Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ནས་བོད་མི་ཡར་ཐོན་ཚོང་པ་གསུམ་ལ་འབུམ་ ༡༥ འི་མ་དངུལ་རོགས་སྐྱོར་གནང་གཏན་འཁེལ་སོང་།

འདི་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ TED ཞེས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་བོད་རིགས་ཡར་ཐོན་ཚོང་ལས་པ་གསུམ་བྱུང་ཡོད་པ་ལྟར།  ཁོང་རྣམས་ལ་མ་དངུལ་འཆར་འགོད་ཐོག་ཁྱོན་ཧིན་སྒོར་འབུམ་ ༡༥ འི་རོགས་སྐྱོར་གནང་གཏན་འཁེལ་སོང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་ཡིན་པའི་ཉི་མ་རྒྱལ་མཚན་ལགས་ཀྱི་Dairy Farm ཞེས་ཕྱུགས་གསོ་ཁང་གི་ཚོང་ལས་ལ་ཧིན་སྒོར་འབུམ་ ༦༧༠༠༠༠  དང་རྟ་མགྲིན་སྐྱབས་ལགས་ཀྱི་སྒྲ་བཅོམ་པ་ Tech LLP ཞེས་དེང་དུས་ཀྱི་འཕྲུལ་ཆས་དང་མཉན་ཆས་རིགས་བཟོ་བསྐྲུལ་ཁང་ལ་ཧིན་སྒོར་འབུམ་ ༤༣༠༠༠༠  དེ་བཞིན་ཐེངས་འདིའི་འགྲན་བསྡུར་ནང་མཉམ་ཞུགས་གནང་པའི་བེུད་གཅིག་ཡོད་པ་ཚེ་རིང་སྒྲོལ་མ་ལགས་ཀྱི་འཇའ་རིས་བཟོ་ཚོང་ཁང་ལ་ཧིན་སྒོར་འབུམ་ ༤༠༠༠༠༠ བཅས་གནང་སོང་། གཞི་རྩའི་འདི་ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་གྱི་ཐོག་མའི་ཆ་ལ་བོད་རིགས་ཚོང་ལས་པ་ ༢༤ ནས་མཉམ་ཞུགས་གནང་ཡོད་པ་དང་། ཁ་སང་ཉིན་དང་པོའི་འགྲན་བསྡུར་རྗེས་བོད་རིགས་ཚོང་ལས་པ་དྲུག་དེ་རིང་གི་མཐའ་མའི་འགྲན་བསྡུར་ནང་འདེམས་ཐོན་བྱུང་ཡོད་པ་དེ་ལྟར་ཡང་། ཁོང་རྣམས་ནས་དེ་རིང་སྔ་ཐོག་ཚོགས་བཅར་བ་ཀུན་ལ་རང་ཉིད་ཀྱི་ཚོང་ལས་དང་དཔལ་འབྱོར་དགོས་ངེས་སོགས་འགྲེལ་བརྗོད་གནང་པ་མ་ཟད། ཟུར་དཔང་རྣམས་པའི་དྲི་བར་ལན་འདེབས་གནང་སྟེ་མཐའ་མའི་འགྲན་བསྡུར་གནང་རྗེས་ཚོང་ལས་པ་གསུམ་མ་གཏོགས་བྱ་དགའ་ཐོབ་མེད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་དེ་ཐོག་མར་ཕྱི་ལོ་ ༢༠༡༥ ལོར་འགོ་འཛུགས་གནང་པ་དང་། གཟེངས་རྟགས་ཀྱི་ཆེད་དུ་མ་དངུལ་ཧིན་སྒོར་འབུམ་ ༡༥ བཞག་གནང་གི་ཡོད་པ་དང་། འདས་པའི་ལོ་གཉིས་ནང་གི་འགྲན་བསྡུར་སྐབས་མ་དངུལ་དེ་དག་ཆ་ཚང་གནང་ཐུབ་པ་བྱུང་མེད་ཀྱང་། འདི་ལོ་མ་དངུལ་འབུམ་ ༡༥ ཆ་ཚང་གནང་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

བཙན་བྱོལ་བོད་མི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་ནང་བོད་མི་དྲུག་འདེམས་ཐོན།

དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༩།༣༠ ཡོལ་ཙམ་ལ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དྲུང་འཕར་དབུ་དཀར་ཚང་སྐལ་རྡོ་ལགས། དེ་བཞིན་བཙན་བྱོལ་བོད་མི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་ནང་མཉམ་ཞུགས་བ་བོད་རིགས་ཡར་ཐོན་ཚོང་ལས་པ་ཁག་དང་བཞུགས་སྒར་གཙོས་པའི་བོད་མིའི་གཞིས་ཁག་དང་། བལ་ཡུལ་བཅས་ཀྱི་ནང་ཚོང་ལས་གཉེར་བཞིན་པའི་བོད་མི་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཚང་འཛོམས་ཐོག་ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་གསུམ་པ་དབུ་འཛུགས་གནང་སོང་། འདི་ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་ལས་འགྲན་བསྡུར་གྱི་ཐོག་མའི་ཁྲོད་བོད་རིགས་ཡར་ཐོན་ཚོང་ལས་པ་ ༢༤ ནས་མཉམ་ཞུགས་གནང་ཡོད་ཀྱང་། འདས་པའི་འགྲན་བསྡུར་སྤྱི་དང་། ལྷག་པར་དུ་ཟུར་དཔང་རྣམ་པའི་དྲི་བ་དྲིས་ལན་སོགས་གནང་པའི་བརྒྱུད་སང་ཉིན་མཐའ་མའི་འགྲན་བསྡུར་སྐབས་ལ་བོད་མི་དྲུག་འདེམས་ཐོན་བྱུང་ཡོད་པ་རེད། དེ་དག་རྣམས་ནི་རྒྱལ་ས་ལྡི་ལིར་ཡོད་པའི་རིང་སྒྲོལ་མ་ལགས་ཀྱི་མཐའ་རི་ཚེམ་བཟོ་ཁང་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་ཉི་མ་རྒྱལ་མཚན་ལགས་ཀྱི་ Dairy Farm ཞེས་ཕྱུགས་གསོ་ཁང་གི་ཚོང་ལས། དེ་བཞིན་བཞུགས་སྒར་དང་ལྡི་ལི་གཉིས་སུ་ཡོད་པའི་བློ་བཟང་བཀྲ་ཤིས་ལགས་ཀྱི་ TAC Enterprise ཞེས་ཁྲལ་འབབ་དང་འབྲེལ་བའི་ཚོང་ལས་བཅས་དེ་སྔ་ནས་ཆེད་འཛུགས་ཟིན་པའི་ཚོང་ལས་གསུམ་དང་། རིང་མིན་གསར་དུ་འགོ་འཛུགས་གནང་འཆར་ཡོད་པའི་འགྱུར་མེད་བསྟན་འཛིན་ལགས་ཀྱི་ I Lab Coaching Center ཞེས་ཤེས་ཡོན་སྦྱོང་བརྡར་གཏི་གནས་ཁང་དང་། རྟ་མགྲིན་སྐྱབས་ལགས་ཀྱི་སྒྲ་བཅོམ་པ་ Tech LLP ཞེས་དེང་དུས་ཀྱི་འཕྲུལ་ཆས་དང་མཉན་ཆས་རིགས་བཟོ་བསྐྲུན་ཁང་། དེ་བཞིན་ཀུམ་རའོ་བོད་མིའི་གཞིས་ཆགས་ནང་ཆེད་འཛུགས་གནང་འཆར་ཡོད་པའི་ངག་དབང་བློ་གྲོས་ལགས་ཀྱི་ Drawu Mashroom ཞེས་ཤ་མོ་འདེབས་ལས་ཀྱི་ཚོང་ལས་བཅས་ཆགས་ཀྱི་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་སྤྱི་ཚོགས་ཚགས་ཚུད་ཡོང་བར་ཤེས་ཡོན་དང་རིང་གཞུང་ཙམ་མ་ཡིན་པར། དཔལ་འབྱོར་གྱི་གནས་བབས་དེ་མཚུངས་ཀྱི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་པའི་ཚོང་པ་རྣམས་ནས་ཚོང་ལས་འགོ་འཛུགས་ཐུབ་པ་ཙམ་མིན་པར་སེམས་ཤུགས་དང་ལྷག་བསམ། ལྷག་པར་དུ་རང་ཉིད་ཀྱི་དུས་ཚོད་བསྟུད་མར་བཏང་ནས་ཚོང་གི་ལས་དོན་གང་ཞིག་ཡིན་རུང་མུ་མཐུད་ནས་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་། དེ་བཞིན་ཁོང་གིས་བོད་པའི་ཚོང་པ་རྣམས་ནས་ཚོང་ལས་གང་ཞིག་གཉེར་ཡང་ཁྲིམས་ལུགས་དང་མཐུན་པ། འཁོར་ཡུག་ལ་གནོན་འཚེ་མེད་པ། ལྷག་པར་དུ་ཚོང་ལས་བརྒྱུད་མ་འོངས་པར་རང་ཉིད་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་བསམ་པའི་ཀུན་སློང་ཁྱེར་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་པ་མ་ཟད། ཐེངས་འདིའི་ཚོགས་བཅར་བའི་གྲངས་འབོར་ཁྲོད་བོད་པའི་བེུད་ཉུང་ཤས་ལས་མཉམ་ཞུགས་གནང་མེད་སྟབས། མ་འོངས་པར་སྒྲིག་འཛུགས་ཀྱི་གོ་སྐབས་བསྐྲུན་པའི་ལས་གཞིའི་ཐོག་བེུད་རྣམས་ནས་གཅིག་མཚུངས་ཀྱིས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། རྩ་བའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་དེ་ནི་བོད་མིའི་སྒྲིག་འཛུགས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཚོང་ལས་ཀྱི་ལས་རིགས་གཉེར་བཞིན་པ་དང་། ལྷག་པར་དུ་ཚོང་ལས་གསར་པ་འགོ་འཛུགས་གནང་མཁན་ཚོར་མ་དངུལ་གྱི་རྒྱབ་སྐྱོར་གནང་རྒྱུ་དང་། འདུ་འཛོམས་སྐབས་ཕེབས་པའི་བོད་པའི་ཚོང་པ་རྣམས་ལ་ཉིན་གྲངས་གྲངས་གཉིས་རིང་ལ་བཙན་བྱོལ་བོད་མིའི་དཔལ་འབྱོར་དང་ཚོང་ལས་ཀྱི་གནས་བབས། དེ་བཞིན་ས་གནས་ཡུལ་མིའི་ཁྲལ་འབབ་དང་ཚོང་འབྲེལ་གནང་སྟངས་གཙོས་ཚོང་ལས་དང་འབྲེལ་བའི་གྲོས་བསྡུར་སྦྱངས་བཤད་དང་གནད་ཡོད་མི་སྣ་ཁག་ནས་གསུང་བཤད་སོགས་གནང་གི་ཡོད་པ་རེད། སང་ཉིན་མཐའ་མའི་འགྲན་སྡུར་ཐོག་སྔར་ལོ་དང་མི་འདྲ་བར་ཐེངས་འདིའི་འགྲེན་བསྡུར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ལེགས་གསོའི་མ་དངུལ་བྱ་དགའ་ཞིག་ཀྱང་གནང་གི་འདུག                    

བོད་པའི་དགེ་རྒན་ཞིག་གིས་རང་གི་གསོག་དངུལ་ཡོངས་རྫོགས་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་གནང་འདུག

ཀུམ་རའོ་དང་སྤུ་རུ་ཝ་བ་ལ་ས་གནས་གཉིས་སུ་ལོ་ངོ་ ༡༨ རིང་སློབ་གྲྭའི་དགེ་རྒན་གྱི་ཞབས་ཞུ་ཧུར་ཐག་གནང་ནས་འདས་གྲོངས་སུ་གྱུར་བའི་ཚེ་དབང་རབ་བརྟན་ལགས་དམ་པ་ཁོང་གིས་གསོག་དངུལ་ཡོངས་རྫོགས་བོད་ཕྲུག་གི་ཤེས་ཡོན་ཆེད་ཞལ་འདེབས་ཕུལ་འདུག ཚེ་དབང་རབ་བརྟན་ལགས་དམ་པ་ཁོང་ནི་ཕྱི་ལོ་ ༡༩༦༤ ལོར་བོད་གཞིས་ཀ་རྩེར་འཁྲུངས་ཤིང་། དེ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ ༡༩༩༧ ནས་ ༢༠༠༨ བར་ཧི་མཱ་ཅལ་མངའ་ཁུལ་གྱི་སིར་མོར་རྫོང་ཁོངས་སུ་ཡོད་པའི་ཀུམ་རའོ་སློབ་གྲྭ་དང་དེ་ནས་ ༢༠༠༩ ནས་ ༢༠༡༥ བར་སམ་བྷོ་ཊ་ཁྱབ་ཁོངས་སྤུ་རུ་ཝ་ལ་ཉིན་སློབ་ཏུ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་རྩིས་རིག་དགེ་རྒན་གནང་ནས་ཁྱོན་ལོ་ངོ་ ༡༨ རིང་སློབ་གྲྭའི་དགེ་རྒན་གྱི་ཞབས་ཞུ་གནང་སྟེ་མཐར་ཕྱི་ལོ་ ༢༠༡༥ ལོར་སྐུ་གྲོངས་ཡོད་པ་རེད་འདུག དམ་པ་ཁོང་ནས་རང་ཉིད་ཀྱི་གསོག་དངུལ་བརྒྱ་ཆ་ ༡༠༠ ཡི་འབབ་ཧིན་སྒོར་སུམ་འབུམ་བཞི་ཁྲི་ལྔ་སྟོང་བཞི་བརྒྱ་བཅུ་གཉིས་སོ་སོའི་དམིགས་ཡུལ་ལྟར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་འབུལ་རྒྱུའི་དཔང་ཡིག་འཇོག་གནང་པ་ལྟར། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཟླ་བ་འདིའི་ཚེས་ ༢༣ ཉིན་དངུལ་འབོར་དེ་དག་ཤེས་རིག་ལས་ཁུངས་སུ་གནང་འབྱོར་བྱུང་འདུག བོད་མིའི་སྒྲིག་འཛུགས་ཤེས་རིགས་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་དམ་པ་ཁོང་གིས་སྐུ་འཚོ་བཞུགས་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་སེམས་འཁུར་ཆེ་བཞེས་གནང་པར་ཡི་རངས་བསྔགས་བརྗོད་ཞུས་པ་དང་། ལྷག་དོན་དམ་པ་ཁོང་གིས་བོད་སྤྱིའི་སླད་དུ་རང་ཉིད་ཀྱི་གསོག་དངུལ་ཡོངས་རྫོགས་བོད་ཕྲུག་གི་ཤེས་ཡོན་ཆེད་ཞལ་འདེབས་གནང་པ་དེ་ནི་རླབས་ཆེན་གྱི་བྱ་གཞག་ཞིག་ལ་ངོས་འཛིན་ཞུས་ཐོག་ཁོང་གི་གསོག་དངུལ་དེ་དག་དམ་པ་ཁོང་གིས་དམིགས་ཡུལ་གཞིར་བཟུང་བོད་ཕྲུག་ཉམ་ཐག་ཚོའི་ཁྲོད་དུ་བགོས་འགྲེམས་གནང་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་ཚེ་འདས་རྒན་ཚེ་དབང་རབ་བརྟན་ལགས་ཕྱི་ལོ་ ༢༠༠༩ ལོར་སྤུ་རུ་ཝ་ལ་ཉིན་སློབ་ཏུ་གནས་སྤོས་ཀྱིས་དེར་ ༢༠༡༥ བར་རྩིས་རིག་དགེ་རྒན་གྱི་ཕྱག་ལས་གནང་རིང་རྒྱུན་དུ་རང་གི་ལས་སྣེ་ལ་བརྩི་ཆེ་དང་སློབ་ཕྲུག་རྣམས་ལ་ཤ་ཚ་ཆེན་པོ་གནང་མཁན་ཡིན་པ་མ་ཟད། ཁྱད་པར་དུ་ཁོང་ནས་དགེ་ལས་ཚོར་ངེས་མེད་ཀྱི་ཐོབ་གསེང་ཡོད་ཀྱང་ད་བར་སློབ་མའི་ཤེས་ཡོན་ཆེད་དགོངས་ཞུ་རྩ་བ་ནས་གནང་མྱོང་མེད་པ་རེད་འདུག དམ་པ་ཁོང་གི་གསོག་དངུལ་རྣམས་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་གནང་པའི་ཐད་ལ་ད་ཆ་སྤུ་རུ་ཝ་ལ་སློབ་གྲྭའི་དགེ་ཆེ་གནང་བཞིན་པ་བསྟན་འཛིན་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་དམ་པ་ཁོང་ལ་ཨ་མའི་སྤུན་གཅིག་འདུག་པ་དེའི་མཚན་ཐོག་ལ་གསོག་དངུལ་མ་བཞག་པར་སློབ་ཕྲུག་ཉམ་ཐག་ཚོའི་ཆེད་གནང་དགོས་པའི་གན་རྒྱ་བཞག་ཡོད་པ་དེ་ནི་ཡི་རངས་ཞུ་དགོས་པ་ཞིག་དང་། ཁོང་ལྟ་བུར་ང་ཚོ་དགེ་ལས་ཚང་མས་དམིགས་དཔེ་ལྟ་དགོས་པ་ཞིག་ཏུ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གི་བརྒྱུད་ལོ་ལྟར་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་གྱི་སློབ་ཡོན་མང་དག་ཞིག་གནང་གི་ཡོད་པ་དང་། འདི་ལོ་མཚོན་ན་ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཏུ་བསྐྱོད་མཁན་བོད་ཕྲུག་སློབ་མ་ ༡༡༠༠ མན་ཙམ་ལ་ཤེས་ཡོན་གྱི་སློབ་ཡོན་གནང་མུས་ཡིན་པ་དང་། དེའི་ཁོངས་སུ་འདས་པའི་ལོ་ཁ་ཤས་ནང་ཨ་རི་དང་ཁེ་ན་ཊ། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་གི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཕྲུག་ལས་འཆར་ཚོགས་པ་སོགས་གཙོས་པའི་བོད་རིགས་ཁྱིམ་ཚང་སོ་སོ་ནས་མཐོ་སློབ་དང་སློབ་གྲྭ་ཁག་ལ་སྐྱོད་བཞིན་པའི་བོད་ཕྲུག་སློབ་མ་ ༦༩ ཙམ་གྱི་ཤེས་ཡོན་གྱི་སློབ་ཡོན་ཆེད་ཞལ་འདེབས་གནང་མཁན་བྱུང་ཡོད་པ་རེད།

སུད་སི་ནང་གི་བོད་མི་ ༣༠༠ ཡས་མས་ཤིག་རང་གནས་སུ་ཕྱིར་ལོག་དགོས་པའི་འབོད་སྐུལ།

སུད་སི་ཕྱི་མི་ཞིབ་དཔྱོད་དོ་དམ་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་ཞུ་མཁན་ ༣༠༠ ཡས་མས་ཤིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཚང་མེད་པས་རང་གནས་སུ་ཕྱིར་ལོག་དགོས་ཞེས་བརྡ་ལན་སྤྲད་འདུག ཟླ་ ༨ ཚེས་ ༢༧ ཉིན་སུད་སིའི་གྲོང་ཁྱེར་ Zurich ནང་གི་བོད་རིགས་ཚོགས་ཁང་དུ་སུད་སི་བོད་རིགས་མི་མང་གི་འཐུས་མི་དང་གཞན་ཕན་ཚོགས་པ། དེ་བཞིན་ས་གནས་སྐུ་ཚབ་དོན་གཅོད་ཀྱི་མི་སྣ་སོགས་འདུ་འཛོམས་ཀྱིས་བསྐོང་ཚོགས་གནང་པའི་བོད་རིགས་ཚོགས་པའི་ཟླ་རེའི་ཚོགས་འདུ་ཞིག་གི་ཐོག་སུད་སིའི་ཕྱི་མི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་གསུམ་ཆེད་ཕེབས་གནང་སྟེ། དེང་སྐབས་སུད་སིར་སྐྱབས་བཅོལ་ཞུ་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད། བོད་མི་ཡང་མང་དུ་འགྲོ་གི་ཡོད་པ་དང་བོད་མི་དེ་དག་གི་དཀའ་ངལ་སེལ་ཐབས་སུ་སྐྱབས་བཅོལ་གྱི་གནས་བབས་སྤྲོད་རྒྱུ་སོགས་ཀྱི་མཐུན་རྐྱེན་གང་ཡོང་བསྐྲུན་མུས་ཡིན་ཀྱང་། ཉེ་ལམ་སྐྱབས་བཅོལ་གྱི་གནས་བབས་མཁོ་སྤྲོད་དགོས་པའི་སྙན་ཞུ་འབུལ་མཁན་གྱི་བོད་རིགས་ཁག་ཅིག་ལ་སུད་སི་གཞུང་ནས་བོད་ནས་ཡོང་བ་ཡིན་མིན་འདྲི་རྩད་ཀྱི་ལམ་ནས་ཞིབ་དཔྱད་གནང་པ་ལས་མི་གྲངས་ ༣༠༠ ཡས་མས་ཤིག་ལ་བདེན་དཔང་གི་ཡིག་ཆ་མེད་པ་ཤེས་རྟོགས་བྱུང་རྗེས། དེ་དག་ཚང་མར་ཕྱིར་ལོག་དགོས་པའི་བརྡ་ལན་སྤྲད་འདུག་པ་མ་ཟད། གལ་ཏེ་རང་འགུལ་གྱིས་ཕྱིར་ལོག་བྱ་ཚེ་ལམ་གྲོན་དང་། དེ་བཞིན་སུད་སི་སྒོར་མོ་ལྔ་སྟོང་རེ་གནང་རྒྱུའི་ཁས་ལེན་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་སུད་སི་བོད་མི་སྐྱབས་བཅོལ་བའི་གནས་བབས་དང་ཁུངས་ལྡན་གྱི་དཔང་ཡིག་མེད་པའི་བོད་མི་དེ་དག་ཕྱིར་ལོག་དགོས་པའི་གནས་ཚུལ་བྱུང་དོན་སྐོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཁྱིམ་ གཞོན་ནུའི་སྡོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ དབུ་འཛུགས་གནང་སོང་། ཚོགས་ཆེན་དེའི་ཐོག་ས་གནས་ཁག་ ༣༥ ཙམ་ནས་ཚོགས་བཅར་བ་མི་གྲངས་ ༡༠༠ ཙམ་ཞིག་ནས་མཉམ་ཞུགས་གནང་ཡོད་པ་དང་། ལྷག་དོན་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་སློབ་གྲྭའི་ཉེ་བའི་རིགས་བདག་མཆོག་དང་ས་གནས་བི་ཇི་སྦི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། རྒྱ་གར་དམག་སྤྱི་ཟུར་པ་བཅས་གནད་ཡོད་སྐུ་མགྲོན་གསུམ་གྱིས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱིས་གསུང་བཤད་གནང་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་ནས་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་ཚོགས་འདུའི་ངོ་སྤྲོད་གནང་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱིི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་འདི་ལོར་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་ ༡༢ ཀྱི་བོད་ཕྲུག་ཁག་ཅིག་ལ་བོད་ཡིག་རྒྱུགས་ལེགས་སོན་བྱུང་བར་ཆེ་བསྟོད་ཀྱི་གཟེངས་རྟགས་དང་ཕྱག་འཁྱེར་གནང་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་ཕྱི་ནང་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་སྐུ་ལུས་མཆོད་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱོན་ ༡༦༠ མིན་ཙམ་བྱུང་བ་རྣམས་ཀྱི་དགོས་འདུན་དང་གནས་སྟངས་དང་ལོ་རྒྱུས་བཅས་འཛམ་གླིང་ཡོངས་ལ་གསལ་རྟོགས་ཐུབ་ཕྱིར་འབར་བཞིན་པའི་བོད་ཅེས་པའི་དྲ་རྒྱ་གསར་པ་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད། དུས་ཡུན་ཉིན་གྲངས་ལྔ་རིང་ཚོགས་རྒྱུའི་ལྷན་ཚོགས་འདིའི་སྐབས་གྲོས་གཞི་མི་འདྲ་བ་ཁག་ ༩ ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུག་པ་དེ་ལྟར་ཡང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་ཁག་གི་ལོ་འཁོར་མོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་གནང་རྒྱུ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༤༧ པའི་གྲོས་ཆོད་ལག་བསྟར་ཇི་ལྟར་བྱུང་ཡོད་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་བའི་སྐོར་གོ་བསྡུར་གནང་རྒྱུ། བོད་ཀྱི་གཞོན་ནུ་ལྷན་གྱི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་སྐོར་གྲོས་གཞི་དོན་ཚན་ཁག་གསུམ་དང་། མང་གཙོ་གོ་རྟོགས་སྤེལ་ཕྱོགས། སྤྱི་ཚོགས་ཞབས་ཞུའི་ལས་དོན།  གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་་དེ་མིན་སྤྱི་སྨན་དགོངས་འཆར་བཅས་ཀྱི་གྲོས་གཞི་ཁག་དགུའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༢༨ ཉིན་གཞོན་ནུའི་ཡན་ལག་ས་ཁག་ནས་ཕེབས་པའི་ཚོགས་བཅར་པ་ཚོར་ཉིན་གཅིག་གི་ཟབ་སྦྱོང་ཞིག་གནང་ཡོད་པ་དང་། ཟབ་སྦྱོང་དེའི་བརྗོད་གཞིའི་ནང་གཞོན་ནུའི་སྒྲིག་འཛུགས་ངོ་སྤྲོད་དང་། ལས་དོན་བྱེད་ཕྱོགས། རྒྱ་གཞུང་གི་ངོས་ནས་བོད་དོན་ཐོག་དམིགགས་བསལ་སྲིད་བྱུས་འཛིན་སྟངས་གང་འདྲ་ཡོད་མེད། བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཚན་ལྡན་ཇི་ལྟར་ཡོང་མིན་བཅས་ཀྱི་བརྗོད་གཞི་ཐོག་དམིགས་བསལ་གདན་ཞུ་ཆེད་ལས་མཁས་དབང་གིས་ཟབ་ཁྲིད་གནང་ཡོད་པ་མ་ཟད་འཚེ་མེད་ཞི་བའི་ནུས་པ་དང་ཐབས་བྱུས་སྐོར་དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོས་ཟབ་ཁྲིད་གནང་ཡོད་པ་རེད།

གདན་ས་དགའ་ལྡན་དགོན་པར་བྱང་རྩེ་ཆོས་རྗེའི་ཁྲི་འདོན་མཛད་སྒོ་ཚོགས་པ།

བྱེས་ཀྱི་གདན་ས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཡིན་པའི་རྒྱུད་སྨད་མཁན་ཟུར་སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབས་བསྟན་འཛིན་དགེ་ལེགས་མཆོག་ལ་འདི་ལོ་ཟླ་ ༨ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་རྩེ་ཆོས་རྗེའི་མཚན་གནས་ཀྱི་ཕྱག་རྟགས་ཕེབས་དོན་ལྟར་ཟླ་བ་འདིའི་ཚེས་ ༢༧ ཉིན་དངོས་སུ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་ཁག་སོ་སོར་ཁྲི་འདོན་མཛད་སྒོ་གཟབ་རྒྱས་ཚོགས་གནང་ཡོད་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་དང་ལས་སྣེ་རྣམ་པ། ཕྱི་ནང་གི་སྐུ་མགྲོན་མང་དག་ཞིག་ཕེབས་ཡོད་པ་རེད། དགའ་ལྡན་བླ་སྤྱིའི་མཛད་སྒོར་ལས་སྣེ་རྣམ་པས་བྱང་རྩེ་ཆོས་རྗེ་རིན་པོ་ཆེར་ཐོག་མར་མནྡྲལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་རྗེས་སྐུ་མགྲོན་རྣམ་པས་མཇལ་དར་སྒྲོན་འབུལ་སོགས་ཀྱི་སྒོ་ནས་མཛད་སྒོ་ཚོགས་གནང་པ་མ་ཟད། བྱང་རྩེ་གྲྭ་ཚང་དུ་ཡང་གྲྭ་ཚང་གི་མཁན་ལས་ཟུར་རྣམ་པས་མནྡྲལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམ་པས་མཇལ་དར་སྒྲོན་འབུལ་སོགས་གནང་ཡོད་པ་རེད། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབས་བསྟན་འཛིན་དགེ་ལེགས་མཆོག་གིས་རྟེན་འབྲེལ་མཚོན་ཕྱིར་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་ཞིག་ཀྱང་གནང་ཡོད་པ་རེད། གཞི་རྩའི་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ནི་ཕྱི་ལོ་ ༡༩༤༨ ལོར་བོད་ཤར་ཕྱོགས་ཁམས་ལི་ཐང་མོ་ཧ་ཞེས་པར་སྐུ་འཁྲུངས་པ་དང་། ཡོངས་འཛིན་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་ནས་སྒོ་སོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་གནང་ཏེ་སྔ་རྗེས་སུ་སྦག་ས་ཆོས་སྒར་དང་སེ་ར་ཐེག་ཆེེན་གླིང་གཉིས་སུ་མུ་མཐུད་ནང་པའི་གཞུང་ཆེན་ཁག་གི་ཐོག་གསན་བསམ་སློབ་གཉེར་གནང་སྟེ་དགུང་ལོ་ ༣༦ ཐོག་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་ཡོད་པ་རེད། དེ་རྗེས་རྒྱུད་སྨད་གྲྭ་ཚང་དུ་ཞུགས་གནང་སྟེ་སྔགས་ཀྱི་ཐོག་གསན་བསམ་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་སྔགས་རམས་པའི་མཚན་རྟགས་བཞེས་ཡོད་པ་རེད། ༸གོང་ས་མཆོག་གིས་རིན་པོ་ཆེ་མཆོག་སྨད་གྲྭ་ཚང་གི་མཁན་པོར་བསྐོ་གཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་གནང་བ་མ་ཟད། སླར་ཡང་ཕྱི་ལོ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད་པ་རེད། སྔ་རྗེས་སུ་ཨ་རི་དང་འཇར་མ་ནི། ཧྥ་རན་སི།  ཧོ་ལན་ཊི། ཨི་ཊ་ལི། ཨིན་ཏུ་ནི་ཤི་ཡ།  ཐེ་ཝན་སོགས་ཕྱིའི་རྒྱལ་ཁབ་དུ་མར་གདན་ཞུས་ལྟར་ཕེབས་ཏེ་དད་ལྡན་མང་ཚོགས་ལ་ནང་ཆོས་ཀྱི་སློབ་སྟོན་གནང་མུས་ཡིན་པ་རེད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་རྩེ་ཆོས་རྗེར་བསྐོ་གཞག་མཛད་པའི་བཀའ་ཡིག་ཕྱག་རྟགས་དངོས་སུ་བསྩལ་ཡོད་པ་རེད།

བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཐད་ཨ་རུ་ནཱ་ཅལ་ཡུལ་མི་ཚོས་བློ་འཚབ་གནང་དགོས་ཀྱི་མ་རེད།

NPP ཞེས་རྒྱ་གར་རྒྱལ་ཡོངས་མི་མང་ཚོགས་པའི་ཨ་རུ་ནཱ་ཅལ་གྱི་ཡན་ལག་ཚོག་པ་ནས་མངའ་སྡེ་དེའི་ནང་ལག་བསྟར་ཞུ་རྒྱུའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཐད་ས་གནས་ཡུལ་མི་ཚོས་བློ་འཚབ་གནང་དགོས་ཀྱི་མ་རེད་ཅེས་ནན་སྐུལ་གནང་འདུག དེའང་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཨ་རུ་ནཱ་ཅལ་གྱི་ NPP ཡན་ལག་ཚོགས་པ་དེའི་ངོས་ནས་ཁ་སང་གསལ་བསྒྲགས་ཤིག་སྤེལ་བའི་ནང་མངའ་སྡེ་དེའི་ནང་རིང་མིན་ལག་བསྟར་ཞུ་རྒྱུའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེས་ས་གནས་ཡུལ་མིའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབས། དེ་བཞིན་མི་འབོར་ཆ་བགོས་སོགས་ལ་བརྡབ་གསིག་གང་ཡང་མེད་སྟབས། ཨ་རུ་ནཱ་ཅལ་ས་གནས་ཡུལ་མིའི་ངོས་ནས་དེར་ཐུགས་འཚབ་མ་གནང་པར་བོད་ཀྱི་རྩ་དོན་སླད་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱིས་བོད་མིར་རྒྱབ་སྐྱོར་གནང་དགོས་པར་འབོད་སྐུལ་ཞུས་འདུག རྩ་བའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གི་དབུ་ཁྲིད་འོག་མངའ་སྡེའི་གཞུང་གིས་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་སྲིད་བྱུས་དེ་ལག་བསྟར་གནང་གཏན་འཁེལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཚན་ཐོག་ལ་ཕྱག་བྲིས་ཤིག་གནང་སྟེ་ཡོངས་བསྒྲགས་གནང་རྗེས། མངའ་སྡེ་དེའི་ས་གནས་ཡུལ་མི་ཚོགས་སྒེར་ཁག་ཅིག་ནས་སྐྱོན་བརྗོད་དང་འབྲེལ། སྲིད་བྱུས་དེ་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། NPP ཚོགས་པའི་ཚོགས་གཙོ་ Gicho Kabak ལགས་ཀྱིས་སྣེ་ཁྲིད་འོག་ཉེ་ལམ་ཁུལ་དེའི་ནང་གནད་དོན་དེའི་ཐོག་ཛ་དྲག་གི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ Gicho Kabak ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་དང་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་རྣམ་གཉིས་ཀྱི་འགྲོ་བ་མིའི་བདེ་སྡུག་ལ་སེམས་ཁུར་བླངས་ཐོག་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་པར་ཡི་རངས་བསྔགས་བརྗོད་ཞུས་པ་མ་ཟད། ད་ཆ་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེ་ནང་ལའང་དེ་མཚུངས་ལག་བསྟར་ཞུ་རྒྱུའི་ཁས་ལན་གནང་པར་དགའ་བསུ་ཞུས་འདུག གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ཀྱང་རྒྱ་གར་དབུས་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་གཏན་འབེབས་མ་གནང་གོང་ནས་བོད་མིར་གཟིགས་རྟོག་དང་རོགས་རམ་མུ་མཐུད་གནང་མུས་ཡིན་པ་རེད། ལྷག་དོན་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེ་ནང་སྲིད་བྱུས་དེ་ལག་བསྟར་ཞུ་རྒྱུར་གཏན་འཁེལ་བ་དེས་ས་གནས་ཡུལ་མིའི་ཐོབ་ཐང་ལ་དོ་ཕོག་འགྲོ་རྒྱུའི་གནས་སྟངས་གང་ཡང་ཆགས་ཀྱི་མེད་པ་ནན་བརྗོད་གནང་པ་མ་ཟད། སྲིད་བྱུས་དེ་མངའ་སྡེ་གཞུང་རང་གི་ཐག་གཅོད་གནང་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། ཚོགས་པ་ཆུང་གྲས་ཁག་གིས་དེར་སྐྱོན་བརྗོད་གནང་པ་ཙམ་གྱིས་འགྱུར་ལྡོག་ཞིག་འགྲོ་བར་གཟིགས་ཀྱི་མེད་པ་གསུངས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་གོ་རྟོགས་ལས་འགུལ་རྒྱ་གར་ནང་སྤེལ་འགོ་བཙུགས་འདུག

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༩༧ ལོར་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དཔལ་འབྱོར་འདུ་འགོད་བཅས་ཀྱི་ཆེད་ལག་དེབ་སྔོན་པོ་ཞེས་པའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད་པ་དང། ལས་གཞི་དེའི་དགོས་དམིགས་ནི་ཕྱིའི་མི་རིགས་ཚོའི་ངོས་ནས་བོད་དོན་ཐོག་གདུངས་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་སྔར་ལྷག་གནང་ཐབས་འབད་བརྩོན་ཞུ་རྒྱུ་དང་། འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་བ་ས་ཡ་གཅིག་འབྱུང་ཐབས་དམིགས་ཚད་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་སྤྱི་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་རག་ཐབས།  དེ་བཞིན་ལས་གཞི་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་ཐབས་ཞུ་རྒྱུ་བཅས་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པས་འདི་ལོའི་ཕྱི་ཟླ་བཞི་པ་ནས་རྒྱ་གར་ནང་ལས་གཞི་དེ་སྤེལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཉི་མ་ལགས་ནས་རྒྱ་གར་པན་ཇབ་ལུ་དི་ཡ་ན་གྲོང་ཁྱེར་ནང་དུ་ཆེད་བསྐྱོད་ཀྱིས་ཁུལ་དེར་ཡོད་པའི་སུད་ཚོང་སྦྱིན་བདག་ཁག་ཅིག་གི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཐོག་ལས་གཞི་དེ་འབྲེལ་གོ་རྟོགས་སྤེལ་འདུག སྤྱིར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ངོས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་བཅས་སུ་སྐོར་བསྐྱོད་གནང་དེ། ས་གནས་རྒྱ་གར་མང་ཚོགས་ཁྲོད་ལས་གཞི་དེའི་གོ་རྟོགས་སྤེལ་ཡོད་པ་དང་། ལྷག་པར་དུ་ད་རེས་འབྲེལ་ཡོད་ཚན་པའི་ལས་བྱེད་རྒྱ་གར་གྱི་ས་གནས་སུ་ཆེད་བསྐྱོད་ཀྱིས་གོ་རྟོགས་ལས་གཞི་སྤེལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་སྤྱིར་འཛམ་གླིང་ནང་རྒྱལ་ཁབ་འདྲ་མིན་ནས་ལས་གཞི་དེའི་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་ཀྱང། རྒྱ་གར་དང་བོད་མིའི་དབར་གྱི་འབྲེལ་བ་དམིགས་བསལ་ཞིག་དང་གནད་འགག་ཞིག་ཆགས་ཀྱི་ཡོད་སྟབས། ད་ལན་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་ལས་གཞི་དེ་སྤེལ་ཡོད་པ་གསུངས་སོང་། རྩ་བའི་ལག་དེབ་སྔོན་པོ་འམ་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་གཞི་དེའི་ཁྱས་ཁོངས་སུ་ད་ལྟའི་ཆར་དབུས་དཔལ་འབྱོར་ལས་ཁུངས་གཙོས་ནང་སྲིད་ཁྱབ་ཁོངས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཁག་དང། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་ལས་ཁུངས་ཁག་བཅས་ཆགས་ཀྱི་ཡོད་པ་དང། བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་གཞིའི་དེའི་ནང་ཕྱི་མི་རིགས་མཉམ་ཞུགས་གནང་མཁན་ད་ལྟའི་ཆར་ ༡༣༠༠༠ ལྷག་ཙམ་ཡོད་པ་རེད།

བོད་པའི་སྤྱི་ཚོགས་ཁྲོད་ཊི་སྦི་གནད་གཞིའི་གྲངས་འབོད་དེ་མང་བའི་གྲས་ཤིག་ཆགས་ཀྱི་འདུག

དེ་རིང་ཟླ་ ༨ ཚེས་ ༢༥ སྔ་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་སྨན་ཞབས་པ་རྣམས་ལ་ཊི་སྦི་འམ་གློ་ནད་དང་འབྲེལ་བའི་ལས་གཞི་ཁག་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཟབ་སྦྱོང་དེའི་ཐོག་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་ཌོ་ཊར་བློ་བཟང་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ། ཊི་སྦི་ནད་གཞི་ངོ་སྤྲོད་དང་ནད་གཞི་དེ་ངོས་འཛིན་གནང་སྟངས། དེ་བཞིན་སྔོན་འགོག་གི་ཐབས་ལམ་དང་ནད་ཕོག་ཟིན་པའི་སློབ་མ་ཚོར་སློབ་གསོ་དང་སྨན་བཅོས་ཇི་ལྟར་གནང་དགོས་པའི་ཐོག་ལམ་སྟོན་གནང་སོང་། ལྷག་དོན་ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་གར་གཞུང་ནས་ཊི་སྦི་ནད་གཞི་དང་འབྲེལ་བའི་དབྱིན་ཇིའི་ཐ་སྙད་གསར་པ་ཁག་ཅིག་གཏན་འབེབས་གནང་པ་རྣམས་ངོ་སྤྲོད་གནང་ཐོག་སློབ་གྲྭ་སོ་སོའི་ནང་ལ་ཊི་སྦི་ནད་གཞི་དང་འབྲེལ་བའི་ཐོ་གཞུང་ཡིག་ཆ་ཁག་ཉར་ཚགས་གནང་སྟངས་སོགས་དང་འབྲེལ་ཟབ་ཁྲིད་གནང་གི་འདུག ཁོང་གིས་ད་དུང་ཊི་སྦི་ནད་གཞི་དང་འབྲེལ་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཁག་ལ་གཟིགས་ན། འདས་པའི་ལོ་དུས་ནང་ལ་བོད་པའི་སྤྱི་ཚོགས་ཁྲོད་ནད་གཞི་དེ་ཕོག་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གྲངས་ཐོ་དང་བསྡུར་ཚེ་ད་ལྟ་ཡང་བོད་པའི་སྤྱི་ཚོགས་ཁྲོད་ཊི་སྦི་ནད་གཞིའི་གྲངས་འབོར་དེ་ནི་མང་བའི་གྲས་ཤིག་ཆགས་ཀྱི་ཡོད་པ་གསུངས་སོང་། གཞི་རྩའི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཊི་སྦི་ལས་གཞི་ལག་བསྟར་དང་འབྲེལ་བའི་ཟབ་སྦྱོང་འདིའི་ཐོག་བོད་པའི་སློབ་གྲྭ་ཁག་ ༡༦ ལྷག་གི་སྨན་ཞབས་པ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ལ་འདས་པའི་ཉིན་གྲངས་བཞིའི་རིང་ལ་ Adolescent Health ཞེས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཐོག་ལ་ཡང་ཟབ་སྦྱོང་ཞིག་གནང་ཡོད་པ་རེད། རྩ་བའི་ཊི་སྦི་ནད་གཞི་རྐྱེན་པས་ལོ་ལྟར་རྒྱལ་སྤྱིའི་ཁྱོན་ནས་མི་ས་ཡ་ ༡༌༥ ལྷག་འདས་གྲོངས་སུ་འགྲོ་བཞིན་ཡོད་པས་ནད་གཞི་དེ་ནི་འགྲོ་བ་མི་རྣམས་རྐྱེན་འདས་སུ་གཏོང་མཁན་གྱི་འགོས་ནད་རིགས་ཤིག་ཆགས་ཡོད་པ་དང་།  འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ ༢༠༡༦༌༌༢༠༡༧ ལོ་དེའི་ནང་མཉམ་རུབ་ཐོག་ནས་གློ་ནད་འམ་ཊི་སྦི་ནད་གཞི་རྩ་འགོག་གཏོང་རྒྱུ་ཞེས་འབོད་ཚིག་གཏན་འབེབས་ཀྱིས་ ༢༠༣༠ བར་ནད་གཞི་དེ་འཛམ་གླིང་ནས་རྩ་མེད་གཏང་རྒྱུ་དང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༥ བར་དང་ཧི་མཱ་ཅལ་མངའ་སྡེས་ ༢༠༢༢ བཅས་ཀྱི་ནང་ཚུད་ལ་ནད་གཞི་དེ་རྩ་འགོག་གཏང་རྒྱུར་དམིགས་ཚད་བཟུང་ཡོད་པ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ལ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དང་ཨ་རིའི་ John Hopkins གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག་བོད་པའི་བྱིས་པ་ཚོའི་ཁྲོད་དུ་ ༢༠༣༥ གོང་ལ་ནད་གཞི་དེ་རྩ་འགོག་ཐུབ་རྒྱུའི་ལས་འཆར་ཞིག་སྤེལ་མུས་སུ་ཡིན་པ་རེད།

Latest news