Tibetan Royal Year of 2151 | Year of the Wood Dragon

བོད།

བོད་རིགས་བོུ་ལྔ་པོའི་གནས་སྟངས་ཁ་གསལ་བཟོ་དགོས་པ་གསུངས་འདུག

རྒྱ་ནག་གི་ཤོག་བུ་དཀར་པོའི་ལས་འགུལ་ཁྲོད་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་གནང་བཞིན་འདུགདེའང་ཟླ་བ་འདིའི་མགོ་སྟོད་དུ་རྒྱ་གཞུང་གིས་བོད་དར་མདོ་རྫོང་ཁོངས་དང་ལྷ་ས་ནས་ཡིན་པའི་བོད་རིགས་བེུད་ལྔ་ཏོག་དབྱིབས་བཀག་སྡོམ་གྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་བདུན་ཕྲག་གཉིས་ལྷག་འགྲོ་བཞིན་པའི་མཚམས་སུ་དེ་རིང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་རིགས་བེུད་ལྔ་པོ་དེ་དག་གི་གནས་ཚུལ་གསལ་བཏོན་གྱིས་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པའི་རེ་འདུན་བཏོན་བཞིན་ཡོད་པར་དེའི་ཁོངས་སུ་ཡོ་རོབ་རྒྱལ་ཁབ་ Spain ནང་དུ་གནས་བཞུགས་རྒྱ་ནག་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་དྲྭ་ཚིགས་ཐོག་རྒྱ་ཡིག་ནང་དེ་འབྲེལ་དཔྱད་རྩོམ་ཞིག་སྤེལ་འདུག ཁོང་གིས་དཔྱད་རྩོམ་ནང་གཙོ་བོ་བོད་རིགས་བེུད་ལྔ་པོ་དེ་དག་འཆི་གསོན་གང་ཡིན་གྱི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་བཅས། རྒྱ་གཞུང་ནས་ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ། སློབ་ཕྲུག་གཙོ་བོར་གྱུར་པའི་མང་ཚོགས་སྟོང་ཕྲག་དུ་མ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་མཚམས་འདིར་རྒྱ་གཞུང་ངོས་ནས་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་ནའང་རྒྱ་རིགས་མང་ཚོགས་དང་མི་རིགས་གཞན་གྱི་ཐོག་ལ་དྲག་སྤྱོད་བྱེད་སྟངས་ཁྱད་པར་ཆེན་པོ་ཡོད་པ་བོད་མི་རྣམས་ཀྱིས་ཤེས་བཞིན་པ་མ་ཟད། བོད་གཙོས་ཤིན་ཅང་དང་ནང་སོག་མི་རིགས་རྣམས་ཀྱི་ཐོག་ལ་དྲག་གནོན་དང་བཙོན་འཇུག་ཁྲམས་ཆད་ཉིས་ལྡབ་བསྐྱེལ་ཀྱི་ཡོད་པ་འགྲེལ་བརྗོད་གནང་སྟེ། ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་ཁག་དཀྲིས་ཏེ་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཆེས་ཛ་དྲག་གི་རང་བཞིན་དུ་གྱུར་ཡོད་སྟབས། ང་ཚོས་རྒྱ་གཞུང་ལ་བེུད་ལྔ་པོ་དེ་དག་གི་ཇི་ཆགས་གནས་སྟངས་གསར་ཤོས་ཁ་གསལ་བཟོ་དགོས་པ་དང་། དུས་མཚུངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་བོད་རིགས་བེུད་རྣམས་ཉེན་ཁ་ལས་བསྐྱབ་དགོས་པའི་དགོས་འདུན་བཏོན་དགོས་ཞེས་ནན་སྐུལ་གནང་འདུག ཁོང་གིས་ད་དུང་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་། བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་རྒྱ་གཞུང་གིས་ད་བར་བོད་མིར་བཟང་ཕྱོགས་ཀྱི་ཡ་ལན་བྱ་རྒྱུ་ལས་ལྡོག་སྟེ་བཙན་གནོན་དང་མནར་གཅོད་ཧ་ཅང་བྱེད་ཡོད་སྟབས། ད་ཆ་རྒྱ་གཞུང་ངོས་ནས་ངེས་པར་དུ་བོད་མིའི་དཀའ་སྡུག་ལ་བཟང་ཕྱོགས་ཀྱི་ཡ་ལན་གནང་དགོས་པ་དང་ཆབས་ཅིག བོད་མི་ངོ་རྒོལ་བ་རྣམས་ཉེན་ཁ་ལས་སྐྱོབ་ཐབས་དང་། དེར་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་གཞུང་གི་རིམས་ནད་བཀག་སྡོམ་འོག་ལོ་ན་གཉིས་ལ་སོན་པའི་བྱིས་པའི་ཚེ་སྲོག་ཤོར་བ།

རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་བྱུས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་རྣམ་འགྱུར་བསྟན་ཡང་ཉེ་ལམ་ཡུལ་ཤུལ་ནང་ཆེན་ནས་ཡིན་པ་དང་རང་ལོ་ ༥༨ ཡས་མས་ཡིན་པའི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་རིམས་ནད་མེད་བཞིན་དུ་ཟུར་བཀག་དུ་བཞག་ནས་མཐར་རང་ཉིད་ཀྱི་ཚ་བོ་ལོ་ན་གཉིས་ལ་སོན་པ་ཞིག་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སྟངས་འོག་འདས་གྲོངས་སུ་གྱུར་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་མཚན་མོར་ཡུལ་ཤུལ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་ཚང་མར་རིམས་ནད་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ཀྱང་རིམས་ནད་ཕོག་ཡོད་ཚུལ་གྱི་བརྡ་འབྱོར་ཏེ་ཟུར་བཀག་ཏུ་བཙན་ཁྲིད་བྱས་འདུག་པ་དང་། ཉིན་འགའི་རྗེས་སུ་ལོ་ན་གཉིས་ལ་སོན་པའི་ནང་ཆེན་བཀྲ་ཤིས་ལགས་ཀྱི་ཚ་བོ་ལ་རིམས་ནད་ཕོག་ནས་ཁ་ལུད་ཡང་ཡང་བསགས་ཏེ་དབུགས་གཏོང་དཀའ་བའི་གནས་སྟངས་བྱུང་ཡོད་པར་བརྟེན་སྨན་པར་བསྟེན་ཐབས་བྱས་ཀྱང་། རིམས་ནད་ལ་ཁ་གཡར་ནས་ཕྱིར་མ་བཏང་བ་མ་ཟད། སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མ་སྦྱར་བར་ཉིན་འགར་ལྷག་ནས་མཐར་ཕྲུ་གུའི་ཚེ་སྲོག་ཤོར་ཡོད་པ་བཀོད་དེ་ནང་ཆེན་བཀྲིས་ལགས་ཀྱི་ཚ་བོ་འདས་གྲོངས་སུ་གྱུར་བའི་འགན་ཡོད་ཚད་ཡུལ་ཤུལ་སྲིད་གཞུང་ལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་ལ་བརྩེས་ཏེ་ཡུལ་ཤུལ་སྲིད་གཞུང་གི་རུལ་སུངས་ཅན་གྱི་འབྲེལ་ཡོད་དཔོན་རིགས་ཚོར་ཐག་གཅོད་ནན་པོ་བྱ་དགོས་པར་མ་ཟད་ནང་ཆེན་བཀྲ་ཤིས་ལགས་སུ་ཚུལ་བཞིན་གུད་གསབ་སྤྲད་དགོས་ཞེས་འབོད་སྐུལ་ཞུས་འདུག ལྟེ་གནས་ཁང་གིས་ད་དུང་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ཟུར་བཀག་ཁང་མིག་ ༡༣༡ ནས་ ༡༧༦ བར་ཞེས་པའི་སྐད་འཕྲིན་ཚོགས་པར་ནང་ཆེན་བཀྲ་ཤིས་ལགས་ཀྱིས་ཕྱི་ཚེས་ ༣༠ ཉིན་རང་གི་ཁྱིམ་མི་གང་པོ་ན་ཚ་མེད་བཞིན་དུ་ཟུར་བཀག་ཁང་དུ་ཁྲིད་སོང་། ཟུར་བཀག་ཁང་དུ་ངའི་བུ་མོའི་ཕྲུ་གུ་ལོ་ན་གཉིས་ལ་སོན་པ་ཞིག་ལ་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སུ་གྱུར་སྐབས་ཁ་པར་བཏང་ནས་སྨན་པར་བསྟེན་པར་ཁྲིད་རོགས་ཞེས་རེ་བ་ཞུས་ཀྱང་འགོ་ཁྲིད་ཚོས་ཁྲིད་རོགས་མ་བྱས་པར་ཕྲུ་གུ་ཤི་ཤོར་སོང་ཞེས་དང་། ཁྱིམ་དུ་ནད་མེད་ནའང་སྨན་ཁང་དུ་ཁྲིད་རྗེས་རིམས་ནད་ཕོག་གི་འདུག བྱིས་པ་དང་རྒན་རྒོན་ཚོས་དམིགས་བསལ་གཟབ་གཟབ་དགོས་ས་རེད། ང་ནང་ཆེན་བཀྲ་ཤིས་ཀྱིས་མས་ཚོགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཕར་བཤད་དུས་ཆབ་སྲིད་པ་དེ་ཚོས་ང་རྐུན་མ་རེད། ཁྲམ་པ་རེད་ཅེས་ཚུར་བཤད་ཀྱི་ཡོད་པ་རེད། དམངས་ཚོགས་ལ་དེ་འདྲ་དཀའ་ངལ་འཕྲད་ཡོང་དུས་ཅུང་ཙམ་བཤད་དགོས་ཐུག་སོང་ཞེས་པའི་སྒྲ་སྒམ་ནང་དུ་ནང་ཆེན་བཀྲིས་ལགས་ཀྱི་བཀའ་མོལ་ལུང་འདྲེན་གནང་འདུགནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པ་ནང་ད་དུང་རིམས་ནད་སྔོན་འགོག་གི་འགོ་འཛིན་ཉི་མ་བཀྲ་ཤིས་དང་གྲོང་ཁྱེར་འགོ་དཔོན། རྒྱ་འགོ་ཁྲིད་དེ་ཚོས་རང་གི་གོ་གནས་དང་མི་རིགས་དབྱེ་འབྱེད་མ་གཏོགས་མང་ཚོགས་ཀྱི་སྡུག་བསྔལ་ལ་ལྟ་རྟོག་གི་ཕན་ཐོགས་མི་འདུག དེ་ཚོས་མང་ཚོགས་ལ་འཇིགས་སྐུལ་བྱེད་པ་དང་ལྟ་སྟངས་ངན་པ་འཛིན་རྒྱུ་བཞག་ནས་དམངས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས་ས་རེད་ཅེས་གསུངས་པ་སོགས་བཀོད་འདུག ཛ་དྲག་གི་གནད་དོན་དེའི་ཐད་ནང་ཆེན་བཀྲ་ཤིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་གནས་ཚུལ་ཞིག་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྒྱུད་སྤེལ་གནང་ཡོད་པ་དང་། ནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་གི་སྒྲ་སྒམ་ལྟར་བཀོད་འདུག་པར་མ་ཟད། ལོ་ན་གཉིས་ལ་སོན་པའི་ཕྲུ་གུར་ཕྱིས་སུ་རིམས་ནད་ཕོག་ནས་ཛ་དྲག་གི་དུས་ཚོད་ལ་སླེབས་སྐབས་ཨ་མ་འུ་ཐུག་སྟེ་ཕྲུ་གུ་ཁུར་ནས་སྨན་ཁང་དུ་འགྲོ་ཐབས་བྱས་ཀྱང་ཟུར་བཀག་ཁང་གི་སྒོ་ཁར་སླེབས་དུས་དོ་དམ་པས་བཀག་ནས་གོང་རིམ་ལ་ཡར་ཞུ་དགོས་ཀྱི་ཡོད་པ་དང་གོང་རིམ་གྱི་བཀའ་མེད་ན་ཁོང་ཚོས་རོགས་རམ་ཅི་ཡང་བྱེད་མི་ཐུབ་ཚུལ་བཤད་དེ་མཐར་ཕྲུ་གུ་འདས་གྲོངས་སུ་གྱུར་ཡོད་པ་བཀོད་འདུག རྩ་བའི་ནང་ཆེན་བཀྲ་ཤིས་ལགས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་གྱི་ས་འགུལ་སྐབས་དམངས་ཚོགས་ཀྱི་ཆེད་དུ་སྐད་ཆ་བཤད་པར་བརྟེན་ཟླ་བ་གསུམ་ཙམ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པ་དང་། ཕྱིས་སུ་ཁོས་མི་མང་ལ་ངན་སྐུལ་གཏོང་བར་བསྙད་ནས་རྒྱ་གཞུང་གིས་ཆབ་མདོའི་བཀག་ཉར་ཁང་ཞིག་ཏུ་བཅུག་ནས་རྡུང་རྡེག་དང་མནར་གཅོད་འདྲ་མིན་བཏང་ཡོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ པའི་ ༡༢ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་སྐབས་མིའི་སྐོར་ཞིག་ཁྱིམ་ནང་འཛུལ་ནས་ཁང་པ་གཏོར་ཞིག་བྱ་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་སྟབས། ཁྱིམ་མི་བཞི་འཇུ་བཟུང་བྱས་པ་མ་ཟད། ནང་ཆེན་བཀྲ་ཤིས་ཀྱང་དུས་ཡུན་རིང་པོར་གང་སོང་ཆ་མེད་དུ་གྱུར་འདུག ནང་ཆེན་བཀྲིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་ཡི་གེ་ལྟར་ན་སྐབས་དེར་ཁོང་ཚོའི་ཁང་པ་དང་ས་ཆ་ཡོངས་སུ་བཙན་འཕྲོག་བྱས་ཡོད་པ་དང་བཀག་ཉར་སྐབས་སུ་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་ཁོང་གི་ནུ་བོ་དབང་པོ་སྐྱོན་ཅན་བཟོས་ཡོད་པ། ད་བར་ཁོང་ཚོར་ཁང་པ་གསར་རྒྱག་ཆོག་པའི་ཆོག་མཆན་ཡི་གེ་སྤྲད་མེད་པ་སོགས་ཀྱི་གནས་སྟངས་བཀོད་ཡོད་པ་རེད།

བོད་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་སྡེ་ཁག་ལ་ཞིབ་འཇུག་དང་ཆད་པ་གཅོད་དགོས་པའི་ཞུ་སྐུལ།

Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སུམ་ཅུས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཙོས་དབྱིན་ཡུལ་དང་། སྦེལ་འཇམ། སུད་ཛ་ལན་ཌི། སུད་ཌེན། དེ་བཞིན་ཡུཀ་རེན་ལ་སོགས་པའི་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་དུ་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་སྡེ་ཁག་ལ་ཞིབ་འཇུག་ནན་པོ་དང་ཉེས་ཆས་གཏོང་དགོས་པའི་ཞུ་སྐུལ་གནང་འདུགཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་དྲྭ་རྒྱའི་ཐོག་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་ཕུལ་པའི་ཕྱག་བྲིས་ནང་དོན་སྤེལ་བར་ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཉམས་ཞིབ་ཚན་པ་ཁག་གཅིག་གིས་སྤེལ་བའི་སྙན་ཐོར་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ DNA འམ་རིགས་རྫས་བསྡུ་ལེན་གྱི་ལས་གཞི་སྤེལ་བའི་ཁོངས་སུ་སྔོན་འགྲོ་སློབ་གྲྭའི་བྱིས་པ་ཡན་ཆད་ཀྱི་ཟུངས་ཁྲག་བསྡུ་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་རིགས་རྫས་བསྡུ་ལེན་བྱས་ཡོད་པར་ཐེར་འདོན་གནང་འདུག རིགས་རྫས་བསྡུ་ལེན་ཆེད་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher གྱིས་རྒྱ་ནག་གཞུང་ལ་ཡོ་ཆས་ཚོང་འགྲེམས་བྱས་ཡོད་སྐོར་གྱི་སྙན་ཐོ་ལུང་འདྲེན་དང་སྦྲགས་ཏེ་རྒྱལ་ཁབ་སོ་སོའི་ཁྱབ་ཁོངས་ཀྱི་ཚོང་ལས་སྡེ་ཁག་ནས་དེ་ལྟར་ལས་དོན་གཉེར་གྱི་ཡོད་མེད་ལ་རྟོག་ཞིག་གནང་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་དང་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher དབར་ཚོང་འབྲེལ་བྱེད་མཁན་རྣམས་ལ་རྟོག་ཞིབ་ནན་པོ་གནང་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཐད་རྒྱ་གཞུང་ལ་རམ་འདེགས་བྱེད་མཁན་གྱི་ཚོང་ལས་སྡེ་ཁག་ལ་ཉེས་ཆད་གཏོང་དགོས་པའི་ཞུ་སྐུལ་གནང་འདུགརྩ་བའི་ཉེ་ལམ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ ThermoFisher བཟོ་ཚོང་ཁང་གི་གཙོ་འཛིན་ Marc N. Casper གྱི་མིང་ཐོག་ལ་བཟོ་ཚོང་ཁང་གིས་བོད་རང་སྐྱོང་ལྗོངས་ནང་གི་ཉེན་རྟོག་པར་རིགས་རྫས་བསྡུ་ལེན་གྱི་དངོས་ཟོག་ཐད་ཀར་ཚོང་འགྲེམས་བྱས་ཡོད་པར་བློ་འཚབ་ཡོད་པ་དང་། བོད་དང་ཤིང་ཅང་ནང་རིགས་རྫས་བསྡུ་ལེན་ཆེད་ཚོང་ལས་ཁང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་སྟེ་རྒྱ་གཞུང་ལ་རོགས་རམ་བྱེད་བཞིན་ཡོད་པ་ནི་དངངས་སྐྲག་བྱ་གཞི་ལས་མ་འདས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བཟོ་ཚོང་ཁང་གིས་དངོས་ཟོག་བེད་སྤྱོད་བྱེད་ཕྱོགས་ཐད་བསྐྱར་ཞིབ་ཀྱིས་དགོངས་པ་བཞེས་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པ་རེད།

བོད་མཚོ་སྔོན་ཁུལ་དུ་མིག་འབྲས་རིགས་རྫས་བསྡུ་ལེན་རྒྱ་ཆེ་ཤོས་དེ་བྱས་ཡོད་པར་མངོན་གསལ།

ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ Citizen Lab ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཚན་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༧ པ་བར་བོད་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིབ་ཡུལ་ཤུལ་བཅས་བོད་མིའི་ས་ཁུལ་གསུམ་གྱི་ནང་ནས་མང་ཚོགས་ས་ཡ་གཅིག་དང་ཕྱེད་ཀ་མིན་ཙམ་གྱི་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་པ་མངོན་གསལ་དང་སྦྲགས། ད་བར་རྒྱ་ནག་ནང་མི་འབོར་ལ་གཞིགས་པའི་མང་ཚོགས་ཀྱི་རིགས་རྫས་ཁྲོད་མིག་འབྲས་རིགས་རྫས་བསྡུ་ལེན་ཆེས་མང་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་གསལ་འདོན་གནང་འདུག ཁ་སང་ཚེས་ ༡༤ ཉིན་ Citizen Lab ཉམས་ཞིབ་ཁང་གི་དྲ་གནས་ཐོག་ཤོག་གྲངས་ ༣༠ ལྷག་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ཉེན་རྟོག་པ་བརྒྱུད་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༧ པ་བར་བོད་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིན་ཡུལ་ཤུལ་བཅས་བོད་མིའི་ས་ཁུལ་གསུམ་གྱི་ནང་ནས་མང་ཚོགས་ས་ཡ་གཅིག་དང་ཕྱེད་ཀ་མིན་ཙམ་གྱི་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་པ་དང་། དེའང་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ཁྱོན་ས་ཡ་ ༥་༩ ཁྲོད་ནས་བརྒྱ་ཆ་ ༢༦ ཙམ་ཆགས་ཀྱི་ཡོད་སྟབས། ད་བར་རྒྱ་ནག་ནང་མི་འབོར་ལ་གཞིགས་པའི་མང་ཚོགས་ཀྱི་རིགས་རྫས་ཁྲོད་མིག་འབྲས་རིགས་རྫས་བསྡུ་ལེན་ཆེས་མང་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་གསལ་འདོན་གནང་ཡོད། རྒྱ་གཞུང་ཉེན་རྟོག་པས་ཉེས་དོན་འགོག་ཐབས་དང་བྱིས་པ་བཙན་ཁྲིད་འགོག་ཐབས། མི་འབོར་བརླག་ཤོར་བ་འཚོལ་ཐབས། མང་ཚོགས་ཀྱི་ངོ་སྤྲོད་ལག་འཁྱེར་བཟོ་སླད་ཡིན་ཁུལ་གྱི་རྒྱུ་མཚན་སྣ་ཚོགས་ཁག་དཀྲི་བྱས་ཡོད་ཀྱང་། Citizen Lab ཞིབ་འཇུག་གནང་བའི་ཁྲོད་ཉེན་རྟོག་པས་རིགས་རྫས་བགྲང་གསོག་བྱས་པ་དེ་དག་མང་ཚོགས་ལ་དམ་བསྒྲགས་དང་ལྟ་སྲུང་བྱ་ཕྱིར་སྤྱོད་སྲིད་པས་ལོ་མང་རིང་ནས་གསང་བའི་ལས་གཞིའི་ཆ་ཤས་ཡིན་པ་དང་། མིག་འབྲས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་བརྒྱུད་ནས་མཚོ་སྔོན་ཉེན་རྟོག་པས་བོད་མིའི་སྤྱི་ཚོགས་ཡོངས་ཀྱི་བརྟན་ལྷིང་ལ་ཉེན་ཁར་ངོས་འཛིན་བཞིན་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་ཡོད། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ Bitter Winter ཞེས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཏོན་གནང་མཁན་གྱི་ཚོགས་པའི་དྲ་གནས་ཐོག་མཚོ་སྔོན་ཞིང་ཆེན་ཁུལ་གྱི་མཚོ་ཤར་ཁུལ་དུ་བཙན་དབང་ཐོག་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་ལྟར། Citizen Lab ངོས་ནས་སྙན་ཐོ དེར་གཞིར་བཞག་གིས་ཞིབ་འཇུག་འཕར་མ་གནང་བའི་ཁྲོད། བོད་མི་དང་ཧན་རྒྱ་རིགས་མ་ཡིན་པའི་མི་འབོར་བརྒྱ་ཆ་ ༤༩ ལྷག་ཡོད་པའི་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་པ་བརྒྱུད་ནས་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པའི་དཔང་རྟགས་མང་དག་ཅིག་ལག་སོན་བྱུང་བར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་སྤྱི་ཚོགས་དྲ་རྒྱ། སྐད་འཕྲིན་བཅས་ཀྱི་ཐོག་ནས་ཡིག་ཆ་དང་སྙན་ཐོ་བཅས་ཁྱོན་གནས་ཚུལ་ཡོང་ཁོངས་ ༡༨༩ ལག་སོན་བྱུང་ཡོད་པའི་ནང་མང་ཚོགས་ཀྱི་ལྟ་ཀློག་བྱ་ས་ཡོད་པའི་སྙན་ཐོ་ ༥༣ ཡོད་པའི་ནང་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིན་ཡུལ་ཤུལ་བཅས་བོད་པའི་ས་ཁུལ་གསུམ་གྱི་ནང་ཉེན་རྟོག་པས་བོད་རིགས་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་དང་། དེའང་ཡུལ་ཤུལ་ཁུལ་དུ་ས་འགུལ་གྱི་གནད་དོན་ཁྲོད་ནས་འབྲོག་མི་ ༣༥༩༨ ཙམ་གྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱས་པ་དང་། དེ་རྗེས་མཚོ་ཤར་དང་མཚོ་བྱང་བཅས་ཀྱི་ནང་མང་ཚོགས་ནས་རྒྱ་སྒོར་ ༢༠༠ རེ་བསྡུ་ལེན་གྱིས་འཇིགས་སྐུལ་སྣ་ཚོགས་བྱས་པར་མ་ཟད། ལས་གཞི་དེའི་ནང་ Super Red ཞེས་པའི་རྒྱ་ནག་གཞུང་གི་ལྟ་སྲུང་འཕྲུལ་རིགས་ཚོང་ལས་ཁང་ཡང་མཉམ་ཞུགས་བྱས་ཡོད་པ་སོགས་ཤེས་རྟོགས་བྱུང་འདུག རྒྱ་གཞུང་ཉེན་རྟོག་པས་སྤྱི་ཚོགས་ཕན་བདེའི་ལས་གཞི་འདྲ་མིན་ལ་ཁ་གཡར་གྱི་ཡོད་ཀྱང་། དོན་དངོས་ཐོག་མིག་འབྲས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་དག་བརྒྱུད་ནས་མང་ཚོགས་ལ་དམ་བསྒྲགས་དང་ལྟ་སྲུང་ཆེས་ཆེར་བྱེད་བཞིན་ཡོད་པ་མ་ཚད་པར་བོད་མིའི་སྐད་ཡིག་རང་དབང་ལ་དམ་བསྒྲགས། དེ་བཞིན་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་བཅས་ལ་ཤུགས་ཆེར་སྤྱོད་བཞིན་ཡོད་པ་མངོན་གསལ་གནང་འདུག མཚོ་སྔོན་ཁུལ་དུ་ཉེན་རྟོག་པས་ཁྲིམས་དེ་དག་ལས་ཡོངས་སུ་འགལ་ཏེ། ཡུལ་དང་གྲོང་པ། དགོན་པ། ཐ་ན་ལོ་ཆུང་སློབ་ཕྲུག་རྣམས་ཀྱི་རིགས་རྫས་ཀྱང་བསྡུ་ལེན་བྱས་དང་བྱེད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གི་ལས་གཞི་དེ་དག་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པར་མ་ཟད། བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཡོངས་རྫོགས་ཀྱི་བརྟན་ལྷིང་ལ་ཉེན་ཁར་ངོས་འཛིན་བཞིན་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༩ པ་ནང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་།  Ciitzen Lab གཉིས་ཀྱིས་སྙན་ཐོ་རིམ་པ་ཆེད་བཏོན་གནང་བར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་ DNA འམ་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་ཡོད་པ་རེད།

བོད་མིའི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བོད་དོན་ཞུ་གཏུག་གནང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྣམ་ཀུན་ནས་༸རྒྱལ་བའི་༸སྐུའི་བླ་གཟའ་ལྷག་དཀར་ཉིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་མཁན་བོད་མི་ཁྱིམ་ཚང་ལྔས་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༣༡ སྤེལ་ཡོད།ལས་འགུལ་དེ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་ཐང་དུ་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་ཕྱི་ནང་གཉིས་སུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཞལ་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང། མང་ཚོགས་ལ་བོད་ཀྱི་གནས་བབ་འཁོད་པའི་ཡིག་ཆ་འགྲེམས་སྤེལ་གནང་བཞིན་ཡོད་པ་རེད།ཁ་སང་ལྷག་དཀར་ཉིན་ཁོང་རྣམ་པས་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་སྤེལ་ཏེ་ལོ་བཅུ་ཧྲིལ་པོ་འཁོར་བ་དང། དེ་བཞིན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༣༡ སྤེལ་བའི་དུས་ཚིགས་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk མཆོག་གི་མཚན་ཐོག་ལ་བོད་ནང་གི་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སོགས་དོན་ཚན་ལྔ་ཅན་གྱི་བོད་དོན་ཞུ་སྙན་ཞིག་ཕུལ་འདུགབོད་མི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ལ་ཕུལ་བའི་བོད་དོན་ཞུ་སྙན་ནང་གཙོ་བོ། བོད་ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པ། བོད་མི་ཚོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོ་འཛིན་ཞུ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་ཐོག་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ། རྒྱ་གཞུང་ནས་བོད་རྒྱའི་དཀའ་སེལ་ཕྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པ། བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གཏན་འཇགས་སློབ་གྲྭ་མཚམས་འཇོག་དགོས་པ། བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་སྤྲོད་དགོས་པ། རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་སྙན་ཐོའི་ཁག་ཏུ་བོད་གནད་ཆེད་བཅུག་གནང་དགོས་པ་བཅས་བཀོད་ཡོད་པ་རེད།ད་ལྟའི་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་འདི་གར་གནས་སྡོད། མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་བོད་མི་ཁྱིམ་ཚང་ལྔས་ལས་ཀ་དང་དུས་ཚོད། འགྲོ་གྲོན་སོགས་ལ་མ་འཛེམ་པར་འདི་ག་ཇི་ནི་ཝའི་རྒྱལ་ཚོགས་མདུན་དུ་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་རྒྱུན་ཆད་མེད་པར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པ་རེད།ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་འདས་པའི་ལོ་ ༡༡ ལྷག་གི་ནང་ཁོང་རྣམ་པས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་མཚན་བྱང་འོག་ཡོ་རོབ་བོད་དོན་གོམ་བགྲོད་འགུལ་དང། བོད་དོན་དྲིལ་བསྒྲགས་ལས་འགུལ། ཡོ་རོབ་འཐུས་ཚོགས་དང་གྲོས་ཚོགས། དེ་བཞིན་སུད་སི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ། གཞུང་ཚབ་ཁག་ལ་བོད་དོན་ཞུ་གཏུག། བོད་པའི་མི་འབོར་འཕེལ་རྒྱལ་ལས་འགུལ་སོགས་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་མང་དག་ཅིག་སྤེལ་ཡོད།

ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག

ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་འདུགདེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་བདེ་སྲུང་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ཁུལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་བཅིངས་གྲོལ་དམག་མིས་ས་མཚམས་བརྒལ་བར་བརྟེན། རྒྱ་གར་གྱི་དམག་མིས་དེར་གདོང་ལེན་ནན་པོ་གནང་བ་སོགས་ཕན་ཚུན་དབར་གདོང་ཐུག་བྱུང་ཡོད་པ་མངོན་གསལ་གནང་འདུག གདོང་ཐུག་ཁྲོད་ཕྱོགས་གཉིས་ཀའི་མཐའ་སྲུང་དམག་མི་འགར་རྨས་སྐྱོན་ཕྲན་བུ་ཕོག་ཡོད་ཅིང་། སྐབས་དེར་དམག་མི་ག་ཚོད་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་ཕྱི་གསལ་གནང་མེད་ཀྱང་། གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་གདོང་ཐུག་ཁྲོད་རྒྱ་ནག་དམག་མི་ ༦༠༠ ལྷག་ཡོད་པ་འཁོད་འདུགདེ་རིང་རྒྱ་གར་གྱི་གྲོས་ཚོགས་འོག་མར་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནད་དོན་དེ་དང་འབྲེལ་ཏེ་རྒྱ་གར་གྱི་དམག་མི་གཅིག་ཀྱང་རྐྱེན་འདས་སུ་ཕྱིན་མེད་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་མེད་པར་མངོན་གསལ་གནང་འདུག་པ་དང་ཆབས་ཅིག་རྒྱ་གར་གྱི་དམག་མིས་རྒྱ་དམག་ལ་ཕར་གདོང་ལེན་ནན་པོ་གནང་ཡོད་པ་སོགས་གསལ་བཤད་གནང་འདུགགདོང་ཐུག་གི་གནད་དོན་དེ་དང་འབྲེལ་ནས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཟེར་བས་ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཁུལ་དུ་གནས་སྟངས་བརྟན་ལྷིང་ཆགས་ཡོད་པ་བཤད་འདུགརྩ་བའི་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ནང་ལ་དྭགས་ Galwan ས་ཁུལ་དུ་གདོང་ཐུག་བྱུང་བའི་རྗེས་གདོང་ཐུག་གི་གནད་དོན་ཆེ་གྲས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ།གྷལ་ཝན་གྱི་གནད་དོན་དེའི་རྗེས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་འཕགས་བོད་ས་མཚམས་ཁུལ་དུ་དམག་མི་ཁྲི་ཕྲག་མང་པོ་འགྲེམས་འཇོག་བྱས་པ་ཙམ་མ་ཟད། དེང་རབས་ཀྱི་གོ་མཚོན་འོར་འདྲེན་བྱེད་མུས་ཡིན་པར་དམག་དོན་འཛུགས་བསྐྲུན་རྒྱ་སྐྱེད་ཆེས་ཆེར་བྱེད་བཞིན་ཡོད་པ་རེད། ཉེ་སྔོན་རྒྱ་གར་གསང་བའི་ལས་ཁུངས་ཀྱི་སྙན་ཐོར་རྒྱ་ནག་གི་ངོས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ པ་ནས་བཟུང་ས་མཚམས་ཀྱི་ཚད་གཞི་གསར་པ་གཏན་འབེབས་བྱ་འཆར་ཡོད་པ་དངོས་ར་འཕྲོད་པ་བྱུང་འདུགགཟའ་འཁོར་སྔོན་མའི་ནང་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Subrahmanyam Jaishankar མཆོག་གིས་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་ས་མཚམས་ཀྱི་ས་ཐིག་ལ་འགྱུར་བཅོས་གཏོང་ཐབས་བྱས་པར་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐོག་ནས་བཟོད་ཐབས་བྲལ་བ་ཞིག་ཡིན་པ་གསལ་བཟོ་གནང་ཡོད་པ་དང་འབྲེལ། རྒྱ་ནག་གིས་མུ་མཐུད་དེ་ལྟར་བྱས་ཚེ་ཕན་ཚུན་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་གསུངས་འདུག པར་ཁག་གི་བདག་དབང་། amp.dw.com

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་གཉིས་ལ་སྲིད་དོན་ཉེས་ཆད་བཏང་འདུག

ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ Wu Yingjie དང་། ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ Zhang Hongbo གཉིས་ལ་སྲིད་དོན་ཉེས་ཆད་བཏང་འདུག ཨ་རིའི་ Department of Treasury ཞེས་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྔ་ནུབ་སྟེ་ཁ་སང་ཕྱི་ཚེས་ ༩ ཉིན་བསྒྲགས་གཏམ་ཞིག་སྤེལ་བར་རྒྱལ་ཁབ་གྲངས་ ༩ ནང་གི་ཚོགས་སྒེར་ ༤༠ ལྷག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་པའི་ཁྲོད་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་དུ་བོད་རང་སྐྱོང་ལྗོངས་གི་དམར་ཤོག་དྲུང་ཆེ་བྱས་མྱོང་མཁན་ Wu Yingjie དང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་རང་སྐྱོངས་ལྗོངས་ཀྱི་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་བྱེད་མུས་ཡིན་པ་ Zhang Hongbo གཉིས་ཀྱི་མིང་མངོན་གསལ་གནང་བ་དང་ཆབས་ཅིག དཔོན་རིགས་གཉིས་པོའི་ཨ་རི་ནང་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་གནང་འདུགཨ་རི་གཞུང་གི་སྒྲགས་གཏམ་ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ལས་དོན་ལ་ཁག་དཀྲི་བྱས་ཏེ་གཞིས་བཞུགས་བོད་མི་རྣམས་ལ་བཙན་ཤེད་བཀག་སྐྱིལ་དང་ཁྲིམས་མཐུན་མེད་པར་དམར་གསོད་བཏང་བ། དེ་བཞིན་བཙན་གཡེམ། ཆོས་དད་རང་མོས་རྡོག་རོལ་སོགས་ཀྱི་གནད་དོན་འབྱུང་བཞིན་ཡོད་པར་མ་ཟད་ལྷག་པར་དུ་སྲིད་དོན་ཉེས་ཆད་ཕོག་མཁན་བོད་རང་སྐྱོང་ལྗོངས་ཀྱི་དམག་ཤོག་དྲུང་ཆེ་ཟུར་པ་ Wu Yingjie སྐབས་སུ་བོད་མི་རྣམས་ལ་བཙན་དབང་གི་ཐོག་ནས་སྐྱེ་སྒོ་འགོག་ཐབས་དང་། མངལ་དབྱུང་གི་སྲིད་བྱུས་ལག་བསྟར་བྱས་པ་མ་ཚད་པར་ཆབ་སྲིད་དང་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་བསྒྲགས་སྔར་ལྷག་བྱས་རྐྱེན་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པའི་གནད་དོན་དངོས་ར་འཕྲོད་གནང་འདུགཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁ་སང་གསར་འགོད་ལྷན་ཚོགས་ཐོག ཨ་རི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ལ་བཏང་བའི་སྲིད་དོན་ཉེས་ཆད་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མང་ཚོགས་ལ་དྲག་གནོན་དང་ཁྲིམས་འགལ་སྒོ་ནས་མི་སྣ་གང་བྱུང་འཛིན་བྱས་པ་སོགས་ཀྱི་ལས་དོན་རིགས་འཕྲལ་མར་མཚམས་འཇོག་ཡོང་ཕྱིར་ཡིན་པར་གསུངས་འདུག སྤྱིར་ཨ་རི་གཞུང་གིས་ཉེ་བའི་ལོ་ཤས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་གནང་ཡོད། དེ་སྔ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་ལས་ཡུན་རིང་ཤིན་ཅང་གི་དམར་ཤོག་དྲུང་ཆེ་དང་ཧོང་ཀོང་གི་སྤྱི་ཁྱབ་པ་གཙོས་རྒྱ་ནག་གི་དཔོན་རིགས་མང་དག་ཅིག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་པ་དང་། ཐེངས་འདིའི་སྲིད་དོན་ཉེས་ཆད་གསལ་བསྒྲགས་ཀྱི་དུས་ཚིགས་དེའང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱིས་རྒྱལ་སྤྱིའི་ཉིན་མོ་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་གནང་བ་ཞིག་ཆགས་ཡོད། རྒྱ་ནག་གི་འགོ་ཁྲིད་དེ་དག་གཉིས་པོ་དང་ལྷན་རྒྱ་ནག་གི་ཉ་འཛིན་ཚོང་ལས་ཁང་ཁག་གཅིག་ཡོད་པར་མ་ཟད། ཨུ་རུ་སུ་དང་ཨི་རན། བྱང་ཀོ་རི་ཡ་སོགས་ཀྱི་རྒྱལ་ཁབ་གཞན་ཁག་གཅིག་ཀྱང་ཡོད་པ་རེད་འདུག ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གི་དྲག་སྤྱོད་འགོག་རྒོལ་ཚན་པའི་དྲུང་གཞོན་སྐུ་ཞབས་ Brian S.Nelson ལགས་ཀྱིས་ལྐོག་ས་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོས་ཁྲིམས་འགལ་གྱི་ལས་དོན་བྱེད་ཕྱོགས་ལ་རྒྱལ་སྤྱིའི་ཁྲོད་ནས་ལྟ་ཞིབ་ནན་པོ་མ་གནང་བར་འཐུས་ཤོར་སོང་ཡོད་སྐོར་གསུངས་པ་དང་འབྲེལ། དེ་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ཀྱི་གནད་དོན་ཐེར་འདོན་གནང་སྟེ་ལས་དོན་དེ་དག་མཚམས་འཇོག་ཐུབ་པར་དགེ་མཚན་ལྡན་ཡོད་ཅེས་གསུངས་འདུག གཞི་རྩའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཉིན་མོ་གཏན་འབེབས་དང་། ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོ་ཞེས་གཏན་འབེབས་གནང་ཡོད་སྟབས་རྒྱལ་སྤྱིས་དེ་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་བསྙད་དེ་བོད་རིགས་བོུ་ལྔ་འཛིན་བཟུང་།

ཉེ་སྔོན་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དང་དམར་ཤོག་གཞུང་། དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་བཅས་ལ་ངོ་རྒོལ་སྐད་འབོད་གནང་བའི་གནད་དོན་བྱུང་བ་དང་འབྲེལ་ཏེ། ཁྲིན་ཏུའུ་གྲོང་ཁྱེར་ནང་མང་ཚོགས་ཀྱི་ཞི་རྒོལ་ནང་མཉམ་ཞུགས་གནང་བའི་ཉེས་འཛུགས་འོག་ཟླ་འདིའི་ཕྱི་ཚེས་ ༥ ཉིན་བོད་དར་མདོ་རྫོང་ཁོངས་ནས་ཡིན་པའི་བོད་རིགས་བུ་མོ་བཞི་འཛིན་བཟུང་བྱས་འདུག་པ་དང་། དེ་བཞིན་ནན་ཅིན་གྲོང་ཁྱེར་ནང་དུ་སློབ་ཕྲུག་གིས་ཞི་རྒོལ་ནང་དུ་མཉམ་ཞུགས་གནང་བར་བསྙད་དེ་ལྷ་ས་ནས་ཡིན་པའི་བོད་རིགས་བེུད་གཅིག་འཛིན་བཟུང་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུགཁ་སང་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་ཟླ་བ་འདིའི་ཚེས་ ༢ ཉིན་ཁྲིན་ཏུའུ་ཅིན་ནེའུ་ས་ཁུལ་དུ་མི་མང་དང་སློབ་ཕྲུག་མང་པོ་འདུ་འཛོམས་ཀྱིས་སྲིད་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར་ལས་འགུལ་ནང་མཉམ་ཞུགས་གནང་བའི་ཉེས་མིང་འོག་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནས་དཀར་མཛེས་ཁུལ་དར་མདོ། འཁོར་ཡུལ་གསེར་ལུང་གྲོང་ཚོ་ནས་ཡིན་པའི་རང་ལོ་ ༢༦ ཡིན་པ་འཛམ་དཀར་ལགས་དང་རང་ལོ་ ༢༨ ཡིན་པ་སྐལ་བཟང་སྒྲོལ་མ་ལགས། དེ་བཞིན་བདེ་ཆེན་ལགས་དང་བདེ་ལྷ་ལགས་བཅས་བོད་རིགས་བུ་མོ་ ༤ འཛིན་བཟུང་བྱས་འདུག བུ་མོ་དེ་དག་དར་མདོ་རྫོང་ཁོངས་ནས་དམའ་འབྲིང་སློབ་གྲྭ་གཉེར་རྗེས། ཁྲིན་ཏུའུ་གྲོང་ཁྱེར་ཅིན་ནེའུ་ས་ཁུལ་གྱི་མགྲོན་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་པ་དང་། ཉེ་ཆར་ས་གནས་སུ་གཉན་རིམས་བཀག་སྡོམ་གྱི་རྐྱེན་གྱིས་ཟླ་ཤས་རིང་ལས་མེད་དུ་གྱུར་ཏེ་དཀའ་ངལ་མང་པོ་འཕྲད་འདུག ཁ་ཉིན་ཚེས་ ༥ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བྱས་རྗེས་ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་ཉེན་རྟོག་ཁང་དུ་ཕྱིན་ནས་ཁོང་རྣམས་གང་དུ་ཡོད་མེད་སོགས་ཀྱི་འདྲི་རྩད་བྱས་སྐབས་གནས་ཚུལ་དེ་རིགས་གང་ནས་གོ་ཐོས་བྱུང་ངམ་ཞེས་ཚུར་འདྲི་རྩད་དེ་ལས་མང་བ་བྱས་མཐར་ནང་མི་ཚོའི་ཁ་པར་ནང་སྔོག་གཤེར་བྱས་ཡོད་པར་མ་ཟད། དར་མདོ་རྫོང་ཁུལ་དུའང་དམ་བསྒྲགས་ཆེས་ཆེར་བྱས་ཏེ་མི་མང་གི་ཁ་པར་སྔོག་གཤེར་བྱེད་བཞིན་ཡོད་པ་རེད་འདུག དེའི་བར་ན་ཟླ་བ་སྔོན་མའི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ནན་ཅིན་གསར་འགྱུར་འབྲེལ་ལམ་རིག་པའི་ཆེད་ལས་སློབ་ཆེན་གྱི་སློབ་མ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་དུ་འཛོམས་ཏེ་རྒྱ་ནག་དམར་ཤོག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་དང་འབྲེལ། ཉུང་མཐར་སློབ་མ་ ༦༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་དེའི་ཁྲོད་སློབ་ཆེན་གྱི་སློབ་མ་བོད་རིགས་བུ་མོ་ཚེ་དབྱངས་ལྷ་མོ་ལགས་ཀྱང་འཛིན་བཟུང་བྱས་པར་བརྟེན་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག རང་ལོ་ ༢༣ ཡིན་པ་བུ་མོ་ཚེ་དབྱངས་ལྷ་མོ་ལགས་ནི་ལྷ་ས་གྲོང་ཁྱེར། ལྕགས་རོང་སྡེ་ཁུལ་ནས་ཡིན་ཞིང་། དེ་སྔོན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་འགྲིམས་མྱོང་ཡོད་པ་དང་། འདི་ལོའི་ལོ་མགོར་ནན་ཅིན་གྱི་སློབ་ཆེན་ལ་འཛུལ་ཞུགས་གནང་འདུག ཁོང་གི་ཕ་མིང་ལ་ཕུར་བུ་དང་མ་མིང་ལ་བདེ་ཆེན་མཁའ་འགྲོ་ཟེར་བ་དང་། ཁོང་ལ་སྤུན་མཆེད་གཉིས་འདུག རྩ་བའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཤིན་ཅང་གི་རྒྱལ་ས་ Urumchi ནང་གི་ཁང་རྩེག་ཞིག་ཏུ་མེ་སྐྱོན་དོན་རྐྱེན་ལས་མི་བཅུ་ཙམ་རྐྱེན་འདས་སུ་གྱུར་བའི་གནད་དོན་བྱུང་བའི་ཁྲོད། ཚེས་ ༢༦ ཉིན་རྒྱལ་ས་པེ་ཅིང་གཙོས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ ༣༠ ཙམ་གྱི་ནང་མི་མང་དང་སློབ་ཕྲུག་གིས་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བ་མ་ཚད་པར་རྒྱ་ནག་དམར་པོའི་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལའང་དེ་ལྟར་ངོ་རྒོལ་གནང་བ་བཅས་ནི་རྒྱ་ནག་གི་ཉེ་བའི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་བྱུང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་དེ་ལས་དྲ་ཚིག་ཐོག་རྩོམ་ཞིག་སྤེལ་བར་ཉེ་ཆར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འདྲ་མིན་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་གནད་དོན་འབྱུང་བཞིན་སྐབས་སུ་བོད་ནང་ལའང་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་རྐྱེན་བོད་མི་ཚོར་རྒྱ་ནག་རྒྱལ་ནང་གི་ངོ་རྒོལ་སྐོར་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པར་མངོན་གསལ་གནང་འདུག འབྲེལ་ཡོད་པར་བདག་དབང་། བོད་ཀྱི་དུས་བབ་དང་སྤྱི་ཚོགས་དྲ་རྒྱ་བཅས་ལས་བཏུས།

རྒྱ་ནག་ནང་གི་ངོ་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་རྒོལ་གནང་བ།

བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞིའི་གོ་སྒྲིག་འོག་བཞུགས་སྒར་དྷརྨ་སཱ་ལཱའི་མེག་གྷན་བཞི་མདོར་རྒྱ་ནག་ནང་ཉེ་ལམ་ཤོག་བུ་དཀར་པོའི་ལས་འགུལ་ཞེས་རྒྱ་ནག་དམར་པོའི་གཞུང་དང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་སོང་།གདུང་སེམས་མཉམ་བསྐྱེད་ཀྱི་ལས་ཞི་བའི་ལས་འགུལ་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ཚོགས་གཙོ་གཙོས་ཚོགས་མི་རྣམ་པ་དང་། ལྷག་པར་དུ་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྐུ་ཞབས་ Drew Pavlou ལགས་མཉམ་ཞུགས་གནང་ཡོད། དེ་རིང་གི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེའི་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་ལགས་ཀྱིས་དེང་གི་ཆར་རྒྱ་ནག་ནང་གཞོན་སྐྱེས་མང་པོས་མང་གཙོའི་གལ་གནད་ཤེས་པའི་ཐོག་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་བརྒྱུད་ཤོག་བུ་དཀར་པོའི་སྒེར་ལངས་ཀྱི་ཞི་རྒོལ་དེ་ལྟར་གནང་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་དེ་མཚུངས་སུ་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་ང་ཚོས་དེར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ནི་ཆེས་གནད་འགག་ཆེན་པོ་ཆགས་ཡོད་པ་སོགས་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་གྲངས་ཉུད་མི་རིགས་སུ་འདྲ་ཞིག་ལ་ངལ་བ་འཕྲད་ཚེ་ང་ཚོ་བོད་མི་རྣམས་ཀྱིས་དེར་གདུང་སེམས་མཉམ་བསྐྱེད་གནང་དགོས་གལ་ཡིན་པ་གསུངས་ཡོད།རྒྱ་གར་རྒྱལ་ཡོངས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོལ་ལགས་ཀྱིས་དེ་རིང་གི་ལས་འགུལ་དེ་དང་འབྲེལ་ཏེ་གསུངས་པར་དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ པར་པེ་ཅིང་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་བྱུང་རྗེས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཧ་ཅང་དཀོན་པོ་ཡིན་སྟབས། ད་ཆ་རྒྱ་ནག་ནང་དེ་ལྟ་བུའི་ལས་འགུལ་སྤེལ་བཞིན་ཡོད་སྐབས་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་ཤོག་བུ་དཀར་པོའི་སྒེར་ལངས་བརྒྱུད་ནས་དམར་ཤོག་སྲིད་གཞུང་མཚམས་འཇོག་དགོས་པ་དང་ཞི་ཅིན་ཕིང་སྲིད་དབང་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན་མང་གཙོ་དང་རང་དབང་དགོས་ཞེས་འབོད་སྒྲ་དེ་དག་ལ་གཞིགས་ན། རྒྱ་ནག་ནང་གི་མི་མང་དང་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་སྲིད་གཞུང་ལ་མི་འདོད་པའི་རྣམ་པ་ཆེས་མངོན་གསལ་གནང་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཀྱང་རྒྱ་ནག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཁོ་ནའི་དབང་གིས་བྱུང་བ་ཞིག་མིན་པར་མང་གཙོ་དང་རང་དབང་བཅས་ཐོག་ནས་སྤེལ་བ་ཞིག་ཡིན་སྟབས། བོད་མི་ལས་འགུལ་བ་རྣམས་ཀྱི་ངོས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཡིན་པ་སོགས་གསུངས་སོང་།ལྷག་པར་དུ་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Drew Pavlou ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་ཐབས་བྱུས་འདྲ་མིན་ཇི་ཙམ་སྤེལ་མིན་ལ་ལྟོས་མེད་མིའི་སེམས་ཁམས་ལ་འགྱུར་ལྡོག་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་ཆབས་ཅིག་མང་གཙོ་དོན་གཉེར་ཅན་དང་དྲང་བདེན་ལ་ཡིད་ཆེས་ཡོད་པ་རྣམས་ནམ་ཞིག་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལས་ཡོངས་སུ་རྣམ་པར་རྒྱལ་ངེས་ཡིན་པའི་བརྡ་ལན་གནང་ཡོད།

Latest news