Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་འདུག

ཟླ་བ་འདིའི་ཚེས་ ༦ ནས་ཡུ་རོབ་ཇར་མ་ནི་གྲོང་ཁྱེར་ Bonn ནང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ པ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་དང་། དེའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༩༧ གྱི་སྐུ་ཚབ་འཐུས་མི་དང་།  རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད། ད་ལན་གྱི་ལྷན་ཚོགས་ཐོག་བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་ནས་མཉམ་ཞུགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་གནད་ཆེ་ཆགས་ཡོད་པ་དང་འདི་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་པར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་ཐེབས་སོགས་ཀྱི་སྐོར་ལ་དངོས་ཡོད་སྟངས་གང་ཡིན་གསལ་བཏོན་གནང་འདུག་པ་མ་ཟད། ལྷག་དོན་ཁོར་ཡུག་ཚོགས་ཆེན་ཐོག་ལ་ཆེད་ཕེབས་གནང་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཁོར་ཡུག་ལས་བྱེད་པ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་སྟེ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་འདུག

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུ་རོབ་ Scandinavia རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་སྐོར་བསྐྱོད་མཇུག་སྒྲིལ་དང་བསྟུན། ཁ་སང་སུ་ཝི་ཌེན་ནང་ཉིན་མཐའ་མའི་མཛད་རིམ་ཁྲོད་ Sweden Tibet Committee འམ་ཡུལ་དེའི་བོད་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༥༠ ཁོར་བའི་མཛད་སྒོར་དབུ་བཞུགས་གནང་འདུག་པ་དང། དེ་རྗེས་བོད་རིག་མང་ཚོགས་རྣམས་ལ་གསུང་བཤད་ཀྱང་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འདས་པའི་ལོ་ ༥༠ རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། མ་འོངས་པར་ལོ་ ༡༠༠ འཁོར་བའི་དུས་དྲན་དེ་བོད་ཀྱི་རྒྱལ་ས་ལྷ་སར་སྲུང་བརྩི་གནང་རྒྱུར་རེ་སྨོན་ཡོད་པ་གསུངས་འདུག་པ་དང་། དེ་རྗེས་ཡུལ་དེར་གནས་སྡོད་བོད་མི་རྣམས་ལ་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཡིག་དང་བོད་སྐད་ཐོག་སློབ་སྦྱོང་སྤྲོད་གལ་ཡིན་པ་སོགས་གསུངས་འདུག སྲིད་སྐྱོང་མཆོག་གིས་ཚེས་ ༡༤ ཉིན་སྔ་ལོ་གསར་འཛུགས་གནང་བའི་ Sweden གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གདན་ཞུ་ཐོག་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་དོན་ངོ་སྤྲོད་གནང་པ་དང། གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཉམ་དུ་དགོང་ཚིགས་ལྷན་བཞེས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་ཁྲོད་སུ་ཝི་ཌེན་གཞུང་ནས་རྒྱ་ནག་གི་གནད་དོན་ཞིབ་ཕྲ་རྟོགས་དགོས་སྟབས། དེ་ལྟར་རྟོགས་པར་དང་ཐོག་བོད་ཀྱི་གནད་དོན་དེ་གང་ཡིན་ལེགས་པོ་ཤེས་དགོས་ངེས་ཡིན་པ་སོགས་གསུངས་འདུག རྩ་བའི་སྲིད་སྐྱོང་མཆོག་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཐོག་མར་ཡུ་རོབ་ Scandinavia རྒྱལ་ཁབ་ Denmark རྒྱལ་ས་ Copenhagen དང་ནོར་ཝེ་རྒྱལ་ས་ Oslo དེ་རྗེས་ Sweden བཅས་རྒྱལ་ཁབ་གསུམ་གྱི་ནང་སྐོར་བསྐྱོད་གནང་པའི་ཁྲོད་ཡུལ་དེ་དག་གི་གཞུང་འབྲེལ་མི་སྣ་དང། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་གནང་པ་དང་། རྒྱལ་ཁབ་དེ་དག་ནས་རྒྱ་ནག་ལྷན་དུ་འབྲེལ་མོལ་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ནས་བོད་ཀྱི་གནད་དོན་དང་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གླེང་སློང་གནང་དགོས་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་ནས་ཡུ་རོབ་རྒྱལ་ཁབ་གསུམ་པ་དེ་དག་སོ་སོའི་ནང་དུ་ས་གནས་བོད་རིག་མང་ཚོགས་རྣམས་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྲིད་སྐྱོང་མཆོག་གིས་ Denmark རྒྱལ་ཁབ་ནས་རྒྱ་ནག་ལྷན་དུ་འབྲེལ་མོལ་གནང་ཕྱོགས་དང་འབྲེལ་བའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་སྐོར་བཀོད་འདུག་པ་དེའི་ནང་། ཌེན་མག་དེ་ Nordic རྒྱལ་ཁབ་གཞན་ལྟར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གཙོ་བོར་འཛིན་མཁན་གྱི་རྒྱལ་ཁབ་ཁྱད་པར་ཅན་ཞིག་ཡིན་པ་དེ་ལྟར་ཡང། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ Nordic རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱ་ནག་ལྷན་དུ་ཚོང་འབྲེལ་གྱི་ཐབས་བྱུས་འབྲེལ་ལམ་གྱི་གྱན་རྒྱ་བཞག་མཁན་ཐོག་མ་དེ་ཡིན་པ་དང། དེའི་ཁྲོད་ཌེན་མག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ངོས་ལེན་དང་རྒྱབ་སྐྱོར་གནང་ཐོག་ཡུལ་དེར་རྒྱ་ནག་གི་དཔོན་རིགས་ཡོང་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུར་དམ་དྲག་བྱས་པ་མ་ཟད་ཕྱི་ལོ་  ༢༠༡༢ ལོར་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གི་རྒྱ་ནག་གི་འགོ་ཁྲིད་ལ་ཞི་རྒོལ་གནང་སྐབས་རྒྱ་ནག་ལ་ཐད་ཀར་གདོང་ཐུག་གི་རྣམ་འགྱུར་མཚོན་སྐོར་བཤད་ནས་ལས་འགུལ་བ་དེ་དག་འཛིན་བཟུང་བྱས་ཡོད་པ་ལུང་འདྲེན་དང་སྦྲགས། ཌེན་མག་གཞུང་གིས་བོད་དོན་ལ་ལྟ་ཕྱོགས་དེ་གཏང་བའི་དུས་ལ་སླེབས་ཡོད་པ་དང་། ཨ་རིའི་གཞུང་གི་ངོས་ནས་ད་བར་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་ཞུས་པ་དང་དུས་མཉམ་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་ལྷན་དུ་འབྲེལ་བ་གནང་མུས་ལྟར་དེ་གཞུང་ནས་ཀྱང་དེ་ལྟར་གནང་རྒྱུར་རེ་འདུན་ཞུས་འདུག དེ་བཞིན་ Denmark ནས་དེ་སྔོན་བོད་རྒྱ་འབྲེལ་མོལ་དགོས་པའི་གནད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར་མུ་མཐུད་རྒྱབ་སྐྱོར་དང་ཀུན་སློང་སྤེལ་ཚེ་ཌེན་མག་རྒྱལ་ཁབ་ཀྱི་ངོས་ནས་ཆེས་རྩ་ཆེེར་ངོས་བཞེས་གནང་པའི་འགྲོ་བ་མིའི་ཐོབ་དང་མང་གཙོ། ཞི་བདེ། ཁྲིམས་དབང་བཞེངས་ཕྱོགས་ཐོག་སྲ་བརྟན་གནས་པ་མཚོན་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་འདུག  

བསྟན་འཛིན་གསལ་སྒྲོན་ལགས་ཡར་ཐོན་ཚོང་ལས་གཉེར་མཁན་གྲགས་གྲས་སུམ་ཅུའི་ནང་ཚུད་འདུག

དེ་ཡང་ཁ་ཉིན་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ Forbes དུས་དེབ་ཐོག་ཨ་རིའི་ནང་ལོ་ངོ་སུམ་ཅུ་མན་གྱི་ན་གཞོན་ཁྲོད་ནས་རང་ཉིད་ཀྱིས་གསར་གཏོད་ལམ་ནས་ཡར་ཐོན་ཚོང་ལས་རིགས་གསར་འཛུགས་གནང་སྟེ་སྤྱི་ཚོགས་ལ་ཕན་པའི་ལས་དོན་གཉེར་བཞིན་པའི་མི་སྣ་ ༦༠༠ དང་། དེ་དག་ལས་མ་འོངས་པར་ཁོང་རྣམ་པའི་ལས་གཞི་དེའི་བརྒྱུད་སྤྱི་ཚོགས་ཁྱོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་འདུག་སྙམ་པའི་ཆེས་གྲགས་གྲས་ན་གཞོན་སུམ་ཅུའི་མིང་ཐོ་དང་ལོ་རྒྱུས་བཅས་པ་འདོན་སྤེལ་གནང་ཡོད་པ་རེད། དེའི་ནང་ཨ་རིར་གནས་བཞུགས་བསྟན་འཛིན་གསལ་སྒྲོལ་ལགས་ཀྱིས་ལོ་གཅིག་ཙམ་གོང་ལ་གསར་འཛུགས་གནང་བའི་ཡར་ཐོན་ཚོང་ལས་ཁང་KINSTEP ཞེས་པ་དེ་དེའི་ནང་ཚུད་འདུག་པ་དང་། ཁོང་གིས་གཉེར་བཞིན་པའི་ཚོང་ལས་དེ་མ་འོངས་པར་སྤྱི་ཚོགས་ཁྱོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་འདུག་སྙམ་པའི་ཆེས་དྲག་གྲས་ཚོང་ལས་པ་སུམ་ཅུའུ་ཁྲོད་དུ་ཚུད་ཐུབ་པ་བྱུང་འདུག རྩ་བའི་འདི་ལོའི་ Forbes དུས་དེབ་ཐོག་ཨ་རིའི་ནང་ལོ་ངོ་སུམ་ཅུ་མན་གྱི་ན་གཞོན་ཁྲོད་ནས་ཨ་རིར་གནས་བཞུགས་བསྟན་འཛིན་གསལ་སྒྲོལ་ལགས་ཀྱིས་གསར་འཛུགས་གནང་བའི་ཡར་ཐོན་ཚོང་ལས་ཁང་ KINSTEP ཞེས་པ་དེ་ཚུད་ཡོད་པ་དང་། དེ་སྔའི་ཐོ་གཞུང་ནང་ཨ་རིར་བཞུགས་པའི་ཚེས་བཅུ་སྒྲོལ་མ་ལགས་ཀྱིས་གསར་འཛུགས་གནང་བའི་ Mountain Resiliency ཞེས་ཁོར་ཡུལ་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་དེ་ཚུད་ཡོད།

རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་བོད་མིའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་ཞུས་པ།

དེ་རིང་བཞུགས་སྒར་དུ་རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་བོད་མི་རྩོམ་པ་པོ་པོ་ཚོའི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་དང་འབྲེལ། རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་བཞུགས་སྒར་ཁུལ་གྱི་བོད་རིགས་རྩོམ་པ་པོ་དང་སྙན་ངག་པ་སོགས་འདུ་འཛོམས་གནང་སྟེ་བཙོན་འོག་ཏུ་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་ན་གཞོན་རྩོམ་པ་པོ་དང་སྙན་ངག་མཁན་རྣམས་ནས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཁག་གཅིག་གི་སྙན་ངག་སྒེར་འདོན་གནང་ཐོག་ཁོང་རྣམས་ནས་བོད་མི་རིགས་དང་རིག་གཞུང་ལ་བཅངས་པའི་གདུང་བ་ལ་ཆེ་བསྟོད་ཀྱི་རྗེས་དྲན་ཞུས་སོང་བ་མ་ཟད། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གོང་གསལ་ཚོགས་པ་གསུམ་གྱིས་འདོན་སྤེལ་གནང་བའི་བཙོན་འོག་ཚུད་པའི་རྩོམ་པ་པོའི་སྙན་ཐོ་དབུ་འབྱེད་གནང་ཡོད་པ་རེད། རྒྱའི་བཙོན་ཁང་དུ་ལོ་ངོ་གསུམ་གྱི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་ཞོགས་ལྗང་ལགས་དང་ལོ་༡༥ རིང་བཙོན་འཇུག་མྱོང་བཞིན་པའི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས། དེ་བཞིན་བེུད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས། ཚེ་རིང་དོན་གྲུབ་ལགས། འབྲོག་རུ་ཚུལ་ཁྲིམས་ལགས་བཅས་ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་རྩོམ་པ་པོ་ལྔའི་གནས་སྟངས་གཙོ་གླེང་གནང་སོང་བ་མ་ཟད། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་གྲོས་དཔལ་བཟང་ལགས་ཀྱིས་བོད་མི་གཙོས་པའི་རྒྱལ་སྤྱིའི་ཁྲོད་དུ་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་སྨྲ་བརྗོད་རང་དབང་སླད་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་རྗེས་དྲན་ཞུས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོང་མཁན་སུ་ཡིན་ལ་ལྟོས་མེད་ངོ་རྒོལ་མཐའ་གཅིག་ཏུ་གནང་རྒྱུ་ཡིན་པའི་བརྡ་ལན་ཞིག་ཀྱང་གནང་སོང་། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དེ་རིང་ཉིན་མོ་འདི་ནི་རྒྱལ་སྤྱིའི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་སྟབས་སྙིང་སྟོབས་ཀྱི་ཉིན་མོ་ཞིག་ལའང་ངོས་འཛིན་གནང་ཆོག་པ་རེད་ཅེས་གསུངས་སོང་། ལྷག་དོན་བཙོན་འོག་ཏུ་ཚུད་པའི་བོད་ནང་གི་རྩོམ་པ་པོ་ཙམ་མ་ཟད་སོ་སོའི་བསམ་བློའི་རང་དབང་ལོངས་སུ་སྤྱོད་མ་ཐུབ་མཁན་ཡོངས་ལ་དྲན་གསོ་དང་། རྒྱའི་བཙོན་འོག་ཏུ་འདས་གྲོངས་སོང་བ་རྣམས་ལ་མྱ་ངན་གུས་འདུད་ཞུས་དགོས་པའི་ཉིན་མོ་གལ་ཆེ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་མཁན་རྣམས་ཀྱི་རང་དབང་ལ་དམ་དྲག་བྱ་རྒྱུའི་ཁྲིམས་གཞི་གསར་བཟོ་བྱས་ཡོད་པ་རྣམས་འཕྲལ་དུ་ཕྱིར་འཐེན་དགོས་པ་དང་ཁོང་རྣམས་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཆོག་པའི་ཁོར་ཡུག་བསྐྲུན་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་ནང་ལས་གཞི་གང་ཞིག་བརྩམ་རུང་དེ་དག་ནང་བོད་ཀྱི་སྐད་ཡིག་གི་རང་དབང་དེ་དང་པོ་བཞག་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད། རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གསུམ་ནས་རྒྱའི་བཙོན་འོག་ ཏུ་ཡོད་པའི་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་མངོན་གསལ་གྱིས་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེ་ལྟར་ཡང་། རྒྱའི་བཙོན་འོག་ལ་ཚུད་པའི་བོད་ནང་གི་བོད་མི་རྩོམ་པ་པོ་རྣམས་དང་བཙོན་གྲོལ་ཐོབ་ཟིན་པའི་རྩོམ་པ་པོ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རྩོམ་པ་པོ། བཙོན་ཁང་གི་ཕྱི་ལ་ཡོད་ནའང་རྩོམ་བྲིས་ཀྱི་རང་དབང་མེད་ཐོག་བཀག་སྡོམ་འོག་གནས་བཞིན་པའི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་ཁག་སྡེ་ཚན་བཞིར་དབྱེ་ནས་ཁོང་རྣམས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད་འདུག

སྲིད་སྐྱོང་མཆོག་ལ་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་འདྲི་རྩད་གནང་འདུག

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་ཡུ་རོབ་ Scandinavia འི་རྒྱལ་ཁབ་ཁག་གཅིག་གི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་ལྟར། སྲིད་སྐྱོང་མཆོག་ཐོག་མར་ Denmark དང་དེ་རྗེས་ Norway ནང་ཆེད་ཕེབས་ཀྱིས་ས་གནས་བོད་མི་ཚོར་ཐུག་འཕྲད་གནང་སྐབས་བོད་མི་ཁག་གཅིག་ནས་ཁོང་ལ་ཉེ་ལམ་བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་བའི་གནད་དོན་ཐོག་འདྲི་རྩད་གནང་འདུག དེའང་སྲིད་སྐྱོང་མཆོག་གིས་ཁ་སང་ནོར་ཝེ་རྒྱལ་ས་ Oslo ནང་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ནོར་ཝེ་བོད་རིགས་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྐབས་གནད་དོན་དེའི་ཐོག་དྲི་བ་ཁ་གཅིག་གནང་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ཐག་གཅོད་དེར་ད་ལྟའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དོ་བདག་ནས་ངོ་བཞེས་གནང་ཡོད་སྟབས། མང་ཚོགས་ནས་དེའི་ཐོག་བགྲོ་གླེང་གནང་དགོས་དོན་མེད་པ་དང་། ལར་ནས་བཀའ་ཤག་གི་རྒྱུ་མཚན་གང་ཡིན་གསུངས་ཀྱང་གནད་དོན་དེ་ཡག་པ་གང་ཡང་གསུང་རྒྱུ་མེད་སྟབས་ཕན་ལས་གནོད་ཆེ་བ་ཡོང་ངེས་ཡིན་སྐོར་གསུངས་འདུག དེ་སྔ་ཁོང་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས་ཁོང་གིས་ཐོག་མར་སྤེན་པ་ཚེ་རིང་ལགས་སུ་ Belgium སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་ཕུལ་ཡོད་པ་དང་སྤེན་པ་ཚེ་རིང་ལགས་ནས་དེར་ཞལ་བཞེས་གནང་ཡོད་ཀྱང་། རྗེས་སུ་སྲིད་སྐྱོང་རང་ཉིད་ཀྱི་ཐག་གཅོད་ཐོག་ཁོང་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་སྟེ་སྐབས་དེའི་དོན་གཅོད་ལས་ཐོག་སྐལ་རྡོར་ལགས་ཀྱང་ལས་སྣེ་ནས་འཕོ་འགྱུར་བཏང་ཡོད་པ་འགྲེལ་བརྗོད་གནང་འདུག བོད་མི་ཞིག་གིས་བཀའ་ཤག་གི་ངོས་ནས་སྤེན་པ་ཚེ་རིང་ལགས་ཀྱི་ཚབ་ཏུ་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་བསྐོ་གཞག་གནང་ཡོད་སྟབས། ཐག་གཅོད་དེའི་རྐྱེན་པས་ཤེས་རིག་ལས་ཁུངས་ཀྱི་ལས་དོན་ལ་འཐུས་ཤོར་འགྲོ་མིན་སྐོར་ལ་དྲི་བ་བཏང་པར་ སྲིད་སྐྱོང་མཆོག་གིས་དེ་སྔོན་བཀའ་ཤག་རིམ་པའི་ནང་སྐབས་རེ་བཀའ་བློན་ ༣ དང་སྐབས་རེ་ ༤ མ་གཏོགས་མེད་པའང་བྱུང་མྱོང་ཡོད་པ་མ་ཟད། ད་ལྟའི་བཀའ་ཤག་ནང་རྒྱུན་རིང་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་ཡོད་མཁན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཡོད་པ་དང་། ལྷག་པར་སྲིད་སྐྱོང་རང་ཉིད་ནས་ཀྱང་ཤེས་རིག་བཀའ་བློན་གྱི་འགན་འཁུར་མྱོང་ཡོད་པས་ཐེངས་འདིའི་ཐག་གཅོད་ཀྱིས་ཤེས་རིག་ལས་དོན་ལ་འཐུས་ཤོར་འགྲོ་རྒྱུ་རྩ་བ་ནས་ཡོད་མ་རེད་ཅེས་གསུངས་འདུག རྩ་བའི་བཀའ་ཤག་ནས་ཉེ་སྔོན་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གསལ་བསྒྲགས་གནང་རྗེས་བོད་མིའི་སྤྱི་ཚོགས་ཁྲོད་གནད་དོན་དེའི་སྐོར་ལ་ལབ་གླེང་ཆེས་ཤུགས་ཆེ་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་ཡུ་རོབ་ཏུ་་ཕེབས་སྐབས་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་གསར་འགོད་པརགནད་དོན་དེའི་སྐོར་ལན་འདེབས་གནང་སྐབས་ད་ལྟའི་ཨ་རི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་གནང་་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཞིན་ཚུལ་མཐུན་ཡོང་གི་མེད་པ་མ་ཟད། ལྷག་དོན་ད་ལྟའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ནས་ཕྱག་ལས་གནང་ཕྱོགས་དེས་ལས་དོན་ལ་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་རྟགས་མང་པོ་བསྟན་པར་བརྟེན་ཐག་གཅོད་འདི་ལྟར་བྱེད་དགོས་བྱུང་ཞེས་དང་། བཀའ་ཤག་ཕྲན་བུ་ཐུགས་བློ་མ་ཁེངས་པ་དང་བློ་འཚབ་བྱུང་སྟབས་བཀའ་ཤག་གིས་ཐུགས་འཚབ་དང་བཅས་བླང་དོར་བརྡ་སྟོན་ཕྱག་བྲིས་ཐེངས་གསུམ་གནང་དགོས་བྱུང་ཡོད་ཀྱང་། བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཟིགས་མེད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ངོས་ནས་ཁོང་ལ་ཉེན་བརྡ་ཐེངས་གསུམ་བཏང་བ་དེ་འདྲ་བྱུང་མ་སོང་སྟབས། བཀའ་ཤག་གིས་གནད་དོན་དེའི་ཐོག་གསལ་པོ་བཟོ་དགོས་པ་དང་། དེ་བཞིན་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལྟར་མ་ཞུ་བ་དང་འཐུས་ཤོར་ཕྱིན་པར་ངོས་ལེན་ཞུ་གྱི་མེད་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་དེའི་རྐྱེན་པས་སྤྱི་ཚོགས་ནང་བརྡབ་གསིག་ཆེན་པོ་འགྲོ་གྱི་ཡོད་པར་བརྟེན་ད་ལྟའི་ཆར་དེ་ལས་ལྷག་པ་གཞན་གང་ཡང་ཞུ་རྒྱུ་མེད་ཅེས་གསུངས་ཡོད།

རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་གླེང་དགོས་པའི་འབོད་སྐུལ།

དེ་ཡང་ཟླ་བ་འདིའི་ཚེས་ ༦ ནས་ཡོ་རོབ་འཇར་མ་ནི་གྲོང་ཁྱེར་ Bonn ནང་དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ པ་འཚོགས་བཞིན་པ་དང་བསྟུན། དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བེུད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་ཐོག་རྡ་ས་མེག་གྷན་ཁྲོམ་གཞུང་དུ་ རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་གླེང་དགོས་པའི་འབོད་སྐུལ་གནང་སོང་། སྐབས་དེར་ཚོགས་པ་གཉིས་ནས་ཁྲོམ་གཞུང་དུ་རྒྱ་ནག་གི་སྲིད་འཛིན་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་བོད་ཀྱི་ས་ཁུལ་འདྲ་མིན་ནང་གཏེར་ཁ་སྔོག་འདོན་དང་། ལྷག་པར་དུ་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་འབར་མ། དེ་བཞིན་བྷང་ལ་དེ་ཤི་སོགས་ཀྱི་ནང་རྒྱུག་བཞིན་པའི་བོད་ཀྱི་གཙང་པོ་ཆེ་ཁག་ཐོག་ཆུ་མཛོད་རྒྱབ་བཞིན་པའི་གནས་སྟངས་འོག་བོད་ཀྱི་ཁོར་ཡུག་དང་ས་གནས་ཀྱི་གནམ་གཤིས་ལ་དོ་ཕོག་བཏང་བ་ཙམ་མ་ཟད། གཤམ་འོག་རྒྱལ་ཁབ་ཁག་གི་གནམ་གཤིས་ལའང་དོ་ཕོག་བཏང་རྐྱེན་ཆུའི་འཇིག་པ་ཤུགས་ཆེ་བྱུང་ནས་མི་སེར་མང་པོའི་ཚེ་སྲོག་ཤོར་མུས་ཡིན་པ་སོགས་གཏམ་བརྗོད་ཀྱི་ལམ་ནས་ས་གནས་མང་ཚོགས་ཚོར་བརྒྱུད་བསྒྲགས་གནང་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ནས་མང་ཚོགས་ཁྲོད་ལ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་དེའི་གལ་གནད་ཁག་ངོ་སྤྲོད་གནང་རྒྱུ་དང་། རྒྱལ་ཚོགས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐོག་གནད་དོན་དེ་ངེས་པར་དུ་གླེང་སློང་གནང་དགོས་པ་གསུངས་སོང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ལས་བྱེད་ཟླ་བ་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ཀྱི་གཙང་པོ་ཆེ་ཁག་ཐོག་ཆུ་མཛོད་གང་བྱུང་དུ་གསར་རྒྱག་བྱེད་བཞིན་པའི་གནས་སྟངས་ཙམ་མ་ཟད། འདས་པའི་ལོ་དུས་ནང་ལའང་རྒྱ་ནག་གཞུང་གིས་བོད་ཀྱི་ཤིང་ནགས་རྩ་སྟོང་དང་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་སྤེལ་རྐྱེན་བོད་ཀྱི་ཁོར་ཡུག་སྤྱི་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ པ་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༩༧ གྱི་སྐུ་ཚབ་འཐུས་མི་དང་།  རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་དང་བདེ་ཆེན་དཔལ་མོ་ལགས་རྣམ་གཉིས་ནས་མཉམ་ཞུགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱི་ལ་གནད་ཆེ་ཆགས་ཡོད་པ་དང་འདི་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་པར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་ཐེབས་སོགས་གསལ་བཏོན་གནང་ཡོད་པ་རེད།

དྷ་ས་གྲོང་སྡེ་ཡར་རྒྱས་དང་འབྲེལ་བའི་གྲོས་བསྡུར་ལྷན་ཚོགས་ཚོགས་གནང་སོང་།

དེ་རིང་སྔ་ཐོག་ཚོུད་ ༡༠༌༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ནོར་བུ་གསོལ་མགྲོན་ཁང་དུ་ Coexisting and Flourishing འམ་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་མིང་བྱང་འོག་དྷ་ས་གྲོང་སྡེ་ཡར་རྒྱས་གནང་ཕྱོགས་དང་འབྲེལ་བའི་གྲོས་བསྡུར་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་། ལྷན་ཚོགས་དེའི་ཐོག་རྡ་རམ་ས་ལ་གྲོང་སྡེའི་སྤྱི་ཁྱབ་ལྕམ་ Rajni Vyas ལགས་ཀྱིས་གཙོས་པའི་འབྲེལ་ཡོད་གྲོང་སྡེ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་ས་གནས་རྒྱ་གར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དབུས་པའི་འབྲེལ་ཡོད་ཁོར་ཡུག་ཚན་པའི་ལས་བྱེད། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་ཚོགས་པ་མི་འདྲ་བ་སུམ་ཅུ་ལྷག་གི་སྐུ་ཚབ་ནས་མཉམ་ཞུགས་གནང་འདུག སྐབས་དེར་ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ནས་ཐེངས་འདིའི་ལྷན་ཚོགས་ཀྱི་དགོས་དམིགས་གསལ་བཤད་དང་སྦྲགས་ཏེ་འདས་པའི་ལྷན་ཚོགས་སྐབས་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཇི་ལྟར་གནང་ཡོད་མེད་ཐད་ལ་བསྐྱར་ཞིབ་གནང་པ་མ་ཟད། ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་རྡ་རམ་ས་ལའི་གཞོན་སྐྱེས་དང་རྡ་སའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གཉིས་ཀྱི་ཐོག་ལ་གྲོས་བསྡུར་གནང་ཡོད་པ་རེད། གྲོས་བསྡུར་ཁྲོད་ས་གནས་གཞོན་སྐྱེས་ཀྱི་གནད་དོན་དང་འབྲེལ་ཚོགས་བཅར་བ་ཁག་གཅིག་ནས་དེང་སྐབས་བཞུགས་སྒར་ཁུལ་དུ་གཞོན་སྐྱེས་ཆང་རག་དང་ཐ་མག་ནག་པོ་འཐེན་མཁན་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཁག་གཅིག་མཚན་འཁྱམ་གནང་པ་མ་ཟད། མི་གཞན་ལ་གནོད་པའི་ལས་རྩོམ་བཞིན་ཡོད་པའི་གནས་སྟངས་སོགས་འགྲེལ་བརྗོད་ཀྱིས་རྡ་ས་གྲོང་སྡེ་ལས་ཁུངས་ནས་བཀའ་རྙོག་དེ་དག་སེལ་ཐབས་སུ་རྡ་སའི་ཆང་ཁང་དང་མཚན་ཚོགས་ཁང་དེ་རྣམས་མཚན་མོ་དུས་ཐོག་ཏུ་སྒོ་བརྒྱབ་བཅུག་དགོས་པ་མ་ཟད་མཚན་མོ་ཆང་རག་ཚོང་འགྲེམ་བྱེད་མཁན་རིགས་ལ་ཉེས་ཆད་གཏང་དགོས་པ་སོགས་ནན་གསུངས་གནང་སོང་། ཁོར་ཡུག་གནད་དོན་ཁྲོད་གད་རྙིགས་གང་བྱུང་དུ་དབྱུག་མཁན་ལ་ཉེས་ཆད་གཏན་འབེབས་གནང་རྒྱུ་དང་། རྡ་སའི་གཡས་གཡོན་དུ་ཡོད་པའི་གློག་སྐུད་རྣམས་གཏན་པོ་བཟོ་རྒྱུ།  དེ་བཞིན་གཞུང་ལམ་ཡར་རྒྱས་གཏན་རྒྱུ་སོགས་གནད་དོན་མང་དག་ཐོག་གླེང་སོང་པ་མ་ཟད། ལྷག་པར་དུ་ཉེ་དུས་སུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དང་ཉིན་སློབ་བར་གསར་འཛུགས་གནང་བའི་ཆང་ཁང་དེའི་ཁོར་ཡུག་གྱི་བཀོད་པ་དང་མང་ཚོགས་ཀྱི་མིག་ལམ་དུ་མཐོང་ཚུལ་ལེགས་པོ་མེད་སྟབས། གྲོང་སྡེའི་སྤྱི་ཁྱབ་མཆོག་གིས་གཙོས་པའི་འབྲེལ་ཡོད་རྣམས་ནས་དེའི་ཐད་དགོངས་ཆེ་བཞེས་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུས་སོང་། རྩ་བའི་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ནས་ལོ་ལྟར་བཞུགས་སྒར་གཙོས་པའི་རྒྱ་གར་གྱི་ས་གནས་འདྲ་མིན་ནང་བོད་པའི་ཚོགས་སྐྱིད་ཁག་དང་ས་གནས་རྒྱ་གར་ཡུལ་མི་དང་སློབ་མ་ཚོར་རྩོད་རྙོད་ཞི་འདུམ་ཡོང་ཐབས་སྐོར་ལ་ཟབ་ཁྲིད་སྣ་མང་ཞིག་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བཞུགས་སྒར་དུ་སྤྱི་ལོ་ ༢༠༠༩ ལོ་ནས་ས་གནས་ཀྱི་དཀའ་རྙོག་ཁག་སེལ་ཐབས་སུ་ Coexisting and Flourishing འམ་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་གྲོས་བསྡུར་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཌེན་མག་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཌེན་མག་རྒྱས་ཀོ་པེན་ཧེ་གན་ནང་ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་ཕྱི་འབྲེལ་ལས་དོན་གི་མགྲིན་ཚབ་པ་སོགས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་དང་མཇལ་འཕྲད་གནང་འདུག དེའང་ Scandinavia འི་རྒྱལ་ཁབ་ཁག་གཅིག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་ཐོན་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་ Denmark གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་སྟེ་གཙོ་བོ་བོད་ཀྱི་ཁོར་ཡུག་གི་གལ་གནད་ངོ་སྤྲོད་གནང་བ་མ་ཟད་རྒྱ་གཞུང་གིས་བོད་མཐོ་སྒང་གི་གཏེར་ཁ་རྣམས་གང་བྱུང་དུ་སྔོག་འདོན་བྱས་པར་བརྟེན་ད་ཆ་བོད་ཀྱི་འཁྱགས་རོམ་རྣམས་ཆེས་མྱུར་པོ་བཞུ་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་རྒྱལ་སྤྱིའི་ཆུ་བགོ་འགྲེམ་བྱ་རྒྱུའི་གན་རྒྱར་མིང་རྟགས་བཀོད་མེད་པ་དང་། འབྱུང་འགྱུར་དམག་ཆེན་གསུམ་པ་ནི་ཆུའི་གནད་དོན་ཐོག་ནས་ལང་ཉེན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་ཐོག་ནས་ངོ་རྒོལ་གནང་དགོས་པའི་རྒྱུ་མཚན་དང་། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་སྡེ་དེ་གཉིས་པོའི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་བ་དང་། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་སྐོར་སོགས་ངོ་སྤྲོད་གནང་འདུག སྲིད་སྐྱོང་མཆོག་གིས་གཞན་ཡང་ཌེན་མག་ཉེས་ཡངས་ཚོགས་པས་གོ་སྒྲིག་ཞུས་པའི་བོད་དོན་གླེང་སྟེགས་ཐོག་དབུ་བཞུགས་ཀྱིས་ས་གནས་བོད་མི་རྣམས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང། དེ་རྗེས་ནོར་ཝེ་རྒྱལ་ས་ Oslo ལ་ཆེད་ཕེབས་ཀྱིས་ཁ་སང་ཚེས་ ༡༢ ཉིན་ཁུལ་དེའི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་གསུང་བཤད་གནང་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ནོར་ཝེ་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་ཁབ་དེའི་ནང་བོད་ཀྱི་གནད་དོན་སླད་ལས་གཞི་མུ་མཐུད་སྤེལ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང། བོད་མི་ཚོས་རང་གི་རྒྱལ་ཁབ་ཤོར་ཡོད་ཀྱང་སྔ་རྗེས་མ་གཏོགས་ང་ཚོར་རང་དབང་ཐོབ་རྒྱུ་ཉག་གཅིག་ཡིན་སྟབས། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དུས་སྐབས་དེའི་བར་རང་གི་རྒྱབ་སྐྱོར་སྲ་བརྟན་དུ་གནས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་བོད་ནང་རིག་གནས་གསར་བརྗེ་སླར་གསོ་བྱེད་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཉམས་ཉེས་ གཏོང་ཐབས་ཆེད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་མ་ཟད། གཞིས་ལུས་རྒྱ་ཆེ་མི་མང་ཚོས་སྐུ་ལས་སྐྱོན་པར་བརྟེན་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་སླར་གསོ་ཤུགས་ཆེ་ཐུབ་པའི་ཐོག་བོད་ཀྱི་མི་རབས་གསུམ་པ་ཚོའི་བསམ་བློར་བོད་མི་རིགས་ལ་ལ་ཞེན་ཧ་ཅང་ཤུགས་ཆེན་པོ་གནང་མུས་ཡིན་སྐོར་སོགས་གསུང་འདུག

བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཞིན་ཡོང་གི་མེད་པའི་རྟགས་མང་པོར་བརྟེན་ཐག་གཅོད་འདི་ལྟར་བྱེད་དགོས་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐོག་གསར་འགོད་པར་གསལ་བཤད་གནང་སྐབས། ད་ལྟའི་ཨ་རི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱག་ལས་གནང་་ཕྱོགས་དེ་བྱ་སྤུ་གནོན་གྱིས་སྒྲིག་འཛུགས་བཞིན་ཚུལ་མཐུན་ཡོང་གི་མེད་པ་དང་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་མཚོན་རྟགས་མང་པོ་བསྟན་པར་བརྟེན་ཐག་གཅོད་འདི་ལྟར་བྱེད་དགོས་བྱུང་ཞེས་གསུངས་སོང། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་ནས་ཁོང་གི་ཚབ་ཏུ་ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བསྐོ་གཞག་གནང་སྟབས་གསར་ཁང་ཁག་དང་ལྷག་པར་དུ་མང་ཚོགས་ཁྲོད་ནས་གནད་དོན་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གང་ཡིན་ཐོག་བསམ་ཚུལ་དང་དྲི་བ་དྲིས་མཁན་མང་པོ་ཞིག་བྱུང་མུས་ཡིན་པ་རེད། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གནད་དོན་དེ་འབྲེལ་གསལ་བཤད་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང། སྐབས་དེར་སྲིད་ཚབ་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ད་ལན་ཨ་རིིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དོན་གཅོད་ལས་ཐོག་ཁོང་གིས་དོན་གཅོད་ཀྱི་ལས་འགན་འཁྱེར་ནས་ཟླ་ ༡༡ རིང་དེར་ཕྱག་ལས་གནང་ཕྱོགས་ཐོག་ལ་བཀའ་ཤག་ཕྲན་བུ་ཐུགས་བློ་མ་ཁེངས་པ་དང་བློ་འཚབ་བྱུང་སྟབས་བཀའ་ཤག་གིས་ཐུགས་འཚབ་དང་བཅས་བླང་དོར་བརྡ་སྟོན་ཕྱག་བྲིས་ཐེངས་གསུམ་གནང་དགོས་བྱུང་ཡོད་ཀྱང་། བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་རང་ཅག་གནས་པར་བརྟེན་བཀའ་ཤག་གི་ངོས་ནས་ཁོང་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་བྱུང་བ་ཡིན་ཞེས་གསུངས་སོང། འོན་ཀྱང་གསར་འགོད་པས་སྲིད་ཚབ་མཆོག་གིས་ད་ལན་སྐུ་ཚབ་དོན་མཆོག་ནས་ཕྱག་ལས་གནང་ཕྱོགས་ཐད་ལ་ནོར་འཁྲུལ་གང་ཤོར་ཡོད་མེད་སྐོར་བཀའ་འདྲི་ཞུས་པས་སྲིད་ཚབ་མཆོག་གིས་དེ་ནི་འཛིན་སྐྱོང་རང་གི་ལས་ཀ་ཡིན་པས་གསར་འགོད་པ་ཚོར་གསལ་བཤད་ཞུ་རྒྱུ་ཞིག་མིན་པ་དང་། དེ་ལྟར་གནང་སྲོལ་ཡང་ཡོད་མ་རེད། ཞིབ་ཕྲ་ཞུ་ན་ཡག་པོ་ཡོད་མ་རེད་ཅེས་གསུངས་པ་དང་འབྲེལ། ད་ལྟའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ནས་ཕྱག་ལས་གནང་ཕྱོགས་དེས་བྱ་སྤུ་གནོན་ལྟར་ཚུལ་མཐུན་ཡོང་གི་མེད་པ་དང་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་རྟགས་མང་པོ་བསྟན་པར་བརྟེན་ཐག་གཅོད་འདི་ལྟར་བྱེད་དགོས་བྱུང་ཞེས་གསུངས་པ་ལས་ལས་དོན་གང་དང་གང་གི་ཐོག་ནོར་འཁྲུལ་ཤོར་ཡོད་མེད་ཞིབ་ཕྲ་གང་ཡང་གསུངས་མེད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་སྔ་དྲོ་བཀའ་ཤག་ནས་གསལ་བཤད་གནང་བའི་གནད་དོན་དང་འབྲེལ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་ཁོང་གིས་བཀའ་ཤག་གི་ངོས་ནས་ཁོང་ལ་ཉེན་བརྡ་ཐེངས་གསུམ་བཏང་བ་དེ་འདྲ་བྱུང་མ་སོང་སྟབས། བཀའ་ཤག་གིས་གནད་དོན་དེའི་ཐོག་གསལ་པོ་བཟོ་དགོས་པ་དང་། དེ་བཞིན་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལྟར་མ་ཞུ་བ་དང་འཐུས་ཤོར་ཕྱིན་པར་ངོས་ལེན་ཞུ་གྱི་མེད་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་དེའི་རྐྱེན་པས་སྤྱི་ཚོགས་ནང་བརྡབ་གསིག་ཆེན་པོ་འགྲོ་གྱི་ཡོད་པར་བརྟེན་ད་ལྟའི་ཆར་དེ་ལས་ལྷག་པ་གཞན་གང་ཡང་ཞུ་རྒྱུ་མེད་ཅེས་གསུངས་སོང་།

Latest news