Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་མཇུག་སྒྲིལ་དང་བསྟུན་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་འདུག

དབྱིན་ཡུལ་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཟུང་འབྲེལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག དེ་ཡང་དབྱིན་ཡུལ་བོད་རིགས་ཚོགས་པས་གོ་སྒྲིག་འོག་རེས་གཟའ་ལྷག་པ་འཆར་ཅན་ཁུལ་དེའི་རྒྱལ་ས་ལོན་ཊན་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ལྷག་དཀར་ཉིན་མོ་དང་ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་མཇུག་སྒྲིལ་གྱིས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་གསར་པ་བདུན་ཡོངས་བསྒྲགས་བྱས་པའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད་སྟབས། དབྱིན་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་ནས་འདས་པའི་ཞི་ཅིང་ཕིང་གི་སྲིད་འཛིན་ལས་ཡུན་ནང་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་སོགས་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་བོད་ནང་གི་གནས་སྟངས་དེ་སྔ་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མིའི་གནས་སྟངས་འཁོད་པའི་ཤོག་བྱང་འགྲེམས་སྤེལ་དང་སྐད་འབོད་སོགས་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག ཉེ་ཆར་ཟླ་བ་འདིའི་ཚེས་ ༡༨ ཉིན་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་བྱས་ཡོད་པ་དང་བསྟུན་ནས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ། ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་པར་སེམས་འཚབ་ཀྱིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཡོང་བར་དུ་སྐྱབས་བཅོལ་བོད་མི་རྣམས་ནས་ཞི་ཅིང་ཕིང་ལ་སྔར་ལྷག་གདོང་ལེན་བྱ་རྒྱུའི་ཆོད་སེམས་གཏན་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། རྩ་བའི་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་ཟླ་བ་འདིའི་ཚེས་ ༡༨ ནས་འགོ་འཛུགས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཁ་ཉིན་ཚེས་ ༢༤ ཉིན་མཇུག་སྒྲིལ་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་བདུན་གསར་དུ་བསྐོ་གཞག་དང་འབྲེལ། ཞི་ཅིན་ཕིང་གིས་མ་འོངས་དབང་ཆ་སྲ་བརྟན་དུ་བཏང་ཡོད་པ་དང་སྔར་སྲོལ་དང་མི་འདྲ་བར་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་སྐོར་གསུངས་ཡོད་པ་རེད།

གློག་བརྙན་བཟོ་མཁན་བོད་རིགས་ན་གཞོན་གསུམ་ལ་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གློག་བརྙན་བཟོ་སྐྲུན་གནང་མཁན་བོད་རིགས་ན་གཞོན་གསུམ་ལ་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་བ་དང་འབྲེལ། སྒྱུ་རྩལ་དང་གློག་བརྙན་བརྒྱུད་ནས་བོད་ཕྱི་ནང་གཉིས་སུ་སྙོབ་ཐུབ་པ་གནང་རྒྱུ་དེ་ཆེས་གནད་ཆེ་ཆགས་ཡོད་པ་གསུངས་སོང་། རྩ་བའི་འདི་ལོའི་ཕྱི་ཟླ་ ༥པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས། དེ་བཞིན་གློག་བརྙན་སྐྲུན་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ་སོགས་ལ་དམིགས་ཏེ།བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཚོར་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད་པ་རེད། དེ་རིང་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་གཉིས་ལྷན་འཛོམས་ཐོག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ཕྱི་ལོ་ ༢༠༡༧ ལོའི་གློག་བརྙན་མ་དངུལ་ཐོབ་མཁན་མིང་གཞུང་ཡོངས་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བ་དང་འབྲེལ། སྒྱུ་རྩལ་དང་གློག་བརྙན་བརྒྱུད་ནས་བོད་ཕྱི་ནང་གཉིས་སུ་སྙོབ་ཐུབ་པ་གནང་རྒྱུ་དེ་ཆེས་གནད་ཆེ་ཆགས་ཡོད་པ་གསུངས་སོང། སྤྱིར་ཧིན་སྒོར་འབུམ་གསུམ་གྱི་མ་དངུལ་ཞུ་མཁན་ཚོའི་ངོས་ནས་བཟོ་སྐྲུན་བྱེད་དགོས་པའི་གློག་བརྙན་བརྗོད་ཁག་ནི། བཙན་བྱོལ་ནང་གི་མང་གཙོ། བོད་གཞིས་བྱེས་གཉིས་ཀྱི་མཐོུང་གི་མངོན་འདོད། དེ་བཞིན་ཕོ་མོ་འདྲ་མཉམ་དང་བེུད་ནུས་སྟོབས་གོང་སྤེལ་བཅས་གང་རུང་ཐོག་བཟོ་དགོས་ཀྱི་ཡོད་པ་དང། ཐོག་མར་ལས་འཆར་དེའི་ནང་དུ་ཞུ་སྙན་ཕུལ་མཁན་གྱི་མི་འགྲོ་ ༡༢ བྱུང་འདུག་པ་དང་། དེ་ནས་དངོས་གཞིའི་ཟབ་སྦྱོང་དང་འདེམས་སྒྲུག་འགྲན་རྩོད་ནང་དུ་ཞུགས་མཁན་མི་འགྲོ་ ༩ ཡོད་པའི་ཁྲོད་ནས་མཐར་འདེམས་སྒྲུག་བརྒྱུད་ནས་ཐེངས་འདིའི་མ་དངུལ་འབུམ་གསུམ་རེ་ཐོབ་མཁན་བོད་མི་གློག་བརྙན་བཟོ་སྐྲུན་པ་གསུམ་གྱི་མིང་གཞུང་ཡོངས་བསྒྲགས་གནང་ཡོད་པ་རེད། དེའང་ཕོ་མོ་འདྲ་མཉམ་དང་བེུད་ནུས་སྟོབས་གོང་སྤེལ་ཐོག་གློག་བརྙན་བཟོ་མཁན་ཐུབ་བསྟན་བསོད་ནམས་རྡོ་རྗེ་དང། བཙན་བྱོལ་ནང་གི་མང་གཙོ་བརྗོད་གཞིའི་ཐོག་གློག་བརྙན་བཟོ་མཁན་སྐལ་བཟང་འཇིགས་མེད། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱི་མཐོུང་གི་མངོན་འདོད་ཞེས་པའི་བརྗོད་གཞིའི་ཐོག་གློག་བརྙན་བཟོ་མཁན་འཇམ་དཔལ་ཤེས་རབ་བཅས་ཡིན་པ་རེད། རྩ་བའི་ཐེངས་འདིའི་གློག་བརྙན་དེ་དབྱིན་བོད་སྐད་ཡིག་གང་རུང་ཐོག་བཟོ་དགོས་པ་དང་འདི་བཞིན་དུས་ཡུན་སྐར་མ་བཅུ་ལས་མ་མང་བ་ཞིག་དགོས་ཀྱི་ཡོད་པ་རེད། མ་དངུལ་ཐོབ་མཁན་རྣམས་ནས་ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་བཟོ་སྐྲུན་བྱས་པའི་གློག་བརྙན་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པར་དབུལ་དགོས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཙོ་བཟུང་ཐོག་རྡ་སྟེང་བོད་ ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༣ ཉིན་མོ་འདི་ནི་ཕྱི་ལོ་ ༡༩༦༠ ལོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལྟེ་གནས་ཆེ་གྲས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༧ འཁོར་བའི་དུས་ཚིགས་དང་བསྟུན། དེ་རིང་སྔ་ཐོག་ཚོུད་ ༩།༠༠ སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྡ་སྟེང་བོད་ཁྱིམ་གཙོས་པའི་ཉེ་འཁོར་ཡན་ལག་བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། གཞན་ཡང་སློབ་ཕྲུག་དང་ས་གནས་མང་ཚོགས་བཅས་ལྷན་འཛོམས་ཐོག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་། དུས་དྲན་གྱི་མཛད་སྒོའི་ཐོག་མར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་མཉའ་ཁྲི་དང་སྲོང་བཙན། ཁྲི་སྲོང་དང་ཁྲི་རལ་བཅས་ཁང་ཚན་བཞིའི་སློབ་མ་རྣམས་ནས་རྔ་རོལ་དང་བཅས་རུ་སྒྲིག་བཏང་ཟིན་མ་ཐག བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ཐོག་མར་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་དང་བྱུང་རབས་ངོ་སྤྲོད་གནང་པ་དང་སྦྲགས། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་སྤྱི་ཡོངས་ཀྱི་ནང་ལ་བོད་ཀྱི་སྐད་ཡིག་གཙོས་པའི་རིགས་རམ། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་གྲས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་སློབ་འཁྲིད་བྱེད་བཞིན་ཡོད་པ། དེ་བཞིན་ལོ་སྔོན་མའི་ནང་བོད་ཁྱིམ་སྤྱི་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དང་འཕྲོད་བསྟེན་ཀྱི་ལས་གཞི་སྤེལ་བ་སོགས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་གནང་ཡོད། གཞི་རྩའི་འདི་ལོ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩིའི་བརྗོད་གཞི་གཙོ་བོ་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཙོ་བཟུང་ཐོག་དགེ་ལས་སློབ་ཕྲུག་དང་མང་ཚོགས་རྣམས་ལ་དེ་འབྲེལ་གོ་རྟོགས་སྤེལ་ཐབས་གནང་གི་ཡོད་དང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་གཙོ་བཟུང་ཐོག་ཕྱག་ལས་གནང་ཐུབ་པ་དེ་ནི་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་རེད་ཅེས་བསྔགས་བརྗོ་གནང་སོང་བ་དང་། བོད་པའི་སྤྱི་ཚོགས་ནང་འོས་བསྡུའི་ལས་རིམ་སོགས་རྐྱེན་པས་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་རིགས་བྱུང་ཡོད་པ་མ་ཟད། ད་ཆ་སློབ་གྲྭའི་དགེ་ལས་རེ་ཟུང་ནས་ཆབ་སྲིད་འཁྲབ་སྟེ་སློབ་ཕྲུག་ནང་ལ་བརྡབ་གསིལ་བཏང་པའི་རྣམ་པ་མངོན་རྒྱུ་ཡོད་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། མང་ཚོགས་རྣམས་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲོད་དུ་ཆོལ་ཁའི་འཐེན་འཁྱེར་རིགས་གནང་རྒྱུ་མེད་པ་དང་། ལྷག་པར་དུ་སློབ་གྲྭའི་ནང་དེ་ལྟར་གནང་ཚེ་རིམ་བཞིན་སློབ་གྲྭ་དེ་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་ཆགས་ངེས་ཡིན་པའི་ལམ་སྟོན་གནང་ཡོད། དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་ནས་ད་བར་བོད་ཁྱིམ་གྱི་ལས་དོན་སྤྱི་ཡོངས་ལ་བསྔགས་བརྗོད་དང་སྦྲགས། བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་དང་བཙན་དབང་བྱས་པར་ལྟོས་མེད་ཀྱིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ནས་བོད་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་ཆེན་པོ་གནང་བཞིན་པའི་སྐབས་འདིར་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་ཚོས་བོད་མི་རིགས་ཀྱི་རིག་གཞང་སྤྱི་དང་སྒོས་སུ་སྐད་ཡིག་ཐོག་འབད་བརྩོན་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩི་སྐབས་སུ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཁག་ཅིག་མཉམ་འཛོམས་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༡༩༩༢ ལོར་བསླབ་པ་མཐར་སོན་པའི་སློབ་ཟུར་ ༣༠ ཙམ་ནས་ལྷན་ཞུགས་གནང་འདུག་པ་མ་ཟད། ཁོང་རྣམས་ནས་བཀའ་དྲིན་རྗེས་དྲན་དང་འབྲེལ་ཏེ་སློབ་གྲྭའི་ལས་དོན་སླད་ཧིན་སྒོར་འབུམ་བདུན་ལྷག་ཞལ་འདེབས་ཕུལ་འདུག དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་ནང་ཞབས་སྤྱི་ཞུས་ཏེ་ཞབས་ལོ་ཧྲི་པོ་ ༢༠ འཁོར་བའི་ལས་བྱེད་ ༣༢ ལ་གཟེངས་བསྟོད་ཕྱག་འཁྱེར་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བུམ་སྐྱོན་གསུམ་དང་བྲལ་བའི་བུ་དང་བུ་མོའི་སློབ་མ་རྩེ་ཕུད་གཉིས་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཁྲོད་བརྒྱ་ཆ་ ༩༠ ཡན་སོན་པའི་སློབ་མ་བཅས་ལ་དམིགས་བསལ་གཟེངས་རྟགས་གནང་ཡོད་པ་མ་ཟད། ཉིན་རྒྱབ་ཏུ་མུ་མཐུད་ཉེ་འཁོར་བོད་ཁྱིམ་སློབ་གྲྭ་ཁག་ནས་མང་ཚོགས་རྣམས་ལ་གཞས་སྣ་ཁག་གཟིགས་འབུལ་ཞུ་གྱི་ཡོད་པ་རེད། སང་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཁང་ཚན་བཞིའི་དབར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་རིགས་འགྲན་བསྡུར་གནང་གི་ཡོད་པ་རེད།

རྒྱ་གར་ནང་གི་བོད་མི་རྣམས་ལ་རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་ཞུ་མི་དགོས་པ་བཟོ་རྒྱུ།

རྒྱ་གར་ནང་དུ་ལག་དེབ་སེར་པོ་ཉར་མཁན་སྐྱབས་བཅོལ་བོད་མི་རྣམས་ལ་ཕྱིན་ཆད་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་སྐབས་ Exit Permit ཞེས་པའི་རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་དེ་ཞུ་མི་དགོས་པ་བཟོ་རྒྱུ་རེད་འདུག དེ་ཡང་དེ་རིང་ The Hindu གསར་ཁང་གིས་གནས་ཚུལ་སྤེལ་བར་ད་ལྟའི་ཆར་རྒྱ་གར་ནང་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་རྒྱལ་ཁབ་གཞན་དུ་བསྐྱོད་སྐབས་དོ་བདག་རྒྱལ་ཁབ་སོ་སོ་ནས་མཐོང་མཆན་ཞུས་པ་དང་སྦྲགས། རྒྱ་གར་ནས་ཕྱིར་ཐོན་ཆོག་པའི་ཡིག་ཆ་འཕར་མ་ཞིག་ཀྱང་ཞུས་དགོས་ཀྱི་ཡོད་པ་དེ་ལྟར་ཡང། རྒྱ་གར་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་གིས་གསར་ཁང་དེར་འགྲེལ་བརྗོད་གནང་བར་གཞིགས་ན། བོད་མི་ཚོར་ཐོག་མར་ཕྱིར་སྐྱོད་ལག་འཁྱེར་རམ་ལག་དེབ་སེར་པོ་དེ་གནང་སྐབས་དོ་བདག་སོ་སོའི་རྒྱབ་ལྗོངས་ཆ་ཚང་རྟོག་ཞིབ་མཐིལ་ཕྱིན་གནང་རྗེས་གནང་པ་ཞིག་ཆགས་ཀྱི་ཡོད་སྟབས་ད་ཆ་ Exit Permit ཞེས་པ་དེ་ནི་དགོས་མེད་ཀྱི་ཆ་རྐྱེན་འཕར་མ་ཞིག་ཡིན་པ་དང། ད་ཆ་རྒྱ་གར་གཞུང་གི་ངོས་ནས་བོད་མི་ཚོར་དགོས་མེད་ཀྱི་ཡིག་ཆ་དེ་ཞུ་མི་དགོས་པ་བཟོ་འཆར་ཡོད་སྐོར་གསུངས་འདུག རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ལ་ Identity Certificate འམ་རྒྱ་གར་གཞུང་གི་ངོ་སྤྲོད་ལག་དེབ་སེར་པོ་དེ་ཐོག་མར་བཟོ་སྐབས་ No Objection Certificate འམ་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་རྗེས་རྒྱ་གར་ལ་ཕྱིར་ལོག་བྱེད་པར་དགག་བྱ་མེད་པའི་དམ་ཕྲུག་ཞིག་གནང་གི་ཡོད་པ་ལྟར་བོད་མི་རྣམས་ལ་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་ཆེད་རྒྱ་གར་གཞུང་གི་ངོས་ནས་གནང་བའི་དམ་ཕྲུག་དེས་གོ་ཆོད་རྒྱུ་ཡིན་པ་གསུངས་འདུག ལས་བྱེད་པ་དེས་གསུངས་པར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ Cabinet Committee on Security འམ་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བའི་འཛིན་སྐྱོང་ཚོགས་ཆུང་ནས་ངོས་ལེན་ཐོབ་རྗེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཕྱི་རྒྱལ་གཞུང་ཚབ་ཁང་ཆ་ཚང་ལ་ཕྱིན་ཆད་བོད་མི་རྣམས་ལ་ Exit Permit བཟོ་མི་དགོས་པའི་གྲུ་དོན་སྙན་གསེང་ཞུ་རྒྱུ་ཡིན་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་ཡུན་རིང་ནས་གནད་དོན་དེའི་ཐོག་རྒྱ་གར་གཞུང་དང་འབྲེལ་བ་གནང་མུས་ཡིན་པའི་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་ལྷན་དུ་ Exit Permit ཙམ་མ་ཡིན་པར་རྒྱ་གར་ནང་ཕྱིར་ལོག་ཆོག་པའི་མཐོང་མཆན་ Return Visa ཞུ་ཕྱོགས་དང་ Identity Certificate འམ་ངོ་སྤྲོད་ལག་ཁྱེར་དེ་ Travel Document འམ་འགྲུལ་བཞུད་ལག་འཁྱེར་དུ་བསྒྱུར་དགོས་པ་སོགས་ཀྱི་གནད་དོན་འདྲ་མིན་དྲུག་ཙམ་གྱི་ཐོག་ཡུན་རིང་ནས་གྲོས་མོལ་གནང་མུས་ཡིན་པ་དང། ད་ལྟའི་ཆར་གནད་དོན་ཁག་ཅིག་གི་ཐོག་ཐག་གཅོད་གནང་རན་ཡོད་སྐོར་གསུངས་སོང། རྩ་བའི་ཉེ་བའི་ཆར་རྒྱ་གར་ནང་བོད་མི་མི་ཉུང་བ་ཞིག་གིས་རྒྱ་གར་གྱི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་རྩོད་དེ་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུས་དང་ཞུ་མུས་ཡིན་པ་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནད་དོན་དེ་འགྲིག་མིན་གྱི་བགྲོ་གླེང་ཤུགས་ཆེ་གནང་བཞིན་ཡོད་པ་དང། རྒྱ་གར་ཡུལ་མིའི་ཐོབ་ཐང་རྩོད་མཁན་བོད་མི་ཁག་གཅིག་གིས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ལག་དེབ་གསེར་པོའི་ཐོག་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་སྐབས་རྒྱ་གར་གཞུང་ནས་ Exit permit འམ་རྒྱ་གར་ནས་ཐོན་ཆོག་པའི་ཡིག་ཆ་དང་དེ་བཞིན་return visa འམ་རྒྱ་གར་ལ་ཕྱིར་ལོག་ཆོག་པའི་མཐོང་མཆན་སོགས་ཡིག་ཆ་འཕར་མ་མང་དག་ཞིག་ཞུ་དགོས་པ་དང། ཕྱིའི་རྒྱལ་ཁབ་དང་གནམ་ཐང་དུ་ལག་དེབ་སེར་པོ་དེ་གང་ཡིན་མིན་ཤེས་རྟོགས་མེད་པའི་ངལ་བ་མང་དག་འཕྲད་པ་ལུང་འདྲེན་གནང་མུས་ཡིན་པ་རེད།

ཀརྨ་པ་རིན་པོ་མཆོག་གི་སྐོར་ལ་དཀྲོག་གཏམ་སྤེལ་བཞིན་པ་ལ་མང་ཚོགས་དབུ་མ་འཁོར་རོགས་གསུངས་འདུག

བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་མཚུར་ཕུ་བླ་བྲང་ནས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ད་ལྟ་ཨ་རིར་བཞུགས་བཞིན་པའི་སྐོར་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། རིན་པོ་ཆེ་མཆོག་གི་སྐོར་ལ་དཀྲོག་གཏམ་སྤེལ་བཞིན་པ་ལ་དད་ལྡན་རྒྱ་ཆེ་མང་ཚོགས་རྣམས་དབུ་མ་འཁོར་རོགས་གསུངས་འདུག དེ་ཡང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འདས་པའི་ཟླ་ཤས་ནས་དབྱིན་ཡུལ་དང་ཁེ་ན་ཌ། དེ་བཞིན་ཨ་རི་དང་འཇར་མ་ནི་བཅས་སུ་ཆོས་འབྲེལ་མཛད་འཕྲིན་ཁག་ཅིག་ལེགས་གྲུབ་རྗེས་རིན་ཆེ་མཆོག་སླར་ཡང་ཨ་རིར་ཕེབས་ནས་ད་བར་བཞུགས་མུས་ཡིན་པའི་ཐད། ཉེ་ལམ་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་ཅིག་ཐོག་རིན་པོ་མཆོག་ཨ་རིར་སྐྱབས་བཅོལ་ཞུས་ནས་གཏན་འཇགས་བཞུགས་གནང་རྒྱུ་ཡིན་ལུགས་དང་། ཁག་ཅིག་གིས་རིན་པོ་ཆེ་སྙུང་གཞི་ཚབས་ཆེན་པོ་བཞེས་ཡོད་པ་སོགས་བརྗོད་ནས་སྤྱི་ཚོགས་ནང་གནས་ཚུལ་མང་དག་འགྲེམས་སྤེལ་བྱེད་བཞིན་ཡོད་སྟབས། མཚུར་ཕུ་བླ་བྲང་ནས་ཁ་ཉིན་ཟླ་ ༡༠ ཚེས་ ༢༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་ཐོག་ནས་དད་ལྡན་མང་ཚོགས་ཀུན་ལ་རིན་པོ་ཆེ་མཆོག་ད་རེས་འཇར་མི་ནི་ནས་སླར་ཨ་རིར་ཕེབས་དགོས་དོན་གཙོ་བོ་ནི་རིན་པོ་ཆེ་མཆོག་གི་ཞབས་ཕྱི་སྐུ་བགྲེས་པ་དགུང་ལོ་ ༨༠ ཕེབས་ཡོད་པ་སྒྲུབ་རྣམ་ལགས་གློ་བུར་དུ་སྙུང་གཞི་དྲག་པོར་གྱུར་ཡོད་སྟབས་ཁོང་གཟིགས་རྟོག་ཆེད་དུ་ཡིན་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་ས་གནས་སུ་ཕེབས་ཞོར་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྐབས་སྨན་པས་རིན་པོ་ཆེ་མཆོག་ལ་སྐུ་ངལ་གསོ་བཞུགས་གནང་གལ་ཡིན་པའི་ལམ་སྟོན་ཕུལ་བ་གཞིར་བཞག་ད་བར་ཨ་རིར་བཞུགས་དགོས་བྱུང་ཡོད་པ་གསལ་བཤད་གནང་འདུག ལྷག་པར་དུ་དད་ལྡན་མང་ཚོགས་ཀུན་ལ་ཀརྨ་པ་རིན་པོ་ཆེ་མཆོག་གི་༸སྐུའི་འཕྲོད་བཞེས་ཛ་དྲག་དང་བློ་འཚབ་བྱེད་དགོས་པ་ཞིག་རྩ་ནས་མེད་སྟབས། དཀྲོག་གཏམ་དང་འཆལ་གཏམ་སྤེལ་བཞིན་པར་དབུ་མ་འཁོར་བ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག མཚུར་ཕུ་བླ་བྲང་གི་འགན་འཛིན་རྒྱལ་མ་ཚན་བསོད་ནམས་ལགས་སུ་དེ་རིང་བཀའ་འདྲི་ཞུས་པར་ཁོང་གིས་རིན་པོ་ཆེ་མཆོག་སྨན་བཅོས་ལེགས་གྲུབ་རྗེས་གང་མགྱོགས་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་པ་གསུངས་ཀྱི་འདུག

བོད་ཀྱི་དཔེ་མཛོད་ཁང་གི་ཡན་ལག་ཞིག་སྦེང་ལོར་དུ་ཆེད་འཛུགས་གནང་འཆར་འདུག

ཉེ་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་དུ་དཔེ་མཛོད་ཁང་སྤོ་འཆར་ཡོད་པའི་གནས་ཚུལ་ཞིག་ཐོན་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་དོར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་དཔེ་མཛོད་ཁང་གནས་སྤོ་བྱེད་རྒྱུ་མིན་པར་རྒྱ་གར་ལྷོ་ཕྱོགས་སྤེང་ལོར་གྲོང་ཁྱེར་དུ་དཔེ་མཛོད་ཁང་གི་ཡན་ལག་ལྟེ་གནས་ཁང་ཞིག་གསར་རྒྱག་ཞུ་འཆར་ཡོད་སྐོར་གསུངས་སོང། བོད་ཀྱི་དཔེ་མཛོད་ཁང་གི་ཡན་ལག་གསར་པ་དེ་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་གསར་བསྐྲུན་གནང་འཆར་ཡོད་པ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་སྒོས་སུ་རྡ་ས་འདི་ས་ཡོམ་གྱི་ལྟེ་གནས་ཤིག་དང། ཆར་ཤུགས། གཞའ་ཚན་ཆེ་བའི་ས་གནས་ཤིག་ཆགས་ཡིན་སྟབས། ད་ལྟའི་ཆར་བོད་ཀྱི་དཔེ་མཛོད་ཁང་ལ་ཡོད་པའི་ནང་བསྟན་དཔེ་ཚོགས་ཁག་དང། སྒྲ་འཇུག དེ་བཞིན་བོད་ཀྱི་ལོ་རྒྱུས་སོགས་དང་འབྲེལ་བའི་ཡིག་མཛོད་རྣམས་མ་འོངས་པར་གཅེས་ཉར་སྲུང་སྐྱོབ་རྒྱུན་སྐྱོང་ཡོང་བར་དམིགས་ནས་ལྷོ་ཕྱོགས་སྦེང་ལོར་ཁུལ་དུ་ཡན་ལག་ཆེད་འཛུགས་གནང་རྒྱུའི་འཆར་གཞི་གཏིང་ཡོད་པ་རེད། རྩ་བའི་བོད་ཀྱི་དཔེ་མཛོད་ཁང་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མཚོན་པའི་ཤེས་རིག་དང། སྒྱུ་རྩལ། ལག་ཤེས། གོམས་གཤིས་སོགས་ཕྱི་ནང་སྣོད་བཅུད་ལ་ཉམས་ཉེས་ཚབས་ཆེ་བཏང་བར་བརྟེན། ཕྱི་ལོ་ ༡༩༧༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་ཉམས་གསོ་དང༌། སྲུང་སྐྱོབ། ཉར་ཚགས་གོང་སྤེལ་གཏོང་ཕྱིར་བོད་ཀྱི་དཔེ་མཛོད་ཁང་གསར་བསྐྲུན་གནང་པ་ཞིག་ཡིན་པ་དང། ད་ལྟའི་ཆར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྒྱུ་རྩལ་དང༌། སྣང་བརྙན། ཕྱག་དཔེ། ཐང་ཀ པར་རིས། དེ་བཞིན་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་སུ་གྱུར་པའི་རིག་དངོས་རྙིང་པ་སྣ་ཚོགས་ཤིག་གཅེས་ཉར་གནང་སའི་མཛོད་ཁང་ལྟ་བུ་ཆགས་ཡོད་པ་མ་ཟད། དེང་གི་ཆར་འཛམ་གླིང་ནང་ནང་ཆོས་དང་བོད་རིག་པའི་གཞུང་ལུགས་ཐོག་ཞིབ་འཇུག་སློབ་གཉེར་བྱ་ཡུལ་གྱི་ཤེས་ཡོན་བསྟི་གནས་གལ་ཆེ་ཞིག་ཀྱང་ཡིན་པ་རེད།

སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་རྡོ་རྗེ་བྲག་དགོན་པར་ཞུགས་འབུལ་གནང་འདུག

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༦ པ་བདེ་བར་གཤེགས་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་ Himachal མངའ་སྡེའི་རྒྱས་ལ་ Shimla ལ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་ཞུགས་འབུལ་གནང་འདུག རྩ་བའི་རིན་པོ་ཆེ་མཆོག་སྔ་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་དགུན་ལོ་ ༩༠ ཐམ་པའི་སྟེང་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་པ་དང། སྐབས་དེར་རིན་པོ་ཆེ་མཆོག་ཉིན་གཉིས་རིང་ཐུགས་དམ་དུ་བཞུགས་ཡོད་པ་དང་། རྗེས་སུ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་གདན་འདྲེན་ཞུས་ནས་ད་བར་བཞུགས་སུ་གསོལ་ཡོད་པ་རེད། དེ་རིང་སྔ་ཐོག་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་དུས་ཚིགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་ཐོག་སྔ་འགྱུར་རྙིང་མའི་གཞི་རྒྱ་ཆེ་བའི་ཆོ་གའི་སྒོ་ནས་༸སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་འདུག བོད་མི་མང་རྙིང་མའི་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོ་གཅིག་ལྕོགས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་དེ་རིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སྐོར་དང་མ་འོངས་སྔ་འགྱུར་རྙིང་མའི་ཁྲི་རབས་ ༧ པ་ཕེབས་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་གནས་མཆོག་རྡོ་གནད་དུ་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་སུ་རྙིང་མའི་བླ་ཆེན་ཁག་དང་གནད་ཡོད་མི་སྣ་ཁག་ཕེབས་ཀྱི་ཡོད་སྟབས། རྙིང་མའི་སྨོན་ལམ་དང་སྟབས་བསྟུན་ནས་ཚོགས་འདུ་ཆེད་བསྐོང་ཐོག་སྔར་སྲོལ་ལྟར་མ་འོངས་པའི་ཁྲི་རབས་སུ་ཕེབས་དགོས་པ་དང་སུ་ལ་གསོལ་འདེབས་ཞུ་དགོས་པ་སོགས་ཀྱི་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་བདེ་བར་གཤེགས་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་དབུས། ལྷོ་ཁ་ས་ཁུལ་ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་ སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པ་ངོས་འཛིན་གནང་པ་དང། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་འགོ་བཙུགས་ཡོད་པ་དེ་ཡང་། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་རྗེས་རིམ་བཞིན། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད། ཁྱད་པར་དུ་ ༢༠༡༢ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད།

གཞོན་ནུའི་ཚོགས་གཙོ་གཙོས་པའི་ལས་འགུལ་བ་ ༥༠ འཛིན་བཟུང་བྱས་འདུག

དེ་རིང་ཟླ་ ༡༠ ཚེས་ ༡༨ ཉིན་རྒྱ་ནག་གྱི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་པོར་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲོག་འོག་གཞོན་ནུའི་ལས་འགུལ་བ་རྣམས་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་དང་། ཞི་ཅི་ཕིང་གིས་འདས་པའི་ལོ་ལྔའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་སྐོར་འཁོད་པའི་འཕྲེད་དར་འཕྱར་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་ས་གནས་རྒྱ་གར་ཉེན་རྟོག་པས་ལས་འགུལ་གོ་སྒྲིག་གནང་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་རྣམ་གཉིས་ཀྱིས་གཙོས་པའི་དབུས་རྒྱུན་ཁག་ཅིག དེ་བཞིན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལྡི་ལི་ས་གནས་གཞོན་ནུའི་ཚོགས་མི་དང་མི་མང་བཅས་ཁྱོན་ལས་འགུལ་བ་ ༥༠ ཙམ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ནས་འཛིན་བཟུང་གིས་ད་ལྟའི་ཆར་ chanakyapuri ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱེད་མུས་ཡིན་པ་རེད། གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ད་རེས་ཀྱི་ངོ་རྒོལ་ལས་འགུལ་དང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་ལྟར།  དེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཞི་ཅིང་ཕིང་རྒྱ་ནག་གི་འགོ་ཁྲིད་བྱས་པའི་འདས་ཡུན་དེའི་ནང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་པ་མང་དག་ཞིག་འཛིན་བཟུང་བྱས་པ། བོད་ནང་རང་ལུས་མེར་སྲེག་གི་གནད་དོན་མུ་མཐུད་བྱུང་བཞིན་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ལ་ཐེ་བྱུས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིགས་བཏང་ཡོད་པ་སོགས་གསུངས་འདུག ལྷག་དོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ Liu Xiabo ལགས་གཉིས་རྒྱ་ནག་གི་བཙོན་འཇུག་འོག་སྐུ་གྲོངས་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ཞི་ཅིང་ཕིང་གིས་འདས་པའི་ལོ་ལྔའི་ནང་རྒྱ་ནག་གི་སྲིད་འཛིན་གོ་ཆོད་པ་ཞིག་བྱས་མེད་པ་མ་ཟད། དེ་རིང་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་འཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་པ་དེར་དགའ་བསུ་བྱེད་དགོས་དོན་གང་ཡང་མེད་ཅེས་གསུངས་འདུག རྩ་བའི་ཐེངས་འདིའི་རྒྱ་ནག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་མ་ཚོགས་པའི་ཉིན་གཅིག་གི་སྔ་རོལ་དུ་ཨ་རི་དང་དབྱིན་ཡུལ། ནོར་ཝེ། རྒྱ་གར་བཅས་འཛམ་གླིང་ས་ཕྱོགས་གང་སར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་ཏང་གི་ཚོགས་ཆེན་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཐོག་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་མུས་རེད་འདུག

ཞི་ཅིང་ཕིང་གི་ལས་ཡུན་གཉིས་པར་བོད་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་མེད།

རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་སྐོང་ཚོགས་བྱ་གྲབས་ཡོད་པ་དང་བསྟུན་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ལས་ཡུན་གཉིས་པའི་ནང་བོད་དུ་བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་མེད་ཅེས་ནན་བརྗོད་གནང་སོང་། སང་ཉིན་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་ཚོགས་ཀྱི་ཡོད་པ་དང། ཚོགས་ཆེན་གྱི་ཉིན་གཅིག་སྔ་རོལ་དང་བསྟུན་དེ་རིང་བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཟུང་འབྲེལ་ཐོག་ཞི་ཅིང་ཕིང་གིས་སྲིད་དབང་སྒེར་སྤྱོད་འོག་བོད་ནང་མུན་ནག་གི་ལོ་ལྔ་ཞེས་པའི་མིང་བྱང་འོག་བོད་དབྱིན་ཧིན་རྒྱ་བཞིའི་སྐད་ཡིག་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང། སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་བརྒྱུད་འདས་པའི་ཞི་ཅིང་ཕིང་གི་སྲིད་འཛིན་ལས་ཡུན་ནང་བོད་དུ་བོད་མིའི་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག ཤེས་ཡོན་སློབ་གསོ། དྲ་རྒྱུའི་རིག་གནས་སོགས་ཕྱོགས་ཡོངས་ཀྱི་ཐད་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང། དེ་བཞིན་ལྐོག་ཟ་རུལ་སུངས་ལ་ཁ་གཡོག་སྟེ། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་ཁ་བྲལ་ལ་ངོ་རྒོལ་ཞེས་པའི་ལས་འགུལ་སྤེལ་བ་སོགས་ཕྱོགས་ཡོངས་ཀྱི་ཐོག་ནས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རྣམ་པ་ཟུར་ཙམ་ཡང་མཐོང་རྒྱུ་མེད་ཅེས་ཐེར་བཏོན་གནང་སོང། ད་དུང་ཁོང་གིས་ད་ཆ་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་གཙོས་པའི་ས་ཁུལ་གཞན་ཁག་དང། རྒྱ་ནག་མི་དམངས་ཀྱི་ཐོག་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་ཁར། རྒྱལ་སྤྱིའི་ཁྱབ་ཁོངས་ཀྱི་ནང་དུའང་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཤིག་ཀྱང་ལག་བསྟར་བྱེད་མུས་ཡིན་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་བསྐོང་ཚོགས་བྱས་ཏེ་སྲིད་འཛིན་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གི་དབང་འཛིན་པ་མི་རབས་དྲུག་པ་དེས་སྔར་ལས་བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་ཅེས་ནན་བརྗོད་གནང་ཡོད་པ་མ་ཟད། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་ད་རེས་ཞི་ཅིང་ཕིང་གིས་སྲིད་སྐྱོང་བའི་མི་ལོ་ལྔའི་རིང་བོད་ནང་དུ་འགྲོ་བ་མིའི་ཐང་ཐང་གདལ་བཤིག་དང་རང་དབང་ལ་ཚད་ལས་འགལ་བའི་དམ་དྲག་བྱས་པར་ངོ་རྒོལ་བྱ་རྒྱུ་དང་། བོད་ཀྱི་གནད་དོན་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་བོད་མ་ཚོའི་ངོས་ནས་མཐར་ཕྱིན་པའི་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲོད་ཡོད་པ་རེད། དེ་རིང་གི་གསར་ལྷན་ཚོགས་གྲུབ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དུས་ཚིགས་དེ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་འདས་པའི་ལོ་ལྔའི་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་སོགས་ལ་བརྩི་མེད་རྡོག་རོལ་བཏང་པ་དང། བོད་ཀྱི་ཁོར་ཡུག་རྩ་གཏོར། བོད་ནང་གི་བོད་མི་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བར་དམ་དྲག་དང་འཛིན་བཟུང་། དེ་བཞིན་དམར་གསོད་གཏོང་བ་ཁག་རྒྱལ་སྤྱིའི་མང་ཚོགས་ཁྲོད་ཐེར་བཏོན་གྱི་ལས་འགུལ་ཞིག་སྤེལ་སོང། དེ་དང་ཕྱོགས་མཚུངས་སུ་དེ་རིང་སྔ་དྲོ་ཐེ་ཝན་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁུངས་དང། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཐེ་ཝན་བོད་རིགས་ཚོགས་པ། ཐེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཁྱོན་ཚོགས་ཁག་ ༡༧ ནས་ཁུལ་དེའི་རྒྱལ་ས་ Taipei ནང་དུ་སང་ཉིན་རྒྱ་ནག་རྒྱལ་ས་པི་ཅིང་དུ་ཚོགས་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པར་སྐྱོན་བརྗོད་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་འདུག ཐེངས་དེའི་གསར་འགོད་ལྷན་ཚོགས་དེའི་ཐོག་ནས་འདས་པའི་ཞི་ཅིང་ཕིང་གིས་སྲིད་སྐྱོང་བའི་ལས་ཡུན་ནང་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ལས་ལྡོག་སྟེ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་་འགྲོ་ཡོད་པར་སྐྱོན་བརྗོད་ནན་པོ་གནང་འདུག

Latest news