Tibetan Royal Year of 2151 | Year of the Wood Dragon

བོད།

ལོ་གསར་གྱི་སྤྲོ་ཚོགས་སྐབས་ནང་པའི་ཆོས་དར་བཙུགས་པའི་རྐྱེན་གྱིས་སློབ་མ་དགེ་དཔལ་ལགས་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཆད་པ་བཅད་འདུག

རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་སློབ་ཆེན་སློབ་མ་ཞིག་སོ་ནམ་ལོ་གསར་གྱི་སྤྲོ་ཚོགས་སྐབས་སུ་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་མ་ཕབ་ནས་དེའི་ཚབ་ཏུ་ནང་པའི་ཆོས་དར་བཙུགས་རྐྱེན་གྱིས་འཛིན་བཟུང་བཀག་ཉར་དང་དངུལ་ཆད་ཆེན་པོ་བཅད་འདུག དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བར་ཉེ་ཆར་སོ་ནམ་ལོ་གསར་གྱི་ཚེས་གསུམ་ཉིན་དམུ་དགེ་ཡུལ་ཚོ་ནས་དུས་རྒྱུན་ལྟར་སློབ་ཆེན་སློབ་མ་ཚོས་ལོ་གསར་སྤྲོ་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་སྤྲོ་ཚོགས་གོ་སྒྲིག་ཞུ་ཡུལ་གྱི་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་མ་གནང་བར་དེའི་ཚབ་ཏུ་ནང་པའི་ཆོས་དར་སྒྲེང་འཛུགས་གནང་བའི་རྐྱེན་གྱིས་རྒྱ་གཞུང་ཉེན་རྟོག་པས་སྤྲོ་ཚོགས་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་མདོ་སྨད་རྔ་བ་དམུ་དགེ་ཡུལ་ཚོ་ནས་ཡིན་པའི་སློབ་ཆེན་སློབ་མ་དགེ་དཔལ་ལགས་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཡིན་ཚུལ་དང་། ནང་པའི་ཆོས་དར་ཆ་དེ་ནི་བོད་ཀྱི་རྒྱལ་དར་ཡིན་ཚུལ་སོགས་བཤད་དེ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཉིན་གྲངས་ཁ་ཤས་རིང་བཀག་ཉར་བྱས་པ་མ་ཚད་པར་རྒྱ་སྒོར་ཁྲི་ལྔའི་དངུལ་ཆད་ཀྱང་བཅད་ཡོད་པ་གསལ་འདུག སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་མ་འོངས་པར་ལོ་གསར་སྤྲོ་ཚོགས་ཚོགས་སྐབས་ངེས་པར་དུ་རྒྱ་ནག་གི་རྒྱལ་དར་སྒྲིག་གཤོམ་བྱེད་དགོས་པ་དང་། རྒྱ་སྐད་ཁོ་ནའི་ལམ་ནས་མདོ་འཛིན་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་ཆེད་བཏོན་བྱས་པའི་གནས་སྟངས་བྱུང་ཡོད་པ་དང་། དགེ་དཔལ་ལགས་ཀྱིས་རྒྱ་གཞུང་ཉེན་རྟོག་པའི་ཆ་རྐྱེན་དེ་དག་ལ་ངོས་ལེན་མ་གནང་བ་མ་ཟད་དར་ཆ་དེ་ནི་ཞི་བདེ་མཚོན་པའི་ནང་པའི་ཆོས་དར་ཞིག་ཡིན་པ་མ་གཏོགས་ཆབ་སྲིད་དང་རྒྱབ་ཁབ་སོགས་ལ་འབྲེལ་བ་རྩ་བ་ནས་མེད་སྐོར་གསུངས་པ་དང་ཆབས་ཅིག ལོ་གསར་སྤྲོ་ཚོགས་རྣམས་རྒྱ་སྐད་ཁོ་ནའི་ཐོག་ནས་མདོ་འཛིན་དང་འཁྲབ་སྟོན་མ་གནང་བའི་རྒྱུ་མཚན་ནི་ཡུལ་མི་འབྲོག་པ་མི་མང་གིས་བོད་ཀྱི་ཕ་སྐད་མ་ཡིག་ལས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པ་དང་། དགའ་དགའ་སྤྲོ་སྤྲོ་གནང་རྒྱུའི་སྤྲོ་ཚོགས་དེ་ཆབ་སྲིད་གནད་དོན་ཞིག་ལ་ངོས་འཛིན་བྱེད་རྒྱུ་མེད་པ་སོགས་ཀྱི་གསལ་བཤད་་བྱས་པའི་གནས་སྟངས་འདུག ད་ལྟའི་ཆར་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ལགས་ལ་དངུལ་ཆད་སོགས་བཅས་ནས་གློད་བཀྲོལ་བཏང་ཡོད་ཀྱང་བདུན་ཕྲག་རྟག་པར་ཆབ་སྲིད་ཀྱི་སློབ་གསོ་ཟེར་བར་བཅར་དགོས་པའི་བཙན་བཀའ་བཏང་འདུག རྒྱ་གཞུང་ཉེན་རྟོག་པས་བོད་མིའི་འདུ་འཛོམས་དང་སྤྲོ་ཚོགས་སོགས་ཀྱི་སྐབས་སུ་རྒྱ་ནག་གི་སྐད་ཡིག་ངེས་པར་དུ་སྤྱོད་དགོས་པའི་བཙན་ཤེད་བྱས་པ་ནི་རྒྱལ་སྤྱིའི་སྤྱི་ཆིངས་དང་རྒྱ་ནག་རང་གི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། དེ་བཞིན་ཆོས་ལུགས་ཉམས་ལེན་སོགས་ལ་འགོག་རྐྱེན་བཟོ་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་རྒྱ་གཞུང་ཉེན་རྟོག་པས་དགེ་དཔལ་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་དང་དངུལ་ཆད་ལྕི་མོ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ་དང་སྦྲགས། སྤྱིར་ནང་པའི་ཆོས་དར་སྒྲིག་གཤོམ་གནང་བར་བཀག་སྡོམ་དང་ཉེས་ཆད་བཏང་བ་ནི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཆེས་ཚབས་ཆེའི་བྱ་སྤྱོད་ཅིག་ཡིན་པ་དང་། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་དོན་ཚན་ ༡༨ ནང་གསེས་དང་པོ་དང་། ཆོས་ལུགས་དད་མོས་ཐད་གུ་དོག་དང་དབྱེ་འབྱེད་རང་བཞིན་ཅན་གྱི་བྱ་སྤྱོད་མཐའ་དག་འགོག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་གསེས་དང་པོ་སོགས་དང་ཡོངས་སུ་འགལ་ཡོད་པ་གསུངས་སོང་།  

སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ཐོག་རྒྱ་དམག་ཕོན་ཆེ་འགྲེམས་འཇོག་གིས་དམ་བསྒྲགས།

ཁ་སང་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བོད་ཚེས་ ༡༥ མེ་ཏོག་མཆོད་མཇལ་གྱི་དུས་ཚིགས་དང་བསྟུན་དགོན་པར་ས་གནས་བོད་མི་མང་ཚོགས་ཕོན་ཆེ་ཆེད་བཅར་གྱིས་མཆོད་མཇལ་ཞུས་སྐབས་རྒྱ་གཞུང་གི་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་ཆེས་དམ་བསྒྲགས་ཀྱི་རྣམ་པ་བཏོན་འདུག འཕྲུལ་སྒྲ་དང་ངོ་དེབ་སོགས་སྤྱི་ཚོགས་དྲ་རྒྱའི་ཐོག་ཁ་སང་བོད་ནང་སྐུ་འབུམ་བྱམས་པ་གླིང་དགོན་ཆེན་གཙོ་བོར་གྱུར་པའི་བླ་བྲང་བཀྲ་ཤིས་འཁྱིལ་དང་དགོན་པ་དང་། རྔ་བ་ཀིརྟི་དགོན་པ། རེབ་གོང་རོང་བོ་དགོན་པ་སོགས་བོད་ནང་གི་དགོན་སྡེ་ཆེ་ཁག་ཏུ་བོད་ཚེས་ ༡༥ མེ་ཏོག་མཆོད་པ་བཤམས་པར་བོད་རིགས་མང་ཚོགས་ཕོན་ཆེ་ཞིག་ཆེད་བཅར་གྱིས་མཇལ་ཁ་ཞུས་དང་ཞུ་བཞིན་པའི་བརྙན་པར་དང་པར་མང་དག་ཅིག་ཕྱིར་འགྱར་བྱུང་འདུག་པའི་ཁྲོད་སྐུ་འབུམ་བྱམས་པ་གླིང་དགོན་ཆེན་གྱི་མེ་ཏོག་མཆོད་མཇལ་ཐོག་སྒྲིག་ཆས་ནག་པོ་དང་ལྗང་ཁྲ་གྱོན་པའི་རྒྱ་མིའི་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཡོད་པ་མངོན་རྒྱུ་འདུག འཕྲུལ་སྒྲ་ཐོག་དེ་དང་འབྲེལ་བའི་བརྙན་དང་པར་བཅས་ཕྱིར་འགྱར་བྱུང་བ་སྦྲགས་ཏེ་མཆན་བཀོད་པའི་ནང་ཁ་སང་སྐུ་འབུམ་དུ་མར་གྱིས་བཟོས་པའི་མེ་ཏོག་མཆོད་པ་མཇལ་བའི་དུས་ཚིགས་གལ་ཆེ་ཞིག་ཡིན་པ་ལས་ཡུཀ་རེན་དང་ཨུ་རུ་སུའི་དམག་ས་མ་རེད་ཅེས་བཀོད་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ཟེར་བའི་གནས་བབ་དེ་གང་འདྲ་ཡོད་པ་གསལ་རྟོགས་ཐུབ་རྒྱུ་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་བོད་མི་ཆོས་དད་པ་རྣམས་ལ་དགྲ་བོ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་པ་སོགས་བཀའ་མོལ་གནང་མཁན་འདུག

བོད་ཀྱི་ཆབ་སྲིད་བཙོན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་དགོངས་པ་རྫོགས་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ནང་འཛིན་བཟུང་གིས་ལི་ཐང་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ཉེ་ལམ་དགུང་ལོ་ ༥༦ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ལི་ཐང་རྫོང་གི་གྱོང་པ་གྲོང་རྡལ་དུ་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པ་འདུམ་འགྲིག་གནང་རྐྱེན་སོགས་ལ་སྙད་བཏགས་ཏེ་ལི་ཐང་རྫོང་གི་བཙོན་ཁང་དུ་བཙོན་འཇུག་གིས་ཚེ་བཙོན་ཉེས་ཆད་བཏང་ཡོད་པ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁོང་འདི་ལོའི་ཕྱི་ཟླ་ ༡ ཕྱི་ཚེས་ ༢༦ ཉིན་དགོངས་པ་རྫོགས་པ་དང་། ཁོང་གི་སྐུ་ཕུང་ལི་ཐང་རྫོང་གྱོང་པ་གྲོང་རྡལ་དུ་གདན་འདྲེན་ཞུས་ཡོད་ཀྱང་། མི་མང་ལ་མཇལ་ཁ་མ་བཏང་བ་མ་ཟད་ཉིན་གྲངས་གསུམ་རིང་ས་གནས་དེར་འགྲོ་འོང་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག དེ་རྗེས་ཉིན་གཉིས་གསུམ་གྱི་རྗེས་སུ་སྐུ་ཕུང་རྒྱ་ནག་ཏུ་གདན་འདྲེན་ཞུས་ཡོད་པ་རེད་འདུག རྩ་བའི་དགེ་བཤེས་ཕན་བདེ་རྒྱལ་མཚན་ནམ་སྐྱ་མིང་དོན་གྲུབ་ ལགས་ནི། ལིང་ཐང་རྫོང་གྱིང་པ་གྲོང་རྡལ་ཞབས་དྲུང་གྲོང་དུ་འཁྲུངས་ཞིང་། ད་ལྟ་རང་ལོ་ ༥༦ ཙམ་ལ་ཕེབས་ཡོད་འདུག ཁོང་ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་སྤོམ་ར་ཁང་ཚན་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཀྱི་མཚན་གནས་བཞེས་རྗེས་བྱ་བྲལ་དུ་ཡུན་རིང་བཞུགས་ཡོད་པ་ལྟར་དྷརྨ་སཱ་ལཱ་དང་མཱ་ནཱ་ལི། རྡོ་རྗེ་གླིང་། འབྲུག་སོགས་སུ་བྱ་བྲལ་དུ་བཞུགས་ཡོད་པ་རེད། ཕྱིས་སུ་བོད་ལ་ཕེབས་ནས་སྔར་བཞིན་དབེན་པ་བསྟེན་ནས་སློབ་མ་མང་པོར་སྒོམ་ཉམས་ལེན་དང་འབྲེལ་བའི་སྐོར་བཀའ་ཆོས་ཇི་སྙེད་ཅིག་སྩལ་ཡོད་པ་རེད།

བོད་ནང་དྲ་རྒྱའི་ཆ་འཕྲིན་གྱི་དོ་དམ་ཁྲིམས་སྲོལ་ཟེར་བ་ལག་བསྟར་བརྒྱུད་དྲ་རྒྱར་དམ་བསྒྲགས་ཆེས་ཆེར་བྱ་རྒྱུ།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་ ༡༡ པའི་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་རྒྱུན་ལས་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༣ ཐོག་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་གྱི་དོ་དམ་ཁྲིམས་སྲོལ་ཟེར་བ་ཞིག་གཏན་འབེབས་བྱས་ཡོད་པ་དེ་དེ་རིང་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༢ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དོན་ཚན་ ༣༠ ཡོད་པའི་སྲོལ་ཡིག་དེའི་ནང་དྲ་རྒྱའི་ཐོག་ཆབ་སྲིད་དང་ཆོས་ལུགས། གཉན་རིམས། ཁོར་ཡུག སྐད་ཡིག་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ཐོག་གླེང་སློང་དང་བརྒྱུད་སྤེལ་རིགས་མི་ཆོག་པ་བཀོད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་འདོན་སྤེལ་བྱས་པའི་ཐེངས་འདིའི་སྲོལ་ཡིག་ནང་ཁྱོན་དོན་ཚན་ ༣༠ ཡོད་པ་དང་། དེའང་སྔ་ལོར་ལག་བསྟར་བྱས་པའི་སྲོལ་ཡིག་ལས་དོན་ཚན་གཉིས་མང་བ་འདུག དོན་ཚན་དང་པོའི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་། ཁ་བྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་གོང་སྤེལ་ལ་ཤུགས་གནོན། དྲ་ལམ་གྱི་ཆ་འཕྲིན་བདེ་འཇགས་ལ་འགན་སྲུང་སོགས་ཀྱི་སླད་དུ་ཁྲིམས་སྲོལ་དེ་གཏན་འབེབས་བྱས་ཡོད་ཚུལ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་ལམ་བདེ་འཇགས་ཁྲིམས་ལུགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་སོགས་འབྲེལ་ཡོད་ཁྲིམས་ལུགས་དང་། སྲིད་འཛིན་གྱི་ཁྲིམས་སྲོལ་ལྟར་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ཁྲིམས་སྲོལ་འདི་གཏན་འབེབས་བྱས་ཡོད་ཅེས་སོགས་བཀོད་འདུག ཡིག་ཆའི་ནང་ད་དུང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་གཞུང་གི་ལས་ཁུངས་དང་ཚན་པ་བཅས་ནས་མི་སྒེར་ལ་དྲ་ལམ་བེད་སྤྱོད་ཐད་སྟངས་འཛིན་དང་དོ་དམ་ཆེ་རུ་བཏང་རྒྱུ་མ་ཟད། ཆོས་ལུགས་ཀྱི་ལས་དོན་ཚན་པ་ནས་ཆོས་ལུགས་ཀྱི་མི་སྣས་རྒྱལ་ཁབ་ཀྱི་དྲ་ལམ་ཆ་འཕྲིན་གྱི་བདེ་འཇགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་དགོས་པའི་སྐུལ་མ་སྤེལ་དགོས་པ་དང་། ཁྲིམས་སྲོལ་དང་འགལ་བའི་གནད་དོན་རིགས་ཐེར་འདོན་བྱེད་མཁན་དག་ལ་བྱ་དགའ་སྤྲོད་དགོས་པ་བཀོད་འདུག ལྷག་དོན་སྲོལ་ཡིག་གི་དོན་ཚན་མི་སུ་འདྲ་ཞིག་དང་ཚོགས་པ་སྒྲིག་འཛུགས་སུ་འདྲ་ཞིག་གིས་དྲ་ལམ་ཐོག་གསར་བཟོ་དང་པར་བཤུས། ཕབ་ལེན། བརྒྱུད་སྤེལ་སོགས་བྱ་མི་ཆོག་པའི་ནང་དོན་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྤྲོད་བྱས་པ།  རྒྱལ་ཁབ་ཀྱི་སྲིད་དབང་མགོ་གཏིང་སློག་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱས་པ།  རྒྱལ་ཁབ་ཁ་བྲལ་གཏོང་བ།  རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་སོགས་དང་།  ད་དུང་བོད་རང་བཙན་གྱི་སྒྲིག་འཛུགས་ཀྱི་མཚོན་རྟགས་དང་མི་སྣའི་པར་རིས།  གཏམ་བཤད།  ལས་འགུལ།  དེ་བཞིན་དེབ་རིགས་དང་ཟུར་ཟའི་རི་མོ།  རོལ་དབྱངས།  བརྙན་པར།  རྩེད་མོའི་རིགས།  ས་བཀྲ་སོགས་དྲིལ་བསྒྲགས་བྱས་པའི་ཐོག་ནས་དེ་མིན་གྱི་རྣམ་པའི་ཐོག་ནས་ཁ་བྲལ་རིང་ལུགས་ཁྱབ་བསྒྲགས་དང་ཁ་བྲལ་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་པ། དེ་བཞིན་ཁྲིམས་འགལ་གྱི་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་།  ལོ་རྒྱུས།  སྐྱེ་དངོས་ཁོར་ཡུག  རང་བྱུང་གི་ནུས་པའི་བྱུང་ཁུངས་སོགས་ཀྱི་ཁྱབ་ཁོངས་ཀྱི་གནས་སྟངས་ལ་འཁྱོག་བཤད་དང་དམའ་འབེབས་བྱས་པ་སོགས་བོད་མི་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་གནད་དོན་རྣམས་ཆེད་བཀོད་བྱས་འདུག གསར་འགོད་པས་སི་པེན་ནང་བཅའ་བཞུགས་བོད་དང་རྒྱ་ནག་ཉམས་ཞིབ་པ་སངས་རྒྱལ་སྐྱབས་ལགས་སུ་སྲོལ་ཡིག་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གཞུང་གིས་ལོ་ལྟར་དྲ་རྒྱ་གཙོས་ཕྱོགས་ཡོངས་ནས་དམ་བསྒྲགས་ཀྱི་སྲོལ་ཡིག་དེ་ལྟ་བུ་འདོན་སྤེལ་དང་ལག་བསྟར་བྱེད་བཞིན་ཡོད་པ་ལས་བོད་མིའི་ཐོག་ཕྱོགས་ཡོངས་ནས་དམ་བསྒྲགས་དང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། ཁྲིམས་སྲོལ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་བཅས་ལ་ཚོད་འཛིན་བྱ་ཕྱིར་རེད་ཅེས་གསུངས་སོང་།

རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ།

ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༥ བར་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྣེ་ཁྲིད་འོག་རྒྱ་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་ལས་གཞིར་ཡོ་ཆས་ཚོང་འགྲེམས་བྱེད་མཁན་ཨ་རིའི་ Thermo Fisher རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་གྱི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ #Hands off Tibetan DNA ཞེས་མིང་བྱང་འོག་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ཡོ་རོབ་སྦེལ་འཇམ་ནང་གི་རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་ཁྲིད་འོག་ས་གནས་བོད་མི་དང་ཡུལ་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལག་མཐིལ་དང་དཀར་ཤོག་སྟེང་བོད་མིའི་རིག་རྫས་ལ་ལག་པ་འཆང་མི་ཆོག Thermo Fisher ཚོང་ལས་སྡེ་ཚན་ནས་རྒྱ་གཞུང་ལ་བོད་མིའི་རིག་རྫས་བསྡུ་ལེན་ཆེད་ཡོ་བྱད་ཚོང་འགྲེམས་མཚམས་འཇོག་དགོས་ཞེས་པའི་འབོད་ཚིག་ཆེད་བཀོད་ཀྱིས་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྦེལ་འཇམ་གནས་སྡོད་བློ་བཟང་དབང་པོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བོད་ཕྲུག་བྱིས་པ་ཚོའི་རིགས་རྫས་རྐུ་ཁྱེར་བྱེད་མུས་ཡིན་པའི་ཉེན་ཚབས་ཀྱི་རང་བཞིན་ཆེ་བའི་ལས་གཞིར་རྒྱལ་སྤྱིའི་གཞུང་དང་ཚོང་སྡེ་ཁག་གིས་ཐུགས་སྣང་དང་འཕྲལ་མར་འཚམས་འཇོག་ཆེད་རྒྱ་གཞུང་དང་འབྲེལ་ཡོད་ Thermo Fisher ཚོང་ལས་སྡེ་ཚན་ལ་གནོན་ཤུགས་ཆེས་ཆེར་སྤྲོད་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་ཐོག་འགན་འཁྲི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། སྤྱིར་རྒྱ་གཞུང་གིས་བོད་རང་ལྗོངས་ས་ཁུལ་ཟེར་བ་ནས་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༡༦ ལོར་འགོ་བརྩམས་ཡོད་པ་དང། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཉམས་ཞིབ་ཚན་ཁག་གི་སྙན་ཐོར་གཞིགས་ཚེ་ད་བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ས་ཁུལ་ནས་བོད་པའི་སྔོན་འགྲོ་སློབ་གྲྭའི་བྱིས་པ་ལོ་ལྔ་ཡན་བོད་རིགས་ས་ཡ་གཅིག་ལྷག་གི་རིག་རྫས་བསྡུ་ལེན་བྱས་ཡོད་པར་མངོན་གསལ་གནང་ཡོད། #Hands off Tibetan DNA ཞེས་མིང་བྱང་འོག་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་སྣེ་ཁྲིད་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ Thermo Fisher ནི་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་ལས་གཞིར་ཡོ་ཆས་ཚོང་འགྲེམས་བྱེད་བཞིན་པ་ནི་རང་ཉིད་ཀྱི་འགན་མ་ཁུར་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་རེད་ཅེས་སྐྱོན་བརྗོད་གནང་སྟེ་དེ་ལྟར་གནང་རྒྱུ་མེད་པར་ནན་སྐུལ་གནང་འདུག འདས་ལོའི་ཕྱི་ཟླ་ ༡༢ ནང་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིིའི་གྲོས་ཚོགས་འཐུས་མི་ ༣༠ ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཙོས་དབྱིན་ཡུལ་དང་། སྦེལ་འཇམ། སུད་སི་སོགས་རྒྱལ་ཁབ་བཅིུག་གི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེམས་བྱེད་མཁན་ Thermo Fisher གཙོས་ཚོང་ལས་སྡེ་ཁག་ལ་ཞིབ་འཇུག་ནན་པོ་གནང་སྟེ་ཆད་པ་དྲག་པོ་གཅོད་དགོས་པའི་གཞེན་སྐུལ་ཡང་གནང་ཡོད་པ་མ་ཟད། ཨ་རིའི་ CECC ཞེས་པའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཀྱང་ Thermo Fisher བཟོ་ལས་སྡེ་ཚན་གྱིས་རྒྱ་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་རམ་འདེགས་བྱས་པ་དེ་དག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱོད་ཕྱོགས་ལ་བསྐྱར་ཞིབ་དགོས་ཞེས་གསུངས་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༡ ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༥ བར་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་སོགས་ཚོགས་སྡེ་ཁག་གཅིག་མཉམ་རུབ་ཀྱིས་ Global Week of Action ཞེས་རྒྱ་གར་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ཨ་རིའི་ Thermo Fisher བཟོ་ཚོང་ཁང་གི་བྱ་སྤྱོད་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཞིག་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་དྷརྨ་སཱ་ལཱར་མཚོན་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ སྟེང་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་གི་བྱིས་པ་ལོ་ན་ལྔ་ཡན་ཆད་རྣམས་ལ་བཙན་གྱིས་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པའི་དཔང་རྟགས་ར་འཕྲོད་བྱུང་བའི་པར་རིས་འགྲེམས་སྟོན་དང་མཚན་རྟགས་བསྡུ་རུབ་བཅས་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་གནང་བ་དང་ཆབས་ཅིག Thermo Fisher བཟོ་ཚོང་ཁང་ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་ཚོང་གཉེར་འཕྲལ་མར་མཚམས་དགོས་པའི་དགོས་འདུན་བཏོན་ཡོད།དེ་རིང་བཞུགས་སྒར་ཙམ་མ་ཡིན་པར་ཨ་རིའི་ནིའུ་ཇར་སི་དང་ཁེལ་ཕོ་ནི་ཡ། དབྱིན་ཡུལ། དེ་བཞིན་བྷར་ཛལ་དང་ཡོ་རོབ་སྦེལ་འཇམ་སོགས་བོད་མི་གནས་ཡུལ་ས་ཁུལ་གང་སར་བོད་མི་དང་ཡུལ་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ Thermo Fisher བཟོ་ཚོང་ཁང་ནས་རྒྱ་ནག་དང་ལྷན་བོད་མིར་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་བར་རོགས་རམ་གནང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ #Hands off Tibetan DNA ཞེས་མིང་བྱང་འོག་རང་ཉིད་ཀྱི་ལག་མཐིལ་དང་དཀར་ཤོག་སྟེང་བོད་མིའི་རིགས་རྫས་ལ་ལག་པ་འཆང་མི་ཆོག་ཞེས་པའི་འབོད་ཚིག་ཆེད་བཀོད་ཀྱིས་གོ་ལ་ཀུན་ཁྱབ་ཀྱི་དྲ་ཐོག་ངོ་རྒོལ་ལས་འགུལ་ཞིག་སྤེལ་དང་སྤེལ་མུས་ཡིན་པ་རེད། དེ་རིང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་པར་རིས་འགྲེམས་སྟོན་བརྒྱུད་ Thermo Fisher ནས་རྒྱ་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བཙོང་རྒྱུ་མཚམས་དགོས་པའི་ནན་སྐུལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་གསར་གནས་སྒྲ་སྣེ།

བྲག་མགོ་ནང་བོད་ཀྱི་ཆོས་རིག་རྩ་གཏོར་བཏང་བ་དེ་རིག་གནས་གསར་བརྗེ་གཉིས་པ་ཡིན་པའི་ཉེན་བརྡ།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཙམ་ལ་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་གླིང་དགོན་དུ་སྨིད་ ༩༩ ཅན་གྱི་སྟོན་པའི་སྐུ་བརྙན་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་ཉེ་འཁྲིས་སུ་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་གཙུག་ལག་ཁང་གཏོར་བཤིག་གིས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་སྟབས། ས་གནས་བོད་མིས་ཁམས་བྲག་མགོར་སྟོན་པའི་སྐུ་བརྙན་སོགས་ཆོས་རིག་རྩ་གཏོར་བཏང་བ་དེ་རིག་གནས་གསར་བརྗེ་གཉིས་པ་ལྟ་བུ་ཆགས་ཡོད་པའི་ཉེན་བརྡ་བཏང་འདུག དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་བོད་རང་དབང་ཚོགས་པ་དང་བཞུགས་སྒར་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་གིས་རྒྱ་གཞུང་གིས་ཁམས་བྲག་མགོར་བོད་མིའི་ཆོས་རིག་རྩ་གཏོར་བཏང་བ་དང་འབྲེལ་ཏེ། བོད་མི་བཀག་སྐྱིལ་དང་མནར་གཅོད་རྡུང་རྡེག་བཏང་བའི་སྙན་ཐོ་ཞིག་ཆེད་འདོན་གནང་ཡོད་པ་དང་། སྙན་ཐོ་གསར་པ་དེ་ཁ་སང་དབྱིན་ཡུལ་གྲོས་ཚོགས་སུ་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Navendu Mishra ལགས་དང་བོད་གནད་ཉམས་ཞིབ་པ་ Kate Saunders ལགས། དེ་བཞིན་དབྱིན་ཇིའི་སྲིད་བློན་གྱི་ཆོས་དད་རང་དབང་ཐོག་གི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ Fiona Bruce ལགས།  Free Tibet ཡི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་བཅས་འདུ་འཛོམས་ཀྱིས་དབུ་འབྱེད་གནང་འདུག སྙན་ཐོའི་ནང་བྲག་མགོར་དེ་སྔ་བླ་རུང་སྒར་གཏོར་བཅོམ་དང་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་བའི་གནད་དོན་དང་འབྲེལ་ཡོད་རྒྱ་ནག་གི་འགོ་དཔོན་ Wang Dongsheng ཟེར་བ་དེ་སླེབས་རྗེས་ཆོས་དད་རང་དབང་སོགས་ལ་དམ་བསྒྲགས་ཆེས་ཆེར་བྱས་ཡོད་པ་གསུངས་འདུག དེ་བཞིན་སྙན་ཐོ་ནང་རྒྱ་གཞུང་གིས་སློབ་གྲྭ་དང་མ་ཎི་འཁོར་ལོ་ ༤༥ རྩ་གཏོར་དང་བྲག་མགོ་དགོན་པའི་དར་ལྕོག་མེར་བསྲེགས་བཏང་སྐོར་ཞིབ་ཕྲ་བཀོད་ཡོད་པར་མ་ཟད་བྲག་མགོ་ནང་ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྗེས་བོད་མི་རྣམས་ལ་ཆེས་དམ་བསྒྲགས་བྱས་ཏེ་ས་གནས་ཀྱི་སློབ་གྲྭ་ཁག་ཏུ་ངོ་རྒོལ་གནང་མཁན་རྣམས་འཛིན་བཟུང་གིས་དྲག་གནོན་མནར་གཅོད། ཉེན་རྟོག་པས་སྲིད་གཞུང་ལ་ངོ་རྒོལ་གནང་མཁན་གྱི་ནང་མི་ཡོངས་ལ་མེ་མདའ་བརྒྱབ་ཏེ་དཀྲོངས་པའི་སྐོར་ཐེར་འདོན་གནང་འདུག བྲག་མགོ་ཁུལ་དུ་བོད་མིར་ལྟ་སྲུང་ནན་པོ་སླད་རྒྱ་གཞུང་གིས་དམག་དཔུང་དང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མང་དག་བཏང་སྟེ་གང་བྱུང་དུ་ཁ་པར་སྔོག་བཤེར་སོགས་བྱས་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་སྔར་མེད་ཆེས་ཆེར་བྱས་དང་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད། ད་དུང་ཟུང་སྐར་བརྒྱུད་བྱུང་འདྲ་པར་དང་གནས་ཚུལ་མཁོ་སྤྲོད་པ་ལས་བྲག་མགོ་ཁུལ་དུ་རྒྱ་ནག་གིས་དམག་སྒར་དང་བཙོན་ཁང་གསར་རྒྱག་བྱས་ཡོད་པ་ཤེས་རྟོགས་ཐུབ་འདུག་ལ། ཐེངས་འདིའི་སྙན་ཐོ་དེས་བྲག་མགོ་ནང་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ བར་དུ་རྒྱ་གཞུང་གིས་བོད་མིའི་ཆོས་རིག་རྩ་གཏོར་བཏང་བ་དང་འཛིན་བཟུང་བཀག་སྐྱིལ་བྱས་པའི་གནད་དོན་ཞིབ་ཕྲ་འཁོད་ཡོད་པ་དང་། སྙན་ཐོ་གསར་པའི་ཐོག་བོད་རང་དབང་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ཡིས་ང་ཚོས་བྲག་མགོའི་བོད་མི་རྣམས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ནས་བཟུང་སྟེ་རྒྱ་ནག་གི་དམག་དཔུང་གི་ལྟ་སྲུང་ཤུགས་ཆེ་འོག་དེ་གའི་ཆོས་རིག་རྩ་གཏོར་བཏང་བ་དང་ས་གནས་བོད་མི་རྣམས་བཀག་སྐྱིལ་དང་རྡུང་རྡེག་མནར་གཅོད་ཚད་མེད་མྱངས་ཡོད་པ་མ་ཚད་པར་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ཡོད་པ་བཅས་དངོས་ར་འཕྲོད་ཀྱི་འདུག་ཅེས་མངོན་གསལ་གནང་འདུག བོད་རང་དབང་ཚོགས་པས་བྲག་མགོའི་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱལ་སྤྱི་ནས་བོད་དེ་བཞིན་རྒྱ་ནག་གི་བཙན་གནོན་འོག་ཡོད་པ་དང་འཛམ་གླིང་ཁྲོད་ཆེས་སྡུག་ཤོས་ཀྱི་རང་དབང་མེད་པའི་ཡུལ་ལུང་གཅིག་ཡིན་པ་ངོས་འཛིན་དགོས་པ་དང་དེ་བཞིན་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་ལ་བྲག་མགོའི་གནས་ཚུལ་ཐད་འདྲི་རྩད་གནང་དགོས་པའི་འབོད་སྐུལ་གནང་འདུག་པ་དང་ཆབས་ཅིག་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་ཐོག་བཀའ་མོལ་གནང་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པ་དང་། བོད་ནང་སྲིད་དོན་པ་གཙོས་པའི་གསར་འགོད་པ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་བཀག་འགོག་མེད་པར་ཕེབས་བཅུག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་སྐུལ་མ་གནང་འདུག རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་རྣམས་པས་རྒྱ་གཞུང་ལ་བོད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་རྒྱུ་དང་༸གོང་ས་མཆོག་གི་མཚན་སྨོས་པ་དེ་དག་ཁྲིམས་འགལ་ལ་ངོས་འཛིན་རྒྱུ་མེད་ཅེས་གསུངས་དགོས་པ་ཞུས་འདུག ལྷག་དོན་སྐུ་ཞབས་ John Jones ཡིས་སྙན་ཐོ་དེ་ནས་རྒྱ་གཞུང་གིས་བོད་མིའི་གཞི་རྩའི་རང་དབང་རྡོག་རོལ་གཏོང་བཞིན་པ་གསལ་གྱི་ཡོད་སྟབས་དབྱིན་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་པར་གསུངས་འདུག

ཉིང་ཁྲིའི་གངས་རུད་ཁྲོད་མི་གྲངས་ཉེར་བརྒྱད་འདས་གྲོངས།

གཟའ་འཁོར་སྔོན་མར་བོད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་རྒྱུའི་ཕུག་ལམ་གྱི་སྒོར་ཁར་གངས་རུད་བྱུང་ནས་ད་བར་མི་ ༢༨ འདས་གྲོངས་སུ་གྱུར་ཡོད་པ་ཤེས་རྟོགས་བྱུང་འདུག ཕྱི་ཟླ་ ༡ ཚེས་ ༡༧ ཉིན་གྱི་ཕྱི་དྲོར་བོད་ཀྱི་ཉིང་ཁྲི་ཕྱོགས་སུ་ཡོད་པའི་མགྱོགས་ལམ་ཞིག་གི་ཕུག་ལམ་གྱི་སྒོར་ཁར་གངས་རུད་བྱུང་ནས་བོད་མི་བརྒྱད་འདས་གྲོངས་སུ་གྱུར་བ་དང་དེ་བཞིན་གངས་རུད་དེའི་རྐྱེན་གྱིས་ཕུག་ལམ་དང་གཞུང་ལམ་འགགས་ཏེ་རྒྱ་གཞུང་གི་མྱུར་སྐྱོབ་མི་སྣ་ཟེར་བ་དང་ས་གནས་ཉེན་རྟོག་པ་སོགས་ཀྱིས་བོར་བརླག་སོང་བའི་མི་རྣམས་འཚོལ་ཞིབ་བྱེད་མུས་ཡིན་སྐོར་བཤད་ཡོད་ཀྱང་མི་གྲངས་ག་ཚོད་བོར་བརླག་ཏུ་གྱུར་ཡོད་པ་སོགས་གསལ་ཁ་གང་ཡང་མེད་པའི་གནས་སྟངས་ཁྲོད་འདིར་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཉིང་ཁྲིའི་མགྱོགས་ལམ་དེའི་ཐོག་སྐྱོད་མཁན་རླངས་འཁོར་འགའ་ཞིག་གངས་ཀྱིས་མནན་ཡོད་པ་ལྟར་ད་ལྟའི་ཆར་དོན་རྐྱེན་དེའི་འོག་མི་གྲངས་ ༢༨ འདས་གྲོངས་སུ་གྱུར་ཡོད་ཅིང་། དེའི་ཁྲོད་མི་གྲངས་ ༥༣ སྲོག་ཉེན་ལས་སྐྱབས་ཐུབ་ཡོད་པ་དང་མི་གྲངས་ ༥ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྐོར་བཤད་འདུག ད་ཆ་རྒྱ་གཞུང་གི་ངོས་ནས་དོན་རྐྱེན་བྱུང་ཡུལ་ས་ཚིགས་དངོས་ལ་མྱུར་སྐྱོབ་ཀྱི་མི་སྣ་དང་ཛ་དྲག་རླངས་འཁོར། རྒྱ་ནག་དབུས་ཀྱི་ཛ་དྲག་འཛིན་སྐྱོང་ལྷན་ཁང་བཅས་ཀྱི་སྡེ་ཁག་ཅིག་རོགས་རམ་ཞུ་ཕྱིར་ཆེད་མངགས་བཏང་སྟེ་མྱུར་སྐྱོབ་ཀྱི་ལས་དོན་གཉེར་བཞིན་ཡོད་པ་བཤད་འདུག་ཀྱང་རྐྱེན་ལམ་དུ་གྱུར་བའི་མི་ ༢༨ ཁོངས་ནས་བོད་མི་ག་ཚོད་ཡོད་མེད་སོགས་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ཕྱོགས་སུ་ཡོད་པའི་མགྱོགས་ལམ་སྟེང་སྐྱོད་མཁན་མི་མང་པོ་ཞིག་རྒྱ་ནག་གི་དཔྱིད་གསར་དུས་ཆེན་རོལ་ཆེད་སོ་སོའི་ཁྱིམ་དུ་ལོག་མཁན་ཆགས་ཀྱི་འདུག

བོད་ནང་གཉན་རིམས་འོག་བོད་མི་བགྲེས་སོང་ཉིས་འབུམ་ཉིས་ཁྲི་ཙམ་གྲོངས་སྲིད་པ།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་ས་གནས་ས་ཐོག་ནས་བོད་མི་ཚོས་འགྲེལ་བརྗོད་གནང་བ་དང་ཉི་ཧོང་དང་བྷ་ཛིལ་ནང་གི་ཉམས་ཞིབ་སྡེ་ཁག་གིས་འདོན་སྤེལ་གནང་བའི་སྙན་ཐོ་ཁག་ཅིག་ལ་གཞིགས་ཏེ་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་ཉེ་ལམ་གློ་བུར་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཡོངས་རྫོགས་ཕྱིར་བསྡུ་བྱས་རྐྱེན་བོད་ནང་གཉན་རིམས་འོག་བོད་མི་བགྲེས་སོང་ཉིས་འབུམ་ཉིས་ཁྲི་ཙམ་གྲོངས་ སྲིད་པར་གསུངས་འདུག སྤྱིར་རྒྱ་ནག་ནང་གཉན་རིམས་ཁྲོད་གནས་སྟངས་ཇི་ཆགས་དང་འཆི་སྐྱོན་སོགས་ཀྱི་ཐོག་ལ་ཉམས་ཞིབ་གནང་བའི་སྙན་ཐོ་མང་དག་ཅིག་ཐོན་ཡོད་ཀྱང་བོད་ནང་གི་གཉན་རིམས་ཀྱི་གནས་སྟངས་དང་མི་གྲོངས་པ་བཅས་ཀྱི་སྐོར་སྙན་ཐོ་འདོན་སྤེལ་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ COVID And deaths in post Zero COVID Tibet ཞེས་ཤོག་གྲངས་ ༧ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ལེན་བྱས་པའི་ཉི་ཧོང་གི་ཉམས་ཞིབ་ཁང་ཞིག་གིས་ཞིབ་འཇུག་སྙན་ཐོ་ལུང་འདྲེན་གནང་སྟེ། ལོ་ན་བརྒྱད་ཅུ་ཡན་གྱི་བགྲེས་སོང་རྣམས་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་འོག་འདས་གྲོངས་སུ་འགྱུར་ཉེན་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་བྷ་ཛིལ་ཉམས་ཞིབ་ཁང་ཞིག་གིས་ལོ་ན་བགྲེས་སོང་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ ༢ བརྒྱབ་པ་དེས་ཕན་ནུས་ཆུང་བ་ཡོད་པར་མངོན་གསལ་དང་འབྲེལ། རྒྱ་གཞུང་གིས་སྔ་ལོར་བོད་ནང་དུ་སྨན་ཁབ་གསུམ་པ་བརྒྱབ་སྐབས་སུ་བགྲེས་སོང་རྣམས་ལ་དེ་ལྟར་མཐུན་རྐྱེན་བསྐྲུན་མེད་ཅེས་གསུངས་པ་དང་ཆབས་ཅིག བོད་ནང་གཉན་རིམས་ཁྲོད་ལོ་ན་ ༦༠ ཡན་གྱི་མི་ ༢༢༠༠༠༠ ཙམ་གྲོངས་སྲིད་པ་དང་དེའི་ཁོངས་ནས་ལོ་ན་ ༨༠ ཡན་གྱི་མི་ ༤༥༠༠༠ ལྷག་གྲོངས་སྲིད་པར་གསུངས་འདུག བོད་ནང་ནས་ཐོན་པའི་པར་དང་བརྙན། ས་གནས་བོད་མིས་འགྲེལ་བརྗོད་གནང་ཁག་ལ་གཞིགས་ན། བོད་ནང་གི་དུར་ས་ཁག་ཏུ་ཉིན་ལྟར་སྐུ་ཕུང་བརྒྱ་ཕྲག་ལྷག་ཞུགས་འབུལ་གནང་གི་ཡོད་པ་དང་མང་ཆེ་བ་ལོ་ན་བགྲེས་པ་ཤ་སྟག་ཆགས་ཡོད་སྐོར་གསལ་འདོན་དང་། རྒྱལ་ས་ལྷ་ས་ལྟ་བུར་མཚོན་ན་ལྷ་སའི་མང་ཚོགས་མང་ཆེ་བར་གཉན་རིམས་ཕོག་པའི་ཁར་ཉིན་ལྟར་གྲོངས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་དངོས་ར་འཕྲོད་ཡོད་སྐོར་བཀོད་འདུག རྩ་བའི་ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོར་གཞིགས་ཚེ་བོད་ནང་ལོ་ན་ ༦༠ ཡན་གྱི་བོད་མི་ ༦༩༣༠༠༠ ཙམ་ཞིག་དང་ལོ་ན་ ༨༠ ཡན་གྱི་མི་ ༨༢༠༠༠ ལྷག་ཙམ་གཉན་རིམས་ཁྲོད་ཉེན་འཚབ་ཆེ་བའི་གྲས་སུ་ཆགས་ཡོད་པ་རེད་འདུག བོད་ནང་ནས་ཕྱིར་འགྱར་བྱུང་བའི་སྒྲ་འཇུག་ཞིག་ཏུ་བོད་མི་ཞིག་གིས་ལྷ་སའི་ཉེ་འཁྲིས་ཀྱི་དུར་སར་སྐུ་ཕུང་ཧ་ཅང་མང་པོ་ཡོད་པ་དང་། ཕྱི་ཟླ་ ༡ ཚེས་ ༢ ཉིན་གཅིག་པོར་སྐུ་ཕུང་ ༡༠༠ ཙམ་སླེབས་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་བོད་མི་ཚོས་གཉན་རིམས་ལ་སྣང་ཆུང་གནང་རྒྱུ་མེད་པའི་གཞེན་བསྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་ཟླ་ ༡ ཚེས་ ༡༤ ནས་གཉན་རིམས་དང་འབྲེལ་བའི་གྲངས་ཐོ་སོགས་ཀྱི་གནས་ཚུལ་སྤེལ་རྒྱུ་རྒྱུན་སྐྱོང་བྱས་པ་དང་འབྲེལ་ནས་རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདས་པའི་ཟླ་བ་གཅིག་ནང་རྒྱལ་ནང་དུ་གཉན་རིམས་རྐྱེན་གྱིས་མི་ཁྲི་ ༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བཤད་ཡོད་ཀྱང་། གྲངས་ཐོར་སྨན་ཁང་དུ་གྲོངས་པ་གཅིག་པོ་ལས་རང་ཁྱིམ་སོགས་སུ་གྲོངས་པ་རྣམས་ཚུད་ཀྱི་མེད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ཁུལ་དུ་མི་གྲོངས་པ་རྣམས་ཀྱི་གྲངས་ཐོ་དེར་བཀོད་མེད་པ་མངོན་གསལ་གནང་ཡོད། རྒྱ་གཞུང་གིས་གློ་བུར་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཕྱིར་བསྡུ་བྱས་པ་ཙམ་ལས་བོད་ནང་དུ་ངལ་བ་ཆེས་ཆེར་འཕྲད་པའི་གན་སྟངས་རྣམས་ལ་དམ་བསྒྲགས་དང་བོད་མིའི་ཐོག་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་རྐྱེན་ས་གནས་ཀྱི་གནས་སྟངས་དངོས་རྒྱུས་ལོན་གནང་ཐབས་བྲལ་ཡོད་སྟབས། རྒྱ་ནག་གི་སྨན་ཁབ་ཀྱི་ཕན་ནུས་བཅས་ཀྱི་སྐོར་ལ་རང་དབང་ལྡན་པའི་ཐོག་ནས་ས་གནས་རང་གི་གནས་སྟངས་རྒྱུས་ལོན་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་མ་ཐུབ་པ་བར་དུ་ད་ལྟའི་ཆར་བྷ་ཛིལ་ཉམས་ཞིབ་ཁང་གིས་སྤེལ་བའི་སྙན་ཐོར་ཚོད་དཔག་རན་ཤོས་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།

སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་དབུ་འཛུགས།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་ཡུ་གུར་གྱི་ཆབ་སྲིད་བཙོན་པ་ Ekpar Asat ལགས་རྣམ་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་འགའི་ལོ་རྒྱུས་སྙིང་བསྡུས་རེ་གསལ་འདོན་དང་སྦྲགས་ཏེ་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ད་ཆ་རྒྱལ་སྤྱིའི་ཐོག་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་བསམ་བློ་རྒྱ་སྐྱེད་དང་། ལྷག་པར་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་མི་སེར་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་བ། དྲང་བདེན་གྱི་གཞི་རྩ་གང་ཡང་མེད་པར་ངེས་མེད་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་དེ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་གལ་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་སུ་ WithoutJustCause འམ་དྲང་བདེན་མ་བྱུང་བའི་གནས་ཚུལ་ཞེས་པའི་ལས་འགུལ་དེ་དབུ་འཛུགས་གནང་སྐོར་གསུངས་ཡོད། ལས་འགུལ་དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་ཁག་གཅིག་གི་ལོ་རྒྱུས་མངོན་གསལ་གནང་བའི་ཁོངས་སུ་དེ་སྔ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་ ༢༠༠༨ དེ་བཞིན་ ༢༠༡༡ དང་ ༢༠༢༠ བཅས་ཐེངས་བཞི་འཛིན་བཟུང་བཀག་ཉར་བྱས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་གནང་བའི་ཉེས་འཛུགས་འོག་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཆེད་བཀོད་གནང་བ་དང་སྦྲགས། ཨ་རི་གཞུང་གི་ངོས་ནས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲོད་བསྟེན་གཙོས་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཐུགས་འཁུར་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྱང་ཆ་རྐྱེན་གང་ཡང་མེད་པར་ཁོང་འཕྲལ་མར་གློད་བཀྲོལ་དགོས་ཞེས་གསུངས་འདུག ཕྱི་སྲིད་ལས་ཁུངས་ཀྱིས་མངོན་གསལ་གནང་བའི་ཆབ་སྲིད་བཙོན་པའི་མིང་གཞུང་ཁོངས་སུ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པ་ཡུ་གུར་གྱི་ཆབ་སྲིད་བཙོན་པ་ Ekpar Asat ལགས་དང་ཨི་ཇིཔྚ་ནང་གི་ཆབ་སྲིད་བཙོན་པ་ Mohamed El-Baqer ལགས། ཁུ་བ་ནང་མང་གཙོའི་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་པ་ José Daniel Ferrer ལགས། དེ་བཞིན་ཨུ་རུ་སུའི་མང་གཙོའི་ལས་འགུལ་བ་ Vladimir Kara-Murza ལགས། བྱང་ཀོ་རི་ཡའི་ཆབ་སྲིད་བཙོན་པ་ Kim Kuk-gi ལགས་སོགས་ཁྱོན་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་བཅུ་དྲུག་གི་ལོ་རྒྱུས་སྙིང་བསྡུས་ཆེད་བཀོད་ཀྱིས་འབྲེལ་ཡོད་སྲིད་གཞུང་ཁག་ལ་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་ཡོད། ཁ་སང་དབུ་འཛུགས་གནང་བའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་འགུལ་དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱལ་སྤྱིའི་སྲིད་གཞུང་རྣམས་ལ་ཞི་བའི་ཐོག་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་མི་སེར་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པར་གསུངས་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་ཀྱང་ད་བར་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་མང་དག་ཅིག་གི་ནང་མི་དང་ཞུ་གཏུག་ལས་འགུལ་བ་སོགས་དང་དངོས་སུ་ཐུག་འཕྲད་གནང་སྟེ་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཡོད་པར་མ་ཟད་ཁོང་རྣམ་པའི་ཞུ་སྐུལ་གྱི་དགོས་འདུན་གཙོ་བོ་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་དེ་རེད་ཅེས་གསུངས་ཡོད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྣེ་ཁྲིད་དེ་ཚོགས་པའི་རྒྱལ་སྤྱིའི་མང་གཙོའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གཏན་འབེབས་གནང་བའི་འཆར་གཞི་ལག་བསྟར་དང་འབྲེལ་བའི་གྲོས་ཆོད་ཀྱི་ཆ་ཤས་ཡིན་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དབུ་འཛུགས་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ་རིམ་པས་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་ཨ་རི་གཞུང་ཚབ་ལས་ཁུངས་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་བརྒྱུད་ནས་འབྲེལ་ཡོད་སྲིད་གཞུང་རྣམས་ནས་སོ་སོའི་མངའ་འོག་ཏུ་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་རྒྱུ་མ་ཚད་པར་ཨ་རི་གཞུང་ནས་རྒྱལ་ཁབ་གཞན་དང་ཕྱི་འབྲེལ། དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་ནམ་བྱུང་ལ་ཆབ་སྲིད་བཙོན་པའི་གནད་དོན་སྐོར་ཞུ་སྐུལ་གནང་འཆར་ཡོད་པ་རེད།

Latest news