྦྲགས། ཡུལ་དེའི་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་ཨང་དང་པོ་ Bharat Ratna དང་ཨང་གཉིས་པ་ Padma Vibhushan ཨང་གསུམ་པ་ Padma Bhushan ཨང་བཞི་པ་ Padma Shri ལ་སོགས་པའི་གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར། འདི་ལོའི་རྒྱ་གར་གི་ཆེས་མཐོའི་གཟེངས་རྟགས་བཞི་པར་གྲགས་པ་ Padma Shri ཞེས་པ་དེ་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་དགེ་སློང་ཡེ་ཤེས་དོན་ལྡན་ལགས་སུ་ཕུལ་ཡོད་པ་རེད། དེ་རིང་རྒྱ་གར་དབུས་གཞུང་ནས་གཟེངས་རྟགས་མཐོ་ཤོས་གཉིས་པ་ Padma Vibhushan བཞེས་མཁན་ ༤ དང་མཐོ་ཤོས་གསུམ་པ་ Padma Bhushan བཞེས་མཁན་ ༩ དེ་བཞིན་མཐོ་ཤོས་བཞི་པ་ Padma Shri བཞེས་མཁན་ ༧༣ བཅས་ཁྱོན་རྒྱ་གར་ནང་དུ་སྡེ་ཚན་ཅི་རིགས་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་གང་ཟག་ ༨༥ ལ་གཟེངས་རྟགས་དེ་ཕུལ་ཡོད་པ་ལྟར། བོད་མིའི་ཁྲོད་ནས་༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ལ་ པདྨ་ཤྲི་གཟེངས་རྟགས་ཕུལ་ཡོད་པ་རེད། གསར་འགོད་པས་སྨན་པ་ཡེ་ཤེས་དོན་ལྡན་ལགས་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བཞི་པ་པདྨ་ཤྲི་འབུལ་བཞེས་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར་ཁོག་གིས་ད་རེས་རྒྱ་གར་གཞུང་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་ཁོང་ལ་གནང་དོན་གཙོ་བོ་ནི་ཁོང་ནས་ད་བར་ནད་པ་ཚོར་སྨན་བཅོས་ཞུས་པར་བརྟེན་གསོལ་བསྩལ་གནང་བ་ཞིག་ཡིན་པ་དང་། དེ་སྔ་ཡང་རྒྱ་གར་གཞུང་ནས་ཁོང་སྒེར་གྱི་སྨན་ཁང་ཆེད་འཛུགས་ཆོག་པའི་ཆོག་མཆན་དང་སྦྲགས། ནད་པ་ ༢༠ ཐམ་པའི་ཉལ་ཁྲི་ཡང་གསོལ་བསྩལ་གནང་ཡོད་པ་སོགས་དྲན་གསོ་གནང་སོང་། ཐེངས་འདིའི་གཟིེངས་རྟགས་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸སྐུའི་བོད་ལུགས་བླ་སྨན་པ་མཆོག་ནས་ད་བར་བོད་མིའི་གསོ་བ་རིག་པ་དར་སྤེལ་ཐོག་གཟེངས་སུ་ཐོན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་པར་བསྔགས་བརྗོད་ཀྱི་འཚམས་འདྲི་གནང་འདུག ལྷག་དོན་དེ་རིང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་གྲུབ་བསྟུན་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ནས་ཀྱང་འཚམས་འདྲི་དང་སྦྲགས། རིང་མིན་བཀའ་ཤག་རྣམ་པ་ངོ་བཅར་ཐོག་འཚམས་འདྲི་ཞུ་རྒྱུ་ཡིན་པ་གསུངས་ཡོད། གཞི་རྩའི་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་བོད་ལྷོ་ཁ་རྫོང་ཁོངས་གནམ་རི་གྲོང་སྡེར་འཁྲུངས་ཤིང་དགུང་ལོ་ ༡༡ ཕེབས་སྐབས་ལྷ་ས་ལྕགས་པོ་རི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་ཁང་དུ་སློབ་ཞུགས་ཀྱི་སློབ་གཉེར་གནང་ཡོད་པ་དང་། རྒྱ་གར་དུ་སྐྱབས་བཅོལ་ཕེབས་རྗེས་༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་གནང་བ་མ་ཟད། ༡༩༦༡ ལོར་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་འཛུགས་ཀྱིས་ཕྱི་ལོ་ ༡༩༧༩ བར་སྨན་རྩིས་ཁང་གི་ངེས་སྟོན་པ་དང་སློབ་སྤྱིའི་ཐུགས་འགན་བཞེས་ཡོད། ད་ལྟའི་ཆ་ལ་ཁོང་དགུང་གྲངས་ ༩༣ ལ་ཕེབས་བཞིན་ཡོད་ཀྱང་བཞུགས་སྒར་མེག་གྷན་དུ་ཆེད་འཛུགས་གནང་བའི་ཁོང་སྐུ་སྒེར་གྱི་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཐོག་ནས་ཕྱི་ནང་གི་ནད་པ་དུ་མར་སྨན་བཅོས་གནང་མུས་ཡིན་པ་མ་ཟད། ལྷག་ཏུ་ཁོང་ནས་ད་བར་ཕྱི་ནང་གི་ནད་པ་མང་དག་ལ་སྨན་བཅོས་གནང་བའི་ཁྲོད་རྒྱལ་སྤྱིའི་ཐོག་ཆེས་ཛ་དྲག་ཆེ་བའི་ནད་གཞི་འབྲས་ནད་དང་རེག་དུག་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མང་གཙོ་ཉིན་མོར་འཚམས་འདྲི་གནང་བ།

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་ཕན་ནས་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༩ འཁོར་བའི་དུས་ཚིགས་ཁྱད་པར་བ་ཞིག་ཆགས་ཡོད་པ་ལྟར། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་རྒྱལ་ཁབ་ཁྱོན་ཡོངས་ལ་གཞུང་མང་གཉིས་ཀྱིས་ཉིན་མོ་འདི་བཞིན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རྨ་ས་ལར་རྣམ་ཀུན་ལྟར་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་ལྷན་འཛོམས་ཐོག་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་འབྲེལ་རྒྱ་གར་གྱི་མང་གཙོའི་དུས་ཆེན་ཐེངས་ ༦༩ པ་སྲུང་བརྩི་གཟབ་རྒྱས་ངང་ཞུས་སོང་། སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་རྒྱ་གར་གཞུང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ། འདས་པའི་ལོ་ངོ་ ༦༠ རིང་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་ཐོག་མཐུན་འགྱུར་རོགས་སྐྱོར་གང་ལེགས་གནང་བར་སྙིང་དབུས་ནས་ཐུགས་རྗེཆེ་ཞུས་པ་མ་ཟད་ཁྱད་པར་དུ་རྒྱལ་ཁབ་འདི་འབྱུང་འགྱུར་སྔར་ལྷག་ཡར་རྒྱས་གོང་འཕེལ་ཕྱིན་ནས་མ་འོངས་པར་འཛམ་གླིང་ནང་མིང་དོན་མཚུངས་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་སོང་། སྔ་ཐོག་མཛད་སྒོ་གྲུབ་བསྟུན་སྔ་དྲོ་ཚོུད་ ༡༡།༠༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་རྣམ་གཉིས་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་རྒྱ་གར་ས་གནས་གཞུང་གིས་མཛད་སྒོར་ལྷན་བཞུགས་ཀྱིས་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་བ་མ་ཟད། འདི་ལོ་བོད་མི་རྣམ་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བ་དང་བསྟུན། མཛད་སྒོའི་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་ཆེད་བོད་མིའི་སྒྲིག་འཛུགས་ནས་པར་སྐྲུན་ཞུས་པའི་ཕྱི་ལོ་ ༢༠༡༨ ལོའི་ལོ་ཐོ་རྒྱ་གར་མང་ཚོགས་རྣམས་ལ་འགྲེམས་སྤེལ་ཞུ་རྒྱུ་རེད་འདུག

བོད་མིའི་གཞིས་ཆགས་ཆེ་ཁག་ནང་ཆུའི་གནས་བབ་ཐོག་རྟོག་ཞིབ་ཀྱི་ལས་གཞི་དབུ་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཆེ་བ་བརྒྱད་ཀྱི་ནང་ཆུའི་གནས་བབ་རྒྱུས་ལོན་གྱི་རྟོག་ཞིབ་ལས་གཞི་སྤེལ་འགོ་བརྩམས་འདུག དེ་ཡང་འདས་པའི་ལོ་ཤས་ནང་གོ་ལའི་ཚ་དྲོད་རྒྱས་ཏེ་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་ཁྲོད་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ནང་དུ་ཆར་ཆུ་དུས་སུ་མ་བབ་པ་བཅས་ལ་བརྟེན་ལོ་རེ་བཞིན་ས་སྟེང་འོག་གཉིས་ཀྱི་ཆུའི་གནས་བབ་ཇེ་ཉུང་དུ་ཕྱིན་ནས་ས་གནས་ཁག་ཏུ་ཆུའི་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་སྟབས། ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་  རྒྱ་གར་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་ Space Geo Tech ཞེས་པའི་ཁྱད་ལས་ས་ཁམས་དཔྱད་ཞིབ་པ་དང་མཉམ་དུ་བོད་མིའི་གཞིས་ཆགས་ཆེ་གྲས་བརྒྱད་ཀྱི་ནང་ཆུའི་གནས་བབ་རྒྱུས་ལོན་གྱི་རྟོག་ཞིབ་ལས་གཞི་སྤེལ་འགོ་བརྩམས་འདུག ད་ལན་རྟོག་ཞིབ་ཀྱི་ལས་གཞི་སྤེལ་ཡུལ་གཞིས་སྒར་ཁག་ནི། སྦེལ་ཀོབ་གཞི་ཆགས་གསར་རྙིང་གཉིས་དང།  ཧུན་སུར། ཀོ་ལི་སྒར།  དེ་བཞིན་མོན་གྷོ་བཅས་ལྷོ་ཁུལ་གཞིས་ཆགས་ཆེ་ཁག་ལྔ་དང། བྷན་དྷ་ར། ཨུ་རུ་ས། མན་སྤར་བཅས་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་ལས་ཁུངས་ཀྱི་འཆར་འགོད་ཚན་པའི་འབྲེལ་ཡོད་ལས་བྱེད་ཉི་མ་རྒྱལ་མཚན་ལགས་སུ་ལས་གཞི་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ནང་ཆུའི་གནས་བབ་རྒྱུས་ལོན་གནང་སྟེ་འབྱུང་འགྱུར་ཆུའི་དཀའ་ངལ་འཕྲད་སྲིད་པའི་ས་ཁག་ཏུ་སྔོན་འགོག་ཐབས་ལམ་འཚོལ་ཐབས་དང། ལྷག་དོན་ས་ཁག་ཏུ་ཆུའི་འབྱུང་ཁུངས་ཁག་མ་འོངས་པར་སྲ་བརྟན་དང་རྒྱུན་གནས་ཐུབ་ཆེད་ཡིན་པ་གསུངས་ཡོད།

རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་རྡོ་གདན་གྱི་འབར་རྫས་གནད་དོན་ཐོག་ཞིབ་འཇུག་གནང་དགོས།

ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟའི་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོགས་ལྷག་ལ་བཀའ་ཆོས་བཀྲིན་སྩོལ་བཞིན་པའི་ཁྲོད། ཕྱི་ཚེས་ ༡༩ ཉིན་ཕྱི་དྲོ་ས་གནས་ཉེན་རྟོག་པས་གསུང་ཆོས་རྭ་བའི་ཉེ་འཁྲིས་ནས་འབར་རྫས་གཉིས་རྙེད་སོན་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད། འབར་རྫས་རྙེད་སོན་གྱི་གནད་དོན་དེ་དང་འབྲེལ་ཁ་ཉིན་རེས་གཟའ་ཉི་མའི་ཉིན་ལ་དྭགས་ནང་རྟེན་གཞི་བྱས་པའི་ལ་དྭགས་ནང་པའི་ཚོགས་འདུ་ལྷན་ཚོགས་དང་ལ་དྭགས་དགོན་པ་ལྷན་ཚོགས་གཉིས་ནས་སླེ་ས་གནས་ཀྱི་རྫོང་དཔོན་ Avny Lavasa ལགས་ཀྱི་བརྒྱུད་རྒྱ་གར་སྲིད་བློན་སྐུ་ཞབས་ Narindra Modi མཆོག་དང་ནང་སྲིད་བློན་ཆེན་སྐུ་ཞབས་ Rajnath Singh མཆོག དེ་བཞིན་འབྲེལ་ཡོད་བི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ Nitish Kumar མཆོག Jammu Kashmir མངའ་སྡེའི་བློན་ཆེན་ལྕམ་ Mehbooba Mufti Sayeed མཆོག་བཅས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་། དེའང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཆོས་ཞུ་བ་སྤྱི་དང་། ལྷག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིསྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཉེན་སྲུང་གི་ལས་དོན་སྔར་ལྷག་ཐུགས་འགན་བཞེས་དགོས་པ་མ་ཟད། ད་རེས་ཁུལ་དེ་ནས་རྙེད་སོན་བྱུང་བའི་འབར་རྫས་ཀྱི་གནད་དོན་དེ་སྣང་མེད་དུ་མ་བཞག་པར་རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་གནད་དོན་དེའི་ཐོག་ཞིབ་འཇུག་གནང་དགོས་པའི་ཞུ་གཏུག་གནང་འདུག གསར་འགོད་པས་ལ་དྭགས་ནང་པའི་ཚོགས་འདུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཟླ་བ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་ཀྱི་གནད་དོན་བྱུང་བ་དེ་ཐེངས་དང་པོ་ཞིག་མིན་པར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁུལ་དེར་འབར་རྫས་ཀྱི་དོན་རྐྱེན་འོག་གཏོར་སྐྱོན་དང་རྨས་སྐྱོན་རིགས་བྱུང་མྱོང་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་གར་དབུས་ས་གཉིས་ནས་ཁུལ་དེའི་བདེ་འཇགས་ཀྱི་ལས་དོན་ཐོག་སྔར་ལྷག་ཐུགས་འཁུར་བཞེས་དགོས་གནད་ཡིན་པ་སོགས་གསུངས་ཡོད། ད་དུང་ཁོང་གིས་ཐེངས་འདིའི་འབར་རྫས་ཀྱི་དོན་རྐྱེན་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་ཚེས་ ༢༡ ཉིན་ལ་དྭགས་སླེ་དང་བྱང་ཐང་། དེ་བཞིན་ནུབ་ར་སོགས་ས་གནས་ཁག་གཅིག་ཏུ་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གནང་ཡོད་པ་གསུངས་སོང་། གཞི་རྩའི་འབར་རྫས་ཀྱི་གནད་དོན་དེ་བྱུང་སྐབས་ཁུལ་དེར་ཡོད་པའི་འདི་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་བཅར་འདྲི་ཞུ་སྐབས་ཁོང་གིས་ད་ལན་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་དང་། འབར་རྫས་ཀྱི་གནད་དོན་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭར་དམིགས་པ་ཞིག་མ་རེད་ཅེས་གསུངས་པ་མ་ཟད། ད་ལྟའི་ཆར་མངའ་སྡེའི་གཞུང་ནས་༸སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཉེན་སྲུང་ཚད་མཐོ་རུ་བཏང་ཡོད་སྟབས་བོད་མི་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་བློ་འཚབ་མ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོ་འདི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་བ།

འདི་ལོ་ ༢༠༡༨ ལོ་ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ནས་ཉིན་མོ་དེ་ནས་རྩིས་པའི་ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་ Thank You India ཞེས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུག དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་རྣམ་པ་གཉིས་བཅས་ལྷན་བཞུགས་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ Press Club of India ནང་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ། རིང་མིན་ཕྱི་ཟླ་ ༣ ཚེས་ ༣༡ དང་ཕྱི་ཟླ་ ༤ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་གནད་ཡོད་མི་སྣ་སོགས་གདན་ཞུ་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཚོགས་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག ལྷག་དོན་ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་ནང་བོད་མི་གནས་ཡུལ་རྒྱ་གར་གི་ས་ཁུལ་གང་སར་གཞུང་འབྲེལ་གྱི་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་འགུལ་འདྲ་མིན་སྤེལ་ནས་སྲུང་བརྩི་ཞུ་ཡིན་པ་རེད་འདུག རྩ་བའི་སྲིད་སྐྱོང་མཆོག་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་སྐབས་སུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་རིམ་ཆེད་བོད་མིའི་སྒྲིག་འཛུགས་ནས་པར་སྐྲུན་ཞུས་པའི་ཕྱི་ལོ་ ༢༠༡༨ ལོའི་ལོ་ཐོ་དང་རིན་ཆེན་གཉིས་པ་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་གཉིས་པོ་འབུལ་ལམ་ཞུ་རྒྱུ་ཡིན་པ་ལྟར་ཕྱི་ནང་གི་གསར་འགོད་པར་བཤམ་སྟོན་གནང་འདུག

 གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པའི་ཁེ་ཡོད་ཚོང་གྱི་སྡེ་ཚན་ཞིག་དབུ་འབྱེད་གནང་བ།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པའི་གཞུང་འབྲེལ་གྱི་ཁེ་ཡོད་ཚོང་གི་སྡེ་ཚན་ཞིག་དབུ་འབྱེད་གནང་སོང་། དེ་ཡང་ལོ་ཤས་གོང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སུ་རིམ་པ་དང་པོའི་འཆར་གཞི་ལྟར། སྔ་ལོའི་ནང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དངུལ་ཁང་ལྟ་བུ་ཞེས་པའི་སྡེ་ཚན་ཞིག་གསར་འཛུགས་གནང་ཡོད་པ་དང། སྡེ་ཚན་དེའི་བརྒྱུད་ནས་སྔ་ལོར་བོད་མི་སུད་ཚོང་བ་ཁྱིམ་ཚང་ ༡༠༠༠ ཐམ་པར་སྐྱེད་ཁ་བརྒྱ་ཆ་ ༣ ཐོག་ཧིན་སྒོར་འབུམ་རེ་བུ་ལོན་གཡར་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་པ་རེད། དེ་རིང་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྔ་ལོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སུ་ཆེད་འཛུགས་གནང་བའི་དངུལ་ཁང་ལྟ་བུའི་སྡེ་ཚན་དེ་ Gang-Jong Development Finance Pvt. Ltd འམ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པའི་མིང་བྱང་འོག་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞི་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དངོས་སུ་དེབ་སྐྱེལ་ལེགས་གྲུབ་དང་ཚོང་འབྲེལ་སྡེ་ཚན། དེ་བཞིན་དངོས་སུ་དབུ་འབྱེད་གནང་རྒྱུའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང། སྐབས་དེར་བོད་མིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཚོང་ལས་སྡེ་ཚན་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ལས་གཞི་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། དེ་བཞིན་དཔལ་འབྱོར་ཆེད་ལས་སྐུ་ཞབས་ Alork Prasad ལགས་བཅས་འབྲེལ་ཡོད་ལས་བྱེད་ཁག་གཅིག་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལས་གཞི་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་འབྲེལ་བའི་ལས་གཞི་གནད་ཆེ་ཞིག་ཡིན་པ་མ་ཟད། སྔ་ལོ་བོད་མི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཞབས་ཞུའི་སྡེ་ཚན་བརྒྱུད་ནས་བོད་མི་སུད་ཚོང་བ་ཁྱིམ་ཚང་ ༡༠༠༠ ཐམ་པར་སྐྱེད་ཁ་བརྒྱ་ཆ་ ༣ ཐོག་ཧིན་སྒོར་འབུམ་རེ་བུ་ལོན་གཡར་རྒྱུའི་ལས་གཞི་ཞིག་སྤེལ་བའི་ཁྲོད་ནས་བོད་མི་སུད་ཚོང་བའི་ཁྱིམ་ཚང་༩༡༣ ལ་ཁྱོན་ཧིན་སྒོར་ས་ཡ་ ༩༡༣ གཡར་ཐུབ་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྐབས་དེར་མང་ཚོགས་ལ་ཡིད་ཆེས་དང་རེ་བ་བྱེད་པ་བཞིན་ད་ཆ་སུད་ཚོང་བ་བརྒྱ་ཆ་ ༩༠ ལྷག་ནས་བུ་ལོན་ཕྱིར་སློག་ཟིན་ཡོད་པར་བརྟེན། འདི་ལོ་དེབ་སྐྱེལ་བྱུང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་བོད་མི་སུད་ཚོང་བ་ཚོར་བུན་གཡར་ཆེད་དེ་སྔ་ལྟར་ཧིན་སྒོར་ས་ཡ་ ༡༠༠ འི་ལས་གཞི་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དང། འདི་ལོ་བསྐྱར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚོང་རིགས་ཆུང་ཙག་གནང་མཁན་རྣམས་ལ་ཧིན་སྒོར་ས་ཡ་ ༡༠༠ ཐམ་པའི་བུན་གཡར་གནང་རྒྱུའི་ལས་གཞི་གསར་པ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་གསུངས་སོང། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ད་རེས་གསར་འཛུགས་བྱུང་བའི་དཔལ་འབྱོར་སྡེ་ཚན་དེའི་བརྒྱུད་ནས་མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་གཞན་བརྟེན་མ་ཡིན་པར་དཔལ་འབྱོར་གནས་བབ་ཡག་པོ་ཆགས་རྒྱུ་དང། ཁྱད་པར་དུ་སྡེ་ཚན་དེའི་ཐོག་ནས་མ་འོངས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ལ་ཁེ་ཕན་ཕུལ་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད་པ་གསུངས་སོང། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོལ་ལས་ཁུངས་ཁྱབ་ཁོངས་སུ་ཆེད་འཛུགས་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་འདུ་ཐེངས་དང་པོ་དེ་དེ་རིང་བཞུགས་སྒར་དུ་ཚོགས་ཡོད་པ་དང། ཁེ་ལས་སྡེ་ཚན་དེའི་དམིགས་ཡུལ་དང་ལས་གཞི་ཁག་གཙོ་བོ་གཉིས་ནི་སྤྱི་ཚོགས་ཀྱི་བདེ་རྩ་ཆེད་མང་ཚོགས་ལ་བུན་གཡར་དང། རིམ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་ཁྲོམས་རའི་ནང་དུ་ཞུགས་རྒྱུ་ཡིན་པ་རེད་འདུག རྩ་བའི་ད་ལྟའི་ཆར་ཁེ་ལས་སྡེ་ཚན་དེའི་བརྒྱུད་ནས་སུད་ཚོང་བ་ཚོར་བུན་གཡར་ལས་གཞི་གནང་བཞིན་པ་དང། འདི་ལོ་ནས་ཚོང་པ་ཆུང་བར་བུན་གཡར་གྱི་ལས་གཞི་སྤེལ་བ་དེ་ལེགས་གྲུབ་བྱུང་ཚེ་མ་འོངས་པར་ཚོང་པ་འབྲིང་བ། ཚོང་པ་ཆེ་བ།  དེ་བཞིན་ཤེས་ཡོན་དང་འབྲེལ་བུན་གཡར་བཅས་ཀྱི་ལས་གཞི་གཞན་ཁག་གཅིག་འགོ་འཛུགས་གནང་རྒྱུ་ཡིན་པ་མ་ཟད། བུན་གཡར་དེ་དག་རྒྱ་གར་ས་གནས་དངུལ་ཁང་བརྒྱུད་ནས་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་འཛུགས་གནང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཐོག་ནས་བུན་གཡར་གྱི་ལས་གཞི་གནང་ཐུབ་རྒྱུར་ལས་གཞི་རྩོམ་བཞིན་ཡོད་པ་དང་ལས་གཞི་དེ་ ༢༠༡༩ དང་ ༢༠༢༠ ལོའི་ནང་ཚུད་ལ་བསྒྲུབ་ཐུབ་རྒྱུར་རེ་བ་གནང་གི་འདུག

བོད་ཀྱི་དཔེ་མཛོད་ཁང་དང་ཧི་མཱ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་པ།

དེ་རིང་ཟླ་ ༡ ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༡༡༌༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་མཛོད་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་དབུས་པའི་ལས་བྱེད་རྣམ་པ་དང་། ཧི་མཱ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སློབ་དཔོན་ Kuldip Agnihotri ལགས་གཙོས་པའི་འབྲེལ་ཡོད་དགེ་ལས་ཁག་གཅིག་བཅས་ལྷན་བཞུགས་ཐོག་ཕྱོགས་གཉིས་དབར་ཤེས་ཡོན་བརྗེ་ལེན་དང་འབྲེལ་བའི་ཐུན་མོང་གི་གྲོས་མཐུན་ཞིག་བཞག་ཡོད་པ་རེད། སྐབས་དེར་དགེ་བཤེས་ལྷག་རྡོ་ལགས་ནས་ཐེངས་འདིའི་གྲོས་མཐུན་བརྒྱུད་བོད་དང་རྒྱ་གར་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བརྗེ་ལེན་གནང་རྒྱུ་ཙམ་མ་ཟད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་དཔལ་ནཱ་ལྣདཱའི་རིག་གནད་གོང་འཕེལ་ཐོག་ལ་ནུས་པ་མཉམ་སྤུངས་ཐུབ་ངེས་ཡིན་པ་སོགས་གསུངས་ཡོད། དེ་བཞིན་ཧི་མཱ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སློབ་དཔོན་ Kuldip Agnihotri ལགས་ཀྱིས་ད་ལྟའི་ཆ་ལ་བོད་ཀྱི་དཔེ་མཛོད་ཁང་དུ་སློབ་གཉེར་གནང་མཁན་མང་ཆེ་བ་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བཞིན་ཡོད་ཀྱང་། ཐེངས་འདིའི་གྲོས་མཐུན་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་དུ་རྒྱ་གར་གྱི་སློབ་མ་གང་མང་ཡོང་ནས་བོད་དང་རྒྱ་གར་གཉིས་ཀྱི་རིག་གཞུང་གོང་སྤེལ་གནང་ཐུབ་པ་ཙམ་མ་ཟད་རིམ་བཞིན་རྒྱ་གར་གྱི་སྐད་ཡིག་ཧིན་དཱི་ཐོག་དོན་སྣང་གནང་སྟེ་རྒྱ་གར་མང་ཚོགས་ཀྱི་ཁྲོད་དུ་བོད་ཀྱི་གནས་དོན་ཁྱབ་སྤེལ་གཏང་རྒྱུ་སོགས་ཀྱི་དགེ་མཚན་ཡོད་པ་སོགས་གསུངས་སོང་། གཞི་རྩའི་བོད་ཀྱི་དཔེ་མཛོད་ཁང་ནས་དེ་སྔ་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་དང་། ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་། Brazin གྱི་ São Paulo གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཨུ་རུ་སུའི་ Moscow གཙུག་ལག་སློབ་གཉེན་ཁང་སོགས་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་མི་འདྲ་བཅུ་ལྷག་དང་ལྷན་ཤེས་ཡོན་བརྗེ་རེས་ཀྱི་གྲོས་མཐུན་བཞག་ནས་ལོ་ལྟར་ཕྱོགས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་གཙོས་ནང་པའི་ཚན་རིག་གི་ལྟ་གྲུབ་སོགས་ཀྱི་ཐོག་གྲོས་བསྡུར་རིགས་གནང་མུས་ཡིན་པ་རེད།

Latest news