Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ཇོ་ནང་པར་གྲོས་ཚོགས་སུ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཆེད་མུ་མཐུད་ལས་འགུལ་སྤེལ་རྒྱུར་ཐག་གཅོད་བྱུང་འདུག

ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་ ༩ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཡིད་ཆེས་ཀྱིས་ཇོ་ནང་པར་གྲོས་ཚོགས་སུ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་སླད་གྲོས་ཚོགས་སུ་མུ་མཐུད་ཞུ་གཏུག་གནང་རྒྱུ་དང་། གལ་ཏེ་གྲོས་ཚོགས་ནས་འདོད་བློ་ཁེངས་པའི་ཐག་གཅོད་གཅིག་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་དབུ་འཛུགས་བྱ་རྒྱུར་ཐག་གཅོད་བྱུང་འདུག དེའང་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཉེ་འཁྲིས་སུ་ཆགས་པའི་ཇོ་ནང་དུས་འཁོར་གྲྭ་ཚང་དུ་༸རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་ད་ལྟའི་གནས་བབ་གླེང་བའི་བགྲོ་གླེང་དང་། ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་ ༩ བསྐོང་ཚོགས་གནང་ཡོད་པ་རེད། ཚོགས་འདུ་ཐོག་རྒྱ་གར་གཙོས་ ཕྱིའི་རྒྱལ་ཁབ་ཁག་བདུན་གྱི་ས་གནས་ཁག་ ༡༩ ཙམ་ནས་སྐུ་ཚབ་མི་སྣ་ ༥༠ ལྷག་འདུ་འཛོམས་བྱུང་འདུག ཚོགས་ཆེན་ཉིན་མཐའ་མའི་སྐབས་གྲོས་གཞི་དོན་ཚན་ལྔའི་ཐོག་གྲོས་ཆོད་བཞག་གནང་ཡོད་པ་ལྟར་གྲོས་གཞི་དོན་ཚན་བཞི་པའི་ཁོངས་སུ་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་སྐབས་སམ་གྲོས་ཚོགས་ཚོགས་དུས་གང་རུང་ཞིག་ཏུ་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་སྐོར་གཞུང་འབྲེལ་ཁྲིམས་འཆར་འཁུར་ཐབས་སྐོར་དང་འབྲེལ་ཇོ་ནང་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཡིད་ཆེས་ཀྱིས་ཇོ་ནང་པར་གྲོས་ཚོགས་སུ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཆེད་ཁྲིམས་བཟོ་ལྷན་ཚོགས་ལ་མུ་མཐུད་ཞུ་སྙན་འབུལ་འཆར་ཡོད་པ་དང་། གལ་ཏེ་གྲོས་ཚོགས་ནས་འདོད་བློ་ཁེངས་པའི་ཐག་གཅོད་གཅིག་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་དབུ་འཛུགས་བྱ་རྒྱུར་ཐག་གཅོད་བྱུང་འདུག དེ་བཞིན་ཉིན་གཉིས་རིང་གི་ཚོགས་ཆེན་ཐོག་ཇོ་ནང་པའི་ངོས་ནས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་ཆེད་ཆོས་བརྒྱུད་གཞན་གྱི་བཀོད་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་སོགས་ལ་མཉམ་ཞུགས་བྱ་རྒྱུ་དང་བགྲོ་གླེང་བཀོད་སྒྲིག་བྱ་རྒྱུའི་གྲོས་ཆོད་དང་། དེ་སྔ་ཡོད་པའི་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་མིང་དེ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ལ་མིང་བསྒྱུར་གྱིས་ཚོགས་གཙོའི་ཐུགས་འགན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེས་བཞེས་རྒྱུ་དང་། བཙན་བྱོལ་དུ་ཡོད་པའི་ཇོ་ནང་པའི་དགོན་སྡེ་ཁག་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཆོས་ཚོགས་ཁག་སྲ་བརྟན་ཡུན་གནས་དང་སློབ་གཉེར་ཡར་རྒྱས་གཏང་རྒྱུ་སོགས་གྲོས་གཞི་ཁག་མི་འདྲ་བ་ལྔའི་ཐོག་གྲོས་ཆོད་བཞག་འདུག རྩ་བའི་བཙན་བྱོལ་དུ་ཇོ་ནང་པའི་དགོན་པ་ལྔ་དང་སོག་ཡུལ་དུ་དགོན་པ་གཉིས་ཡོད་པ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་ཁག་ ༢༠ ལྷག་ཡོད་པ་རེད།

ཐེ་ཝན་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ཐོག་བོད་སོག་ལས་ཁུངས་སྒོ་བརྒྱག་རྒྱུ་གཏན་འཁེལ་བྱུང་འདུག

ཐེ་ཝན་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ཐོག་ཁུལ་དེའི་འཛིན་སྐྱོང་ཀྱི་སྟངས་འཛིན་འོག་ཡོད་པའི་ Mongolian and Tibetan Affairs Commission འམ་ཐེ་ཝན་བོད་སོག་ལས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་རྣམས་དངོས་སུ་ཕྱིར་བསྡུ་དང་ལས་ཁུངས་དེ་སྒོ་བརྒྱག་རྒྱུ་གཏན་འཁེལ་བྱུང་འདུག དེ་ཡང་འདི་ལོའོ་ཕྱི་ཟླ་བརྒྱད་པའི་ནང་ལ་ཐེ་ཝན་གཞུང་གི་འཛིན་སྐྱོང་ལྷན་ཚོགས་ནས་བོད་སོག་ལས་ཁུངས་དང་འབྲེལ་བའི་ལས་དོན་སྤྱི་དང་ལྷག་པར་དུ་ཐེ་ཝན་གཞུང་ནས་བོད་སོག་ལས་ཆེད་དུ་ལོ་ལྟར་ཐེ་ཝན་གྱི་སྒོར་མོ་ས་ཡ་ལྷག་འགྲོ་གྲོན་གཏང་བཞིན་པ་སོགས་ཀྱི་ཐད་གྲོས་བསྡུར་རིམ་པ་གནང་སྟེ། ཕྱི་ལོ་༢༠༡༨ ལོའི་ཐེ་ཝན་གྱི་སྔོན་རྩིས་ཁོངས་ནས་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ཡོངས་སུ་བཀག་ཡོད་པ་མ་ཟད། ཕྱི་ཟླ་ ༩ ་ཚེས་ ༡༥ ཉིན་བོད་སོག་ལས་ཁུངས་ཀྱི་ལས་བྱེད་རྣམས་ཐེ་ཝན་རིག་གཞུང་ལས་ཁུངས་དང་རྒྱ་ནག་སྐམ་ས་ཆེན་པོའི་བློན་ཆེན་ལས་ཁུངས་སོ་སོར་འཆར་འགོད་ཀྱིས་ཟླ་སྒྲིལ་ཡོད་པ་རེད། འོན་ཀྱང་ཐེ་ཝན་གྱི་ཁྲིམས་ལུགས་ལྟར་ན། ཐེ་ཝན་གཞུང་འཛིན་འོག་ཡོད་པའི་ལས་ཁུངས་ཤིག་ཕྱིར་བསྡུ་བྱེད་པར་གྲོས་ཚོགས་ནས་ཐེངས་གཉིས་མང་མོས་ཐོབ་དགོས་པ་དང་། གལ་སྲིད་ལས་ཁུངས་ཤིག་ཕྱིར་བསྡུ་བྱ་དགོས་པ་མ་ཟད། རྩ་ཁྲིམས་ཕུད་པའི་ལས་ཁུངས་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་སོགས་ཕྱིར་བསྡུ་བྱ་དགོས་ན་ངེས་པར་དུ་གྲོས་ཚོགས་ནང་ལ་མང་མོས་ཐེངས་གསུམ་ཐོབ་དགོས་ཀྱི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་ཐེ་ཝན་ནང་གི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཐེ་ཝན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་ Kolas Yotaka ལགས་དང་སྐུ་ཞབས་ Freddy Lim ལགས་གཉིས་ནས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་དང་བཅས་པ་ཕྱིར་བསྡུ་དགོས་པའི་གྲོས་འཆར་རིམ་པ་གསུམ་པ་དེ་བསྣམས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ནང་དངོས་སུ་ཚོགས་ཞུགས་གནང་བའི་འཐུས་མི་གྲངས་ ༩༥ ལས་རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༦༥ དང་། ཁ་གཏད་བྱེད་མཁན་མི་གྲངས་ ༣༠ བཅས་བྱུང་མཐར་ཐེ་ཝན་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ཐོག་ཐེ་ཝན་བོད་སོག་ལས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་རྣམས་དངོས་སུ་ཕྱིར་བསྡུ་དང་ལས་ཁུངས་དེ་སྒོ་བརྒྱག་རྒྱུ་གཏན་འཁེལ་བྱུང་འདུག དེའི་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དགའ་བསུ་དང་བོད་སོག་ལས་ཁུངས་ཟེར་བ་དེ་ནི་ཐེ་ཝན་དང་བོད་མི་རིགས་གཉིས་ཀྱི་དབར་ལ་འཁོན་འཛིན་དང་མཐོང་ཕྱོགས་མི་འདྲ་བ་བཟོ་གཞིའི་གནད་དོན་ཞིག་ཡིན་སྟབས། ད་རེས་ལས་ཁུངས་དེ་དངོས་སུ་སྒོ་བརྒྱབ་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཐེངས་འདིའི་ཐེ་ཝན་གྲོས་ཚོགས་ཀྱི་ཐག་གཅོད་དེ་ཡིས་མ་འོངས་པར་བོད་སོགས་ལས་ཁུངས་དང་འབྲེལ་བའི་གནད་དོན་ཁག་ཁྲིམས་ཐོག་ནས་བསྐྱར་ལོག་བྱེད་རྒྱུ་མེད་པ་བཟོས་པ་མ་ཟད། ལྷག་པར་དུ་བོད་སོགས་ལས་ཁུངས་དེ་ཐོག་མར་གསར་འཛུགས་བྱེད་སྐབས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་སོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལོག་བཤད་བྱེད་བཞིན་པའི་རྣམ་པ་དེ་དག་ཁྲིམས་ཐོག་ནས་མེད་པ་ཆགས་ཡོད་པ་གསུངས་སོང་།

བོད་རིགས་བེུད་གཅིག་ཁེ་ན་ཌའི་ས་གནས་གྲོས་ཚོགས་འཐུས་མིའི་འོས་མིར་མཉམ་ཞུགས་གནང་འདུག

ཁེ་ན་ཌ་ Ontario མངའ་ཁུལ་གྱི་ Parkdale ས་གནས་སུ་གནས་སྡོད་གནང་བཞིན་པ་བོད་རིགས་བེུད་སྐལ་བཟང་སྒྲོལ་མ་ལགས་ཕྱི་ལོ་ ༢༠༡༨ ལོའི་ Ontario མངའ་ཁུལ་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ Parkdale—High Park ས་གནས་ཀྱི་ Liberal ཆབ་སྲིད་ཚོགས་པའི་འོས་མིར་མཉམ་ཞུགས་གནང་འདུག དེ་ཡང་སྐལ་བཟང་སྒྲོལ་མ་ལགས་ཀྱིས་རང་གི་ངོ་དེབ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་ཁག་གི་ཆབ་སྲིད་འགོ་ཁྲིད་ནང་བོད་རིགས་གཞོན་སྐྱེས་མང་ཙམ་བསླེབ་ཐུབ་པ་བྱུང་ཚེ། དེས་བོད་ཀྱི་རྩ་དོན་ལ་ཁྱད་པར་ཆེན་པོ་བཟོ་རྒྱུའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་བཀའ་ཕེབས་པ་ལྟར་དེ་དོན་ངོས་འཛིན་ཞུ་ཐོག་ཁོ་མོ་ད་རེས་ParkdaleHigh ས་གནས་ཀྱི་ Liberal ཆབ་སྲིད་ཚོགས་པའི་འོས་མིར་མཉམ་ཞུགས་གནང་གི་ཡོད་སྟབས། མང་ཚོགས་ནས་ཁོ་མོ་ས་གནས་གྲོས་ཚོགས་འཐུས་མིའི་འོས་མིར་འདེམས་ཐོན་ཡོང་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་པ་མ་ཟད། རིང་མིན་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ Ontario གུ་ཡངས་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ནས་ Parkdale ས་གནས་ནས་བཞེངས་མཁན་འོས་མི་རྣམས་འདེམས་སྒྲུག་གནང་གི་ཡོད་པས་བོད་རིགས་མང་ཚོགས་ནས་དྲ་རྒྱ་བརྒྱུད་ཟླ་བ་འདིའི་ཟླ་མཇུག་སྔོན་ཚོད་ལ་ཁོ་མོར་རྒྱབ་སྐྱོར་རྒྱ་གང་ཆེ་གནང་སྟེ་མཚན་རྟགས་བཀོད་གནང་ཡོང་བར་དགོས་འདུན་བཏོན་གནང་འདུག སྐལ་བཟང་སྒྲོལ་མ་ལགས་ནི་རྒྱ་གར་དུ་འཁྲུངས་ཤིང་ཁུལ་འདི་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་ཁོང་ཁེ་ན་ཌར་ཐོག་མ་འབྱོར་ནས་ཁྱོན་ལོ་ངོ་ ༡༤ རིང་ས་གནས་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན། རིག་གཞུང་། སྐྱབས་བཅོལ། དེ་བཞིན་གསར་འབྱོར་གྱི་གནས་སྟངས་འོག་གནས་སྤོས་གནང་མཁན་ཚོར་རོགས་རམ། གཞན་ཡང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་སོགས་ལས་དོན་མང་དག་ཞིག་གཉེར་དང་གཉེར་མུས་ཡིན་པ་རེད། ཉེ་བའི་ཆར་ཕྱི་ཟླ་ ༩ ནང་དུ་ Parkdale མང་གཙོ་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཕྱི་ལོ་ ༢༠༡༨ ལོའི་མངའ་སྡེའི་འོས་བསྡུའི་ནང་ Parkdale ས་གནས་ནས་བཞེང་མཁན་འོས་མི་བདམ་སྐབས་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་བདམས་ཐོན་བྱུང་ཡོད་པ་དང། སྐབས་དེར་བུ་འཁྲིད་ལགས་ཀྱིས་ཁོང་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཁེ་ན་ཌ་ནང་དུ་རང་གི་ནང་མི་ལྷན་རྒྱས་ཐོག་མར་འབྱོར་སྐབས་ཁུལ་དེའི་ནང་བོད་ཆས་སྤྲས་པའི་བོད་མི་དང། གཞན་མི་རིགས་མང་དག་ཞིག་མཉམ་གནས་བྱས་པ་མཐོང་སྐབས་ས་གནས་འདིར་བློ་ཐག་ཉེ་བའི་ཚོར་བ་ཞིག་བྱུང་བ་མ་ཟད། དེའང་ཁོང་རང་ཉིད་ལྟ་བུར་ཆ་མཚོན་ན་བཙན་བྱོལ་ནང་དུ་ལྷུང་བའི་བོད་མི་མི་རབས་གསུམ་པ་ཞིག་ཡིན་པའི་ཆ་ནས་ཚོར་བ་དེ་དམིགས་བསལ་ཤུགས་ཆེ་བ་ཡོད་སྐོར་གསུངས་ཡོད་པ་རེད། གཞི་རྩའི་ Parkdale ས་གནས་དེ་འཛམ་གླིང་ཡུལ་གྲུ་གཞན་ནས་ཁེ་ན་ཌར་སྐྱབས་བཅོལ་ཞུ་བར་ཕེབས་མཁན་རྣམས་ཀྱི་བཞུགས་གནས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ས་གནས་དེར་རྒྱ་བལ་འབྲུག་གསུམ་གྱི་རྗེས་སུ་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་པ་རེད་འདུག

ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ།

བཞུགས་སྒར་དུ་དྭང་བླངས་བོད་མི་ཁག་ཅིག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་གཤམ་དུ་ཆགས་པའི་བསིལ་སྤོལ་རྩེད་ཐང་དུ་བོད་མི་ ༡༠༠ མ་ཟིན་ཙམ་ཞིག་འདུ་འཛོམས་ཀྱིས་ཨ་རི་དོན་གཅོད་འཕོ་འགྱུར་གནང་བའི་གནད་དོན་དང་འབྲེལ། རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་དོན་རྐྱེན་གང་ཡིན་གང་མགྱོགས་ཐག་གཅོད་བྱེད་དགོས་པ་དང་དབང་ཆ་བེད་སྤྱོད་ལོག་པ་གཏང་རྒྱུ་མེད་པ། མི་མང་གི་མངོན་འདོད་སྣང་མེད་གཏང་མི་ཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ། དྲང་ལྡན་ལ་རྒྱབ་སྐྱོར་དེ་བཞིན་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་སོགས་ཀྱི་འཕྲེད་དར་འཕྱར་ནས་བོད་མིའི་སྒྲིག་འཛུགས་ལ་ཞུ་འབོད་ཀྱི་ལས་འགུལ་སྤེལ་སོང་། ལས་འགུལ་དེའི་བརྒྱུད་ཁོང་རྣམས་ནས་འཛིན་སྐྱོང་བཀའ་ཤག་ལ་དོན་ཚན་གཉིས་ཅན་གྱི་ཕྱག་བྲིས་ཤིག་ཕུལ་འདུག་པའི་ནང་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དང་། དེ་རྗེས་ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཁྲིམས་སྒྲིག་གི་ཆ་རྐྱེན་ཁག་འགྲེལ་བརྗོད་གནང་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གང་གི་འོག་ནས་ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དེ་བཞིན་དུ་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་ཐོག་ནས་གནང་ཡོད་པ་ཞིག་ཡིན་ཞེས་གསུངས་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༡༨ ཉིན་བཀའ་ཤག་གི་དོན་ཚན་བཅུ་ཅན་གྱི་གསལ་བཤད་གནང་བ་སོགས་ལུང་འདྲེན་དང་སྦྲགས། བཀའ་ཤག་གིས་ཨ་རིའི་དོན་གཅོད་ལས་འགན་མཚམས་འཇོག་གི་ཐག་གཅོད་དེ་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པ་གཞིར་བཟུང་ལག་བསྟར་གནང་བ་ཡིན་ཞེས་གསུངས་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་པ་འཆང་བ་ཞིག་ཡིན་པ་དང་། བཅའ་ཁྲིམས་ནང་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དང་བརྒྱུད་རིམ་གཏན་ནས་མེད་བཞིན་དུ་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་ཐོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཚེ། བཅའ་ཁྲིམས་རིན་པོ་ཆེར་འགྲེལ་ལོག་གནང་པ་ཞིག་ཡིན་པ་དང་། དོན་གཅོད་ལས་ཐོག་པ་དེ་ཉིད་བླང་དོར་སྒྲིག་གཞི་དང་འགལ་བའི་ཆ་ནས་ལས་འགན་ཕྱིར་བསྡུ་གནང་བ་ཡིན་གསུངས་ན། འགལ་བའི་ཆ་དེ་བླང་དོར་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་ཕེབས་དགོས་པ་ལས་སྒྲིག་གཞི་དང་མ་མཐུན་པའི་སྒོ་ནས་ཐག་གཅོད་གནང་བ་དེ་བརྒྱུད་རིམ་ཁྲིམས་མཐུན་ཆགས་ཀྱི་མེད་སྟབས་བཀའ་ཤག་ནས་འདིའི་ཐོག་དགོངས་པ་གཟབ་བཞེས་གནང་དགོས་གལ་ཡིན་པའི་བོད་སྐུལ་ཞུས་གནང་འདུག སྐབས་དེར་ལས་འགུལ་བའི་ཁོངས་སུ་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པའི་ལས་བྱེད་སྒྲོལ་མ་འབུམ་ལགས་ཀྱིས་ཁོང་གཙོས་པའི་རྡ་རམ་ས་ལ་དང་བལ་ཡུལ དེ་བཞིན་ལྡི་ལི་དང་ལྷོ་ཕྱོགས་སོགས་ནས་བོད་མི་ ༡༠༠ མ་ཟིན་ཙམ་ཞིག་དེར་སླེབས་ཡོད་པ་དང། ཁོང་རྣམས་ནས་ད་རེས་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་བའི་གནད་དོན་ཐད་དབུས་བོད་མིའི་སྒྲིགས་འཛུགས་ནས་དྲང་ལྡན་གནང་མེད་པ་ལྟར་ཐག་གཅོད་དེར་ངོས་ལེན་གནང་ཐུབ་ཐབས་མེད་སྟབས། འཛིན་སྐྱོང་ནས་གནད་དོན་ཐད་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་གནང་བ་ཞིག་ཡིན་པ་དང་། ལས་འགུལ་བ་དེ་དག་རང་མོས་ཐོག་ནས་ཡོང་བ་ཆགས་ཡོད་པ་གསུངས་སོང་། དེ་སྔོན་ལས་འགུལ་བ་རྣམས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཉེ་འགྲམ་དུ་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཞུས་ཡོད་པ་བཞིན་བདེ་སྲུང་ལས་ཁུངས་ཀྱིས་ཁོང་རྣམས་ལ་གངས་སྐྱིད་བསིལ་སྤོལ་རྩེད་ཐང་དུ་སྤེལ་རྒྱུར་ཆོག་མཆན་གནང་པ་ལྟར་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ པ་ནས་ཕྱི་དྲོ་ཕྱག་ཚོད་ ༥ བར་ལས་འགུལ་སྤེལ་གནང་ཡོད་པ་རེད་འདུག དེ་རྗེས་གསར་འགོད་པ་རྣམས་ད་རེས་ཀྱི་ལས་འགུལ་དེའི་ཐོག་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལན་འདེབས་གང་གནང་མིན་སྐོར་བཀའ་འདྲི་ཞུས་པར་བཀའ་ཤག་གི་དྲུང་འཕར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་རྩ་བའི་ང་ཚོའི་མང་གཙོའི་འགྲོ་ལུགས་འོག་མི་མང་ལ་ལས་འགུལ་སྤེལ་ཆོག་རྒྱུའི་རང་དབང་ཡོད་པ་བཞིན་དེ་ལྟར་གནང་གི་ཡོད་པར་གང་ཡང་ཞུ་རྒྱུ་མེད་ཅེས་དང་། ལས་འགུལ་བའི་དགོས་འདུན་དང་ཕྱག་བྲིས་གནང་ཁག་སང་ཉིན་བཀའ་ཤག་ལྷན་རྒྱས་ཐོག་སྤྱན་འབུལ་ཞུ་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བ་དང་། དེ་རྗེས་ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ད་ལྟའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཞིན་ཚུལ་མཐུན་ཡོང་གི་མེད་པ་དང་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་མཚོན་རྟགས་མང་པོ་བསྟན་པར་བརྟེན་ཐག་གཅོད་འདི་ལྟར་བྱེད་དགོས་བྱུང་ཞེས་གསལ་བཤད་གནང་ཡོད་པ་རེད། འོན་ཀྱང་མང་ཚོགས་ཁྲོད་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནད་དོན་དེའི་ཐོག་གསལ་བཤད་ཞིབ་ཕྲ་དགོས་པ་སོགས་ཀྱི་ལབ་གླེང་མང་དག་ཞིག་མུ་མཐུད་ཡོང་བཞིན་པ་དང་འབྲེལ། ཚེས་ ༡༨ ཉིན་བཀའ་ཤག་གི་ངོས་ནས་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཞིག་འདོན་སྤེལ་གནང་ཡོད་པའི་ནང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་སྒྲུབ་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་རྒྱུ་མཚན་གཙོ་བོ་གསུམ་གྱི་ཐོག་ནས་གསལ་བཤད་གནང་ཡོད་པ་རེད། དེའི་བར་ན་ཉེ་ཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ Canada ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ནང་སྲིད་བཀའ་བློན་མཆོག་དང་ཤེས་རིག་བཀའ་བློན་མཆོག་གི་ལྷན་དུ་ Toronto བོད་མི་རྣམས་ལ་གསུང་བཤད་གནང་སྐབས་བོད་མི་ཉུང་ཤས་ཤིག་ནས་ཁོང་ལ་ཨ་རིའི་སྐུ་ཚན་དོན་གཅོད་ཀྱི་གནད་དོན་ཐོག་དྲང་ལྡན་དགོས་པ་སོགས་ཀྱི་ཡིག་འཁོད་འཕྲེད་དར་འཕྱར་ནས་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཉེ་ཆར་ཨ་རིའི་གྲོང་ཁྱེར་ New York ནང་དུའང་བོད་མི་ཁག་ཅིག་འདུ་འཛོམས་ཀྱིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཨ་རི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་འདོད་བློ་ཁེངས་པའི་གསལ་བཤད་ཞིག་ད་དུང་ཡང་བྱུང་གནང་མེད་སྟབས། གསལ་བཤད་ཁ་གསལ་དང་དྲང་ལྡན་གྱི་ཐོག་ནས་ཐག་གཅོད་གནང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། དོ་བདག་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་ད་བར་འགྲེལ་བརྗོད་གནང་བའི་ནང་ཁོང་ནས་དོན་གཅོད་འཕོ་འགྱུར་ཐོག་འཛིན་སྐྱོང་གྱི་ཐག་གཅོད་གནང་བར་ངོས་ལེན་གནང་ཡོད་པ་དེ་ལྟར་ཡང། ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་ཞུ་གྱི་མེད་པ་དང། དེའང་རིང་མིན་དོན་གཅོད་ཀྱི་ལས་འགན་མཚམས་འཇོག་གནང་བའི་རྗེས་སུ་གསལ་བཤད་ཞིབ་ཕྲ་གནང་རྒྱུ་ཡོད་པ་གསུངས་ཡོད་པ་རེད།

བཞུགས་སྒར་དུ་དང་བླངས་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཚོགས་པ།

དེ་རིང་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་བཞུགས་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་མཐོ་སློབ་དང་། བདེ་ལེགས་སྨ་ཁང་། དེ་བཞིན་དྷ་ཤོད་ཊན་ཌ་སྨན་ཁང་གསུམ་ཟུང་འབྲེལ་གྱིས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཏུ་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཞིག་ཚོགས་སོང་། ལས་རིམ་ཀྱི་ཐོག་མར་ཆེད་བཅར་གནང་བའི་ཧི་མཱ་ཅལ་མངའ་སྡེའི་ཁྲག་ཞལ་འདེབས་ལྷན་ཁང་གི་ཚོགས་མི་དང་རྡ་ཤོད་ཊན་ཌ་སྨན་ཁང་གི་ཁྲག་སྨན་པ་ལྕམ་སྐུ་ Anjili Chavan ལགས་ནས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་མ་དང་ཟུངས་ཁྲག་ཞལ་འདེབས་གནང་བར་ཡོང་མཁན་ས་གནས་བོད་མི་རྣམས་ལ་ཟུངས་ཁྲག་གི་གལ་གནད་དང་། ལྷག་དོན་སྨན་པ་དང་ཚན་རིག་མཁས་པ་མང་པོས་མིའི་ཟུངས་ཁྲག་ཐོག་དཔྱད་ཞིབ་གནང་སྐབས་དེ་ནི་མིའི་གཟུགས་པོའི་ནང་ནས་ཐོན་པའི་ཆེས་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། རྩ་བའི་ཟུངས་ཁྲག་ཞེས་པ་དེ་མིའི་སྤྱི་ཚོགས་ནང་འབེལ་པོ་ཞེ་དྲག་ཡོད་ཀྱང་ལོ་ལྟར་མི་མང་པོ་ཞིག་ཟུངས་ཁྲག་དང་འབྲེལ་བའི་ནད་གཞིའི་འོག་འདས་གྲོངས་སུ་འགྱུར་བའི་གནས་སྟངས་འཕྲད་མུས་ཡིན་པ་རེད། མིའི་སྤྱི་ཚོགས་ཁྲོད་དུ་ཟུངས་ཁྲག་ཞལ་འདེབས་གནང་རྒྱུ་དང་དེའི་གོ་རྟོགས་དམན་པས་ངལ་བ་དེ་ལྟར་འཕྲད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཐེངས་དང་པོ་དེ་སྔར་ལོ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་མཐོ་སློབ་ཏུ་གནང་ཡོད་པ་དང་། དེའི་དགོས་དམིགས་ནི་དྷ་ཤོས་རྒྱ་གར་གཞུང་གི་ཊན་ཌ་སྨན་ཁང་དུ་སྨན་བཅོས་ཆེད་དགོས་ངེས་ནད་པ་རྣམས་གཤག་བཅོས་རིགས་གནང་སྐབས་ཟུངས་ཁྲག་འདང་ངེས་མེད་པ་ཚོར་བེད་སྤྱོད་གནང་རྒྱུ་རེད་འདུག

བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཏུ་སླར་གསོ་ཐུབ་ཚེ་རྒྱ་གར་ལ་ཁེ་ཕན་ཆེ་བ་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཕྱི་ཚེས་༡༩ཉིན་Canadaའི་Halifax རྒྱལ་སྤྱིའི་གླེང་སྟེགས་ཐེངས་དགུ་པའི་སྟེང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པའི་ཁྲོད། བོད་དེ་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་སླར་གསོ་བྱུང་ཚེ་དེས་རྒྱ་གར་ལ་ཁེ་ཕན་ཆེ་བ་གཟིགས་ཀྱི་ཡོད་པ་གསུངས་འདུག རྩ་བའི་ Canada, Halifaxགྲོང་ཁྱེར་ནང་ཚོགས་པའི་ Halifax International Security forum ཞེས་པའི་གླེང་སྟེགས་དེ་ནི་གོ་ལའི ་བདེ་འཇགས་དང་བརྟན་ལྷིང་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་ནུས་པ་ཇེ་མཐོར་སྤེལ་རྒྱུར་དམིགས་པས་ཆེ་མཐོང་དང་གདེང་འཇོག་ཆེན་པོ་ཡོད་པའི་གླེང་སྟེགས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་དེ་བཞིན་Canadaའི་བདེ་སྲུང་བློན་ཆེན་སྐུ་ཞབས་ Harjit Sajjan མཆོག་གིས་སྣེ་ཁྲིད་འོག་Canada གཞུང་གི་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཚོགས་འདུ་སྐབས་འཛམ་གླིང་རྒྱལ་ཁབ་༨༠ནས་གཞུང་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་དང་མཁས་པ་༣༠༠ལྷག་བཅར་ཡོད་པ་རེད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པའི་ཁྲོད་བོད་འདི་ནི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ཆུ་འགོ་དང་རྒྱ་གར་དང་ཀི་ལོ་མི་ཊར་༣༥༠༠ཙམ་གྱི་ས་མཚམས་ས་འབྲེལ་ཆགས་ཀྱི་ཡོད་པ་སོགས་བོད་ནི་རྒྱ་དཀར་ནག་གཉིས་དབར་ལ་གནད་དོན་གཙོ་བོ་ཆེ་ཤོས་གཅིག་དང་། ཇི་སྲིད་བོད་ཀྱི་གནད་དོན་དེ་མ་སེལ་བར་དུ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་དེ་གཉིས་པོའི་བརྟན་ལྷིང་ལ་འགོག་རྐྱེན་དང་དྭངངས་འཚབ་ཀྱི་ཁོར་ཡུག་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་རྒྱ་གར་དང་བོད་གཉིས་ས་འབྲེལ་དང་ས་མཚམས་ཆགས་ཡོད་པ་མ་གཏོགས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ནམ་ཡང་ས་མཚམས་ཆགས་མེད་རེད་ཅེས་གསུངས་གནང་སྟེ། བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་སླར་གསོ་ཐུབ་ཚེ་རྒྱ་གར་ལ་ཁེ་ཕན་ཆེ་བ་ཡོད་སྐོར་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་གིས་གོ་ལ་སྤྱིའིི་གནམ་གཤིས་འགྱུར་ལྡོག་ཁྱད་པར་ཡོང་གི་ཡོད་སྟབས་བོད་ནང་གཏེར་ཁ་བསྔོག་འདོན་སོགས་མཚམས་འཇོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་པ་བཅས་སོགས་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་རེས་Denmark དང་Norway Swedenདང་དབྱིན་ཡུལ། དེ་བཞིན་ canada བཅས་རྒྱལ་ཁབ་ལྔ་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། canadaའི་Halifax རྒྱལ་སྤྱིའི་གླེང་སྟེགས་ཐོག་ཕེབས་པ་ཐེངས་བཞི་པ་ཆགས་ཀྱི་འདུག དུས་མཚུངས་ཁ་སང་སྲིད་སྐྱོང་བློ་བཟང་བཟང་སེང་གེ་མཆོག་གིས་དབུ་བཞུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལྷན་བཞུགས་ Canada’འི་གྲོང་ཁྱེར་Toronto ནང་དུ་ས་གནས་བོད་རིགས་ཚོར་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། ས་གནས་བོད་མི་ཞིག་གིས་ཉེ་ཆར་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་ལས་དོན་ཚན་བརྒྱད་པ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་ལ་དྲི་བ་ཕུལ་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནད་དོན་ངོ་མ་གང་ཡིན་གསལ་བཤད་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་ནས་ད་རེས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐོག་ནས་མང་ཚོགས་ཁྲོད་ཁག་ཅིག་གིས་ཐག་གཅོད་འདི་ནི་སྲིད་སྐྱོང་མཆོག་གིས་དེ་སྔའི་འོས་བསྡུའི་སྐབས་ཀྱི་དགྲ་ལེན་དང་དགའ་མིན་དགའ་མདོག་སོགས་རེད་ཅེས་གསུངས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་འོས་བསྡུའི་རྗེས་སུ་ཁོང་གིས་སུ་གཅིག་ལ་བཀའ་མོལ་མ་ཞུས་པར་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་Brussels དོན་གཅོད་དང་དེའི་རྗེས་སུ་ཨ་རིའི་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་སོགས་དགོངས་པ་ཆེ་བཞེས་གནང་པ་ལས་ཚོགས་གཙོ་ཟུར་པ་མཆོག་ལ་འཁོན་ལེན་དང་དགྲ་ལེན་རྩ་བ་ནས་གནང་མེད་པ་སྒྲུབ་བྱེད་ཁ་གསལ་གསུངས་འདུག ད་དུང་སྐབས་དེར་སྲིད་སྐྱོང་མཆོག་གིས་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་དེ་ལྟར་གནང་རུང་ཁོང་གིས་བེུད་བཀའ་བློན་གཅིག་ལ་ད་ལྟའི་དོན་གཅོད་ལས་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱེད་ན་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཀྱི་ཀུན་སློང་དེ་ལྟར་བཅངས་ཡོད་པ་སོགས་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་ལས་གཙོ་གནད་ཁག་ཅིག་སྐོར་ལ་གསལ་བཤད་ཞིབ་གསལ་བཅས་གནང་འདུག

བཀའ་ཤག་གི་གསལ་བཤད་དེ་དག་ཡང་དག་ཡིན་མིན་རིམ་པས་ཁ་གསལ་ཆགས་ཀྱི་རེད་ཅེས་གསུངས་སོང་།

འཛིན་སྐྱོང་བཀའ་ཤག་ནས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་བརྒྱུད་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་སྒྲུབ་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་དོན་ཚན་བཅུའི་ཐོག་ནས་གསལ་བཤད་གནང་འདུག་ཀྱང་། དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་འཛིན་སྐྱོང་གི་གསལ་བཤད་དེ་དག་ཡང་དག་པ་ཡིན་མིན་རིམ་པས་ཁ་གསལ་ཆགས་ཀྱི་རེད་ཅེས་གསུངས་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་ནས་ཟླ་བ་འདིའི་ཕྱི་ཚེས་༧ཉིན་བྱང་རིའི་སྐུ་ཚབ་དོན་འཕོ་འགྱུར་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། མང་ཚོགས་ཁྲོད་འགྱུར་བ་དེ་ལྟར་གནང་དགོས་དོན་དང་ལྷག་པར་གནད་དོན་གཙོ་བོ་ཇི་ཡིན་སོགས་ཀྱི་སྐོར་ལ་དོགས་པ་རྣམ་རྟོག་མང་དག་ཡོད་མུས་དང་འབྲེལ། འཛིན་སྐྱོང་གིས་གསལ་བཤད་ནང་དོན་གཅོད་སྤེན་པ་ཚེ་རིང་མཆོག་སྔ་ལོའི་ཕྱི་ཟླ་༧པ་ནས་ཨ་རིའི་དོན་གཅོད་དུ་བསྐོ་གཞག་གནང་པའི་རྗེས་ཁོང་གིས་སྐུ་ཚབ་གཅོད་ཅིག་ལ་བབས་པའི་རྒྱུན་ལྡན་ལས་འགན་ཞུ་སྒོ་ཁག་མ་སྒྲུབ་པ་མ་ཟད། ད་དུང་བྱ་སྤུ་གནོན་གྱི་གོ་རིམ་ལ་བརྩི་བཀུར་མ་ཞུས་པར་གོམ་རིམ་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལ་དགོངས་སྐོར་མ་ཞུས་པར་ཐག་གཅོད་དང་གསལ་བསྒྲགས་སྤེལ་ཡོད་པ་དེ་ལྟར་ཡང་། སྔ་ལོའི་ཕྱི་ཟླ་༨པའི་ནང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཐེངས་དང་པོ་མཇལ་འཕྲད་གནང་པ་མཚོན་ས་གནས་ཀྱི་གལ་འགངས་ཆེ་བའི་གནས་ཚུལ་ཁག་སྙན་སེང་ཞུས་མེད་པ་དང་། དེ་བཞིན་གོང་རིམ་ལ་དགོངས་སྐོར་མ་ཞུས་པའི་ཐོག་ནས་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ནིའུ་ཡོག་ཏུ་ཨ་རིའི་དོན་གཅོད་ཀྱི་འབྲེལ་མཐུད་པ་གཅིག་ལྕོགས་སུ་བསྐོ་འཛུགས་གནང་རྒྱུའི་སྐོར་གསུངས་ཡོད་སྐོར་བཀོད་འདུག་པ་དང་། སྐབས་དེ་དུས་འཛིན་སྐྱོང་ནས་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་བླང་དོར་བརྡ་སྟོན་གྱི་བཀོད་ཁྱབ་དང་པོ་དེ་གནང་འདུག ད་དུང་མུ་མཐུད་གསལ་བཤད་གནང་པར་དོན་གཅོད་ལས་ཐོག་ནས་འཛིན་སྐྱོང་གི་བཀོད་མངགས་ལྟར་སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུས་པའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཕྱི་འབྲེལ་ཚོགས་ཆུང་སོགས་གཞུང་གི་གནད་ཡོད་མི་སྣ་དང་མཇལ་འཕྲད་བྱུང་ཐུབ་མེད་པ་མ་ཟད། གཞན་ཡང་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་ཆ་ཚང་སྒོ་བརྒྱབ་དགོས་འཁེལ་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གཞུང་ལ་རོགས་དངུལ་ཐོབ་ཐབས་འབད་བརྩོན་གནང་བཞིན་པ་ཁག་ལ་མཇུག་འདེད་འགན་འཁུར་མ་བཞེས་པར་དེ་ནི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མིན་ལུགས་སོགས་སྐུ་ཚབ་དོན་གཅོད་ཀྱིས་ལས་དོན་སྒྲུབ་ཐུབ་མེད་པའི་གནད་དོན་ཁག་ཅིག་གསུངས་འདུག ལྷག་པར་དུ་གསལ་བཤད་དོན་ཚན་༤པར་སྐུ་ཚབ་དོན་གཅོད་ནས་འདི་ལོའི་ཕྱི་ཟླ་༤པའི་ནང་ཨ་རིའི་Florida གྲོང་ཁྱེར་ནང་སྲིད་འཛིན་ Trump དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་མཇལ་འཕྲད་ཀྱི་དུས་སྐབས་སུ་དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་ནས་ཞི་ཅིང་ཕིང་ལ་དགའ་བསུའི་ལས་འགུལ་སྤེལ་ཡོད་པའི་སྐོར་དང་འབྲེལ་བཀའ་ཤག་ལ་ཐུགས་འཚབ་བྱུང་ཡོད་ནའང་། འཛིན་སྐྱོང་ལ་འབྲེལ་ཡོད་དོན་གཅོད་ནས་སྙན་སེང་གང་ཡང་མ་བྱུང་བར་བརྒྱུད་ལམ་གཞན་ཞིག་གི་ཐོག་ནས་མཁྱེན་རྟོགས་བྱུང་ཡོད་སྟབས་དེ་འབྲེལ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱི་ལྷོད་ཡངས་ཐད་ལ་དྲི་རྩད་དང་བརྡ་སྟོན་བཀོད་ཁྱབ་གཉིས་པ་ཞིག་ཕྱི་དྲིལ་ལས་ཁུངས་ནས་གནང་ཡོད་ཅེས་གསུངས་འདུག འཛིན་སྐྱོང་བཀའ་ཤག་ནས་གསལ་བཤད་དོན་ཚན་བཅུ་ཅན་ཞིག་སྤེལ་བའི་ཁྲོད་གནད་དོན་གཙོ་བོ་གཅིག་ནི་འདི་ལོའི་ཕྱི་ཟླ་༧པའི་ནང་བཏང་པའི་ཉེན་བརྡ་མཐའ་མ་དེ་ཆགས་ཀྱི་འདུག་པ་དེ་ལྟར་ཡང་། སྔ་ལོའི་ཕྱི་ཟླ་༩པའི་ནང་Belgium ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་ལ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་རྒྱལ་ལ་ DC ཡོད་པའི་དོན་གཅོད་ཀྱི་ཁང་པའི་རིན་བབས་སུ་སྤྲད་འདུག་པ་དེ་བུ་ལོན་ཡིན་མིན་སྲིད་སྐྱོང་མཆོག་ལ་དྲི་བ་ཞུས་སྐབས། སྲིད་སྐྱོང་མཆོག་གིས་དེ་ནི་ཨ་རི་ཐེབས་རྩ་ཁང་གི་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་རུང་། དེར་དོན་གཅོད་སྤེན་པ་ཆེ་རིང་ལགས་ནས་ཡིད་ཆེས་ཆ་འཇོག་གཏན་ནས་མེད་པར། དེ་ནི་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ལ་བུ་ལོན་སྤྲོད་བསྡད་ཡིན་པ་བཏོན་དགོས་པ་རྩིས་ཞིབ་པར་ནན་བརྗོད་ཀྱིས་བཀའ་ཤག་ལ་ཡིད་ཆེས་མེད་པའི་རྣམ་པ་བསྟན་ཡོད་པ་བཅས་སོགས་གོང་ཞུས་གནད་དོན་མང་དག་ཅིག་ལ་བརྟེན་ནས་མཐའ་མའི་ཐག་གཅོད་དེ་འདྲ་ཞིག་གནང་དགོས་འཁེལ་ཡོད་པ་ཞིབ་གསལ་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་དེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལ་བཀའ་ཤག་གིས་གསལ་བཤད་དེའི་སྐོར་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་ད་ལྟ་ལས་བྱེད་བླང་དོར་གྱི་སྒྲིག་གཞི་འོག་ཡོད་སྟབས། དོན་གཅོད་ཀྱི་ལས་ཡུན་མ་ཚར་བར་དུ་དེ་རིང་འཛིན་སྐྱོང་གི་གསལ་བཤད་དང་འབྲེལ་བའི་ཐོག་ལ་གང་ཡང་གསུངས་རྒྱུ་མིན། འོན་ཀྱང་ཁོང་ལ་ནོར་འཁྲུལ་གང་ཡང་མེད་པ་དང་ཁོང་གིས་རྒྱལ་ཁབ་ལ་གནོད་གཞི་དང་༸གོང་ས་མཆོག་གི་༸སྐུ་ཕྱྭར་འཐུས་ཤོར་དང་། དེ་བཞིན་རྩ་དོན་ལ་འཐུས་ཤོར་གང་ཡང་བཏང་མེད་སྟབས། ཟླ་བ་འདིའི་ཕྱི་ཚེས་༣༠རྗེས་སུ་བཀའ་ཤག་གི་གསལ་བཤད་བཅུ་པོ་དེ་ཡང་དག་པ་ཡིན་མིན་ཁུངས་བསྐྱེལ་ཡིག་ཆ་དང་བཅས་ཏེ་ལན་འདེབས་གནང་རྒྱུ་ཡིན་པ་གསུངས་སོང་བ་མ་ཟད། སྒོས་སུ་ཁོང་གིས་འཛིན་སྐྱོང་གིས་ལས་མཚམས་འཇོག་དགོས་སྐོར་གསུངས་པའི་སྐུ་དབང་ལ་ངོས་ལེན་ཞུས་པ་མ་གཏོགས་ཁོང་ལ་དཀྲི་བའི་སྐྱོན་བརྗོད་ལ་ངོས་ལེན་རྩ་བ་ནས་གནང་མེད་ཅེས་གསུངས་སོང་།

རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་འདུག

ཟླ་བ་འདིའི་ཚེས་ ༦ ནས་ཡུ་རོབ་ཇར་མ་ནི་གྲོང་ཁྱེར་ Bonn ནང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ པ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་དང་། དེའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༩༧ གྱི་སྐུ་ཚབ་འཐུས་མི་དང་།  རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད། ད་ལན་གྱི་ལྷན་ཚོགས་ཐོག་བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་ནས་མཉམ་ཞུགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་གནད་ཆེ་ཆགས་ཡོད་པ་དང་འདི་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་པར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་ཐེབས་སོགས་ཀྱི་སྐོར་ལ་དངོས་ཡོད་སྟངས་གང་ཡིན་གསལ་བཏོན་གནང་འདུག་པ་མ་ཟད། ལྷག་དོན་ཁོར་ཡུག་ཚོགས་ཆེན་ཐོག་ལ་ཆེད་ཕེབས་གནང་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཁོར་ཡུག་ལས་བྱེད་པ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་སྟེ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་འདུག

Latest news